ལྗང་བུའི་ཉེ་སར་བཅར་བ།

107328

 
 
བཅར་འདྲི་བྱེད་མཁན།  སྨྱུག་སྡེའི་རྩོམ་སྒྲིག་པ།

 

                ___རྩོམ་པ་པོ་རྡོ་རྗེ་ཚེ་རིང་ངམ་ལྗང་བུ་ལགས་ནི། སྤྱི་ལོ་ ༡༩༦༣ ཟླ་ ༦ པར་མདོ་སྨད་རྨ་ལྷོ་སོག་རྫོང་གི་སྐུ་ཁང་ཞེས་པར་འཁྲུངས་ཤིང་། རྔ་བའི་ལྕེ་ནག་ཚང་གི་རུས་ཕ་འཇམ་དབྱངས་ཐུབ་བསྟན་ལགས་དང་། མ་མགར་སྲས་དུད་ཁྱིམ་བཞིའི་རུས་ཁོངས་སུ་གཏོགས་པ་སྒྲོན་དཀར་སྐྱིད་ལགས་གཉིས་ལ་བུ་སྤུན་མིང་སྲིང་བཅུ་ཡོད་པ་ལས་གསུམ་པ་ཡིན། སྤྱི་ལོ་ ༡༩༧༡ ལོར་རྨ་ལྷོ་སོ ག་རྫོང་གི་ཆ་ཚང་སློབ་ཆུང་དུ་བསྐྱོད་པ་དང་། ༡༩༧༥ ལོར་རེབ་གོང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཤིང་ ༡༩༨༡ ལོར་སློབ་མཐར་ཕྱིན་ཏེ་ ༡༩༨༤ ལོའི་བར་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༢ ལོར་རྒྱ་ནག་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཟླ་བ་དྲུག་རིང་རྫས་འགྱུར་རིག་པའི་སྐོར་ལ་ཟབ་སྦྱོང་གནང་བ་དང་། ༡༩༨༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས། ༡༩༨༨ ལོར་ལྷ་སར་ཕྱིན་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་།  སྤང་རྒྱན་མེ་ཏོག་དང་།  བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་། ༢༠༠༢ ལོ་ནས་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་རྒྱལ་སྤྱིའི་སྐད་ཡིག་དང་སྤྱི་ཚོགས་དཔལ་ཡོན་སློབ་ཆེན་གྱི་དགེ་རྒན་གནང་ཞིང་ད་ཆར་ཧྥ་རན་སིར་བཞུགས་མུས་ཡིན།

            ལྗང་བུ་ལགས་ཀྱི་བརྩམས་སྒྲུང་ཆ་མི་འགྲིག་པའི་ལྷམ་དང་། སོག་རུས་ལས་མཆེད་པའི་རྣམ་ཤེས། རང་མོས་སྙན་ངག་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་སོགས་ལ་དེ་སྔ་སྤྱི་ཚོགས་ནང་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་མ་ཟད།  ལྗང་བུའི་རྩོམ་བཏུས་སྙན་ངག་དེབ། ༡༩༩༥ ལོ་དང་།  ལྗང་བུའི་རྩོམ་བཏུས་ལྷུག་རྩོམ་དེབ་ ༡༩༩༧ ལོ།  གཟི་མིག་དགུ་པ་ ༢༠༠༡ ལོ།  གཟི་མིག་དགུ་པ་ཨིན་འགྱུར་མ་ ༢༠༡༠ ལོ།  གཟུགས་མེད་ཀྱི་གཏུབ་གྲི་ཧྥ་རན་སིའི་འགྱུར་  ༢༠༡༣ ལོ།  སྙན་ངག་ཉི་ཤུ་ཐམ་པ་ཧྥ་རན་སིའི་འགྱུར་སོགས་སྔ་ཕྱིར་དེབ་དྲུག་ཙམ་དཔར་འགྲེམ་ཞུས་ཡོད། ༡༩༩༧ ལོ་ནས་བཟུང་ད་བར་འཛམ་གླིང་ཡུལ་གྲུ་སོ་སོའི་སློབ་གྲྭ་ཆེན་མོ་དང་ཉམས་ཞིབ་ཁང་སུམ་ཅུ་ལྷག་ལ་བོད་ཀྱི་སྙན་ངག་དང་།  གློག་བརྙན།  རི་མོའི་སྒྱུ་རྩལ་སོགས་ལས་འཕྲོས་པའི་འཆད་འཁྲིད་དང་གཏམ་བཤད་བཅུ་ཕྲག་དུ་མ་སྤེལ་གནང་མྱོང་ལ། རྒྱལ་སྤྱིའི་རང་བཞིན་གྱི་སྙན་ངག་དུས་སྟོན་དུ་མར་མཉམ་ཞུགས་གནང་མྱོང་ཡོད། སྟོང་ལོ་གསར་པ་ནས་བཟུང་གློག་བརྙན་བཟོ་སྐྲུན་གྱི་ལས་སུ་ཞུགས་ཏེ་མཚོ་སྔོན་པོ་དང་།  དབྱར་རྩྭ་དགུན་འབུ།   སྔགས་པ།   ཨ་ནེ་ལྷ་ལྕམ་སོགས་བཟོས་ཏེ་རྒྱལ་ཁབ་མང་པོའི་ནང་གཟིགས་འབུལ་ཞུས་ཡོད།  ད་ལྟ་གཟི་མིག་དགུ་པའི་རིག་གཞུང་ཚོགས་པའི་ཚོགས་གཙོ་དང་། ཡར་ཀླུང་བོད་ཀྱི་རིག་གཞུང་ལྟེ་གནས།  ཏྭ་རེ་གློག་བརྙན་བཟོ་སྐྲུན་ལས་ཁུངས་ཀྱི་འགན་འཛིན་བཅས་གནང་མུས་ཡིན།

 

      སྨྱུག་སྡེ། ལྗང་བུ་ལགས། ཐོག་མར་ཁྱེད་ཀྱི་རྩོམ་རིག་གི་བརྒྱུད་ལམ་རིང་མོའི་ནང་། ཀྱག་ཀྱོག་ཆེ་སའི་བྱུང་བ་རེ་གཉིས་ཤིག་ངོ་སྤྲོད་གནང་རོགས།

        ལྗང་བུ། བརྒྱུད་ལམ་རིང་མོ་ཟེར་དགོས་སམ། ཧ་ཅང་ཐུང་ཐུང་རེད། མི་ཚེ་ཐུང་ཐུང་རེད་པ། མ་གཞི་ནས་ང་ཚོའི་རྩོམ་རིག་གི་གནས་སྟངས་འདི་སྤྱིར་སྟངས་ཀྱི་ལུང་པ་ཞིག་ལས་རང་མགོ་རང་ཐོན་གྱི་ལུང་པ་འདི་ཚོ་དང་ཅུང་འདྲ་ཡི་མ་རེད། ཐོག་མར་ང་རང་སློབ་གྲྭར་འགྲོ་བའི་དུས་ཚོད་དེ་རིག་གནས་གསར་བརྗེའི་མཇུག་དེར་ཁེལ་ཡོད་པ་རེད། བོད་ཡིག་སྦྱངས་པ་དེ་ཡང་ལམ་འགྲོ་རྒྱུགས་པ་ལྟ་བུ་ཞིག་བྱུང་བ་རེད། གང་ཡིན་ཟེར་ན་སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་གཙོས་པའི་ས་ཆ་མང་པོ་ཞིག་ལ་བོད་ཡིག་སྦྱོང་སའི་ཁོར་ཡུག་ཡོད་མ་རེད།  སྐབས་དེར་བོད་ཡིག་སྦྱོང་སྟངས་དེ་ཅུང་སྟབས་བདེ་པོ་འདྲ་ཞིག་རེད། ཕྲན་ལ་མཚོན་ན་ཅིང་ཞིང་ཤིང་དང་དེ་ཏེ་སྟེ་སོགས་མང་པོ་མི་དགོས་པར་གཅིག་གིས་འཐུས་པ་རེད། སློབ་དེབ་ཀྱི་ནང་དོན་ཐད་ནས་མང་ཆེ་བ་མའོ་ཡི་གསུང་རྩོམ་དང་དམར་གཞུང་དང་དམར་དམག་ལ་བསྟོད་པའི་སྐོར་རེད།

