IMG_8516.JPG
__དངོས་མིང་། ཏཱ་ན་བློ་བཟང་། མིང་གཞན་རླུང་ནག་དང་། མྱི་དགྱེ་བ། སྐྱེས་ཡུལ། རེབ་གོང་། ༢༠༠༢ལོར་རྒྱ་གར་དུ་ཐོན། བོད་ཕྱི་ནང་གི་སྒེར་གཉེར་ཚགས་དེབ་གཉིས་གསུམ་ཞིག་གི་ཇུས་འགོད་པ་དང་། རྩོམ་སྒྲིག་པ། སྤྱི་ཁྱབ་རྩོམ་པ་སོགས་ཀྱི་ལས་ཀ་བྱས་མྱོང་། བོད་ཕྱི་ནང་གི་ཚགས་དེབ་དང་དྲ་ཚིགས་དག་ལ་སྙན་ངག་ཡིན་ཁུལ་གྱིས་ཡིག་ཉོག་མང་དུ་སྤེལ། སྟོང་ལོ་༡༣ལོར་སྙན་དེབ་(ཁ་བ་སིབ་སིབ)ཟེར་བ་ཞིག་ཉེ་ཁོར་གྱི་ངོ་ཤེས་པ་དག་ལ་ཨུ་ཚུགས་ཀྱིས་བསྟན་ཡོད།
སྤུན་ཚ་ཚེ་ཐག་རིང་རྒྱུ་ཚོ།
ཀ་དག་ལྷག་བསམ་མཚོ་ལས་ཟབ་པའི་སྤུན་ཚ་ཚེ་ཐག་རིང་རྒྱུ་ཚོ།།
ཁ་བའི་ལྗོངས་ནས་ཁ་ཐག་ཅུང་རིང་ཨ་ཁུ་རྒྱ་གར་ལྷོ་ན་ཡོད།།
ག་བུར་འདང་བརྩེ་མི་འགྱུར་ལྷུན་པོ་ཤ་དང་རུས་པར་ཐིམ་ནས་ཡོད།།
ངེད་ཅག་ལྷན་འཛོམས་ཡོང་པའི་དུས་ཤིག་རང་རང་སེམས་ལ་བཟུང་བ་སྡོད།།
ཅ་ཅོ་ཟིང་ཟིང་འདུ་འཛིའི་ཁྲོད་ནས་མྱི་ཚེ་ཟེར་བ་རྫོགས་འགྲོ་བས།།
ཆ་ལུགས་ལབ་ཀྱང་ཀུན་སྤྱོད་ལབ་ཀྱང་གང་ལྟར་ཁྱེད་ཚོ་འཆམ་མཐུན་བྱོས།།
ཇ་མར་ལྟོ་གོས་འགྲིག་པར་ཡོད་ན་བདེ་སྐྱིད་ཟེར་བ་དེ་ཙམ་མོ།།
ཉ་ཉོག་འདོད་ཧམ་ཇི་ཙམ་ཆེ་རུང་མི་ཚེ་ཐུང་ཐུང་ཐུང་ཐུང་ཡིན།།
ཏ་ལའི་ལོ་མའི་ཐག་པ་བཞིན་དུ་དུས་རབས་ཁྲ་ཁྲ་ཁྲ་ཁྲ་འདིར།།
ཐ་ཤལ་མི་ཡི་མགོ་འཕངས་མཐོ་སོང་བཟང་ངན་དཀར་ནག་གོ་ལྡོག་པས།།
ད་ལྟ་དུས་འགྱུར་རླུང་དམར་ཁྲོད་ནས་སྐད་ཆ་ཙམ་ཡང་བཤད་དཀའ་ཡང་།།
ན་ཚོད་སྨིན་སོང་ཁ་ཐག་རིང་སོང་ཁ་བརྡའི་མགུར་ཙམ་བཞུར་ནས་ཐལ།།
པ་སངས་ལྟ་བུའི་ཕུ་ནུའི་བརྩེ་སེམས་ཞེ་སྡང་མེ་ཡིས་དཀྲུགངས་མི་ཉན།།
ཕར་ཀན་ཚུར་ཀན་བདག་འཛིན་ནད་རོ་སྤུན་ཚའི་བར་ལ་ལངས་མི་ཉན།།
བ་གླང་ལྟ་བུའི་མི་ངན་དག་ལ་མགོ་བོ་སྒུར་ནས་འགྲོ་མི་ཉན།།
མ་ལོ་ཕ་ལོ་གཅེས་སྐྱོང་མཛོད་དང་མི་ཚེ་རིན་ཐང་དེ་ཙམ་མོ།།
