ངེད་དྲ་བས་གླིང་རྒྱལ་འཆི་མེད་ཚེ་རིང་ལ་བཅར་འདྲི་བྱས་པ།

88799

«རྫ་ཆུའི་རླབས་སྒྲ»འི་མུ་འབྲེལ་བཅར་འདྲི་ཁག་དྲུག་པ་གླིང་རྒྱལ་འཆི་མེད་ཚེ་རིང་ལགས་སུ་བཅར་འདྲི་བྱས།
ནང་དོན།  དབྱངས་དང་རོལ་མོ།
བཅར་འདྲི་བྱེད་མཁན།  བདའ་ཚང་སྙེམས་གྲོལ།
ས་གནས།  གདོང་སྒྲ་བརྙན་སྒྲོག་སྤེལ་ཚད་ཡོད་མཐུན་གཉེར་ཁང་།
དུས་ཚོད།  2017.9.7

 

          དྲི་བ། གླིང་རྒྱལ་འཆི་མེད་ཚེ་རིང་ལགས། སྐུ་ཁམས་བཟང་། ཐོག་མར་ཁྱེད་ཀྱིས་རྫ་ཆུའི་རླབས་སྒྲའི་མུ་འབྲེལ་བཅར་འདྲིའི་ལེ་ཚན་ལས་ཁག་དྲུག་པ་འདི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཁྱེད་ཀྱིས་རང་གི་སྐྱེས་འཚར་གྱི་གོ་རིམ་དང་སློབ་སྦྱོང་གི་གོ་རིམ་སོགས་ངོ་སྤྲོད་ཅིག་བྱ་རོགས།

       ལན། ངའི་མིང་ལ་འཆི་མེད་ཚེ་རིང་ཟེར། ང་ཡིན་ན་ཕ་ཡུལ་མགོ་ལོག་དགའ་བདེ་ནས་ཡིན།ང་རང་སློབ་ཆུང་ལོ་རིམ་གསུམ་པ་བཞི་པ་ཞིག་ཡིན་དུས་ནས་ངེད་ཚང་གི་ཨ་ཕའི་ལས་གནས་སྤར་ཏེ་གཅིག་སྒྲིལ་དུ་སོང་བ་རེད། དེ་བས་ང་རང་ལག་ཆགས་ས་དེ་གཅིག་སྒྲིལ་རེད། གཉེན་ཉེ་དུ་སོགས་དགའ་བདེ་ན་ཡོད་པ་རེད། གཅིག་སྒྲིལ་ནས་སློབ་ཆུང་དང་དམའ་འབྲིང་སོགས་རིམ་བཞིན་བཏོན་ནས་མཐར་ཕྱིན་རྗེས། ཟི་ལིང་གི་སྒྱུ་རྩལ་སློབ་གྲྭའི་ནང་དུ་སོང་བ་ཡིན། དེ་ནས་ཆེད་ལས་གླུ་ལེན་རྒྱུ་དེ་རེད། དེའི་ཞོར་དུ་དབྱངས་རྩོམ་རྒྱུ་སྦྱངས་པ་ཡིན། སློབ་གྲྭ་དེར་དབྱངས་རྩོམ་པའི་ཆེད་ལས་མི་འདུག ཡིན་ནའང་ང་ལ་རྒྱུན་དུ་ཤ་ཚ་ཚ་བྱེད་པའི་དགེ་རྒན་ཞིག་ཡོད། ཁོང་གིས་རྒྱུན་དུ་སྐུལ་སློང་བྱས་པ་བརྒྱུད་ནས་ང་རང་དབྱངས་རྩོམ་པའི་ལམ་དུ་ཞུགས་པ་ཡིན། ལོ་གསུམ་བཞི་ཞིག་ལ་དགེ་རྒན་དེའི་རྩིབས་ནས་སྦྱངས་པ་ཡིན། ཉིས་སྟོང་དྲུག་གི་ལོར་སྒྱུ་རྩལ་སློབ་གྲྭའི་ནང་དུ་ཞུགས་ཤིང་། ཉིས་སྟོང་བརྒྱད་ཀྱི་ཟླ་བརྒྱད་པའི་ནང་ང་ཚོ་མཐར་ཕྱིན་པ་རེད། དེའི་བར་དུ་དགེ་རྒན་ལ་བརྟེན་ནས་དབྱངས་རྩོམ་རྒྱུ་སྦྱངས་པ་ཡིན། སློབ་མཐར་ཕྱིན་རྗེས་སུའང་གླུ་དབྱངས་ལེན་རྒྱུའི་ཕྱོགས་ནས་འབད་པ་མ་བྱས། རང་ཉིད་ལ་དབྱངས་རྩོམ་པའི་ཕྱོགས་ནས་ལྷན་སྐྱེས་ཀྱི་ཚོར་བ་ཅུང་ཙམ་ཡོད་ཐལ། དེའི་སྟེང་དུ་འབད་པ་བྱས་ན་བརྩོན་པའང་བསྐྱེད་ཐུབ་ཀི དེ་ལྟར་ལོ་འགའ་ལ་སྦྱངས་མཐར་བརྩམས་ཆོས་འགའ་རེའང་སྤྱི་ཚོགས་སུ་བཀྲམ་པ་ཡིན། རྒྱལ་ནང་གི་ཚགས་པར་འགའ་རེའི་སྟེང་དུ་སྤེལ་ནས་བྱ་དགའ་འགའ་རེའང་ཐོབ་མྱོང་། དེ་འདྲའི་རྐྱེན་ཡིན་ས་རེད་ལྷག་ཏུ་ལས་དེར་མོས་པ་ཡོད་ཐལ། དེ་དང་མཉམ་པོར་དགེ་རྒན་ཞིག་ལ་སློབ་ཡོན་སྤྲད་དེ་རོལ་མོ་སྒྲིག་བཟོ་བྱེད་རྒྱུ་དེ་སྦྱངས་པ་ཡིན། དེ་ལ་སྤྲོ་བ་ཧ་ལས་པ་ཞིག་འདུག་པས་རོལ་མོ་སྒྲིག་བཟོ་བྱེད་སྤྱད་ལག་ཆའང་བསྒྲིགས་ཏེ་ཅུང་ཟད་བཟོ་ཤེས་པར་གྱུར། ངས་སློབ་ཆེན་ནུབ་བྱང་མི་རིགས་སློབ་ཆེན་ནས་བཏོན་པ་ཡིན། ཆེད་ལས་བོད་ཀྱི་རྩོམ་རིག་རེད། དེའི་རྗེས་སུ་པེ་ཅིན་དུ་སོང་ནས་རོལ་མོ་སྒྲིག་བཟོའི་དགེ་རྒན་བསྟེན་ནས་ལོ་གསུམ་བཞི་ཞིག་ལ་སྒྲ་ལེན་རྒྱུ་དང་། རོལ་དབྱངས་སྒྲིག་བཟོ(编曲制作)སོགས་སྦྱངས་པ་ཡིན། དེ་རྗེས་རྒན་ཤེར་བསྟན་ལགས་ཀྱི་རྒྱབ་སྐྱོར་འོག་ང་ཚོས་ཙན་དན་ལོ་མ་སྒྲ་ལེན་ཁང་ཟེར་བ་ཞིག་ཕྱེས་པ་ཡིན། རོལ་མོ་སྒྲིག་བཟོ་མཁན小强ངེད་གཉིས་ཀྱིས་རོལ་དབྱངས་སྒྲིག་བཟོའི་ལས་ཀ་བྱས་པ་ཡིན།༢༠༡༡ནས༢༠༡༥བར་སྤྱི་ཚོགས་ཐོག་ཏུ་རོལ་མོ་ཅུང་མང་པོ་བཟོས་ཏེ་བཀྲམ་པ་ཡིན། རང་གིས་ནུས་ཚོད་ཐུབ་ཚོད་ཀྱིས་བྱ་བ་འདིར་ཧུར་བརྩོན་བྱས་པ་ཡིན། སྒྲའང་མང་པོ་བླངས་པ་ཡིན། གླུ་བ་གླུ་མ་མང་པོའི་ཆེད་སྒྲིག་ཀྱང་བཟོས་པ་ཡིན།༢༠༡༡ལོར་གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་བླངས་པའི«ཆུ་ལེན་བུ་མོ»ཞེས་པ་དེ་བརྩམས་པ་ནས་བཟུང་། གླུ་བ་ཤེར་བསྟན་དང་རྒྱལ་མཚན་སོགས་གཙོ་བྱས་བོད་ཀྱི་གླུ་བ་གླུ་མ་མང་པོར་གླུ་དང་རོལ་མོ་བཟོས་པ་ཡིན།དེར་སྤྱི་ཚོགས་ཐོག་ནས་དགའ་བསུའང་མི་ཉུང་བ་ཐོབ་ཀྱིན་འདུག དེ་བས་རང་ཉིད་ལའང་དེའི་ཐོག་ནས་མོས་པ་སྔར་ལས་ཇེ་ཆེར་སོང་། དེ་ནས་དགོང་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་དང་། གླུ་བ་གླུ་མ་རྣམས་ཀྱི་ཆེད་སྒྲིག གེ་སར་གྱི་སྒྲུང་གི་དབྱངས་རྟ་སོགས་མང་པོ་བཟོས་པ་ཡིན། ང་ཚོ་མགོ་ལོག་གི་ལུང་སྔོན་དགོན་པ་དང་། ཨ་བཟོད་དགོན་པའི་སྒྲུང་དང་། ཡུལ་ཤུལ་རྫ་སྟོད་ཀྱི་དགོན་པ་འགའ་རེའི་སྒྲུང་ཡང་བཟོས་པ་ཡིན། དགོན་པ་རེར་སྒྲུང་རྟ་མི་འདྲ་བ་སུམ་ཅུ་བཞི་བཅུ་རེ་ཡོད་ཁུ། དེ་དག་ལ་རོལ་མོ་བཟོས་པ་ཡིན།༢༠༡༥ལོར་མགོ་ལོག་ཁུལ་གླུ་གར་ཁང་དུ་རྒྱུགས་འཕྲོད་སོང་བ་རེད། དེའི་ནང་ནས་ངའི་བྱ་བ་ནི་དབྱངས་རྩོམ་རྒྱུ་དེ་རེད། ད་ཕལ་ཆེར་ཆུང་དུས་འཚར་ལོངས་བྱུང་བ་དང་། སློབ་གྲྭར་སོང་བ། བྱ་བའི་སྟེང་དུ་ཞུགས་པའི་བརྒྱུད་རིམ་དེ་འདྲ་ཞིག་རེད།