          སྐབས་དེར་རྩོམ་རིག་དང་སྙན་ངག་ཅེས་པའི་ཐ་སྙད་མཐོང་རྒྱུ་ཡོད་པ་དེ་ཉུང་ཉུང་རེད། ཡིན་ནའང་མའོ་ཡི་སྙན་ཚིག་ལྟ་བུའི་སྙན་ཚིག་ཟེར་བའི་ཐ་སྙད་དེ་ཡོད་རེད། སྙན་ངག་གི་རིགས་ལ་སྙན་ཚིག་ཟེར་བ་དེར་རྒྱའི་རིག་གཞུང་ནང་ལ་རྒྱུ་མཚན་ཞིག་ཡོད་རེད། སློབ་ཆུང་ལོ་རིམ་གསུམ་པ་ཙམ་ནས་བོད་ཡིག་ཅུང་ཡག་པོ་ཡོད་པ་དེ་ཚོས་ནང་སྦྱོང་མང་ཙམ་འབྲི་དགོས་པ་རེད། སྐབས་དེར་ང་ཚོས་ནང་སྦྱོང་བྲིས་པ་དག་ཤོག་བུ་ཆེན་པོ་གྲུ་བཞི་མའི་སྟེང་དུ་བཀོད་ནས་འཛིན་གྲྭ་དང་ཕྱི་ལོགས་བཅས་སློབ་གྲྭའི་གྱང་ངོས་གང་ས་གང་དུ་སྦྱོར་བ་རེད། དེ་དག་མང་ཆེ་བ་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཚགས་ཤོག་ནས་བཤུ་འབྲི་བྱེད་བཞིན་ཡོད་པ་རེད། དེ་ནས་ཆབ་སྲིད་ཅུང་གུ་ཡངས་སུ་ཕྱིན་ནས་དགོན་པ་བསྐྱར་གསོ་དང་གྲྭ་པ་ནང་འཇུག་བྱེད་ཆོག་པ།  སློབ་གྲྭ་ཁག་ཏུའང་ཨ་ཅེ་ལྷ་མོའི་རྣམ་ཐར་སོགས་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།  སྐད་ཡིག་གི་ཐད་ནས་ཀྱང་རྒྱ་སྐད་དང་བོད་སྐད་ཅེས་གཉིས་ཡོད་པ་རེད། ང་ཚོའི་དགེ་རྒན་དེ་བོད་ཡིག་ཤེས་ཀྱི་ཡོད་ཙང་ཨང་རྩིས་དང་དངོས་ཁམས་རིག་པའི་སྐོར་དེ་ཚོ་ང་ཚོས་བོད་ཡིག་ནང་སྦྱངས་པ་རེད།

            ནམ་རྒྱུན་དགེ་རྒན་མང་ཆེ་བས་བརྗོད་གཞི་གཅིག་གམ་ཡང་ན་ཁ་བྱང་ཞིག་སྤྲད་ནས་སློབ་ཕྲུག་ཚོས་དེ་ལུགས་ཀྱི་ནང་སྦྱོང་འབྲི་དགོས་པ་རེད། འོན་ཀྱང་ང་ཚོའི་དགེ་རྒན་དེ་ཅུང་མ་འདྲ་བ་ཞིག་ལ། ཐ་སྙད་མང་པོ་ཞིག་བཀོད་སྒྲིག་བྱས་ནས་ཐ་སྙད་དེ་ཚོ་ཅུང་གུ་ཡངས་ཀྱི་རྣམ་པའི་སྒོ་ནས་བསྒྲིགས་ཏེ་སྙན་ཚིག་གཅིག་གམ་ཡང་ན་ལྷུག་རྩོམ་ཞིག་གི་གཟུགས་གྲུབ་པར་བྱེད་དགོས་པ་རེད། སྐབས་དེར་རྒན་ལགས་ནས་ངའི་ནང་སྦྱོང་དག་ལ་ཐུགས་དགྱེས་པོ་གནང་བས་མི་ཚད་རྡོ་རྗེ་ཚེ་རིང་གིས་ཡག་པོ་བྲིས་འདུག་ཅེས་བསྟོད་པ་གནང་གི་རེད། དེ་དུས་ལོ་ཆུང་ཆུང་ཡིན་ཙང་དགེ་རྒན་གྱིས་བསྟོད་པ་བྱེད་དུས་ང་གཅིག་མིན་ནམ་སྙམ་ནས་ཧ་ཅང་དགའ་མྱོང་། དེའི་རྐྱེན་བྱས་ནས་རྩོམ་རིག་ལ་དོ་སྣང་ཆེ་རུ་འགྲོ་བར་ཕན་ཐོགས་འདུག