ཙི་ཙི་བྱི་བ་བཞིན་དུ་མ་འགྲོ་སྣང་བ་ཅུང་ཙམ་མཐོན་པོ་བྱོས།།
ཚྭ་སྒོག་གཡེར་གསུམ་ལྟ་བུའི་འཚོ་བ་སྐྱིན་མིན་སྡུག་མིན་སོ་སོའི་ལག།
འཛངས་པའི་ཕྱོགས་ལ་ཡར་ལྟ་བྱོས་དང་ད་དུང་ཁྱེད་ཚོ་ལོ་ཉུང་རེད།།
ཝ་པགས་སྟག་ལྤགས་ལྷབ་རྒྱག་མ་བྱེད་རྒྱལ་བའི་བཀའ་གསུང་གཉའ་ན་ཡོད།།
ཞྭ་སེར་བསྟན་པའི་དགོན་ཆེན་འདི་ནི་བྱི་རུའི་ནགས་ཀློང་ཐོར་བ་འདྲ།།
ཟ་གོས་རང་འགྲིག་སྟོན་པ་གར་སོང་སྟོན་ཁ་ཡིན་པའི་གཏམ་དེ་བདེན།།
འ་ཡིག་བཞིན་དུ་སེར་གཟུགས་ང་ཡང་འདུས་མང་གྲལ་མཐར་འཚང་བཞིན་ཡོད།།
ཡ་ང་ཡང་ངེ་ས་མཐའ་སྐོར་བའི་འགྲོ་འདུག་མདོར་བསྡུས་འདི་ཙམ་མོ།།
ར་བ་གངས་རིས་སྐོར་བའི་ཞིང་དེ་གང་ནས་བལྟས་ཀྱང་སྐྱིད་པོ་རེད།།
ལ་ལུང་མང་པོར་ཅི་ཙམ་ཉུལ་ཡང་ཐམས་ཅད་འདྲ་བོ་འདྲ་བོ་རེད།།
ཤ་ཉེ་སྤུན་ཆེད་འཛོམས་པའི་དུས་དེར་ཅི་ལྟར་བསམས་ཀྱང་སྐྱིད་དུས་རེད།།
ས་སྐོར་ཡུལ་སྐོར་མང་ཙམ་བྱས་ནས་ཡུལ་ལ་ཐོན་པའི་རྟེན་འབྲེལ་ཡོད།།
ཧ་ཧ་གཏམ་གྱི་ཕྲེང་བ་འདི་ནི་ད་ནངས་ཁྱེད་ཀྱིས་སྐུལ་བའི་ངོར།།
ཨ་ཁུ་རྒྱ་བོས་རྒྱ་གར་ལྷོ་ནས་ཤར་ཤར་འཁྱུག་འཁྱུག་བྲིས་སོ་ལོ།།
༢༠༡༦ ༤ ༢༦ལ།
སྤྲིན་པ་དང་། མེ་ཏོག ད་དུང་དགུན་གཞུང་།
ཚེ་སྔོན་ལས་ཀྱིས་བསྐོས་པའི་མདུད་པ་ལ་ཞོན་ནས།།
ལྗོན་ཤིང་ལོ་མ་ཐོར་བའི་ལམ་ཆེན་འདིར་འཁྱམས་ན།།
ཀྱ་ཀྱུའི་མི་ཚེ་ཐག་པའི་ཨ་རག་འདི་འཕྱུར་ནས།།
དབེན་པའི་རྨི་ལམ་དཀྲོགས་པའི་ལྟད་མོ་ལ་ཆས་སོང་།།
མདུན་གྱི་མིག་ཟུང་ཟགས་སོང་ཉི་འོད་དང་བརྡབས་སོང་།།
ཐང་ཆེན་རྩི་ཏོག་ལྡེམ་མེ་ཕ་ཡུལ་ལ་འཁྱམས་སོང་།།
ནམ་མཁའ་ས་གཞི་དྭངས་ཤིང་དྭངས་མོ་དེ་ལྷག་པས།།
འདས་པའི་བགས་ཆགས་གནས་དེའི་རི་ཚོགས་བཞིན་བཞུར་སོང་།།
ན་གཞུང་དར་ཁ་ཀྱིག་གེ་བྱིས་དུས་ཀྱི་རྩེད་ར།།
ས་དམར་གད་པ་རུག་གེ་དྲན་ངོས་ལ་འབྱར་སོང་།།
རི་བོ་མཐོ་དམའ་རུག་གེ་ཕ་ཡུལ་གྱི་ཕྱོགས་སུ།།
དྲན་སྣང་རླུང་ཁུར་མ་ཞིག་འཕུར་ལྡིང་གིས་བུད་ཐལ།།