23414474_1601579803232847_730718395_n.jpg

       དྲི་བ། ཁྱེད་ཀྱི་དམིགས་བསལ་གྱི་ལས་ཀ་གཞན་ཞིག་ནི་བྱིས་གླུ་མང་པོ་སྒྲིག་བཟོ་བྱེད་པ་དེ་རེད། བྱིས་པའི་སེམས་ཁམས་ནི་མི་དར་མ་རྣམས་ཀྱི་སེམས་ཁམས་དང་གཏན་ནས་མི་འདྲ་བས་ཁྱེད་ཀྱིས་ཐབས་ལམ་གང་དང་གང་འདྲ་སྤྱད་ནས་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་བྱས་པ་དང་། སེམས་ཁམས་དེ་དང་འཚམ་པའི་གླུ་ཞིག་རྩོམ་པར་དཀའ་ངལ་གང་དང་གང་འདྲ་འདུག

      ལན། ང་བྱིས་པའི་རོལ་དབྱངས་བཟོ་མཁན་ཡིན་ནི་མ་རེད། རང་ཉིད་ལ་དེའི་ཕྱོགས་ནས་ལམ་ལ་ཞུགས་པའི་དམིགས་ཡུལ་ཞིག་ཡོད། ངས་ཉིས་སྟོང་བཅུ་གཅིག་ནས་ད་བར་དུ་རོལ་མོ་སྒྲིག་བཟོ་བྱས་པ་རེད། ཚང་མ་ལས་ཁུངས་དང་མི་དར་མའི་རོལ་མོ་ཏག་ཏག་རེད། རང་ཉིད་ཀྱིས་རོལ་དབྱངས་སྒྲིག་བཟོ་བྱས་པ་དང་དབྱངས་བརྩམས་པ་ཚང་མར་འདང་བརྒྱབ་ན་མི་དར་མ་ལས་བྱིས་པ་ལ་འདང་རྒྱག་གིན་མི་འདུག དེ་བས་ལོ་གསུམ་ཙམ་ལ་དེའི་ཕྱོགས་འཚོལ་སྡུད་བྱས་པ་ཡིན། བྱིས་པའི་སེམས་ཁམས་དང་འཚམས་པའི་དབྱངས་ལ་སོགས་པའི་ཕྱོགས་ལ་སློབ་སྦྱོང་བྱས་པ་ཡིན། རང་ཉིད་ཀྱི་འཆར་གཞི་གཙོ་བོ་བྱིས་པ་ཚོར་གླུ་ལོངས་ཞེས་བསྐུལ་ན་གླུ་ལེན་རྒྱུ་མི་འདུག རང་ཉིད་བྱིས་པ་ཡིན་དུས་ཀྱི་两只老虎;世上只要妈妈好 ཅན་པོ་དང་། བོད་གླུ་བྱ་དེ་ཁྲུང་ཁྲུང་དཀར་མོ་མ་གཏོགས་ལེན་མི་ཤེས་ཀི ལྷག་པར་ཨ་མདོའི་ཕྱོགས་དེ་འདྲ་རེད། དེ་འདྲ་ཞིག་ཡིན་དུས་ངོ་མ་འགྲིག་གིན་མི་འདུག བརྙན་འཕྲིན་ཁང་གིས་བསྒྲུབས་པའི་བྱིས་པའི་དགོངས་ཚོགས་མང་པོ་འདུག ཡིན་ནའང་རང་གི་ལྟ་ཚུལ་ནི་དེ་དག་གི་གླུ་ཚིག་དང་དབྱངས། གར་སྟེགས་སྟེང་གི་ཉམས་འགྱུར་ལ་སོགས་པ་བྱིས་པའི་སེམས་ཁམས་དང་ཅུང་ཐག་རིང་བར་འདོད། མི་དར་མ་ལ་ལད་མོ་བྱེད་པ་དང་མཚུངས། སློབ་གྲྭའི་ནང་དུ་སོང་ནས་བྱིས་པར་གླུ་ཞིག་ལོངས་ཟེར་ནའང་ལེན་རྒྱུ་མི་འདུག མང་ཆེ་བ་ཕྱི་རྒྱལ་གྱི་གླུ་དང་ཤེར་བསྟན་ཀུན་དགའ་ལ་སོགས་པའི་མི་དར་མར་ལད་མོ་བྱེད་པ་ལས་བྱིས་པར་འོས་འཚམས་ཀྱི་གླུ་མི་འདུག དེ་བས་རང་ཉིད་ཀྱིས་དེའི་ཕྱོགས་ལས་ན་འདོད་ཐལ། དེ་ནས་རང་ཉིད་བོད་ཁམས་ཀྱི་ས་གནས་སོ་སོར་འཚོལ་སྡུད་བྱེད་དུ་སོང་མྱོང་། རང་གིས་འཚོལ་སྡུད་བྱས་པའི་གླུ་བརྒྱ་དང་ཁ་ལྷག་ཡོད། དེ་དག་ལ་ཨ་མདོའི་ཕྱོགས་སུ་དབྱངས་རྟ་མང་པོ་མི་འདུག བྱིས་གླུ་དེ་དག་ཁེད་དང་རྩེད་མོའི་རིགས་ཏག་ཏག་རེད། བོད་ལྗོངས་སློབ་གྲྭའི་ནང་དུ་དགེ་རྒན་སྐོར་ཞིག་གིས་ལས་ཡོད་ཀི ཨ་ཁུ་སྨན་བླས་ལས་ཡོད་ཁུ། དགེ་རྒན་ཟླ་བས་ལས་ཡོད་ཁུ། དཔེ་ཆ་དང་འོད་སྡེར་ཡང་ཡོད་ཁུ། མཚོ་སྔོན་ས་ནས་བལྟོས་བཅས་ཀྱིས་ཅུང་ཉུང་བར་འདོད། དཔེ་ཆའི་སྟེང་དུ་བྱིས་གླུ་འགའ་རེ་ཡོད་ཁུ། མང་ཆེ་བ་ཁེད་རེད། ཨ་མཚར་མཚར་དགུ། ཨ་མེད་མེད་དགུ། ཨ་ཐེ་ཐེ་དགུ། སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་གང་རེད། རྨིག་པ་ཅན་གྱི་ཤ་གཟན་གསུམ་གང་རེད་སོགས་ལྟ་བུ། རང་ཉིད་ཀྱི་འཚོ་བ་མཐུན་པའི་གཞས་ཚིག་ཡག་པོ་ཏག་ཏག་ཡོད་མོད་དབྱངས་རྟ་མི་འདུག རང་ཉིད་ཀྱི་དམིགས་ཡུལ་ནི་དབྱངས་རྟ་ཞིག་སྦྱར་ནས་བྱིས་པས་བསླབ་རྒྱུ་དེ་རེ་བ་ཡིན། ཡིན་ནའང་རང་ཉིད་ལ་དེའི་ཕྱོགས་ཀྱི་སྤོབས་པ་མི་འདུག རང་ཉིད་ཀྱང་དུས་རབས་འདི་འདྲ་ཞིག་དང་སྤྱི་ཚོགས་འདི་འདྲ་ཞིག་ནས་འཚར་ལོངས་བྱུང་བ་ཞིག་རེད། ཁོར་ཡུག་འདིའི་ནང་ནས་དབྱངས་རྟ་ཇི་འདྲ་ཡིན་དགོས་པ་སོགས་ལ་གདེངས་ཚོད་མི་འདུག རང་ཉིད་ཀྱིས་ཚད་མི་ཟིན་གི རང་ཉིད་ཤོག་བུ་དཀར་བོ་ཞིག་གི་སྟེང་དུ་སྣག་ཚ་ནག་པོས་འབྲི་མཁན་ཞིག་རེད། ཡག་པོ་མ་འཁྱོངས་ན་མི་རིགས་ཤིག་གི་རུས་རྐང་དུ་འཇོག་དགོས་པ་རེད། དེ་ཧ་ལས་པའི་དཀའ་མོ་ཞིག་རེད། བསྐྱུར་བཞག་ན་ཡང་འགྲིག་གི་མི་འདུག བོད་ལ་བྱིས་གླུ་མེད་པར་བསྡད་འདུག དུས་རབས་འདི་ལ་ལེན་བཞིན་པ་རྒྱ་གླུ་དང་མི་དར་མའི་གླུ་རེད། བྱིས་པ་དང་འོས་འཚམས་ཀྱི་གླུ་མེད་ཁུ། དེའི་རྐྱེན་གྱིས་མ་ལས་ན་འགྲིག་གིན་མི་འདུག གྲངས་ཀ་ཞིག་གི་གནད་དོན་ལ་ཐུག་འདུག