ངེད་དྲ་བས་ཅོ་རོ་གཡུང་དྲུང་འགྱུར་མེད་ལ་བཅར་འདྲི་བྱས་པ།

102277

14699884_1194109837313181_1535871527_n.jpg
                                     བཅར་འདྲི་བྱ་ཡུལ།  ཅོ་རོ་གཡུང་དྲུང་འགྱུར་མེད།
                             བཅར་འདྲི་བྱེད་མཁན།  རྫ་སྐྱེས་ཕུར་བ།
                              ནང་དོན།  བོད་ཀྱི་གླུ་གཞས་སྐོར།
                             དུས་ཚོད།  ཕྱི་ལོ༢༠༡༦ ཟླ༡༠ཚེས༩ཉིན།

 

                 དྲི་བ།   ཅོ་རོ་གཡུང་དྲུང་ལགས་ཁམས་བཟང་།  ཉེ་ལམ་ཉིད་ཀྱིས(ལོ་རབས་བརྒྱད་ཅུའི་བོད་ཀྱི་གླུ་དབྱངས་དང་དེའི་རྒྱབ་ལྗོངས།)ཞེས་པ་ངེད་དྲ་བར་བཀོད་དེ་ཡང་ཡང་བཀླགས་རྗེས་ཉིད་ལ་གླུ་གཞས་སྐོར་གྱི་སྐད་ཆ་འགའ་དྲི་འདོད་བྱུང་། གཅིག་དབུས་གཙང་ནི་བོད་ཀྱི་རིག་གནས་མང་པོའི་ཆུ་མགོ་གངས་ལ་གཏུགས་པ་བཞིན་ཡིན་པས། ལྷག་ཏུ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ཚིག་དང་གདངས་ཀྱི་མགོ་ཁུངས་ལྟ་བུ་དང་། དབུས་པའི་དམངས་གཞས་ལ་གསོན་ཉམས་དམིགསས་བསལ་ཞིག་བདོག་པར་སྙམ། དབུས་གཙང་ཟེར་ན་ཅུང་བསྡུས་ཆེ་བའི་ཐ་སྙད་ཅིག་རེད་མོད། དེ་ཕྱོགས་ཀྱི་དར་སྲོལ་ཆེ་བའི་གླུ་གཞས་གལ་ཆེན་སྐོར་ཞིག་ངོ་སྤྲོད་བྱ་རོགས།

        ལན།   ཐོག་མ་ཁྱེད་རང་ནས་ཕྲན་གྱི་རྩོམ་ཐུང་དེ་བཀླགས་པར་བཀའ་དྲིན་ཆེ་ཞེས་ཞུ། སྤྱིར་དབུས་གཙང་ཞེས་པའི་ཐ་སྙད་དེ་དེང་དུས་ལྷ་ས་དང་གཞིས་རྩེས་གཙོས་ལྷོ་ཁའི་ཡར་འབྲོག་ཁུལ་བཅས་ཚུད་ཡོད། དབུས་གཙང་ཁུལ་དུ་དར་སྲོལ་ཆེ་བའི་གླུ་གཞས་གྲགས་ཆེ་བ་ནང་མ་སྟོད་གཞས་དང་། གར། གཞས་ཆེན། ཆང་གཞས། ངལ་རྩོལ་གླུ་དབྱངས།བཙས་གླུ། རྨོས་གླུ། ཨར་གླུ་ལ་སོགས་དང་། དེ་བཞིན་དེང་དུས་གློག་རྡུལ་གྱི་དར་བཟོའི་གླུ་དབྱངས་ལ་སོགས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད།

           དྲི་བ།   དབུས་གཙང་གི་ས་ཆ་སོ་སོའི་དམངས་ཁྲོད་ཀྱི་འབོད་སྟངས་ལ(གཞས)ཟེར་བ་ལས་གཞན་(གླུ)དང་འགུག་མོ)ལྟ་བུའི་ཐ་སྙད་གཞན་བཀོལ་ཚུལ་ཡོད་དམ།

            ལན།  དབུས་གཙང་ས་ཆ་ཁག་ཏུ་གླུ་དབྱངས་སྐོར་ལ་འབོད་སྟངས་གཙོ་བོ་གླུ་དང་གཞས་གཉིས་རེད། དབུས་ཁུལ་དུ་གཞས་ཞེས་འབོད་མཁན་མང་། གཙང་ཁུལ་དུ་གླུ་ཞེས་འབོད།