ན་བྱིའུ་སྐེ་ཁྲ་ན་འབུར་དོང་དོང་ལ་འཛུལ་བ།།
དྲན་པའི་སྤྲིན་དམར་འཕྱུར་བ་བསམ་གཞིག་གི་སྣེ་ན།།
ཨཏྤལ་འདབ་མར་ཟླ་འོད་ཕོག་པ་བཞིན་འཕྲོས་པས།།
མཚན་གྱི་རྨི་ལམ་རིང་མོ་འཇིགས་སྣང་གིས་བསྐྱལ་ཡོད།།
བདེ་མོའི་འཚོ་བ་ཁྲུང་ཁྲུང་གཤོག་པ་དང་མཚུངས་པས།།
སྤོ་བོའི་སྐྲ་ལོ་ཤུད་པ་ཆོས་ཉིད་ཀྱིས་དེད་འདུག།།
དོན་དངོས་འཇུག་ལྡོག་མེད་པའི་སྣང་ཤས་ཀྱི་རིམ་པ།།
ཞོགས་པའི་གྲང་རླུང་འདི་ལ་འདར་སུག་ཅིག་ཤོར་སོང་།།
བུ་སྤུན་བརྩེ་བའི་མེ་ཏོག་ལང་ལང་དུ་མཆེད་པ།།
བསམ་ན་དགའ་བའི་ཆུན་པོ་དེ་ག་རང་ཡིན་ཡང་།།
ན་བུན་གྲོགས་སུ་འགུགས་པའི་མི་ཚེ་ཡི་ཕྱིར་མིག།
ཆུ་མོའི་གཞུང་ལ་བཏང་བའི་ཀོ་གྲུ་དེ་ཡིན་སོང་།།
རེ་བའི་སྐེ་རག་དམ་པོ་དམ་པོ་རང་བྱས་པ།།
གསོན་པོའི་མིག་ཟུང་འདབ་ཀྱི་མེ་ཏོག་དེ་ཡིན་པས།།
དཔའ་བོས་སྣང་བརྙན་བཞེངས་པའི་རྡོ་རིང་ལ་བལྟས་ན།།
འཁོར་འདས་དུམ་བུར་གཤགས་ཀྱང་རེ་བ་ལ་སྒུག་འདུག།
༢༠༡༥ ༢ ༡༤ལ།
གླེགས་བམ་ངུས་པ།
སྟོང་བས་གསེར་ཐག་འདར་པའི་སོ་མཚམས་ལ་བལྟས་ཀྱང་།།
སྲིད་པའི་ཕྱིར་མིག་རྡོག་ཅིག་ལྷང་ལྷང་དུ་མཐོང་བས།།
ལམ་གྱི་འོད་མདངས་འཁྱིལ་བའི་ཚོམས་བུ་དེའི་མཛེས་སྡུག །
སྟག་སེང་ཁ་འཐབ་ཐང་ནས་རླུང་བུ་ཞིག་ཡིན་སོང་།།
འཁོར་བ་ཟོ་ཆུན་དམུ་ཐག་བཞི་མདོ་རུ་འཐེན་པ།།
རང་དབང་སྙེགས་པའི་སྣང་བ་གར་མཁན་མས་དྲངས་སོང་།།
ཉན་པའི་དབང་བོ་གཡུ་འབྲུག་གཤོག་པ་ལ་བཅིབས་ན།།
ཆོས་ཀྱི་གནས་ལུགས་བརྩེགས་པའི་གླེགས་བམ་དེ་ངུས་འགྲོ།།
དུང་བ་ཤེལ་གྱི་ལྷ་མོའི་རྨི་ལམ་གྱི་སྒྲུང་རིང་།།
བདེན་པའི་བུ་ཆུང་བཞེངས་པའི་འཛུམ་སྒོ་ནས་གཤིག་ཀྱང་།།
ཚོར་བ་བདེ་སྡུག་དཀར་ནག་རྐྱ་སྒྲིལ་གྱི་སྤྲིན་པ།།
སྲིད་པའི་སྒོ་ཆེན་ཁ་རུ་ལིང་ལིང་དུ་འཐིབས་འདུག །
བསམ་གཞིག་མེ་ལོང་དམར་པོའི་དཀར་ཁུང་ལ་འཛུལ་ན།།