ལས་ཀིན་བསྡད་ན་རྗེས་ཕྱོགས་སྤུས་ཀ་ཇེ་ཡག་ཏུ་ཡོང་རྒྱུ་རེད་བསམ། དེ་བས་ངས་མགོ་བཟུང་ནས་ལས་པ་ཡིན།གླུ་བརྒྱ་ཡི་ནང་དུ་བཅོ་ལྔ་བདམས་པ་ཡིན། གཞས་ཚིག་གཙོ་བོ་མཛུབ་མོ་བརྩི་བ།ཨ་མཚར་མཚར་དགུ། ཨ་མེད་མེད་དགུ། ཨ་ཐེ་ཐེ་དགུ། སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་དང་རྨིག་པ་ཅན་གྱི་ཤ་གཟན་གསུམ་སོགས་ཡིན། དེ་དག་གིས་བྱིས་པར་མཚར་བློ་སྐྱེ་རུ་འཇུག་ནུས། ཡ་མཚན་གྱི་རྣམ་པ་ཡང་མང་བོ་ཡོད་པ་རེད། སྲོག་ཆགས་ངོས་འཛིན་དང་གྲངས་ཀ་ངོས་འཛིན་བྱེད་ཐུབ་པ་རེད། གླུ་ཚིག་ནང་དུ་ཨ་མང་པོ་འདུག ཨ་མའི་ལོ་ལོ་གཉིད་ལ་སྡོད། ཨ་ལོ་བུ་ལོ་གཉིད་ལ་སྡོད། ཨ་ཞིག་སྔོན་ན་ཡོད་པ་འདི་བྱིས་པའི་ཁ་ནང་དུ་ཨ་ཐོག་དང་པོ་ཡོང་སླ་བ་རེད།དཔེར་ན། ཨ་རྟགས་རྟགས་ལྔ་ལས་ཆུ་མཐའ་རོ་ཡིས་གང་རྒྱུ་འདི། ཆུ་ཆེན་ཆུ་བོ་བྲུག་རྒྱུའི་རྟགས། རྩྭ་འཇག་མའི་ཤུགས་གླུ་ལེན་རྒྱུ་འདི།བསེར་མ་རླུང་ཆེན་གཡུགས་རྒྱུའི་རྟགས་སོགས་ལས་རང་བྱུང་ཁོར་ཡུག་གི་གནམ་གཤིས་ཀྱང་རྟོགས་ནུས། དེ་མིན་བྱིས་པ་གཉིད་གླུ་རེ་ཡོད་ནི་རེད། ཨ་མའི་ལོ་ལོ་གཉིད་ལ་སྡོད་ལྟ་བུ། མགོ་ལོག་ས་ནས་ཨ་ལོ་བ་ལོ་གཉིད་ད་སྡོད་ཟེར་ནི་རེད། གཉིད་ད་སྡོད་ད་རྟ་ཞིག་སྦྱིན། རྟ་ཕོ་གསེར་སྲབ་ཅན་ཞིག་སྦྱིན། རྒོད་མ་དངུལ་མཐུར་ཅན་ཞིག་སྦྱིན།བ་ལ་བལ་མཐུར་ཅན་ཞིག་སྦྱིན་ལྟ་བུ།འབྲོག་པའི་རིག་གནས་ནང་ན་ཡོད་པ་དཔེར་ན།ནམ་མཁའི་སྐར་མ་བླངས་ནས་སྟེར། ས་ཡི་རྡོ་རིལ་འཐུ་ལ་སྟེར། མཁལ་མ་ཚིལ་གྱིས་བཏུམས་ནས་སྟེར་ལྟ་བུ། རོང་བའི་ས་ནས་དཔེར་ན་གོ་གོར་ཉི་ག་ཕུག་ནས་སྟེར་ཟེར། ངོ་མ་ཅི་མ་བདེན་འདོད་སྤྱད་ཅིག་རེད་ཨང་། གླུ་ཚིག་གི་ཕྱོགས་ནས་ཕལ་ཆེར་དེ་འདྲ་རེད། གླུ་ཚིག་གི་མགོ་ནས་ཅུང་ཙམ་ཤེས་ན་རྗེས་ནས་མི་ཤེས་པ་མེད་པ་དེ་འདྲ་ཞིག་ཡིན། ཆེད་བསྒྲིགས་ཀྱི་མགོ་བྱིས་པ་ཞིག་ཨ་མས་ཁྲིད་ནས་འགྲོ་བའི་རྣམ་པ་ཡོད་ནི་རེད། ཁྲིད་ནས་འགྲོ་ནའང་འགྲོ་སྟངས་ཤིག་ཡོད་ཐལ་མོ། ཨ་ཙེ་གོམ་ཙེ་གོམ་པ་ཡང་ཙེ། མགྱོགས་པ་ད་ཙེ་སོགས་དེའི་ཕྱོགས་ན་ཡང་མང་པོ་ཡོད་ཐལ། བྱིས་པའི་གོམ་པ་སློབ་སྤྱད་ལ་ཧ་ལས་པ་བཟང་པ་གླུ་ཚིག་འདི་ལ་འདང་རྒྱབ་ན་ཡང་ཤེས་ཐུབ། ངའི་ཆེད་སྒྲིག་ཀྱི་སྒྲོམ་གཞི་ནི་བྱིས་པ་ཞིག་གི་ཉིན་གཅིག་གི་སེམས་ཁམས་དང་གཤིས་ཀ་སྟེ་རྩེད་རྒྱུ་ངུ་རྒྱུ་ཉལ་རྒྱུ་རེད། ངས་ཆེད་སྒྲིག་འདི་དང་ཐོག་བྱིས་པ་འགྲོ་རྒྱུ། མཛུབ་མོ་བརྩི་བ། ལྷ་སའི་ཨ་ཁུ་ཉི་མ་སླེབས་སླེབས་གསེར་གྱི་ཉི་མ་དངུལ་གྱི་ཉི་མ་ཅན་པོ། ཆུང་དུས་ཆུ་ཁར་རྩེད་རུ་སོང་དུས། སྤྲིན་པ་སྤྲིན་པ་ཕར་ལ་སོང་། ཉི་མ་ཉི་མ་ཚུར་ལ་ཤོག་ཟེར་བ་རེད། ལྷ་སའི་ཕྱོགས་ན་ད་རུང་ཡག་པོ་ཡོད། ཉི་མ་གོས་ཆེན་གྱོན་པ་ཚུར་ལ་ཤོག སྤྲིན་པ་པགས་རྩག་གྱོན་པ་ཕར་ལ་སོང་།འདི་གཉིས་ཀྱི་སྟེང་ན་ཡང་བསྡུར་རྒྱུ་ཧ་ཅང་འདུག་སྙམ།གཞས་ཚིག་འཚོལ་སྡུད་དང་བསལ་འདེམས་ཐད་ནས་འདིར་ཆེད་དུ་བཀའ་དྲིན་ཞུ་ས་ཞིག་ཡོད་པ་ནི་རྒན་སྐལ་བཟང་རྣམ་རྒྱལ་དང་རྒན་འཇུ་སྐལ་བཟང་ལགས་ཡིན། ཐེ་པེད་འདི་ངས་དང་ཐོག་རྒྱ་ཡི་རེད་འདོད། དེ་རྒྱ་ཡི་ཡིན་མིན་མི་ཤེས་ཀི དེ་གནའ་གནའ་ནས་བོད་ལ་ཡོད་པར་འདོད།དེ་མིན་གླང་ཆེན་ས་གཤགས། ཐག་འཐེན། སྟག་སེང་ཁྱུང་འབྲུག་སོགས་ཡོད། ད་ནི་དབྱངས་རྟ་བཤད། དབྱངས་རྟ་ཡང་བཅོ་ལྔ་ལྷག་ཡོད། ཕལ་ཆེར་ཚང་མ་རང་གིས་བརྩམས་པ་ཡིན་ལ་དབྱངས་ཡིག་གི་འགྲོས་དང་། དབྱངས་ཀྱི་བར་ཐག་ཚང་མ་གཞུང་ལུགས་དང་མཐུན་ལ་དམངས་ཁྲོད་དང་ཡང་མཐུན་པ་ཞིག་ཡིན་དགོས། སྤྱིར་ན་བྱིས་པ་ཚོར་དབྱངས་རྟ་སླ་མོ་ཡིན་ལ་སྙན་དགོས་པ། ཉུང་ཉུང་དང་བར་ཐག་ཐུང་ཐུང་ཞིག་བཟོ་དགོས་ཀྱི་འདུག ང་ལ་མཚོན་ན་དེ་ནི་ཡ་མཚན་གྱི་དཀའ་ངལ་ཆེ་ཐལ། བྱིས་པས་གླུ་ཞིག་ལེན་པའི་སྐབས་སུ་ལན་རེར་ལེན་གྱིན་པ་འདྲ་ལ་སྐབས་ལན་རེར་བཤད་ཀྱིན་ཡོད་པ་འདྲ་བའི་ཚོར་བ་ཞིག་དང་ལན་རེར་དབྱངས་རྟ་ཡོད་པ་འདྲ་ལ་ལན་རེར་མེད་པ་ལྟ་བུའི་སྣང་ཚུལ་ཞིག་ཀྱང་འབྱུང་གིན་འདུག དེ་བས་དབྱངས་ཀྱི་བར་ཐག་ཐུང་དགོས་ལ་སྙན་ཆ་ཡོད་དགོས་པར་འདོད། ངས་བྱིས་པའི་སེམས་ཁམས་ལ་བཟུང་བའི་ལྟ་ཚུལ་ཕལ་ཆེར་དེ་འདྲ་ཞིག་རེད།