           དྲི་བ།  གླུ་དང་། གཞས། གླུ་དབྱངས་སོགས་ལ་གོ་དོན་མི་འདྲ་བ་ཨེ་ཡོད།

            ལན།   གླུ་དང་གཞས་རོལ་དབྱངས་སྐོར་གྱི་གོ་དོན་ཐད་གུས་པས་བསམ་ན་གླུ་ནི་དམངས་འཁྲོད་དུ་དར་ཁྱབ་ཆེ་བའི་རང་དབང་ལྡན་པའི་རྐྱང་གཞས་རྣམ་པར་གོ་སྙམ། གཞས་ནི་མགོ་གཞུག་བར་ཚང་བ། སྒྲིག་གཞི་ཚད་ལྡན་ཡོད་པ། གཞས་ཚིག་དང་རོལ་དབྱངས་ཀྱི་ཆུ་ཚད་མཐོ་བ་ཞིག་ལ་གོ་དགོས་སྙམ། རོལ་དབྱངས་གཙོ་བོ་ནི་ཚིག་མེད་པའི་རོལ་ཆའི་དབྱངས་དེར་གོ དེར་དབུས་སྐད་དུ་སྦལ་ཆ་ཡང་ཟེར།

           དྲི་བ།  དཔེར་ན་ཀོང་གཞས་དང་། གཙང་གཞས།  ནང་མ་སྟོད་གཞས་ཟེར་བ་ལྟ་བུའི་དབུས་གཙང་གི་གཞས་ཀྱི་ཚིག་དང་གདངས་ཀྱི་སྐོར་ནས་ཅུང་ཞིག་མོལ་རོགས།

           ལན།  ནང་མ་སྟོད་གཞས་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་སྐབས་བརྩམས་པ་མང་། ཡིན་ཡང་དེའི་ནང་གཙང་གི་དམངས་ཁྲོད་སྟོད་གཞས་མང་པོ་དབུས་ཁུལ་དུ་དར་ཡོད། དེ་ཡང་སྟོད་གཞས་འཁྲུག་ཆ་དོད་པ། འུར་ཆ་ཆེ་བ། དཔོན་ཉམས་ལྡན་པ་ལྟ་བུའི་ཁྱད་ཆོས་ཡོད། ནང་མ་ནི་འཇོ་སྒེག་ལྡན་ལ་ལུས་ཀྱི་ཕྱག་རྒྱ་དང་སྟངས་སྟབས་ལ་དོ་སྣང་ཆེ་བ། ཅུང་ཟད་ལྷོད་ཅིང་བབ་པའི་ཐོག་ནས་སྐད་གདངས་དམའ་ལ་སྐྱོ་ངག་ཕྲན་ཙམ་ཡོད་པ་ལྟ་བུའོ། ། ལྷ་རྩེ་གཙོས་པའི་གཙང་གི་སྟོད་གཞས་ནི་ཤིན་ཏུ་འུར་ཆ་ཆེ་བ། མྱུར་ཞིང་མགྱོགས་པ། སྒྱུ་རྩལ་རང་དབང་ཆེ་བ། ལུས་ཀྱི་སྟངས་སྟབས་མྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ད་དུང་དིང་རིའི་ལྷོ་གཞས་ལ་པི་ལྦང་མཉམ་དུ་ཡོད་པས་ཤིན་ཏུ་ལྡེམ་ལ་རིང་བ། དབྱངས་མཉམ་འགྲོས་མང་བ། མདོར་ན་ཇོ་མོ་གླང་མའི་འོག་གི་ལོ་ཟླ་རིང་མོ་དེ་སྐྱེ་བོའི་མིག་ལམ་དུ་འཆར་འོང་བ་ཞིག་ཡོད། ཀོང་གཞས་ནི་བརྗིད་ཆགས་ཤིང་ཉམས་ལྡན་པ། ཞབས་བྲོ་འཁྲབ་སྐབས་དཔུང་པའི་གཡུག་སྟངས་ལྡན་པ། དབྱངས་ཉིས་གཤིབ་མང་བ། གཞས་ཚིག་གི་ནང་དོན་དབྱེ་མཚམས་མངོན་གསལ་བ། དཔེར་ན་བརྗོད་བྱའི་སྟོད་སྨད་བར་གསུམ་གླེང་བ། སྐྱེས་ཕོ་མོའི་དགེ མཚན་གླེང་བ། ཡུལ་ག་གེ་མོའི་ཆེ་ཆུང་དགེ་མཚན་སྨྲ་བ། (སྦ་བཀྲ་ཧེ་)ལྟ་བུའི་དབྱངས་གྱི་སྡུམ་ཚིག་མང་བ་བཅས་ཀྱི་ཁྱད་ཆོས་ཡོད།