            སྐབས་དེར་རྒྱ་ཡིག་ཡག་པོ་ཞིག་མི་ཤེས་རུང་ཚིག་མཛོད་དག་ལ་ལྟ་ཡིན་ལྟ་ཡིན་བྱས་ནས་རྒྱ་ཡིག་གི་སྒྲུང་མང་པོ་བཀླགས་པ་ཡིན། བཀླགས་པ་དེ་ཚོ་ཉལ་ཁང་སོ་སོའི་སློབ་གྲོགས་དག་ལ་ཤོད་དགོས་དུས་གང་བཀླགས་པ་དེ་བེད་སྤྱོད་ཡོད་པ་ཞིག་དང་དེའི་རྐྱེན་བྱས་ནས་མུ་མཐུད་ཀློག་པའི་གོམས་གཤིས་འཇོག་པར་ཕན་ཐོགས་བྱུང་། སྒྲུང་གི་ནང་དོན་མང་ཆེ་བ་དམར་ཤོག་ཚོགས་པས་གོ་མིན་ཏང་གི་ཁ་གཏད་ཇི་ལྟར་འཇལ་བ་དང་། བཙོན་ཁང་ནང་སྡུག་དཀའ་ལས་ག་ཚོད་མྱངས་པ། ད་དུང་ཁོང་ཚོ་དཔའ་བོ་དང་བློ་བརྟན་འགྱུར་མེད་ཡིན་པའི་སྐོར་སོགས་རེད། དེའི་རྗེས་“ཏིང་ཤོ་ཕེན་”གྱི་སྐབས་ལ་རྒྱ་ཡི་རྩོམ་ཡིག་གི་སྒོ་ཡངས་པོར་ཕྱེས་པ་རེད། དཔེར་ན་རིག་གནས་གསར་བརྗེ་ལ་དགག་པ་རྒྱག་པ་ལྟ་བུ།  ལྷག་པར་དུ་ ༡༩༥༨ ལོ་ཙམ་ནས་མི་མང་པོ་ཞིག་བཙོན་ཁང་ལ་བཅུག་པ་དང་། བྲོས་བྱོལ་ལ་ཕྱིན་པ་སོགས་སྡུག་པོ་མྱངས་པ་མང་པོ་ཞིག་བྱུང་བ་རེད།  དེ་ཡིན་དུས་ད་ལྟ་ཅུང་ཟད་བཅིང་གྲོལ་ཐོབ་པ་བྱུང་དུས་ཁོང་ཚོའི་སེམས་ལ་ངར་ཤུགས་ཆེན་པོ་ཡོད་རེད།  སྐབས་དེར་ང་ཚོ་ཆུང་ཆུང་ཡིན་ནའང་ཁོར་ཡུག་ལ་འགྱུར་ལྡོག་ཅིག་འགྲོ་ཡི་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད་རེད། གང་ལྟར་ང་རང་ལོ་བཅུ་བདུན་ཙམ་ནས་རྩོམ་ཡིག་སྤེལ་འགོ་ཚུགས་པ་རེད།  རྩོམ་ཡིག་དེ་ཚོའང་གོང་དུ་བཤད་པ་ལྟར་སློབ་གྲྭའི་ནང་སྦྱོང་དེ་འདྲ་རེད། དེའི་རྗེས་ལ་སྙན་ངག་མེ་ལོང་མ་སྦྱངས་པ་རེད། མེ་ལོང་མ་སྦྱོང་སྐབས་དཔེར་བརྗོད་མང་པོ་འབྲི་དགོས་དུས་རྒན་ལགས་ནས་ངའི་དཔེར་བརྗོད་དག་ལ་བསྟོད་བསྔགས་མང་པོ་གནང་མྱོང་།

            ང་རང་ནམ་རྒྱུན་བོད་ཡིག་གཅིག་པུ་མིན་པར་དཔེ་ཆ་གཞན་དག་ཀྱང་མང་ཙམ་ལྟ་ཡི་ཡོད་དུས་དེའི་ཤུགས་རྐྱེན་ཡིན་པ་འདྲ། མེ་ལོང་མའི་དཔེར་བརྗོད་འབྲི་དུས་དཀའ་ལས་དམིགས་བསལ་ཅི་ཡང་མ་བྱུང་། གཞན་འགའ་ཞིག་ལ་དཔེར་བརྗོད་འབྲི་དུས་དཀའ་ངལ་ཅུང་ཟད་ཕྲད་ཀྱི་ཡོད་འདུག  ལྷག་པར་དུ་ང་ཚོའི་རྒན་ལགས་དེར་སྙན་ངག་འཁྲིད་སྟངས་དེ་ཅུང་མ་འདྲ་བ་ཞིག་ཡོད་རེད། སྐབས་བབ་ཀྱི་སློབ་ཚན་དེ་གཅིག་རང་མིན་པར་མཚམས་རེར་གབ་ཚིག་ནང་ལ་འགྲོ་བ་དང་། ལན་རེར་སྒྲ་རྒྱན་ནང་ལ་འགྲོ་བ་དང་། ཡང་སྐབས་རེར་ཀ་བཤད་དེ་འདྲའི་ནང་ལ་འགྲོ་ཡི་རེད།  ཀ་བཤད་དེ་དབུས་གཙང་ཁུལ་ལ་ཡོད་པ་ནང་བཞིན་ཨ་མདོའི་ཕྱོགས་ལ་མང་པོ་མེད་པ་འདྲ། ཀ་བཤད་ཀྱི་སྐབས་སུ་ངས་ཀ་རྩོམ་ཞིག་བྲིས་པ་དེ་ཡང་ཚགས་པར་སྟེང་ལ་བཀོད་པ་རེད།  ཚགས་པར་སྟེེང་ལ་རྩོམ་ཡིག་བཀོད་དུས་གཅིག་ནས་ལོ་ཆུང་ཆུང་ཡིན་དུས་དགའ་སྣང་ཆེན་པོ་ཞིག་སྐྱེ་བ་དང་། གཉིས་ནས་རྩོམ་ཡོན་དེས་སོ་སྨན་སོ་བཀྲུའི་གཙོས་པའི་ཉེར་མཁོའི་རིགས་ཉོ་ཐུབ་པས་མི་ཚད་ད་དུང་གློག་བརྙན་ལའང་ལྟ་ཐུབ་ཀྱི་ཡོད་རེད།  དེ་ནས་ང་རང་ལོ་བཅོ་བརྒྱད་ནས་སློབ་གྲྭ་ཐོན་རྗེས་སློབ་གྲྭ་འབྲིང་བའི་དགེ་རྒན་བྱས་པ་རེད། འཁྲིད་བྱ་གཙོ་བོ་བོད་ཡིག་དང་རྒྱ་ཡིག་ད་དུང་ལོ་རྒྱུས་དང་དཔལ་འབྱོར་རིག་པ་སོགས་མང་པོ་ཞིག་ཡོད་རེད།  རྩོམ་རིག་ཐད་ནས་དང་པོ་ངས་“ར་ཤི་ཡ་”དང་“ཧྥ་རན་སི་”དེ་ནས་ཨིན་ཡིག་བཅས་དེ་ཚོའི་དཔེ་ཆ་མང་པོ་བལྟས་ནས་སོ་སོ་ལ་སྦྱོང་བརྡར་འདྲ་པོ་སྤྲད་ནས་ཡོང་བ་མ་གཏོགས།  སློབ་གྲྭའི་ནང་ལ་དགེ་རྒན་དམིགས་བསལ་བའམ་ཡང་ན་དོ་སྣང་ཅན་འདྲ་ཡོད་ན་མ་གཏོགས་གཞན་རྩོམ་རིག་ཆ་ཚང་བ་ཞིག་སྦྱོང་ས་སྔོན་མ་ཙམ་མི་ཚད་ད་ལྟའང་ཅུང་ཁག་པོ་རེད་འདུག