དཀར་ནག་སོ་ཁའི་རྣོ་དབལ་བང་རིམ་དུ་འཕྱུར་བས།།
སྣང་བའི་སྒྲོན་མེ་རྐང་གཅིག་ལྷེམ་ལྷེམ་དུ་འབར་བ།།
སྲིད་པའི་གླུ་ཆུང་འདི་ལ་གཞོགས་འདེགས་ཤིག་ཡིན་སོང་།།
ལས་ཀྱི་བག་ཆགས་ཁེར་རྗེན་གཙང་བོ་ལ་འདྲེས་ཀྱང་།།
སློབ་དཔོན་ཨག་ཚོམ་ཅན་དེའི་དབྱུག་པ་ལ་འཐིམ་ཡོད།།
ལྷོ་ཡི་རྒྱ་སྟག་དམར་པོའི་མཆེ་བ་ལ་འཇིགས་ནས།།
ལུས་ཀྱི་བ་སྤུ་འཁུམས་པའི་ཉམས་སྣང་འདི་ཨ་ཙ།།
ཕར་རིའི་སྤང་ནས་མྱི་ཚོགས་གདུ་བ་ལ་བལྟས་ན།།
སྲིད་པའི་ཨ་ལན་དེ་ཡང་ཆོས་ཉིད་ལ་ཐུག་འགྲོ།།
རྟེན་འབྱུང་རིག་པའི་གཞི་མོ་རི་རབ་ནས་བཙུགས་ན།།
སྙན་ངག་མཁན་པོའི་སེམས་རྩ་སྤྲིན་ནག་བཞིན་འཁྲུགས་ཡོད།།
༢༡༤༢ ༣ ༢༣ལ།
རི་བོའི་སྐས་རིམ།
ནུབ་རླུང་གཙང་འགྲམ་ལ་ལྡིང་བའི་དགོང་ཁ་འདིར།།
རྒྱ་མཚོའི་རླབས་འཕྲེང་གི་གཤོག་པས་རི་མོ་བྲིས།།
མཚམས་སྤྲིན་མིག་ཆུ་ལ་འདྲེས་བའི་གྲིབ་སོ་ལས།།
དྲན་པ་བརྡིབས་པ་ནས་རྨི་ལམ་ཤག་ཤག་བཞུར།
མདུན་གྱི་ཡིག་རྙིང་དང་མེ་ལོང་རྡུལ་གྱིས་བཟུང་།།
ཐག་རིང་གྲོང་ཁྱེར་ནས་གློག་འོད་ཆེམ་ཆེམ་གཡོས།།
འཛེས་པའི་མིག་ཟུང་གིས་སྙན་ངག་བགས་ཀྱིས་བྲིས།།
དིང་གི་ཟློས་གར་དེ་རང་འབབ་ཆུ་བོ་ཞིག
གྲོགས་པོའི་གླིང་ག་ནས་ཤོག་བུས་སྐད་ཆ་བཤད།།
སྣང་བ་ཐུང་ཐུང་འདི་ལུག་ཆུང་ཚར་དཀར་ཞིག།
འགྲོ་ཞོར་འདུག་ཞོར་གྱི་ཡིག་ཚོགས་ལྡོམ་པོ་དེ།།
དིང་གི་འབུ་སྲིན་དང་སྙིགས་རོ་བཞིན་དུ་འཕྱུར།།
རྐང་འཇབ་ལག་འཇབ་ཀྱི་ང་ཡི་དཀར་ངོགས་ནས།།
དུངས་པའི་བརྩེགས་མ་ལ་སྤྲིན་པས་ཚོན་བརྩི་བྱུགས།།
མེ་ཏོག་རྐང་གཅིག་མ་ཆར་གྱིས་བརླན་པ་ན།།
དུང་གི་ཚེམས་འཕྲེང་དེ་མིག་ལ་ལྷུང་བཞིན་ཡོད།།
བར་སྣང་ཆུང་ཆུང་འདི་རི་བོའི་སྐས་རིམ་ཡིན།།
སྣང་བ་གཤོག་ཐོག་མ་གྲོགས་པོའི་ལག་འཇུ་ཡིན།།
སྔ་ཕྱི་རྟག་འཛིན་གྱི་འཇིག་རྟེན་རྒོད་པོ་འདི།།
རྟ་ཕོ་ར་ར་བཞིན་བྲང་ཁར་མཆོངས་ལ་ཤོག
རྗེ་བཙུན་སྒྲོལ་མ་ལ་གསོལ་འདེབས་ཐེངས་གཅིག་ཞུ།།
