ཡོང་ཁུངས། རྫ་ཆུའི་རླབས་སྒྲ། རྩོམ་པ་པོ། བཙན་འབངས། སྤེལ་དུས། 2016-05-14 13:10:08 ཀློག་གྲངས།:260
[ནང་དོན་གནད་བསྡུས།] བཅད་མ།……

དགུན་ཟླ།
ལྷགས་རླུང་འུར་འུར་ལྡང་བའི་ནམ་ཟླ་དེ་དང་།།
རྩྭ་རྐང་རླུང་གིས་བཅགས་པའི་དུས་ཚུགས་ཤིག་ནི།།
ཁ་བའི་འདབས་མ་གྲོལ་བའི་ཉིན་མོ་ཞིག་ཡིན།།
འཇིག་རྟེན་དཀར་པོར་སྣང་བའི་ཡུལ་ལྗོངས་དེ་རེད།།
ཁ་སྣ་ཙག་གིས་བཅིངས་བའི་དུས་ཡུན་དེ་དང་།།
གཙང་བོར་ཆབ་རོམ་ཆགས་པའི་རི་ལུང་དེ་ནི།།
པགས་རྩག་སྐ་རགས་ཀློད་པའི་མི་ཕོ་ཞིག་ཡིན།།
གངས་ལ་ཞབས་རྗེས་གསལ་བའི་ས་གཞི་དེ་རེད།།
ཁུ་ཡུག་ལྷོ་རུ་སྤྱུགས་པའི་ལོ་ཟླ་ཞིག་དང་།།
མེ་ཏོག་སད་ཀྱིས་ཁྱེར་བའི་སྤང་གཞུང་དེ་ནི།།
གངས་ཆར་བུ་ཡུག་འཚུབ་པའི་གནམ་གཤིས་ཤིག་ཡིན།།
དྲོད་གྲང་ཀོར་ཐིག་མན་གི་དགུན་ཟླ་གསུམ་རེད།།
015.10.24
མི་ལོ་20འི་ཕར་ཚུར།
ཉིན་མཚན་མིག་ལྡེབ་ཙམ་གྱིས་བཞུར།།
ལོ་ཟླ་སེ་གོལ་གཅིག་གིས་ཚར།།
གཏམ་རྒྱུད་ཕྱིར་འོང་མེད་སར་ལུས།།
ཉིན་ཐོ་བསྐུངས་ཡིག་གཅིག་གིས་རྫོགས།།
རྒྱབ་ལ་མི་ལོ་ཉི་ཤུའི་ཚུར།།
མདུན་ཕྱོགས་རྨི་ལམ་སྟོང་གི་ཕར།།
ན་ནིང་དབྱར་ཟླ་ལྗང་ཁུ་རེད།།
ད་ལོའི་དགུན་ཟླ་དཀར་པོ་རེད།།
སང་ལོ་སྟོན་ཟླ་མཐོང་བ་ན།།
དཔྱིད་དཔལ་བསུ་བའི་གླུ་དབྱངས་ལེན།།
015.11.27
འགྲོ་འོང་།
ལོ་ཟླ་ཕར་ཕར་ཕྱིར་འོང་མེད་སར་འགྲོ།།
འཇིག་རྟེན་མར་མར་རྒུད་པའི་དུས་ལ་ཆས།།
མི་ཚེ་སྲིད་པའི་ཐང་གི་བྱ་སྒྲོ་ལྟར།།
འཁོར་བའི་རླུང་ཆེན་ལྡང་བའི་ཁུག་ན་ཡོད།།
ཉིན་རེར་ཉི་མར་བལྟས་ནས་འགྲོ་འོང་བྱེད།།
མཚན་རེར་ཟླ་བ་རུམ་སྟེ་རྨི་ལམ་གཏོང་།།
འདས་སོང་ཕྱིར་དྲན་ཞིག་གི་ཕར་བསྐྱལ་ཏེ།།
མ་འོང་བསམ་གཞིག་ཅིག་གི་བསུ་བར་བྱེད།།
1.1.016
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།