            དེའི་རྗེས་སུ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཀྱིས་གཙོ་བྱས་པའི་དུས་དེབ་མང་པོ་ཞིག་ཐོན་སོང་། སྐབས་དེ་དུས་ད་ལྟ་ནང་བཞིན་དྲྭ་རྒྱ་ཡོད་མ་རེད། དེ་ཡིན་དུས་རྩོམ་སྒྲིག་པ་དང་དུས་དེབ་གཉིས་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། ཡིན་ནའང་རྩོམ་ཡིག་རེ་དུས་དེབ་སྟེང་ལ་འགོད་དགོས་ན་ངོ་ཤེས་པ་རེ་བརྒྱུད་དགོས་ཀྱི་ཡོད་རེད། ཐེངས་གཅིག་པ་ལགས་ངེད་གཉིས་ཟི་ལིང་ལ་ཕྱིན་པ་ཡིན། དེ་ན་པ་ལགས་ཀྱི་ངོ་ཤེས་རྩོམ་སྒྲིག་པ་ཞིག་གི་ནང་དུ་བསྡད་པ་རེད།  དེ་དུས་པ་ལགས་ཀྱིས་གཞས་བཏང་། རྩོམ་སྒྲིག་པ་དེས་ཡིག་ཐོག་ལ་ཕབ་བྱས་པ་རེད།  རྗེས་སུ་དེ་ཚགས་པར་སྟེང་ལ་བཀོད་འདུག  དེ་ནས་ངའི་ནང་སྦྱོང་ཅུང་ཡག་ག་དེ་ཚོ་སྦྲག་ཐོག་ནས་ཚགས་པར་རྩོམ་སྒྲིག་ཁང་དེ་ལ་བསྐུར་པ་རེད། ཚགས་པར་དང་དུས་དེབ་དེ་ཚོ་ཡོད་དུས་གང་བྲིས་པ་དེ་གཏོང་ཐུབ་ཀྱི་ཡོད་རེད། དེ་ལྟར་བཏང་བ་ཡིན་དུས་གཅིག་ནས་ལོ་ཆུང་ཆུང་ཞིག་གིས་འདི་འདྲ་བྲིས་འདུག་ཅེས་རྒན་པ་ཚོས་མཉེས་པོ་གནང་གི་འདུག གཉིས་ནས་ཕན་ཚུན་འབྲེལ་བ་བྱེད་བདེ་བས་མི་ཚད་ངོ་ཤེས་པ་དང་གྲོགས་པོ་ཆགས་བདེ་པོ་ཞིག་ཡོང་གི་འདུག དཔེར་ན་ས་གནས་གཅིག་ནས་གཞན་ཞིག་ཏུ་འགྲོ་དགོས་ན་ས་གནས་དེར་རྩོམ་པ་པོ་སུ་ཡོད་ནའང་སོ་སོས་ཕར་འཚོལ་ཆོག་ཆོག་དང་དེས་ཀྱང་སྣེ་ལེན་ཞུ་ཆོག་ཆོག་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད།

            མང་པོ་ཞིག་ལ་རྩོམ་ཡིག་བྲིས་པ་ཡིན་ནའང་ཚགས་པར་དང་དུས་དེབ་སྟེང་ལ་གཏོང་མ་ཐུབ་པའི་དཀའ་ངལ་ཡོད་རེད། འོན་ཀྱང་ང་ལ་དཀའ་ངལ་དེ་ཕྲད་མ་སོང་། ངས་གང་བྲིས་པ་དེ་ཚོ་དང་པོ་ཚགས་པར་ཁང་ལ་བཏང་།  རྗེས་ནས་དུས་དེབ་སོགས་ལ་བཏང་ཡིན། མང་པོ་ཞིག་བཏང་བསྡད་དུས་མི་མང་པོ་ཞིག་གིས་ཁོས་ག་དུས་ཡིན་ནའང་གཅིག་བྲིས་ཡོང་གི་འདུག བྱས་ཙང་ཁོ་ཡག་པོ་ཡོད་ས་རེད་བསམ་གྱི་ཡོད་རེད། དེ་འདྲ་བྱེད་དུས་མི་མང་པོས་ངོ་ཤེས་པ་དང་སྙན་ངག་པ་རེད་ཅེས་ལབ་ཡོང་བ་རེད། དངོས་གནས་བྱས་ན་ངས་དང་པོ་ལྷུག་རྩོམ་བྲིས། དེ་ནས་སྒྲུང་རྩོམ་ལོ་མང་པོ་ལ་བྲིས་ཡིན། སྦྲང་ཆར་གྱི་ལོ་བཅུའི་ཨང་དང་པོ་དང་། ལྷ་ས་ནས་བོད་ཀྱི་བྱ་དགའ་མཐོ་ཤོས་ཇོ་མོ་གླང་མ་སོགས་མང་པོ་ཞིག་རག་མྱོང་ཡོད།  ཡིན་ནའང་སྙན་ངག་གི་བྱ་དགའ་ཞིག་ད་ལྟ་བར་དུ་གཅིག་ཀྱང་རག་མ་མྱོང་། འོན་ཀྱང་ཚང་མས་སྙན་ངག་པ་ཟེར་གྱི་ཡོད་རེད།  དེ་གཅིག་བྱས་ན་ངའི་སྙན་ངག་དག་ཅུང་མ་འདྲ་བ་བྱུང་བས་ཡིན་ནམ།  ཡང་ན་ངས་བྲིས་པའི་ནང་ནས་སྙན་ངག་གི་གྲངས་ཀ་མང་ཤོས་ཆགས་པས་ཡིན་རྒྱུ་རེད། དེ་ནས་ ༡༩༨༢ ལོར་པེ་ཅིང་ལ་རྫས་སྦྱོར་སྐོར་ལ་སྦྱོང་བརྡར་བྱེད་དུ་ཕྱིན་པ་རེད། དེ་དུས་དོན་གྲུབ་རྒྱལ་དེ་ན་དགེ་རྒན་གནང་གི་ཡོད་རེད། ང་ཚོ་འདུག་སའང་ཕར་ཕྱོགས་ཚུར་ཕྱོགས་འདྲ་པོ་རེད། བྱས་ཙང་ང་ཚོ་སྒེར་ནས་འབྲེལ་བ་ཆགས། ཁ་ལག་མཉམ་དུ་ཟ། ཆང་མཉམ་དུ་འཐུང་བྱེད་ཀྱི་ཡོད་རེད། དེ་དུས་ང་ཚོ་སྐོར་ཞིག་ལ་མཚན་མོར་དོན་གྲུབ་རྒྱལ་གྱིས་ལོ་རྒྱུས་འཁྲིད་ཀྱི་ཡོད་རེད། ཁོང་གིས་ཁུངས་གཏུགས་ས་གཙོ་བོ་དེ་སྲིད་དོན་རྒྱལ་རབས་དང་དེབ་ཐེར་དཀར་པོ་གཉིས་རེད།

            དེ་དུས་དོན་གྲུབ་རྒྱལ་བརྒྱུད་ནས་དཔེ་དེབ་མང་པོ་ཞིག་ལ་བལྟས་ཡོང་དུས་ལྟ་སྟངས་ཅུང་མ་འདྲ་བ་ཞིག་ཆགས་འགྲོ་ཡི་འདུག གང་ཡིན་ཟེར་ན་སོ་སོས་སྔོན་མ་མ་མཐོང་བ་དང་མ་ཤེས་པ་མང་པོ་ཞིག་གསར་དུ་མཐོང་བ་དང་གསར་དུ་ཤེས་པས་རེད། དོན་གྲུབ་རྒྱལ་ཁོང་འདྲ་པོ་ཡིན་ན་དེ་ཚོ་སྔོན་ནས་མཐོང་ཚར་དུས་ཁོང་གི་ལྟ་སྟངས་དེ་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེས་ང་ལ་འགྱུར་བ་ཟེར་ནའང་འདྲ་གང་ལྟར་བསམ་བློ་ཅུང་རྒྱ་ཆེ་རུ་བཏང་བ་འདྲ་པོ་བྱུང་། ལྷག་པར་དུ་སྐབས་དེར་རྒྱའི་ནང་ལ་སྐད་གྲགས་ཡོད་པའི་རྩོམ་པ་པོ་སྐོར་ཞིག་ཚོགས་ཁང་སོ་སོར་རྩོམ་རིག་སྐོར་ལ་བགྲོ་གླེང་དང་གཏམ་བཤད་བྱེད་ཀྱི་འདུག ཟླ་བ་གཅིག་གི་དངུལ་སྤྲད་པ་ཡིན་ན་བདུན་ཕྲག་རེ་རེའི་བགྲོ་གླེང་ལ་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་རེད། བྱས་ཙང་ནམ་རྒྱུན་རྨི་ལམ་དང་རྒྱང་རིང་ལྟ་བུའི་མི་སྐད་གྲགས་ཅན་དེ་དག་གི་མདུན་དུ་བསླེབས་དུས་སོ་སོ་ཡང་ཁོར་ཡུག་དེའི་ནང་ལ་ཡོད་པའི་ཚོར་སྣང་མ་འདྲ་བ་ཞིག་བསླེབས་ཡོང་གི་འདུག  དེ་འདྲ་བྱེད་དུས་རྩོམ་རིག་ཟེར་བ་དེ་མཐོ་བོ་མཐོ་བོ་ཞིག་མིན་པར་མིའི་སྤྱི་ཚོགས་ནང་ཡོད་བསྡད་པའི་ཚོར་སྣང་བྱུང་སོང་།

