མཚན་ཕྱེད་ཀྱི་ཟླ་བ། (ཞར་བཀོད་གཉིས།)

169

མཚན་ཕྱེད་ཀྱི་ཟླ་བ།

འོ་མཚོ་ལས་ལྷུང་བའི་གཡུ་ཡི་སོ་གདུབ

ཁྱོད་ཀྱི་བྲང་གཞུང་དུ་བཞད་པའི་དངུལ་གྱི་མགུལ་རྒྱན

ཕ་ཡུལ་གྱི་སྲོལ་ཁའི་མཚན་མོ

ཡོད་ཚད་ཁྱོད་ཀྱིས་རུམ་དུ་བཅུགས

མཚན་ཕྱེད་ཀྱི་ཟླ་བའི་མགུར་གླུ་དེ་དག

སྒེའུ་ཡོལ་གྱིས་བསླངས་པའི་བྲེལ་ཚུབ་དེ་དག

གློ་རྡེག་གློ་རྡེག་ལ་ཕ་ཡུལ་གྱི་རི་རྩ་ཉུལ་དུས

སྤུ་གྲི་ལས་རྣོ་པའི་མཚོན་ཆ་དེ་དག

ཆར་བ་བཞིན་དུ     མདེའུ་བཞིན་དུ

སེམས་པའི་སྐམ་སུ་རུ་བབས

བརྗེད་མི་ཐུབ་པ་དེ་དག་བརྗེད་པར་གྱིས

ང་ཡང་རི་ཁྲོད་ལ་ཆས་འགྲོ

རི་མོ་དེ་ཁོ་ནའི་ང་ལ་སྡོད་རོགས་བྱ་ཐུབ་ན

ངའི་རང་ཉིད་ཀྱི་འཆི་བ་ལ་སེམས་ཟིམ་པར་བྱ

ནམ་ཞིག་རྨི་ལམ་དང་རྒྱང་དུ་གྱེས་ཟིན་པར་བྱ

                                                 2015.06.04 ཉིན།

                    རི་བོ་ཉི་ཟླ་ནས་གླེང་མྱོང་བ་དེ་དག

ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་ལ་

མངོན་སུམ་ལྗན་ལྗེད་ཀྱི་རྡུལ་རླབས་འཕྱོ་ནས་འཕྱོ་བཞིན་འདུག

རི་མགོ་ནས་རི་ཞོལ་བརྒྱུད་མྱོང་བའི་རླུང་བུ་དང་སྨུག་པ་

སླར་ཡང་ནམ་མཁའ་དང་སྤྲིན་གསེབ་ཏུ་འཚིང་

མག་མོག་ཏུ་གྱུར་ཟིན་པའི་མཁའ་དབུགས་དེ

གྲོང་ཁྱེར་ཅིག་གི་མཚན་གཞུང་ལ་འདྲིས་ཤིང་

རྐང་ཐང་ལམ་གྱི་ཁྱོད་ཀྱང་རྨི་ལམ་ཞིག་ལ་ཆས

གཉིད་དྲགས་པས་

ཁྱོད་དང་ཐག་ཉེ་བའི་ལྗོན་ཤིང་དང་གད་སྙིགས་སྒམ་དག་ཀྱང་གཉིད་དུ་ཡལ

སུན་མ་མྱོང་པའི་དགུ་ཚིགས་ཀྱི་ཡང་སྟེང་ལ་འཁྲུལ་མྱོང་བའི་དུས་ཀྱི་ལོངས་སྤྱོད་དེ་

གོམ་པ་གཅིག་རིམ་གྱི་བྲི་བས་འབྲོག་འདབ་གྱི་རྩ་ལྡུམ་དང་མེ་ཏོག

དུས་ཚོད་ཀྱིས་སྐྱ་ཐིགས་ཤིག་ལྷུང་ཤིང་ཉི་ཟླའི་བགྲོད་ཡུན་མང་བས

ཁྱོད་ཀྱང་ལས་བྱེད་པ་ཞིག་གི་ལྭ་བ་ལ་ཉི་ཟེར་དང་ཆར་ཤུལ་ཐེབས་ཐང་མང་བས་འགྲོས་དང་མཚུངས་ཁྱོད་ནི་རིམ་གྱི་བགྲེས་པོ་ཞིག་ཏུ་གྱུར

ཨ་མའི་གཏམ་རྒྱུད་ཅིག་བཤད་སྐབས་ཁྱོད་ལ་གྲང་སིག་སིག་གི་སྣང་བ་ཞིག་མི་འདུག་ཨང

དགུན་དུས་དེར་ངས་རང་ཉིད་ལའང་འདྲི་མྱོང་སྟེ

བྱིས་པ་ཚོས་ད་དུང་ཡང་རང་ཉིད་ཀྱི་དབྱིབས་གཟུགས་བཟོ་བཞིན་འདུག

ལྕག་ཟམ་དེ་དག་བརྒྱུད་རྗེས་ངས་ད་གཟོད་ཁྱོད་ཀྱི་རྔུལ་ཆུའི་ཐིགས་པ་ཞིག་ས་ལ་འཛགས་པ་ཚོར་བྱུང་

ལོ་ཟླའི་གས་སྲིབ་ནས་ཁྱོད་རང་རྙེད་མ་བྱུང

ངའི་རང་ཉིད་ཀྱང་འབོར་ལ་ཁད

སིང་སིང་གི་ཅོང་བརྡ་ཞིག་གྲག་བྱུང་

ནམ་ལངས་པ་ཐོས་འཕྲད་ང་རང་གཞི་ནས་རྒས་ཟིན

ལོ་དེ་ནི་ད་དུང་དགུན་ཁ་ཞིག་རེད

མི་ཚོགས་དེས་སླར་ཡང་ཁྱོད་ཉིད་གླེང་འགོ་བརྩམས

ང་ལ་ངལ་དུབ་ཅིག་འདུག

བཤད་མ་ཚར་བའི་སྐད་ཆ་མང་བོ་ཞིག་འདུག

                         2014.5.22 ལོ་ཟླ་དེ་དག་གི་ཟླ་ཚེས་ནག་པོ་ལ།

                                         མཚན་མོ་འདིར།

གློག་གཟིམས་རྗེས་ཡོད་ཚད་དལ་ཅག་གེར་ལྷིང་འཇགས་སུ་གྱུར

ལྷིང་འཇགས་དུས་ནང་ནས་ཟིང་ཆ་གཞན་ཞིག་སྐྱེས

ཁྱོད་ཀྱི་རང་ཉིད་འབོད་འགོ་བརྩམས

ཁོ་བོའོ་རྐང་སྒྲ་དེས་རྨི་ལམ་དཀྲོག་གིན་འདུག

ཟླ་བ་དང་སྐར་མའི་སྣང་བ་དཀྲུག་གིན་འདུག

ནམ་ལངས་བྱུང་       ང་ཁྱོད་ལ་འཐིམ་ཚར་འདུག

                    2014. 3.7. ཉིན།

   རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།