མ་པ་པོ། འབྲོག་བུ་ཨ་ཆུང་། སྤེལ་དུས། 2016-05-16 21:00:32 ཀློག་གྲངས།:666
[ནང་དོན་གནད་བསྡུས།] གཞོན་རྩོམ།……

སྐྱེ་བ་འདིར།
སྐྱེ་བ་འདིར
ཁྱོད་ཀྱི་མིག་ཟུང་ཁོ་ནས
ངའི་ཡོད་ཚད་ལ་བདག་པ་བརྒྱབ་ཟིན
སྐྱེ་བ་འདིར
ཁྱོད་ཀྱི་སྡིག་སྒྲིབ་ཀྱིས
ང་ནག་པོ་ཆགས་ཀྱིན་འདུག
སྐྱེ་བ་འདིར
ང་ལ་ཁྱོད་ལས་གཞན་གྱི
རྨི་ལམ་རྨི་བའི་སྐལ་བ་མི་འདུག
སྐྱེ་བ་འདིར
རི་རབ་ཀྱི་སྒང་ལ་ཆུ་མ་ཆགས་པར
ང་གཉིས་དྲན་གདུང་གི་མཚོ་རུ་བྱིང
སྐྱེ་བ་འདིར སྐྱེ་བ་འདིར།
2016/3/11ཉིན།
བར་ཐག གཙང་བོ།
ང་རང་གཙང་བོ་ཆེན་པོ་ཞིག་གི་ཁ་གཏད་དུ་འགྲེང་རྗེས
ཁྱོད་ཡོད་སའི་གཙང་འགྲམ་གྱི་རྡུལ་དང་བྱེ་མ་མཐོང་ཐུབ
དེའི་ཕྱིར ངས་ལས་སྐལ་གྱི་ཀོ་གྲུ་གཙང་བོར་བཏང་པ་ཡིན
རླུང ཆར་བ རླབས་ཀྱི་གཡོ་སྐྱོམ གཅན་གཟན་གྱི་འཇིགས་པ
མིག་བཙུམ་པའི་སྐད་ཅིག་མར་ང་ཡི་མདུན་སར་ལྷགས་བྱུང
སྐྱི་གཡའ་ཨང
“མི་སེམས་ཀྱི་གཙང་བོ་རླུང་གིས་བསྒུལ རླབས་ཀྱིས་ཁོ་མོ་གཏིང་དུ་བྱིང”
མི་ཞིག་གིས་འོབ་དོང་གི་མུན་པ་དག་ང་ཡི་མིག་ཏུ་འཕོས
སྨག་སྟུག་ཨང
གཙང་བོ ཀོ་གྲུ གཏམ་རྒྱུད་དུ་གྱུར་རྗེས
གནའ་བོའི་ཡིག་ཚང་དུ བར་ཐག་ཅེས་བྲིས་འདུག
2016/3/7
ཕྲག་དོག འཁོན་སེམས།
ང་ཡོད་སའི་ལུང་པ་དེར
ཞེ་སྡང་གིས་འགད་རྫས་འཕངས
འབྲེལ་ཡོད་ཀྱི་གཏམ་རྒྱུད་མང་པོ་མེ་རུ་སྦར
འཁོན་སེམས་ནི་བསྐལ་བའི་བར་དུ་ཞི་མི་ཐུབ་པ་དེ་ཡིན་ནམ
ཕྲག་དོག་ནི་མེ་ལྕེ་ལས་ཀྱང་དབལ་ཚ་བ་ཞིག་ཡིན་ནམ།
དྲི་བ་སྐོར་འཕེན།
ཁྱོད་ཅི་ཡང་ཡིན་ཆོག་སྟེ
ཆུ་རྡོ་སྔོ་ཧྲིལ་ཞིག་ཡིན་ཡང་ཆོག་སྟེ
འོན་ཀྱང ཁྱོད་ཀྱིས་ངའི་དོན་ལྔ་སྣོད་དྲུག
འཁྱག་པ་རྡོ་རུ་བསྒྱུར་དོན་གང་ཡིན།
2016/3/9/མགོ་ལོག་ནས།
??