            ༡༩༨༨ ལོར་སློབ་གྲྭ་ཆེན་མོ་ཐོན་ནས་ལྷ་སར་བསླེབས་རེད། སྐབས་དེར་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་དྲུང་ཡིག་བྱས་པ་རེད། རྒྱ་ལ་ཏང་དང་། སྲིད་གཞུང་། མི་མང་འཐུས་མི་ཚོགས་ཆེན་བཅས་ལས་ཁུངས་གཙོ་བོ་གསུམ་ཡོད་པ་རེད། དེ་གསུམ་གང་རུང་ལ་འཛུལ་ཐུབ་པ་དང་ལྷག་པར་དུ་དྲུང་ཡིག་ཆགས་པ་ཡིན་ན་ལས་ཀ་ཡག་ཤོས་འདྲ་པོ་རེད། གང་ཡིན་ཟེར་ན་དྲུང་ཡིག་གི་ལམ་ཁ་བརྒྱུད་ནས་མ་འོངས་པར་དཔོན་པོ་ཆགས་ཐུབ་ཀྱི་ཡོད་རེད། ཡིན་ནའང་ང་དཔོན་པོར་དགའ་པོ་མེད་པས་མི་ཚད་སྐབས་དེར་ལས་བྱེད་དག་ལས་ཁུངས་ཀྱི་སྒྲིག་ཆས་གྱོན་དགོས་པ་དང་། སྐྲ་ཡང་རིང་པོ་འཇོག་མི་ཆོག་པ་སོགས་གཅིག་གྱུར་གྱི་སྒྲིག་གཞི་དེ་ཚོ་ལ་ང་རང་དགའ་པོ་ཁྱོན་ནས་མི་འདུག དེ་ཡིན་དུས་ང་རང་རིག་གནས་ལས་ཁུངས་འདྲ་པོ་གཞན་ཞིག་ལ་འགྲོ་འདོད་ཆེན་པོ་བྱུང་། ད་དུང་ལྷ་སར་བསླེབས་རྗེས་དགོན་པ་ཁག་ལ་མཇལ་སྐོར་དུ་ཕྱིན་པ་ཡིན།   སྐབས་དེར་བསམ་བློ་གཏོང་གིན་གཏོང་གིན་སོ་སོའི་རིག་གཞུང་ཟེར་བ་དེ་ང་རང་ཕྱི་རྒྱལ་ལ་བསླེབས་པ་ནང་བཞིན་ཞིག་ཡིན་པའི་ཚོར་སྣང་བྱུང་སོང་། གང་ཡང་ཤེས་ཀྱི་མི་འདུག དེའི་གཏིང་རྩད་པ་ཡིན་ན་ཤོག་བུ་སྟེང་གི་ཡི་གེ་ཁ་ཤས་ཤེས་པ་ལས་བོད་ཀྱི་རིག་གཞུང་སྐོར་ལ་གང་ཡང་ཤེས་ཀྱི་མི་འདུག

             བོད་ཀྱི་རིག་གནས་ཤེས་དགོས་ན་རིག་གནས་དེ་དར་སའི་ས་ཆ་དག་ལ་ངེས་པར་དུ་འགྲོ་དགོས་པའི་བསམ་བློ་འཁོར་ནས་ངས་ལས་ཁུངས་ནས་དགོངས་པ་ཞུས་པ་ཡིན། ༡༩༨༩ ལོར་ལྷ་ས་དམ་དྲག་བྱས་པ་ཡིན་དུས་གཅིག་ནས་ཡར་མར་འགྲོ་ཁག་པོ་འདུག ང་ལ་ལག་ཁྱེར་ཁ་ཤས་ཡོད་ནའང་ཧ་ཅང་གི་དཀའ་ལས་འདུག  གཉིས་ནས་འཚོ་བའི་དཀའ་ངལ་ཡང་ཏོག་ཙམ་ཕྲད་པ་རེད། དེ་ཡིན་དུས་དང་པོ་ངས་སྤང་རྒྱན་མེ་ཏོག་དང་དེ་རྗེས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ་བྱས་པ་རེད། དེ་ཚོ་ནང་ལ་འཛུལ་དོན་དེ་གཅིག་ནས་ཁོང་ཚོར་དམངས་ཁྲོད་རྩོམ་རིག་དགོས་ཀྱི་ཡོད་རེད། དམངས་ཁྲོད་རྩོམ་རིག་དགོས་ན་དམངས་ཀྱི་ས་ཆ་སོ་སོར་འགྲོ་དགོས་དུས་ལས་ཀ་དེ་ངའི་འདོད་ཐོག་ལ་རྒྱུག་པ་ཞིག་རེད།  གཉིས་ནས་ཁོང་ཚོས་འགྲོ་སོང་བཏང་ཡོང་དུས་འཚོ་བའི་ཁ་སྐོང་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། བརྒྱུད་རིམ་ཟེར་ན་དེ་འདྲ་ཞིག་རེད། གཞན་ཀྱག་ཀྱོག་ཟེར་ཡོང་དུས་མི་གཞན་པ་ཚོ་རྩེད་མོ་རྩེ་དུས་སོ་སོས་དུས་ཚོད་ཏོག་ཙམ་འདོན་ཐུབ་པ་ཞིག་དགོས་རེད། རྩོམ་ཡིག་ལ་དགའ་པོ་ཡོད་པའི་ཆ་ནས་ཁེར་རྐྱང་གི་སྡུག་བསྔལ་ཏོག་ཙམ་ཁུར་ཐུབ་པ་ཞིག་དགོས་རེད།  མཚམས་མཚམས་ལ་ང་རང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་རྩོམ་ཡིག་འབྲི་དགོས་པ་ལས་མ་བྲིས་ན་འགྲིག་གི་མ་རེད་ཅེས་པའི་བསམ་བློའི་སྟེང་ནས་འབྲི་བ་མ་གཏོགས་གཞན་རྩོམ་ཡིག་མ་བྲིས་ན་འདུག་མི་ཐུབ་པ་ལྟ་བུ་དེ་འདྲ་ཡོང་གི་མི་འདུག