         དེ་ནས་བརྙན་གྱི་སྟེང་ནས་བཤད་ནའང་། བརྙན་གྱི་ལམ་ནས་བཟོས་ན་འགུལ་རིས་ཀྱི་ལམ་ནས་བཟོ་དགོས་འདུག ང་མི་གཅིག་གིས་བཟོས་ན་ཧ་ཅང་ཧ་ཅང་དཀའ་མོ་རེད།འགྲོ་གྲོན་ཡང་ཧ་ཅང་ཆེ། འགུལ་རིས་བཟོ་མཁན杭州གི་རྒྱ་མི་ཞིག་ཡིན། དེ་ནི་གྲོགས་རྣོ་སྦྲེང་ལགས་ནས་ངོ་སྤྲོད་བྱས་པ་ཡིན་པས་རིན་གོང་ཧ་ཅང་སླ་མོ་བྱས་ཡོད། གྲོགས་རྣོ་སྦྲེང་ནི་གངས་ཅན་བྱིས་གླུའི་འཁྲབ་ཁྲིད་པ་ཡིན། ད་ནི་འགུལ་རིས་ཚང་མའང་བཟོས་ཚར་ལ་ཉེ། གླུ་གཞས་ཚང་མ་འགུལ་རིས་ཀྱི་རྣམ་པས་བཟོས་ནའང་དེའི་སྟེང་ན་དཀའ་ངལ་ཧ་ཅང་ཆེ། གཅིག་ནས་བྱིས་པའི་སེམས་ཁམས་དང་མཐུན་པའི་འགུལ་རིས་ཀྱི་མི་སྣ་ཡང་གསར་བཟོ་བྱེད་དགོས། དཔེར་ན། མགོ་བོ་ཆེ་ཆེ་ལུས་པོ་ཆུང་ཆུང་།རྐང་བ་ཆེ་ཆེ་ཅན་དེ་འདྲ་ཞིག་ཀྱང་གསར་བཟོ་བྱེད་དགོས། དེ་ནས་ང་ཚོས་རི་མོ་འབྲི་མཁན་གྱི་མི་སྣ་ཞིག་བཙལ་ནི་ཡིན། ང་ཚོའི་གྲོགས་པོའི་ནང་དུ་མགོ་ལོག་དགའ་བདེའི་མིང་ལ་ཚངས་དབྱངས་ཟེར་བ་ཞིག་དང་མཚོ་ལྷོའི་ཕྱོགས་ཀྱི་བསྟན་འཛིན་ཉི་མ་ཟེར་ཞིག ད་དུང་རྡོ་རྗེ་རབ་བརྟན་ཟེར་བ་ཞིག་ཀྱང་ཡོད། ཁོ་ཚོ་རི་མོ་འབྲི་མཁན་ཡིན། ང་ཚོས་རི་མོ་བྲིས་ཚར་རྗེས་རི་མོའི་དགེ་རྒན་སྟག་ལྷ་ཚེ་བརྟན་ལགས་ལ༼བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་གི་མཛེས་རྩལ་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན༽མཛུབ་སྟོན་བྱེད་དུ་བཅུག་པ་ཡིན། དཔེར་ན། ངའི་བརྩམས་ཆོས་ནང་དུ་ཨ་མཚར་མཚར་དགུ་ཟེར་བ་ཞིག་ཡོད། དེར་ང་ཚོས་འགུལ་རིས་ཀྱི་རྣམ་པའི་ཇི་འདྲ་ཞིག་བཟོ་བར་གྲོས་བསྡུར་བྱས་པ་ཡིན། རྒྱ་ཡིས汉堡包ཞིག་ལ་རྐང་ལག་སྤྲད་ནས་རྒྱུག་ཏུ་བཅུག་པ་ལྟར་ང་ཚོས་ཀྱང་བོད་ཀྱི་ཆ་རུ་ལ་རྐང་ལག་སྤྲད་ནས་རྒྱུག་ཏུ་བཅུག་པ་ཡིན། དེ་ནི་ང་ཚོས་རང་རེའི་བྱིས་པ་ཚོར་བོད་ཀྱི་ཆ་རུ་ལས་འཚོ་བའི་ཡོ་བྱད་ངོས་འཛིན་དང་ངོ་སྤྲོད་བྱས་པ་ཡིན། ང་ཚོའི་འཁྲབ་གཞུང་དུ་སྦྲ་ནག་ཅིག་གི་ནང་དུ་ལོ་ལོན་ཞིག་གིས་ཆ་རུ་གཞོག་གིན་ཡོད། ཆ་རུ་འགའ་གཞོགས་ཚར་ནས་ལོ་ལོན་དེ་སྦྲ་ནང་དུ་འཛུལ་མ་ཐག་ཆ་རུ་གཅིག་ལ་རྐང་ལག་སྤྲད་དེ་གཞན་པར་རྡོག་ཐོ་གཞུས་ནས་གཅོལ་རྗེས་ཕྱི་ལ་བྲོས་སོང་བ་ཞིག་བཟོས་ཡོད། དེ་ནི་ཁོ་ལ་མཚོན་ན་བྱིས་པ་བསམ་མེད་ལྟ་བུ་ཞིག་ཡིན་པས་མགོ་ལ་འཕྲུག་ཞོར་དུ་མིག་གིས་ཡར་ལྟ་མར་ལྟ་བྱས་ཏེ་ཡ་མཚར་སྐྱེ་བཞིན་པ་ཞིག་བཟོས་ཡོད། དེར་མཚོན་ན་འདི་ནི་འཇིག་རྟེན་གསར་བ་ཞིག་ཡིན་པས་རིམ་གྱིས་ཁོ་ཚོའི་སྣང་ངོར་ཡང་ཨ་མཚར་མཚར་དགུ་སྣང་ཡོང་བ་ཞིག་བྱས་ཡོད། དེ་ལྟར་བྱས་ན་བྱིས་པ་ཚོས་ཀྱང་འདི་ལ་ལྟ་འདོད་ཤིན་ཏུ་ཆེ་རྒྱུ་རེད། ད་དུང་ཨ་བཅུ་ཆ་བཅུ་དང་། རྩལ་པོ་ཆེ་མི་བདུན་སོགས་ང་ཚོའི་བརྩམས་ཆོས་ནང་དུ་འགུལ་རིས་ཀྱི་རྣམ་པ་བྱས་ཏེ་ཆ་ཚང་བར་བྱས་ཡོད། དེ་མིན་མདོ་དབུས་ཁམས་གསུམ་གྱི་གྱོན་པ་ཡང་རེ་རེ་བྱས་ཏེ་བཟོས་ཡོད་ལ་སྒོ་ཕྱུགས་སོགས་ཀྱང་དེ་ལྟར་བཟོས་ཡོད། གཞན་མདོ་དབུས་ཁམས་གསུམ་གྱི་རི་ཆུ་ནགས་གསུམ་སོགས་ཀྱང་ཚབ་མཚོན་བྱས་ཏེ་བཟོས་ཡོད།