བྱང་གི་ཟེགས་མ་འདི་གློ་མཆིན་བར་ནས་བཞུར།།
རྣམ་ཤེས་དྭངས་མོ་འདི་ཁྱེད་ལ་འཕྲེང་བཞིན་ཡོད།།
སེམས་ཀྱི་བདག་མོ་ཡ་ཅུང་ཟད་མ་བསླུ་རོགས།།
སྙན་ངག་འདམ་ལྟིག་མ།
མཚན་སྨག་ཟུར་ལ་ཟླ་བས་འཇབ་རྒོལ་ཐེབས།།
གླིང་བུའི་རྒྱུ་བ་སྐར་མའི་མདངས་དང་འདྲེས།།
གྲོང་སྡེ་ཚོམ་བུ་རྒྱང་རིང་མཚམས་སུ་ཐོར།།
མི་ལོ་བཅུ་གཉིས་ས་མཐའ་འདི་ནས་ཟད།།
བྱིའུ་ཡི་ཀྱ་ཀྱུར་ཐང་སྟོང་རླུང་དང་བསྡེབས།།
མེ་དཔུང་འདབ་ནས་མི་བོ་རེ་གཉིས་ལངས།།
ཆགས་སྡང་བང་བ་འཕུར་བའི་ཐོ་གཞུང་ཞིག།
མཚན་ལྗོངས་གླུ་གཞས་ཁུག་འདིར་གཅུད་ནས་ཡོད།།
སྟོན་འཇུག་ཤིང་ལོས་ནམ་མཁའི་སྐར་མ་བསྒྲིབས།།
ཆུ་རྙོག་འགྲམ་གྱི་པད་རྫིང་འདར་འདར་གཡོས།
ཤིང་གྲུ་རྙིང་བ་གཏོང་བའི་མཁུར་ཚོས་ནས།།
རྨི་ལམ་ལྗང་ཁུ་སྙེས་མགོར་འབྱར་ནས་བཞུར།།
ས་རྡུལ་དམའ་མོ་གློ་བའི་སྦུབས་སུ་འཚང་།།
དགོན་པའི་རྒྱ་ཕིབས་མཐོང་བའི་རི་སྒང་ནས།།
མཆི་མའི་དོག་པ་ལྭ་བའི་འདབ་ལ་ཟགས།།
བསྡུས་བརྗོད་སུན་སྣང་འདི་ཡང་ཤོར་ནས་ཐལ།།
སྦྲང་མའི་གཤོག་ཟུང་ཆར་གྱིས་ཁུམས་ནས་ཤི།།
ཟླ་བ་ཁེར་འགྲོ་སྤྲིན་པའི་གསེབ་ལ་ཤོར།།
གྲོང་ཁྱེར་གཙུག་ལག་འཁྱོར་བའི་སྡེ་མཐའ་ནས།།
ཕ་ཡུལ་དྲན་པའི་གདུང་བ་འཁྱག་པས་བཏུམས།།
2014 1 14ལ།
ནུབ་ཁའི་སྙན་ངག
སྤྲིན་པས་ལྡིང་ཁང་ཕུབ་པ་ལྷོ་ཡི་ཕྱོགས།།
རླུང་བུར་གཤོག་པ་ཐོགས་པ་རྒོངས་ཁའི་དུས།།
ཉི་མའི་ཚོར་བ་དེ་ཡང་དམར་པོ་ཡིས།།
མི་སེམས་སྒུལ་སོང་སྐུད་སྣེ་འདར་ལྕིག་ལྕིག།།
སྤང་ལ་དྲན་པ་ཤོར་བ་རླབས་གཉེར་ཆགས།།
ཕྱིར་མིག་ལམ་དུ་ཆས་པ་གྲང་ཤུར་ཤུར།།
འཚོ་བའི་མཁའ་དབུགས་དེ་ཡང་སྐར་ཆ་ཙམ།།
བསེར་མ་རླུང་བུས་ནུབ་ཁའི་སྙན་ངག་བྲིས།།
གངས་ཀྱི་འདབ་མ་བབས་པའི་རི་འདབ་ནས།།
གསེར་ཏོག་རྒྱ་ཕིབས་སེར་པོ་དགོང་ལ་ཟུགས།།
འདབ་ཆགས་སྟོང་གིས་དབྱངས་རྟ་འཐེན་པ་དེ།།