            མ་གཞི་ནས་རྩོམ་ཟེར་བ་དེ་ཁྱད་མཚར་ཞིག་རེད།  དེ་རིང་གཅིག་བྲིས་པ་དེ་ཅུང་ཙམ་ཡག་པོ་འདུག་འདྲ་པོ་ཞིག་དྲན་པ་ཡིན་ནའང་།  ཏོག་ཙམ་རྗེས་ནས་བལྟས་པ་ཡིན་ན་ཡག་པོ་ཁྱོན་ནས་མེད་པ་འདྲ་པོ་ཞིག་དང་།  ཡང་ལོ་ཤས་རྗེས་ནས་བལྟས་པ་ཡིན་ན་ད་ལྟ་ངས་འདི་འདྲ་ཞིག་གཏན་ནས་འབྲི་ཐུབ་ས་མ་རེད་ཅེས་བསམ་པ་དེ་འདྲ་ཡོང་གི་འདུག  རྩོམ་རིག་ཟེར་བ་དེ་ཁྱད་མཚར་ཞིག་ཡིན་པས་མི་ཚད་ང་རང་གིས་རྩོམ་རིག་ལ་ལྟ་སྟངས་དེ་ཡང་ཁྱད་མཚར་ཞིག་རེད་འདུག

           སྨྱུག་སྡེ། བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ནང་ལོ་རབས་བརྒྱད་ཅུ་པ་ནི་བོད་རྩོམ་གྱིས་སྲོག་གསར་པ་ཞིག་ཐོགས་པར་དཔྱད་བརྗོད་པ་དག་གིས་གླེངས་ན། ཁྱེད་ཀྱིས་དེ་ལྟར་འདོད་དམ། ཡང་ན་ལོ་རབས་བརྒྱད་ཅུ་པ་ནི་བོད་རྩོམ་ལ་ནུབ་ལུགས་རྩོམ་རིག་གི་ཤན་ཞུགས་འགོ་བརྩམས་པའི་ལོ་རབས་ཤིག་རེད་ཅེ་ན། ཁྱེད་ལ་དགོངས་ཚུལ་གང་ཡོད།

         ལྗང་བུ། སྤྱིར་བཏང་གི་ཆ་ནས་དེ་མ་རེད་ཟེར་ས་འགྲོ་ཡི་མ་རེད།  གྲངས་ཀ་དང་བཅའ་དངོས་ཕོན་ཆེན་ཞིག་བསགས་བཞག་ཡོད་རེད།  ཡིན་ནའང་ལོ་རབས་བརྒྱད་ཅུ་པ་ལ་བྱུང་བའི་རྨང་གཞི་དེ་ལོ་རབས་ལྔ་བཅུ་པ་ལ་བཟོས་ཚར་ཡོད་རེད། དེ་སྔོན་མང་ཚོགས་ནང་སློབ་གྲྭ་ཉུང་ཉུང་ཡིན་དུས། སྐུ་དྲག་རེ་ཟུང་དང་དེ་མིན་མི་སྒེར་པར་སློབ་གསོ་ཐོབ་པ་རེ་ཟུང་ལས་གཞན་མང་ཆེ་བ་དེ་དགོན་པ་ཁག་ནས་ཡོང་གི་ཡོད་རེད། མེ་ལོང་མར་སྙན་ངག་གི་བརྗོད་བྱ་དག་རི་བོ་དང་། རྒྱ་མཚོ། ད་དུང་ཉི་ཟླ་འཆར་ནུབ་སོགས་བཅོ་བརྒྱད་ལ་གཏན་འབེབས་བཟོས་ཡོད་པ་ལྟར་ལོ་རབས་ལྔ་བཅུ་པའི་ནང་ལའང་མང་པོ་བྲིས་ཡོད་པས་མི་ཚད། ཁོ་ཚོས་བརྗོད་བྱ་བཅོས་བསྒྱུར་ཀྱིས་མའོ་ཙེ་ཏུང་དང་སྤྱི་ཚོགས་རིང་ལུགས། གཞན་ཡང་བཅིང་གྲོལ་དམག་སོགས་ལ་བསྟོད་དགོས་པའི་ཁྲིམས་ཀྱང་བཟོས་ཚར་འདུག  དེ་ཚོ་ཚེ་བརྟན་ཞབས་དྲུང་གི་སྙན་ངག་སྤྱི་དོན་དང་བསྟན་པ་རྒྱ་མཚོའི་ཚིག་རྒྱན་རིག་པའི་སྒོ་འབྱེད་སོགས་ཀྱི་དཔེར་བརྗོད་ནང་དུ་གསལ་པོར་བྲིས་འདུག

            བྱས་ཙང་དེའི་རྒྱུན་དེ་མར་བསླེབས་ནས་རིག་གནས་གསར་བརྗེའི་སྐབས་སུ་མཚམས་བཞག་པ་རེད། དེ་ནས་ལོ་རབས་བརྒྱད་ཅུར་བལྟས་པ་ཡིན་ན། ཨ་མདོའི་ཕྱོགས་སུ་སྐབས་དེར་ཚེ་བརྟན་ཞབས་དྲུང་དང་། གཞོན་སྐྱེས་ནང་ལ་དོན་གྲུབ་རྒྱལ་སོགས་ཉུང་ཉུང་ཞིག་ལས་མི་འདུག  འོན་ཀྱང་ལྷག་པ་ཕུན་ཚོགས་སམ་རྣམ་གྲོལ།  གླང་མདུན་དཔལ་འབྱོར་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  གཞན་ཡང་བསོད་རྡོར་སོགས་ལྷ་སའི་ཕྱོགས་ནས་རྩོམ་པ་པོ་མང་པོ་ཞིག་ཐོན་པ་རེད། ཕྱི་མ་ཁོང་ཚོའི་ཐུན་མོང་གི་ཁྱད་ཆོས་གང་རེད་ཟེར་ན་རྒྱ་མིའི་སློབ་གྲྭ་ནས་ཐོན་པ་རེད།  ཡག་སྡུག་གང་ཡིན་ལབ་མི་ཤེས་མོད། གང་ལྟར་སློབ་གྲྭ་བཙུགས་ནས་ལོ་སུམ་ཅུའམ་ཡང་ན་སློབ་གྲྭ་ལ་བསྡད་ནས་ལོ་སུམ་ཅུ་ཕྱིན་པའི་འབྲས་བུ་འདྲ་པོ་ཞིག་ཆགས་པ་རེད།  ད་དུང་ཡི་དམ་ཚེ་རིང་གིས་གཙོ་བྱས་པའི་རྒྱ་ཡིག་འབྲི་མཁན་སྐོར་ཞིག་ཡོད་རེད།  མི་མང་གི་ངོས་འཛིན་ལ་རྒྱ་ཡིག་ལ་ལྟོས་ན་སྐབས་དེར་བོད་ཡིག་གིས་བྲིས་པ་དག་ཅུང་སྐྱོ་བ་འདྲ་པོ་ཞིག་ཡོད་རེད།