23365128_1601579969899497_1480707341_n.jpg

        དྲི་བ། སྤྱིར་དབྱངས་རྟ་ལ་ཆོས་ལུགས་དང་མ་འབྲེལ་བའི་དབྱངས་རྟ་ཞིག་དང་། ཆོས་ལུགས་དང་འབྲེལ་བའི་དབྱངས་རྟ་གཉིས་ཡོད་རྒྱུ་རེད། འདི་ནས་འདྲི་རྒྱུ་ནི་ཆོས་ལུགས་དང་འབྲེལ་བ་སྟེ། དཔེར་ན། རྒྱ་གླིང་གི་དབྱངས་རྟ་ངང་མོ་མཚོ་འཁོར་ཞེས་པ་འབུད་སྐབས་ངང་མོ་མཚོ་ཁར་འབབ་པ་ལྟ་བུའི་སྣང་བརྙན་དང་། ད་དུང་བྱ་རྒོད་གཤོག་རྡེབ་ཅེས་པ་འབུད་སྐབས་བྱ་རྒོད་ཀྱིས་གཤོག་རྡེབ་བྱེད་ཀྱིན་ཡོད་པ་ལྟ་བུའི་སྣང་བརྙན་ཞིག་མིག་ལམ་དུ་རང་དབང་མེད་པར་བསྐྱལ་ཡོང་། སྐུ་ཉིད་ཀྱིས་དེ་དག་ལ་མཉམ་འཇོག་དང་སློབ་སྦྱོང་འདྲ་བྱས་མྱོང་ངམ།

       ལན། ངོ་མ་མ་མྱོང་། ང་རང་གིས་ཆོས་ལུགས་ཀྱི་ཕྱོགས་ནས་རོལ་མོ་འདྲ་བཟོ་མྱོང་། དགོན་པའི་རོལ་ཆས་སྟེང་ནས་བེད་སྤྱད་དེ་འགའ་རེ་བཟོས་མྱོང་མོད། དེའི་ཕྱོགས་ནས་ཞིབ་འཇུག་མང་པོ་བྱས་མ་མྱོང་། སྤྱིར་བོད་ཀྱི་རོལ་ཆས་མང་པོ་ཆོས་ལུགས་དང་འབྲེལ་བ་ཡོད་པ་རེད། དེ་དག་ཀྱང་དེང་མ་དམངས་ཁྲོད་ནས་ཡར་ཆོས་ཕྱོགས་སུ་ཕུལ་བ་རེད་བསམ།དཔེར་ན། དུང་དཀར་དང་རྐང་གླིང་ལྟ་བུ་རེད། དུང་དཀར་ནི་བོད་ཀྱི་ཡུལ་འདི་རྒྱ་མཚོ་སྐམ་ཤུལ་ཡིན་པས་དུང་དཀར་གྱི་རིགས་རྙེད་རྒྱུ་ཡོད་ས་རེད། སྔོན་ཆད་ཚང་མས་མཉམ་ལས་བྱེད་ཀྱི་ཡོད་སྐབས་ཚོགས་བརྡ་གཏོང་བྱེད་ལ་བཀོལ་གྱི་ཡོད་ས་རེད། རྐང་གླིང་ནི་རི་མགོའི་འབྲོང་སོགས་མར་ལ་འདྲེན་བྱེད་རེད། རྐང་གླིང་དཔོར་ནས་མར་ལ་དལ་བུར་ཡོང་ན་རི་དྭགས་ཀྱིས་ཀྱང་དེར་ཉན་ནས་རྗེས་སུ་བསྙེགས་ནས་ཡོང་ན། གློ་བུར་དུ་རི་དྭགས་རྔོན་ས་རེད། འཚོ་བའི་ཁྲོད་ཀྱི་ཡོ་བྱད་ལེགས་པོ་རྣམས་དགོན་པར་འབུལ་སྲོལ་ཡོད་པ་ཐོས་མྱོང་། དེར་རིག་གནས་ཀྱི་རྒྱབ་ལྗོངས་སྟུག་པོ་འདུག ད་ངས་དེ་དག་ངོ་མ་མང་པོ་མི་ཤེས། བོད་ཀྱི་གླུ་དབྱངས་ཁྲོད་དུ་བཞག་ཆོག་མིན་ངས་འདང་མང་པོ་བརྒྱབ་མྱོང་མོད་ད་ལྟ་ཁ་ཚོན་གཅོད་དཀའ་འོ།།

         དྲི་བ། བོད་ཀྱི་སྲོལ་རྒྱུན་གྱི་གཞས་གཏོང་སྟངས་དང་དེང་རབས་ཀྱི་གཞས་གཏོང་སྟངས་གཉིས་མཉམ་སྡེབ་བྱས་ན་དགེ་མཚན་ག་འདྲ་འདུག

            ལན། ངས་དེ་གཉི་གའི་བར་གྱི་དགེ་མཚན་ཤེས་མ་བྱུང་། ཡ་མཚན་དཀའ་མོ་རེད། དེའི་བར་གྱི་དགེ་མཚན་ང་འདྲ་བ་ཞིག་གིས་བཤད་ཤེས་པ་ཞིག་མ་རེད། ང་རང་ཉིད་ཡིན་ན་འདྲ་ལ་སུ་ཡིན་ཡང་གཙོ་བོ་ཁ་ཕྱོགས་ཤིག་དགོས་ངེས་རེད། རོལ་མོ་དང་རྩོམ་རིག་སོགས་གང་ལའང་ངེས་པར་དུ་ཁ་ཕྱོགས་ཤིག་དགོས་སོ་སྙམ། ཁ་ཕྱོགས་དེའི་སྟེང་ནས་འབད་པ་བྱེད་རྒྱུ་དེ་གཙོ་བོ་ཞིག་རེད། དཔེར་ན། ང་རང་ཉིད་ཡིན་ན་དམངས་ཁྲོད་རིག་གནས་ཕྱོགས་ཀྱི་ལས་ཀར་འབད་འདོད་ཤིན་ཏུ་ཆེ། དེ་ཡིན་ན་རང་གི་རོལ་མོའི་དབྱངས་དང་གདངས་གཤིས་ཚང་མ་དམངས་ཁྲོད་དང་མཐུན་ན་བཟང་པར་འདོད། ཡང་ལ་ལ་དེང་རབས་སྤྱི་ཚོགས་འདིའི་ཁོར་ཡུག་ལ་འཕྲོད་པ་ཡང་ཡོད་སྲིད། དེ་ཡིན་ན་ཁོང་ཚོས་དེའི་ཕྱོགས་ལ་འབད་ན་ཤིན་ཏུ་བཟང་བར་འདོད། དཔེར་ན། ཕྱིའི་རོལ་མོའི་དབྱངས་རྟ་སོགས་ལ་ལད་མོ་བྱས་ན་དེང་རབས་ཀྱི་ན་གཞོན་ཚོ་ལ་འོས་མཚམས་རེད་འདོད། འུ་ཚོས་དམངས་ཁྲོད་ཏག་ཏག་བྱིས་པར་སྤྲད་ནའང་ཡོང་བ་མ་རེད། དེ་ལ་ཡང་དེའི་འོས་མཚམས་ཀྱི་ཁོར་ཡུག་ཅིག་ཡོད། ད་དུང་དེ་གའི་བར་ན་ཡང་ཁོར་ཡུག་ཅིག་ཡོད་པར་འདོད། དེ་གཉིས་ཟུང་འབྲེལ་བྱེད་མཁན་ཞིག་ཡོད་ལ་དེས་ཀྱང་དེ་ལ་འབད་པ་བྱས་ན་ཤིན་ཏུ་བཟང་སྙམ། དེ་བྱས་ན་ད་བཟོད་ང་ཚོའི་རིག་གནས་ལ་ཡར་ཐོན་ཡོད་པར་འདོད། དེ་མིན་ང་ཚོ་ཚང་མས་དེང་རབས་ཀྱི་རོལ་མོར་འཇུག་པ་དང་། ང་ཚོ་ཚང་མ་དམངས་ཁྲོད་ཀྱི་རོལ་མོར་འཇུག་དགོས་ཟེར་ན་དེ་ཡང་ཅུང་དཀའ་ས་ཞིག་ཏུ་གྱུར་འདུག མདོར་ན། རང་རང་སོ་སོའི་ཁ་ཕྱོགས་དང་རིག་གནས་རྒྱུད་འཛིན་ལ་འབད་པ་བྱེད་རྒྱུ་གཙོ་བོ་རེད་སྙམ།

23415938_1601579823232845_1848841247_n.jpg

         དྲི་བ། ཁྱེད་བོད་ཀྱི་འཚོ་བའི་ཁྲོད་དུ་ནར་སོན་པའི་མི་ཞིག་ཡིན་ཙང་། ཁྱེད་ཀྱི་སེམས་ཁམས་ཀྱི་སྟེང་ནའང་བོད་ཀྱི་རིག་གནས་དང་། བོད་ཀྱི་འཚོ་བ། བོད་ཀྱི་གོམས་སྲོལ་སོགས་མང་པོ་ཞིག་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འགོས་ཡོད་རྒྱུ་རེད། དེས་ན་ཁྱེད་ཀྱིས་བོད་པ་ཞིག་གི་ཚོར་སྣང་གི་ཁྲོད་ནས་དབྱངས་རྩོམ་པ་དང་རོལ་མོ་སྒྲིག་པ་སོགས་ཀྱི་སྐབས་སུ་བོད་གླུའི་ཁྲོད་དུ་ཡིད་མི་ཚིམ་ས་ཡོད་དམ།