            དྲི་བ།  བོད་གླུའི་འཕེལ་འགྲིབ་ཐད་ལྟ་ཚུལ་གང་འདྲ་བཟུང་ཡོད།

             ལན།  གུས་པའི་ཆེད་སྦྱོང་སྒྱུ་རྩལ་ཉམས་ཞིབ་མིན་སྟབས་བོད་གླུའི་འཕེལ་འགྲིབ་ཅེས་པའི་བརྗོད་གཞི་ཆེན་པོ་འདི་འདྲ་སྨྲ་བའི་སྤོབས་པ་མ་འཆིས། ཡིན་ཡང་རང་ཉིད་བོད་གླུར་དགའ་ཞེན་དང་དོ་སྣང་ཡོད་པ་ཞིག་གི་ངོས་ནས་བརྗོད་ན། བོད་འདི་རྐང་བྲོ་གླུ་གཞས་སྒྱུ་རྩལ་ཀྱིས་ཕྱུག་པ་ཞིག་ཡིན་པས་གླུ་ཡི་འཕེལ་རིམ་ཡང་དུས་རབས་ཀྱི་ཁྱད་ཆོས་དང་ལྡན་ཡོད། བཙན་པོའི་སྐབས་ཀྱི་མགུར་དང་། ཕྱིན་རྗེས་དབུས་ཨེ་ཤེ་ཡ་ཨ་རབ་ལ་སོགས་ནས་རོལ་ཆ་སྣ་ཚོགས་དར་ཡོད། བོད་ཀྱི་གླུ་གར་ཐད་ལ་ཡང་ཤུགས་རྐྱེན་མང་པོ་ཐེབས་ཡོད། དཔེར་ན་རོལ་ཆ་རྡར་མ་དང་། སུར་སྣ། ཏམ་བུ་ར། སྒྲ་སྙན་ལ་སོགས། དེ་བཞིན་གར་རོལ། ནང་མ་ལ་སོགས་སྒྲིག་འཛུགས་ཀྱང་གཙང་པ་རྒྱལ་པོའི་སྐབས་ནས་གཙང་བསམ་གྲུབ་རྩེར་བཙུགས་ཡོད་སྐད།

            དེས་མ་ཚད་རྒྱ་ནག་གླུ་གཞས་སྒྱུ་རྩལ་ཐད་ནས་ཡང་བོད་འདིར་ཤུགས་རྐྱེན་མང་པོ་ཐེབས་ཡོད། དཔེར་ན་ནང་མ་སྟོད་གཞས་ནང་གི京胡、二胡དང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བསྣམས་པའི་ཚིང扬琴ལ་སོགས་དབུས་ཁུལ་དུ་དར་ཁྱབ་ཇེ་དྲག་བྱུང་ཡོད། དེ་མིན་བོད་ཀྱི་དགོན་སྡེའི་རོལ་དབྱངས་ལ་ཡང་ཉམས་ཞིབ་རིན་ཐང་ཆེ། བོད་རང་གི་ཤང་དང་རྔ་། དུང་ཆེན། སྦུག་ཆལ། དེ་བཞིན་རྒྱ་ནག་ནས་ཡོན་དང་མིང་གི་སྐབས་དར་བའི་སྒྱུ་རྩལ་རྣམ་པ་ཡང་མང་། དཔེར་ན་མིང་གཡུང་ལོ་རྒྱལ་པོའི་སྐབས་མཚུར་ཕུར་དར་བའི་རྒྱ་རོལ་དྲའུ་མ་བཅུ་གཉིས་ལྟ་བུ། ཉེ་དུས་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་གཞས་གང་མང་གསར་རྩོམ་གནང་ཡོད། དེ་རྗེས་ནང་མ་སྐྱིད་སྡུག་ལྷ་སར་ཚུགས་རྗེས་རབ་གསལ་ཨབ་ཏུ་ར་མ། ཨ་ཇོ་རྣམ་རྒྱལ་ལ་སོགས་ཀྱིས་བཅིངས་འགྲོལ་མ་བཏང་གོང་གི་ལྷ་སའི་གླུ་གཞས་གསར་རྩོམ་དང་ཆེད་ལས་རོལ་དབྱངས་སྒྱུ་རྩལ་གྱི་ཆུ་ཚོད་དེ་རྩེར་སོན་དུ་བསྐྱལ་ཡོད།

          བཅིངས་འགྲོལ་རྗེས་སུ་གསར་བརྗེའི་དམར་གཞས་དང་། ཏང་ལ་བསྟོད་གླུ་ཕུལ་བ་ལ་སོགས་རྒྱལ་ནང་ཡོངས་ཀྱི་འགྲོས་དང་བསྟུན་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ཁ་ལོ་བསྒྱུར་ཡོད། ཚེ་བརྟན་སྒྲོལ་མའི་པེ་ཅིང་གསེར་གྱི་རི་ལ་ཞེས་པ་ལྟ་བུ་གསར་བརྗེའི་གླུ་གཞས་ཀྱི་ཚབ་མཚོན་དུ་གྱུར།