           དེ་འདྲ་བྱས་ནས་བལྟས་ཡོང་དུས་སྲོལ་རྒྱུན་གྱི་སློབ་གསོ་ཐོབ་པའམ་ཡང་ན་དགོན་པ་ཁག་ནས་བསླེབས་པ་དེ་ཚོ་རིག་གནས་གསར་བརྗེའི་སྐབས་སུ་བསད་ཚར་བ་རེད། རེས་འགའ་མ་ཤི་ནས་ལྷག་པ་དེ་ཚོར་ཁྱོད་ཅི་ལྟར་མ་ཤི་བ་རེད་ཅེས་དྲི་བ་གཏོང་གི་ཡོད་རེད། དེ་འདྲ་བྱས་ནས་ཡོང་དུས་ལོ་སུམ་ཅུ་ཙམ་གྱི་དུས་ཡུན་ལ་སྲོལ་རྒྱུན་གྱི་འབྲི་སྟངས་དེ་ཧ་ལས་པའི་ཉམས་རྒུད་དུ་ཕྱིན་པ་རེད། རྡོ་རྗེ་མཁར་དང་མཁས་གྲུབ་སོགས་སྲོལ་རྒྱུན་འབྲི་མཁན་རེ་ཟུང་ཞིག་ཡོད་ནའང་། རིག་གསར་གྱི་སྐབས་དང་འཁེལ་ཡོད་དུས་ཁོང་ཚོར་སྲོལ་རྒྱུན་གྱི་སློབ་གསོ་དང་སློབ་སྦྱོང་ཡག་པོ་ཞིག་རག་ཡོད་མ་རེད། ད་དུང་ལྟ་བའི་སྒང་ནས་སྲོལ་རྒྱུན་ཡིན་ན་ཡག་པོ་མིན་པའི་ལྟ་སྟངས་བཀག་རྒྱ་ཅན་དེ་འདྲ་ཡིན་དུས། བར་སྐབས་དེར་ཅུང་ཁྱད་མཚར་པོ་འདྲ་ཞིག་ཆགས་པ་རེད།

       ད་ལྟ་ཨ་རིར་ཡོད་པའི་ཀུན་བཟང་རྒྱལ་གྱིས་སྐབས་དེར་མཐར་ཕྱིན་རྩོམ་ཡིག་ཅིག་བྲིས་པའི་ནང་ལ་“བོད་ལ་དེང་རབས་ཀྱི་རྩོམ་རིག་ཟེར་བ་ཞིག་ཡོད་མ་རེད། ཅི་ནས་ཀྱང་ཡོད་དགོས་ན་དེ་ནི་རྒྱའི་ཉི་མའི་འོག་ནས་འཚར་བའི་ཉི་དགའ་མེ་ཏོག་ཅིག་རེད་”ཅེས་བྲིས་ཡོད་རེད། དེ་ཡིན་དུས་ང་རང་ཚོ་དེའི་རིགས་འདྲ་པོ་ཞིག་རེད། བྱས་ཙང་ཕན་གནོད་ཆ་མི་འཚལ་བའི་གནས་ཚུལ་ཁྱད་མཚར་པོ་དེ་ད་དུང་ཡང་བརྟག་དཔྱད་བྱ་རྒྱུ་ཞིག་རེད། གང་ལྟར་ང་ཚོ་ལ་གཅིག་ཡོད་ཟེར་ནས་སྟོན་རྒྱུ་ཡོད་པ་འདྲ་པོ་ཞིག་ཆགས་པ་རེད་དེ།  སྟོན་རྒྱུ་ཡོད་པ་ཚང་མ་ཡག་པོ་ཡིན་པའི་ངེས་པ་མི་འདུག མི་རིགས་གཅིག་གི་རིག་གཞུང་གི་རྒྱུན་གྱི་ངོས་ནས་བཤད་པ་ཡིན་ན། མཚམས་རེར་སྤུས་དག་ཡིན་པའི་དུས་འདྲ་པོ།  སྐབས་རེར་ཅུང་ཉམས་རྒུད་ལ་ཕྱིན་པའམ་འཕོ་འགྱུར་ཐེབས་པའི་བཟོ་འདྲ་པོ། གང་ལྟར་ང་ཚོའི་གཟུགས་པོ་འདྲ་པོ་ཞིག་རེད། བྱས་ཙང་དུས་ཚོད་དེ་ཆམ་པ་ན་བའི་དུས་ཚོད་དེ་ཡིན་ནམ། ཡང་ན་འབྲས་ནད་ན་བའི་དུས་ཚོད་དེ་ཡིན། གང་ལྟར་འཕོ་འགྱུར་ཞིག་ཐེབས་པ་དེ་བདེན་པ་རེད། འཛམ་བུ་གླིང་གི་སྨྲ་བརྗོད་ཀྱི་མ་ལག་དེ་ནང་བཞིན་ཞིག་བོད་པ་རང་གིས་རང་གི་རྩོམ་རིག་ལ་ལྟ་ཡི་ཡོད་དམ།  སྐད་ཆ་བཤད་སྟངས་དང་བསམ་བློ་གཏོང་སྟངས་དེའི་སྒང་ནས་སྡོམ་ཚིག་རྒྱག་དགོས་པ་ཞིག་རེད། གཞན་ཕྱི་རྒྱལ་བའི་བོད་རིག་པ་ཟེར་བ་དེ་ཚོ་ཁོ་རང་ཚོའི་དམིགས་ཡུལ་གཞན་ཞིག་རེད། ཁོ་ཚོ་ཁོ་རང་ཚོའི་དམིགས་ཡུལ་གཙོ་བོ་བྱེད་པ་ལས་བོད་དང་བོད་ཀྱི་རིག་གཞུང་གཙོ་བོ་བྱེད་ཀྱི་མ་རེད། བྱས་ཙང་དེ་ཚོ་ང་ཚོའི་ཟུར་ལྟ་བྱེད་ས་ལས་ཚད་གཞི་འཛིན་ས་མ་རེད།

            སྨྱུག་སྡེ། བོད་ཀྱི་གནའ་རྩོམ་གྱིས་མེ་ལོང་མའི་རྗེས་སུ་འབྲངས་ཆེ་སྟེ་རྒྱ་གར་བའི་རྒྱན་གྱི་མཛེས་པ་འབའ་ཞིག་མཚོན་དགོས་དུས། སྐབས་རེར་འབྲོག་མོས་རྒྱ་གར་མའི་ཆ་ལུགས་སྤྲས་པ་ལྟ་བུའི་དགོད་བྲོ་བའི་གནས་སུའང་བསྐྱལ་ཡོད། དེ་ནི་གཙོ་བོ་ལོ་རབས་བརྒྱད་ཅུ་པའི་སྔོན་གྱི་བྱུང་བ་རེད། ད་ལྟ་བོད་ཕྱི་ནང་གང་ས་ནས་ནུབ་ལུགས་སམ་ཡང་ན་རྒྱལ་སྤྱིའི་རྩོམ་རིག་གི་རྗེས་སུ་འབྲངས་ཏེ་བོད་རྩོམ་གསར་པའམ། བོད་ཀྱི་དེང་རབས་རྩོམ་རིག་འབྲི་བར་འབུངས་ན། གནས་ཚུལ་འདི་ལའང་འབྲོག་མོས་ནུབ་ལྭ་གྱོན་པ་ལྟ་བུའི་སྐྱོན་ཆ་མེད་དམ། བོད་ཀྱི་བརྡ་སྐད་རྣལ་མ་ལ་རན་པའི་སྙན་ངག་གམ་རྩོམ་རིག་ངོ་མ་དེ་ཅི་འདྲ་ཞིག་ཡིན་ནམ།