         ལན། ཡོད་མྱོང་། སྤྱིར་རང་ཉིད་བོད་ཀྱི་རོལ་མོ་སྒྲིག་བཟོ་དང་དབྱངས་རྩོམ་པ་སོགས་ཀྱི་བྱ་བ་གཉེར་མཁན་ཞིག་རེད། རང་ཉིད་ལ་གྲུབ་འབྲས་ཟེར་ནའང་མི་ཤེས་མོད། དེའི་ཕྱོགས་ལ་ཉམས་མྱོང་ཅུང་ཙམ་བླངས་ཡོད། ད་དུང་མུ་མཐུད་དུ་དེའི་ཕྱོགས་ལ་ཞིབ་འཇུག་དང་འབད་པ་བྱེད་རྩིས་ཡོད། རང་ཉིད་ལ་མཚོན་ན་རོལ་མོ་སྒྲིག་བཟོའི་སྟེང་འབད་པ་བྱེད་དོན་ནི། དེང་སང་བོད་ཀྱི་གླུ་བ་མང་ཆེ་ཤོས་རོལ་མོའི་སྒྲིག་བཟོ་སོགས་མི་རིགས་གཞན་ལ་བརྟེན་དགོས་འདུག ད་ལྟ་ཡང་དེ་འདྲ་རེད། སྤྱིར་བཤད་ན་བོད་ཀྱི་གླུ་བ་ཁ་ཤས་ཙམ་ལས་གླུ་དབྱངས་ཀྱི་གཞུང་ལུགས་སོགས་ལ་ཆ་རྒྱུས་མེད་པ་ལྟ་བུ་རེད། ཁོ་ཚོས་རོལ་མོ་སོགས་རྒྱ་ལ་བཟོ་རུ་བཅུག་པ་རེད། ཕྱི་ལ་ཐོན་ནའང་དེ་འདྲ་ཡག་པོ་མིན་མོད། འོན་ཀྱང་གླུ་བ་ཚོས་རོལ་མོའི་རྒྱུ་སྤུས་ཐད་ཁོ་ཚོ་ལ་བསམ་འཆར་འདོན་ཐུབ་ཀྱིན་མི་འདུག རྒྱུ་མཚན་ཁོ་ཚོར་རོལ་མོའི་ཕྱོགས་ལ་ཆ་རྒྱུས་མེད་པས་རེད། དེ་ལྟར་རོལ་མོ་བཟོས་ཚར་རྗེས་ཕྱི་ལ་དགྲམ་རྒྱུ་རེད། ཡིན་ནའང་རོལ་མོའི་ནང་བཀོལ་བའི་སྒྲ་ཡག་པོ་མང་པོ་ཞིག་མི་འདུག རྒྱུ་མཚན་རྒྱའི་རོལ་མོ་སྒྲིག་བཟོ་བ་ཁོ་ཚོས་ཁོ་ཚོའི་རོལ་ཆས་མང་པོ་ཞིག་ནང་དུ་བཏུས་འདུག དཔེར་ན། 琵琶དང་སོག་པོའི马头琴སོགས་མང་པོ་བསྲེས་འདུག བོད་གླུའི་ནང་དུ་རྒྱའི་རོལ་མོ་དང་རོལ་ཆས་མང་པོ་འཇུག་དོན་མེད་པར་འདོད། དེ་བས་དེའི་ཕྱོགས་ལ་རང་ཉིད་སྤྲོ་བ་དེ་འདྲ་མེད། རྒྱུ་མཚན་བོད་ལ་བོད་ཀྱི་རོལ་ཆས་མང་པོ་ཡོད་པས་ང་ཚོས་དེ་ཚོ་བེད་སྤྱད་བཏང་ན་འགྲིག་སྙམ། དེ་མིན་ཚང་མ་ར་མ་ལུག་རེད། ཡག་པོ་ཞིག་བེད་སྤྱོད་མ་བཏང་ཚེ་ཡག་པོ་འཁྱོངས་མི་འདུག ད་དུང་བོད་ཀྱི་གླུ་གཞས་རིག་གནས་ལ་ཡང་གནོད་པ་ཆེན་པོ་ཐེབས་འདུག་སྙམ།