          རིག་གསར་མཇུག་བསྒྲིལ་རྗེས་ལོ་རབས་བརྒྱད་བཅུ་ནས་བོད་ཀྱི་དེང་དུས་གླུ་གཞས་དར་མགོ་ཚུགས། ཟླ་སྒྲོན་ལགས་ཀྱི་ཆེད་བསྒྲིགས་ཁག  ཉི་མ་ཚེ་རིང་ལགས་དང་རྒྱལ་པོ་ལགས་ཀྱི་བཙོན་གཞས། དེ་བཞིན་བྱམས་པ་ཚེ་རིང་ལགས་སོགས་ཀྱིས་དབུས་ལྷ་སར་བཅངས་པའི་དུངས་སེམས་ཀྱི་གླུ་སྒྲས་དུས་རབས་གསར་པ་ཞིག་གི་སྒོ་མོ་ཕྱེས། དེ་རྗེས་མདོ་ཁམས་ཁུལ་གྱི་གཡའ་དྭངས་དང་། བདུད་བྷེ་ལགས་སོགས་ལ་མི་དམངས་ཀྱིས་དགའ་ཞེན་ཐོབ། དེང་དུས་བྱེས་གཞུགས་བོད་རིགས་སྤུན་ཟླ་ཕུར་བུ་རྣམ་རྒྱལ་ལགས་དང་ཚེ་རིང་འགྱུར་མེད་ལགས་གཉིས་ནས་བོད་ཀྱི་དེང་དུས་རོལ་དབྱངས་སྙན་ཞིང་འཇེབས་པ་ཤ་སྟག་བཏང་ཡོད་པས་གཞིས་བྱེས་བོད་རིགས་ཀུན་གྱི་རྣ་བའི་བུ་རམ་དུ་གྱུར་ཡོད། ཡིན་ཡང་བོད་ནང་གི་དེང་དུས་རོལ་དབྱངས་ལ་རྒྱ་ནག་དང་ལྷོ་ཀོ་རི་ཡའི་ཤུགས་རྐྱེན་ཐེབས་པ་མང་། མདོ་སྨད་རྡུང་ལེན་གླུ་གཞས་མང་པོར་མི་རིགས་རིང་ལུགས་པའི་མཐའ་ལ་གྱུར་ནས་དགོན་དང་སྤྲུལ་སྐུར་དྲིལ་བསྒྲགས་བསྟོད་ཚིག་ཕུལ་བ་མང་།

        དྲི་བ།  ཁྱེད་ཉིད་དགའ་སའི་བོད་ཀྱི་གླུ་བ་ལེགས་ཤོས་སུ་ཡིན། དེིའི་ཁྱད་ཆོས་མདོ་ཙམ་བཤད་རོགས།

        ལན།  ང་རང་དགའ་སའི་གླུ་བ་ནི་ཕུར་བུ་རྣམ་རྒྱལ་ཡིན། གང་ཡིན་ཟེར་ན་ཁོང་གིས་བོད་གཞསpop ཟེར་ནའང་འདྲ་folk rockདེ་རྩེར་སོན་བཏང་གི་འདུག ཕྱི་རོལ་པའི་མིག་ནང་བོད་གླུ་ཚང་མ་སྐད་ངག་མཐོན་པོའི་འབྲོག་གླུ་ལྟ་བུ་རེད་བསམ་བཞིན་ཡོད། ཡིན་ཡང་ཕུར་རྣམ་གྱི་གླུ་གཞས་དེ་ཚོས་དེང་དུས་གྲོང་ཁྱེར་ནང་དུ་འཚོ་བཞིན་ཡོད་པའི་བོད་མིའི་བདེ་སྡུག་འཇམ་པའི་ངག་དང་། བདེ་བའི་ཚིག་གིས་གྱེར་ཡོད། ད་ཡོད་འཇིག་རྟེན་གྱི་བདེ་སྡུག་ཆགས་ཞེན་ལ་རང་སྐྱ་འཕེར་བའི་ངང་ནས་དོ་ཁུར་དང་མནོ་བསམ་བཏོང་རྒྱུ་དེ་གླུ་པ་གླུ་མའི་འགན་འཁྲི་རེད། དེ་མིན་གང་ཟག་སྒེར་དང་ཚན་པའི་མགྲིན་ཚབ་བྱེད་པ་ནི་ཨ་ཁུ་ནེ་ཙོའི་ཚུལ་ལས་མ་འདས།།

         རྩོམ་སྒྲིག་པ།  བཅར་འདྲི་དང་ལེན་གནང་པར་ཉིད་ལ་ཞལ་དྲོ་ཞུས་ཡོད།

         ཅོ་རོ་གཡུང་དྲུང་འགྱུར་མེད། གལ་གནང་གི་མ་རེད།  གོ་སྐབས་གནང་པར་ཐུགས་རྗེ་ཆེ་ཞུ།

 

  (རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།)

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།