ལག་པ་གཉིས་བརྐྱངས་ཙམ་གྱིས་མེ་ཏོག་རེ་རེར་གྱུར
མེ་ཏོག་གཉིས་ཀས་འཐབ་རྩོད་ཀྱི་རྡུལ་བསྐོར
གྲོགས་པོས་ལག་པ་ཡ་གཅིག་བཅད་ན་འགྲིག་ཟེར
ལག་པ་གཡས ཡང་ན་ལག་པ་གཡོན
གང་ཞིག་བཅད་ན་འགྲིག་མིན་ངས་སུ་ལ་འདྲི།
འགྲེལ་བཤད།
མིའི་རིགས་ཀྱི་མིག་ཞར་འདུག
མིའི་རིགས་ཀྱི་རྣ་བའང་འོན་འདུག
དེ་ན་སྐད་ཆ་ཁོ་ནས་ཅི་ཞིག་ནུས
2016/5/5
ཚོར་བ།
མཚན་མོ་ལག་པ་རིང་ཐུང་གཉིས
མིག་མཐར་རུབ་པ་མུན་པའི་དམག་ཚོགས
ཇག་པའི་ལག་པ ཇག་པའི་རྐང་བ
དཀར་ནག་ཆ་བསྡེབས་པའི་འཁོར་བ
སྲིན་འབུ་ལྟ་བུའི་ཆུང་མ
བུ་ཆུང་མིག་གཡས བུ་མོ་མིག་གཡོན
ང་ངུས་ནས་མཆི་མའི་གཙང་བོ་དཀྲིགས
ང་བགད་ནས་སོ་ཡི་དཀར་ཆ་བསྟན
—2015/12/23རྒོངས་མོ་རྨ་ལྷོ་རུ།
རྒྱ་མིའི་ཨོང་ཤ་དང་། མགོ་ལོག་ཁུལ།
ནམ་མཁའ་འདི་སུས་ཡིན་ནམ ས་གཞི་འདིའི་བདག་པོ་སུ་ཡིན་ནམ
མགོ་རྔ་མེད་པའི་མི་ཚོགས་འདི་དག་གིས་ཅི་ཞིག་བོར་སོང་ངམ
སྐད་རིགས་མི་གཅིག་པ་འདི་དག་གི་མགོ་འཕངས་མཐོ་བ་ལ་ཨང
འོ ང་ད་དུང་སད་མེད་པ་རེད་དམ ཡང་ན་འགྱུར་སོང་བ་རེད
གནས་འདི ས་མགོ་ལོག་དང་གནམ་མགོ་ལོག་མ་ཡིན་ནམ
སྐད་རིགས་མི་གཅིག་པ་འདི་དག་གི་མགོ་འཕངས་མཐོ་མི་སྲིད
ང་འཁྲུལ་བཞིན་འདུག ཡང་ན་ངས་གཞན་ཞིག་མཐོང་གི་འདུག
—12/22ཉིན་མགོ་ལོག་ནས།
སྡུག་བསྔལ་ལས་བདེ་སྐྱིད་བཙིར་བ།
སྡིག་ཉེས་ཀྱི་ལས་སྐལ་འཁོས་རྡུགས
རེ་ཐག་ཆད་པའི་ངོ་གདོང་མང་པོ
ཁྲག་རྣག་གི་གཙང་བོ་གཏིང་མེད་དེའི་ངོས་སུ་འབྱར
“རྡོག་པས་རྡུལ་སྤྲུག་སྟེ མིས་བཟོས་ཀྱི་མྱ་ངམ་ཐང་ཞིག་གྲུབ”
མྱ་ངམ་ཐང་དུ་མེ་ཏོག་བཞད མེ་ཏོག་བཞད
སྒྲོལ་མ་མེ་ཏོག མཚོན་བྱེད་ཀྱི་མེ་ཏོག་གཞན་ཞིག
ཁྱོད་ཀྱི་ལུས་སྟེང་གི་འོད དམར་པོའོ
སླར་ཡང མྱ་ངམ་ཐང་དུ་མེ་ཏོག་བཞད་དོ
མེ་ཏོག་གཞན་ཞིག་མཚོན་བྱེད སྒྲོལ་མ་མེ་ཏོག་གོ
“བར་སྐབས་ཤིག་ལ བརྩེ་འཕྲིན་གྱི་ཆར་བ་གྲངས་མེད་པ་བབས”
ཚངས་མགུར་ཚན་པ་ཞིག་གིས
རྨི་ལམ་རྨི་བའི་ཡི་ག་ལོག་པར་བྱས།
2016/3/5/ཉིན།
2016/312ཉིན་བཅོས།