            དྲི་བ། དེ་ནས་ཁྱེད་ཀྱིས་ནང་མ་དང་སྟོད་གཞས་ལ་ཉན་པའི་ཚོར་སྣང་ག་འདྲ་རེད།

              ལན། འདི་ནི་འདྲི་ཚིག་ཅུང་དཀའ་མོ་ཞིག་རེད། ཨ་མདོའི་ཕྱོགས་སུ་དེར་ཆ་རྒྱུས་ཡོད་པ་མ་རེད། ང་ལ་མཚོན་ནའང་རང་གི་སྟེང་ལ་བབས་མྱོང་བའི་བྱ་བ་ཞིག་ཡིན། ནང་མ་ངས་གཅིག་ཀྱང་མི་ཤེས། སྟོད་གཞས་ཀྱང་མི་ཤེས། རོལ་མོ་སྒྲིག་པའི་དུས་ནས་དེ་འདྲའི་ཆ་རྒྱུས་མེད། དཔེར་ན་དེ་དུས་སྒྱུ་རྩལ་སློབ་གྲྭའི་ནང་ན་ཡོད་དུས་རྒྱའི་གླུ་བ王力宏གྱི་གཞས«心中的日月»ཟེར་བ་དེའི་ནང(གཞས་མཚམས་སུ)དབྱངས་རྟ་དུམ་བུ་ཞིག་འདུག དེ་བོད་ཀྱི་དབྱངས་རྟ་ཞིག་ཡིན་ནམ་བསམ་མྱོང་། རྗེས་སུ་རྒྱ་ཡིས་བོད་ཀྱི་དབྱངས་རྟ་བེད་སྤྱོད་བྱས་པ་ཤེས་པ་ཡིན། རང་ཉིད་ལ་དེའི་ནང་ན་རིག་གནས་གཅིག་ཀྱང་མེད། ཀླད་པའི་ནང་ལ་བག་ཆགས་འཇོག་མཁན་ཡང་རྒྱ་ཡིན། རྒྱ་ཡིས་ངོ་སྤྲོད་བྱས་ནས་ཤེས་པ་ཡིན། བོད་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་ཧ་ཅང་ཟབ་མོ་རེད། རིམ་བཞིན་དུ་ལྷ་སའི་སྟོད་གཞས་རྒྱུས་ལོན་བྱུང་། ལྷ་སའི་ནང་མ་སྟོད་གཞས་ལ་ལོ་རྒྱུས་རིང་ནི་རེད། བོད་ཀྱི་ཚབ་མཚོན་གྱི་ཆེད་ལས་གླུ་གཞས་ལྷ་སའི་ནང་མའི་སྟོད་གཞས་རེད། སྟོད་གཞས་ལ་སྟོད་པའི་གཞས་ཟེར་བ་ཞིག་དང་ལྷ་སའི་སྟོད་གཞས་ཞེས་པ་གཉིས་འདུག སྟོད་གཞས་འདི་ལྷ་རྩེ་དང་དིང་རིར་དར་ཡོད་པ་རེད། གཙོ་བོ་དར་ཁྱབ་ཆེ་ས་ནི་ལྷ་རྩེ་དང་དིང་རི་ས་ཆ་རེད། ལྷ་རྩེ་ཡིས་དིང་རི་ལ་ལྷོ་གཞས་ཟེར་བ་རེད། དེའང་སྟོད་གཞས་ཡིན་མོད་ལྷོ་གཞས་ཟེར། དིང་རི་པས་ལྷ་རྩེའི་གཞས་ལ་བྱང་གཞས་ཟེར། ལྷ་སའི་སྟོད་གཞས་ནི་ལྷ་རྩེ་དང་ངམ་རིང་ནས་རིམ་བཞིན་བྱུང་། དཔེར་ན་ཞོ་སྟོན་གྱི་སྐབས་སུ། རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་དུས་སུ་ཞོ་སྟོན་འཚོགས་དུས་ལྷ་མོ་ཟློས་གར་ནང་བཞག་ཡོད་ས་རེད། དེ་ལྟར་རིམ་བཞིན་དུ་དར་ཁྱབ་བྱུང་བ་རེད། ལྷ་མོའི་ཟློས་གར་གྱི་ཚོགས་པ་དང་ནང་མའི་སྐྱིད་སྡུག་ཚོགས་པ་སོགས་ཀྱང་འདུག དེ་ཚོས་ཞིབ་འཇུག་བྱས་ནས་གསར་བཟོ་བྱས་པ་རེད་ཟེར། སྟོད་ཕྱོགས་ནས་དབྱངས་རྟ་ཅུང་མགྱོགས་ནི་རེད། ལྷ་སའི་མི་ཡི་སེམས་ཁམས་དལ་མོ་རེད། དེའི་རྐྱེན་དབྱངས་རྟའང་ཇེ་དལ་ལ་བཏང་འདུག དཔེར་ན་སྟོད་གཞས་ཀྱི་སྒྲོམ་གཞིའི་སྒྲིག་གཞིའི་སྟེང་ནས་གཏན་འཇགས་ཀྱི་མ་ལག་ཅེས་པ་ཞིག་དང་། འགྱུར་བའི་མ་ལག་ཅེས་པ་ཞིག་ཡོད་པ་རེད། གཏན་འཇགས་ཀྱི་མ་ལག་ལ་གསུམ་ཡོད་པ་རེད། མགོ་འཇོག བར་འཇོག མཇུག་འཇོག་གསུམ་རེད། སྟོད་གཞས་རྡུང་བའི་སྔོན་འགྲོའི་དབྱངས་རྟ་གཅིག་རེད། དེ་ཡི་བར་སྟོང་གི་ལེན་སར་ཐོན་དུས། ད་གཟོད་དེ་ནི་འདི་རེད་དོ་སྙམ་པ་རེད། སྔོན་འགྲོ་ལ་འདང་རྒྱག་རྒྱུ་མི་འདུག དེ་སྟོད་གཞས་རེད་ཟེར་རྒྱུ་རེད། འགྱུར་བའི་མ་ལག་ལ་གཉིས་ཡོད་པ་རེད། འཁྱུག་གཞས་དང་རྒྱང་གཞས་གཉིས་ཡོད་པ་རེད། དལ་གཞས་དང་མགྱོགས་གཞས་གཉིས་ཀྱང་ཟེར་བ་རེད། དལ་བ་ནས་ཤར་སེ་མགྱོགས་པར་འགྲོ་བ་ཞིག་རེད། ལགས་སོ་ཞེས་ཇེ་མགྱོགས་ལ་འགྲོ་བའི་སྒྲིག་གཞི་དེ་འདྲ་ཞིག་ཡོད་པ་རེད། སྟོད་གཞས་དེ་འདྲ་ཞིག་རེད། ད་ནང་མ་རེད། ནང་མ་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་བྱུང་བ་ཡིན་ཟེར། དེ་ལ་ལོ་རྒྱུས་མང་བོ་བཤད་རྒྱུ་གདའ། ནང་མའི་ནང་དུ་མི་རིཊ་ཀྱང་སྣ་ཁ་མང་བོ་ཡོད་པ་རེད། དཔེར་ན་ཧེ་རིགས་དང་རྒྱ་རིགས། ད་དུང་སོག་པོའང་ཡོད་ཟེར། ནང་མ་ནི་ནང་ནས་འཁྲབ་པ་ལས་ཕྱི་རོལ་ནས་འཁྲབ་པ་མ་རེད། ད་དུང་ཚད་གཞི་ཞིག་གི་འོག་ནས་འཆམ་དགོས་པ་དེ་འདྲ་རེད། ལག་པ་གཡུག་སྟངས་དང་རྐང་པ་འཇོག་སྟངས། རོལ་མོ་ཚུན་ཆད་ཅུང་སྒྲིག་གཞི་ཡོད་པ་ཞིག་རེད། རྐང་ལག་གཡུགས་ཚོད་ལ་གཡུགས་ནས་འཆམ་ཆོག་པ་དེ་འདྲ་མ་རེད། ལ་ལས་བཤད་ན་ནང་མ་ནི་མུ་ཟི་ལུམ་དང་འབྲེལ་བ་ཡོད་སྐད་སྨྲ། ནང་མའི་སྒྲོམ་གཞི་ཨ་ན་མ་ན་གོང་དང་འདྲ་རེད། གཏན་འཇགས་ཀྱི་མ་ལག་གསུམ་དང་འགྱུར་བའི་མ་ལག་གཉིས་ཡོད་པ་རེད། གཏན་འཇགས་ཀྱི་མ་ལག་སྔོན་འགྲོ་དང་མགོ་འཇོག་བར་འཇོག་མཇུག་འཇོག་སོཊ་གཅིག་པ་རེད། བར་འཇོག་ནས་འཁྱུགས་ཏེ་ཇེ་མགྱོགས་ལ་འགྲོ་བ་རེད། འགྱུར་བའི་མ་ལག་ནི་དལ་བ་ནས་མགྱོགས་པོར་ཕྱིན་པ་ལ་ཟེར་བ་རེད། ལྷ་ས་ནས་རྒྱང་གཞས་ཟེར་བ་རེད། རྒྱང་རིང་ནས་དལ་གྱིས་ཡོང་བའི་ཚུགས་ཀ་འདྲ་བས་རྒྱང་གཞས་ཟེར་བ་རེད། དབྱིབས་དང་གཤིས་ཀའི་སྟེང་ནས་བཤད་ན་སྟོད་གཞས་དེ་ཕོ་དང་མཐུན་ལ་ནང་མ་དེ་མོ་དང་མཐུན་པ་དེ་འདྲ་ཡིན་ཟེར། ནང་མའི་དབྱངས་ནི་དབྱངས་རིམ་བདུན་གྱི་དབྱངས་རེད། སྤྱིར་བཏང་དམངས་ཁྲོད་ཀྱི་དབྱངས་ནི་ལྔ་བདུན་གྱི་དབྱངས་ཡིན་པ་རེད། ནང་མ་དང་སྟོད་གཉིས་ཀྱི་སྔོན་འགྲོའི་དབྱངས་རྟའི་དཀྲོལ་སྟངས་དང་མི་འདྲ་བར་གདའ། ངས་དེའི་ཕྱོགས་ནས་སློབ་སྦྱོང་བྱེད་སྐབས་སྟོད་གཞས་དེ་ཆོས་ལུགས་དང་འབྲེལ་བ་འདུག་སྙམ་སོང་། དབྱངས་ཆུང་བས་དབྱངས་ཆེ་བར་བརྩི་བཀུར་བྱེད་པ་རེད། དེང་སང་དེར་མཉམ་འཇོག་མི་བྱ་བ་མ་གཏོགས་གནའ་མི་ཚོས་དབྱངས་ཀྱི་ཆེ་ཆུང་གི་སྒྲིག་གཞི་ཡ་མཚན་དོ་སྣང་བྱེད་པ་རེད་ཟེར། དེ་ངོ་མས་ཡ་མཚར་རེད། ཆོས་ལུགས་དང་འབྲེལ་འདུག་སྙམ། ད་ཆོས་ལུགས་དང་འབྲེལ་བ་ཡོད་ཟེར་ནའང་འཚོ་བའི་ནང་ནས་ཀྱང་རྒན་བཀུར་གཞོན་བྱམས་ཀྱི་གོམས་སྲོལ་ཡོད་པ་ལྟར་རོ། །སྭོ་སྭོ་ཞེས་ཕར་ལ་ངས་གླུ་བླངས་ན་ཨེ་ཆོག་ཟེར་རྒྱུའི་དཔེ་འདྲ་འདུག དེང་སང་དེ་དག་ཇེ་ཉུང་རེད་ཟེར། བོད་ཀྱི་ཚབ་མཚོན་གྱི་ཆེད་ལས་གཞས་ནི་སྟོད་གཞས་དང་ནང་མ་གཞས་རེད་སྙམ།

       དྲི་བ། ཁྱེད་རང་རོལ་མོ་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་བའི་མིག་ལོང་རོལ་མོ་པ་གྲགས་ཅན་ཨ་ཇོ་རྣམ་རྒྱལ་གྱི་སྐོར་ཇི་ལྟར་གདེང་འཇོག་བྱའམ།