འཁོར་བའི་གྲོང་གི་གླུ་སྐད་དང་པོ་འོ།།
ཇ་ཤིང་ཟིལ་བ་ཁྲོམ་མེ་སྙིང་ལ་ཟུགས།།
སྙིང་གི་འོད་མདང་དེ་ཡང་རླངས་པ་བཞིན།།
དུང་བས་མཚན་མོ་སྒུལ་བའི་ས་སྲོས་འདིར།།
དགུ་ཚིགས་ཀློང་ནས་སྐར་འོད་འཁྱག་ལ་འབྱར།།
སེམས་ཀྱི་དམིགས་པ་ཕྱི་རོལ་ཡུལ་ལ་ཤོར།།
ཡུལ་གྱི་ཁྲུང་ཁྲུང་ལག་རྡང་འཐེན་ནས་འཕུར།།
འཁོར་བའི་གསང་བ་ཉུལ་པའི་མགྲོན་པོ་དེ།།
སྐྱོ་ངལ་མགོ་འཇུག་མེད་པར་འཐིབ་ནས་ཐལ།།
བོད་རྒྱལ་ལོ ༢༡༤༢ ༡ ༡༡ལ།
མུན་པར་སྙན་ངག་བརྩེགས་པ།
ལྷིང་འཇགས་མཚན་མོའི་ཁ་དབུགས་ཟླ་འོད་ལ་འདྲེས་ན།།
དུངས་པའི་རྒྱུ་སྐར་ལྷེམ་ལྷེམ་མཁའ་མཐའ་ནས་འཚེར་བས།།
གངས་ཀྱི་འདབ་མ་ཐོར་བའི་དྭངས་གཙང་གི་རླབས་རིས།།
མིག་སྤུའི་མཐའ་ནས་འཛུམ་པའི་ཟིལ་ཆབ་ལ་འཐིམ་སོང་།།
ལམ་ཆེན་ཐགས་སུ་འཐེན་པའི་གཞི་མདོ་ལ་བལྟས་ན།།
ཁྱི་སྐད་གཉོམ་པོ་རླུང་གི་རྒྱུ་བ་དང་སྡེབ་པས།།
སེམས་པར་འཚུབ་ཆ་འཁོར་བའི་བསམ་གཞིག་གི་མེ་ལོང་།།
མུན་པར་སྙན་ངག་བརྩེགས་པའི་མིག་ཆུ་དེ་ཡིན་སོང་།།
སྐར་ཚོགས་ངོས་ལ་ཡུལ་གྱི་ལྷིང་འཇགས་དེ་འཕྲོས་པས།།
ལྗོན་ཤིང་རྩེ་མོ་འདར་བའི་ཤག་སྒྲ་ལ་ཉན་ན།།
ཕྱི་ནང་མེད་པར་བཞུར་བའི་མི་སེམས་ཀྱི་ཐིགས་པ།།
དབྱངས་ཀྱི་ཕར་ནང་མཐོང་བའི་ཆུ་ཤེལ་དེ་ཡིན་སོང་།།
སེམས་ཀྱི་ཟབ་སར་ལྷུང་བའི་རྨི་ལམ་གྱི་མཛེས་སྡུག།
སྐྲ་ཤུད་སྨ་ར་ཐོར་བའི་བགྲེས་པོ་དེ་ཡིན་ན།།
དྭངས་གཙང་འོད་ཀྱིས་གང་བའི་བྱིས་དུས་ཀྱི་འཚོ་བ།།
འོ་ཇ་ཁམ་གང་འཐུང་སའི་ཕོར་ཁ་ནས་ཤུད་སོང་།།
སྒེའུ་ཁུང་ནུབ་ཁར་གཏན་པ་སུན་སྣང་གི་གཞི་མ།།
ནུབ་རླུང་དལ་བུར་གཡོ་བ་སྟོང་བསམ་གྱི་ཡལ་ག།།
བདེ་ལྡན་ཞིང་ནས་འཕྱུར་བའི་དུད་སྤྲིན་ཞིག་ཡིན་པས།།
ལུས་ཀྱི་དབང་རྩ་འགྱེད་པས་རྩམ་དྲི་དེ་ཤོར་ཐལ།།
ལོ་མང་བྲིས་པའི་ངྷི་སྐད་གྱ་གྱུ་མའི་འདབ་ལོ།།
གསེར་གྱི་སྒོ་ཆེན་རྡུང་བའི་མཚན་གཞུང་འདིར་བཞུར་བས།།
སྟ