        ལན། རེད་རེད། འདིའི་ཕྱོགས་ནས་ངས་ཞིབ་འཇུག་བྱེད་བཞིན་ཡོད། འགུལ་རིས་ཀྱི་ལམ་ནས་ལས་དགོས་སམ་སྙམ་གྱི་ཡོད། ངོ་མས་ཨ་ཇོ་རྣམ་རྒྱལ་གྱི་མིག་མེད་པའི་བརྒྱུད་རིམ་དེ་འདྲ་ཞིག་ནས་བོད་ཀྱི་རོལ་ཆས་ལ་གདེང་འཇོག་བྱས། དེ་ལ་འབད་བརྩོན་དང་ཞིབ་འཇུག་བྱས་ནས་ནང་མ་སྐྱིད་སྡུག་གི་ཚོགས་པར་ཞུགས་པ་སོགས་རླབས་ཆེན་རེད། ཁོ་བོད་ལ་མཚོན་ན་ངོ་མས་པེའེ་ཏོ་ཧྥིན་རེད། ཁོའི་མི་ཚེ་གང་བོར་མིག་མེད་ཀྱང་བོད་ཀྱི་སྒྲ་སྙན་ཏག་ཏག་ལ་འབད། བོད་ཀྱི་གླུ་དབྱངས་ལ་རྒྱུན་འཛིན་དང་གསར་བཏོད་བྱས་པ་རེད། ངས་དེ་ལ་ཞིབ་འཇུག་བྱེད་པའི་སྒང་ཡིན། བྱིས་གླུ་འཚགས་རྗེས་འདིའི་ཕྱོགས་ནས་ཅིག་བཟོ་བསམ་གྱིན་ཡོད། ད་ལྟའི་སྤྱི་ཚོགས་སྟེང་དེ་འདྲའི་ཆ་རྒྱུས་མེད་ནའང་། ཨ་ཇོ་བསོད་ནམས་སྟོབས་རྒྱལ་ཟེར་ཡ་ལྟ་བུའི་གཞས་མང་པོ་ཞིག་ཨ་ཇོ་རྣམ་རྒྱལ་གྱིས་བརྩམས་པ་རེད་འདུག ད་ལྟར་གཞས་མ་གཏོགས་དེའི་རྒྱབ་ཀྱི་རྩོམ་མཁན་སུ་ཡིན་པ་རྒྱུས་ལོན་བྱེད་མཁན་ཉུང་བར་སྣང་། ཨ་ཇོ་རྣམ་རྒྱལ་ཧ་ཅང་ཁ་རྒོད་ཡིན་སྐད་ཐོས། གཞས་ཚིག་ཐོལ་བྱུང་ངམ་ཤར་སེ་ཤར་སེ་རྩོམ་པ་དེ་འདྲ་ཞིག་ཡིན་སྐད་འདུག བུད་མེད་ཅིག་གིས་ཁྱེད་མིག་མེད་པར་འཕྱས་པས། ཁོང་གིས་རྩེད་མོའི་ལམ་ནས་ཕྱིར་ལན་བཏབས་འདུག ད་དུང་དབྱངས་ཀྱི་ནང་ལ་བཀུགས་ནས་དེ་འདྲ་བྱས་འདུག ཡ་མཚན་གྱི་མི་རིག་རྒོད་དང་ཁ་རྒོད་ཅིག་ཡོད་པར་སྐད། དེའི་འཕྲོར་ལོ་རྒྱུས་སྟེང་ནས་ཀྱང་གདེང་འཇོག་བྱེད་རིན་ཡོད་པའི་མི་སྣ་ཞིག་རེད། ངས་དེ་འགུལ་རིས་ཀྱི་ལམ་ནས་ཅིག་བཟོ་དགོས་སྙམ་པའི་བསམ་བློ་དེ་འདྲ་ཡོད་མྱོང་།

        དྲི་བ། མགོ་ལོག་གི་སྐོར་བྲོ་ལྟ་བུར་མཚོན་ན་ཁྱེད་ཀྱིས་གསར་རྩོམ་བྱས་པ་དེ་འདྲ་རེད། དེའི་སྐོར་ནས་ངོ་སྤྲོད་ཅིག་བྱ་རོགས།

        ལན། མགོ་ལོག་གི་སྐོར་བྲོ་ཡིན་ན། རང་ཉིད་མགོ་ལོག་ནས་ནར་སོན་ཏེ་དབྱངས་ཀྱི་སྟེང་ནས་འབད་པ་བྱེད་མཁན་ཞིག་རེད། དེའི་ཕྱོགས་ནས་བྱ་བ་ཞིག་སྒྲུབ་བསམ་པ་ཡིན། ཕྱིར་ཕ་ཡུལ་དུ་ལྟ་དུས་ཚང་མས་འཆམ་རྒྱུའི་སྐོར་བྲོ་ནི་ནག་ཆུའི་སྐོར་བྲོ་དང་མཚོ་ལྷོའི་སྐོར་བྲོ། ཡུལ་ཤུལ་གྱི་སྐོར་བྲོ། རྔ་བའི་སྐོར་བྲོ་སོགས་རེད། དེ་བས་རང་གི་ཕ་ཡུལ་ལ་དེའི་ཐོག་ནས་བྱ་བ་ཞིག་སྒྲུབ་བསམ་པ་ཡིན་ལ་ཕྱིས་སུ་དེ་ལྟར་སྒྲུབ་པ་ཡིན། དེའི་ནང་ན་དབྱངས་བཅུ་གསུམ་ཡོད། བཅུ་གསུམ་པོ་ཚང་མ་ང་རང་གིས་གསར་རྩོམ་བྱས་པ་ཡིན། ནང་གི་གཞས་ཚིག་དགེ་རྒན་འཇུ་སྐལ་བཟང་དང་། དགེ་རྒན་གཅན་མེ་སྟག དགེ་རྒན་ལྡོང་ནོར་སྡེ་སོགས་མཁས་པ་མང་པོ་ཞིག་གིས་བརྩམས་པ་རེད། དེའི་ནང་གི་ཡུལ་ལྗོངས་ལ་མཉན་པོ་གཡུ་རྩེ་སོགས་ས་གནས་ཀྱི་རི་ཆུ་ལུང་གསུམ་བརྙན་དུ་ཕབ་ཡོད། རྫོང་དྲུག་གི་གནས་གྲགས་ཅན་དང་ཡུལ་ཁྱད་པར་ཅན་དག་ནས་བྲོ་འཆམས་ཡོད་པ་རེད། གླུ་བ་ཤེར་བསྟན་དང་རྒྱལ་མཚན། ཀླུ་མོ་འཚོ། གནམ་མཚོ། སྒྲོན་ནེ་སོགས་གླུ་བ་གླུ་མ་ཉེར་གཅིག་གིས་བླངས་ཡོད་པ་དང་རོལ་ཆས་དཀྲོལ་མཁན་རྒན་དཔལ་མགོན་ལགས་གདན་འདྲེན་བྱས་ཏེ་སྒྲ་བླངས་པ་ཡིན། དེར་རང་གིས་ཕ་ཡུལ་ལ་བྱ་བ་ཞིག་བསྒྲུབས་ནས་ཕན་ཐོགས་ཐལ་སྙམ། དེང་སང་ཚང་མས་མགོ་ལོག་གི་བྲོ་འཆམ་བཞིན་འདུག གཞས་ཚིག་གི་ནང་དོན་ཡང་རང་གི་ཕ་ཡུལ་གྱི་བསྟོད་པ་དང་། སྔོན་བྱོན་སྐྱེས་ཆེན་དག་གི་མཛད་རྗེས་སོགས་ཡིན། དཔེར་ན་རྒྱལ་དབང་སྐུ་ཕྲེང་བཅུ་བ་པད་མ་ནས་འཁྲུངས་པ་རེད། ཁོང་ལ་བསྟོད་པ་སོགས་ཡོད། ད་དེ་འདྲ་རེད།

      དྲི་བ། དེ་ནས་ཁྱེད་ལ་མ་འོངས་པར་འཆར་གཞི་ག་འདྲ་ཡོད།

       ལན། མ་འོངས་པར་འཆར་གཞི་ངོ་མ་མེད། རང་གི་གནས་བབས་འདིར་རང་གིས་ཅི་ཞིག་ལ་བསམ་བློ་ཐོངས་ན་དེ་ལས་ཀྱིན་ཡོད། དེ་མ་གཏོགས་མ་འོངས་པར་ཆེ་ཆེ་ཞིག་ལས་རྒྱུ་ཞེས་གདེང་ཚོད་མེད་ལ་སྤོབས་པའང་མེད། རང་ཉིད་ལམ་འདིར་ཞུགས་ནས་དབྱངས་རྩོམ་རྒྱུ་དེ་རེད། བོད་ཀྱི་གླུ་གར་ལ་བྱ་བ་ཡང་དག་པ་ཞིག་བྱ་བསམ་པ་སྙིང་ལ་བཅངས་ཡོད།

            དྲི་བ། དེ་ནས་གོང་གསལ་གྱི་དྲི་བའི་ནང་མ་ཐོན་པའི་བཤད་འདོད་པའི་སྐད་ཆ་འདྲ་ཨེ་ཡོད།

        ལན། མེད། ངོ་མ་མེད། རང་ལ་བཅར་འདྲི་དང་ལེན་བྱེད་པའི་ཆུ་ཚད་མེད་མོད། རང་གིས་ལས་བཞིན་པའི་བྱ་བ་ངོ་སྤྲོད་བྱས་པ་ཙམ་ཡིན། ད་ཐེངས་འདི་འདྲའི་གོ་སྐབས་ཤིག་བྱིན་ནས་བཅར་འདྲི་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ།

        དྲི་བ།  ཡ་ཡ། ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ཚོའི་རྫ་ཆུའི་རླབས་སྒྲའི་མུ་འབྲེལ་བཅར་འདྲི་ཁག་དྲུག་པ་དང་ལེན་བྱས་པར་བཀའ་དྲིན་ཆེ།

         ལན། ཡ་ཡ། བཀའ་དྲིན་ཆེ།

 

 རྫ་ཆུའི་རླབས་སྒྲའི་དྲ་བ་རྩོམ་སྒྲིག་ཁང་གིས་ངོས་ལེན་མེད་པར་གཞན་དུ་དགོད་མི་ཆོག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།