          ལྗང་བུ། ཕྱི་རྒྱལ་ཚོ་བོད་ལ་བསླེབས་ནས་བོད་ཆས་གྱོན་གྱི་འདུག ཁ་ཤས་འདྲ་ཆགས་པོ་དེ་ཙམ་མི་འདུག་མོད། རེས་འགའ་དངོས་གནས་འདྲ་ཆགས་པོ་འདུག བྱས་ཙང་བསམ་བློ་གཏོང་སྟངས་དེ་ཁྱད་མཚར་ཞིག་རེད། ཕྱི་རྒྱལ་བ་ཚོས་བོད་ལྭ་གྱོན་ཆོག་གི་ཡོད་ན་འབྲོག་མོས་ཅིའི་ཕྱིར་ནུབ་ལྭ་གྱོན་མ་ཆོག་པ་རེད། སྤྱིར་སྟངས་ཀྱི་ཆ་ནས་ནུབ་ལྭ་དེ་འཛམ་གླིང་ཐུན་མོང་གི་གྱོན་པ་ཞིག་ཆགས་བསྡད་ཡོད་རེད། བྱས་ཙང་དེ་ངེས་པར་དུ་གྲོང་ཁྱེར་གྱི་མི་ལས་གཞན་པས་གྱོན་མི་ཆོག་པ་རེད་དམ། སྐད་ཆ་དེར་ཡང་ན་སོ་སོ་ལ་གདེང་ཚོད་མེད་པ་དང་། ཡང་ན་གཞན་ལ་མཐོང་ཆུང་གི་རྣམ་པ་ཞིག་མེད་དམ་སྙམ་གྱི་འདུག དེང་སང་ཚང་མས་ཨི་ཊ་ལིའི་དུག་ལོག་གྱོན། སུད་སིའི་ཆུ་ཚོད་བཏགས། ཇ་པན་གྱི་རླངས་འཁོར་བཏང་། ཧྥ་རན་སིའི་དྲི་ཞིམ་གཏོར། ཨིན་ཇིའི་སྐད་ཅིག་ཤོད་དུས་འཛམ་བུ་གླིང་དེ་འདྲ་པོ་ཞིག་ཆགས་ཚར་རེད། བྱས་ཙང་ང་ཚོའི་འབྲོག་མོ་ཚོས་ནུབ་ལྭ་གྱོན་མི་ཆོག་ལབ་ན་དེ་ངས་ལབ་ཚོད་ཐིག་མ་སོང་། ལྷག་པར་དུ་ང་ཚོའི་སེམས་ཁམས་དང་བརྩེ་དུང་ཚོར་བ་བཅས་ཀྱི་ཐད་ནས་བཤད་ན་ང་ཚོ་དེ་ལས་ཀྱང་སྙིང་རྗེ་བ་ཡོད་རེད། ང་ཚོ་ལ་སེམས་ཁམས་ཀྱི་མཛེས་སྡུག་དེ་འདྲ་ཞིག་ཡོད་དུས། ཕྱིའི་དུག་སློོག་ག་རེ་གྱོན་ནའང་འགྲིག་གི་རེད། བྱས་ཙང་བསམ་ཚུལ་དེ་ཚོ་ཅུང་གུ་དོག་དྲགས་པ་མིན་འགྲོ།

            མ་གཞི་ནས་རྩོམ་རིག་ཟེར་བ་དེ་ལ་གསར་པ་ཡོང་སྲིད་ཀྱི་རེད། གཞན་དང་འདྲེས་སྲིད་པ་རེད། ཡང་ན་རྒྱུན་ཞིག་བསྐྱངས་ནས་འགྲོ་ཡང་སྲིད་པ་ཞིག་རེད། མཐའ་གཅིག་ཏུ་ང་ཚོས་སྲོལ་རྒྱུན་དང་དེང་རབས་ཟེར་ནས་འགལ་ཡོད་པ་དེ་ཡང་བསྐྱར་ཡོད་པ་བཟོ་དགོས་དོན་ཡོད་མ་རེད། དེང་རབས་དེང་རབས་ཟེར་བ་དེ་ཚོའང་སྲོལ་རྒྱུན་གྱི་ཆ་ཤས་ཤིག་རེད། དཔེར་ན་གཙང་པོ་གཉིས་ལྟ་བུ་ལ་མཚོན་ན་དང་པོ་འདྲེས་དུས་ཆེ་ཆུང་དང་ཚོས་གཞི་མ་འདྲ་བ་ཡོང་སྲིད་ཀྱི་རེད། གཅིག་ཏུ་འདྲེས་ཚར་བའི་རྗེས་ལ་ཁ་ཁ་དབྱེ་རྒྱུ་ཡོད་མ་རེད། རིག་གཞུང་ཡང་དེ་འདྲ་པོ་ཞིག་རེད། དཔེར་ན་དེང་རབས་ཀྱི་རི་མོ་འབྲི་མཁན་ཞིག་ལ་མཚོན་ན། ཁོ་ཚོ་གནས་ག་ས་གང་དུ་ཕྱིན་ནས་རི་མོའི་རྒྱུ་ཆ་བཙལ་ཅིང་། སོ་སོའི་རྣམ་དཔྱོད་རྩལ་བཏོན་གྱིས་རི་མོ་ཞིག་བྲིས་པ་ཡིན་ན་དེ་ཁོ་རང་གི་རི་མོ་རེད། དེ་ས་གནས་གང་ནས་ཡོང་བ་དང་དེའི་གྲུབ་ཆ་གང་དུ་ཡོད་མེད་འཚོལ་རྒྱུ་དེ་ཁོ་ཡི་ལས་ཀ་མ་རེད། དེ་ཞིབ་འཇུག་པ་ཚོའི་ལས་ཀ་རེད། བྱས་ཙང་དུས་ཚོད་འདི་འདྲ་ཞིག་ལ་བསླེབས་ཚར་བའི་རྗེས་སུ་ད་དུང་སྐད་ཆ་འདི་འདྲ་བཤད་པ་དེ་ངས་ཡག་པོ་ཞིག་ཧ་གོ་ཡི་མི་འདུག

            དེ་ནས་བོད་ཀྱི་བརྡ་སྐད་རྣལ་མ་ལ་རན་པའི་རྩོམ་ཟེར་དུས། དཔེར་ན་ང་ཚོ་ལ་ཤ་མོག་མོག་ཡོད་རེད། རྩམ་པ་དང་ཐུག་པ་ཡོད་རེད། མར་དང་ཕྱུ་ར་ཡོད་རེད། ད་དུང་དེའི་སྒང་ལ་པད་ཚལ་གྱི་རིགས་དེ་ཚོ་ཟས་པ་ཡིན་ན། འདི་བོད་ཀྱི་མ་རེད་བྱས་ཙང་མ་ཟ་ཟེར་མཁན་སུ་ཡང་ཡོད་མ་རེད། བྱས་ཙང་འདྲ་མི་འདྲ་འབྲི་ཆོག་གི་རེད། སྔོན་མ་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་སྐོར་ལ་ཚོགས་འདུ་ཞིག་ཚོགས་པའི་སྟེང་། དུང་དཀར་རིན་པོ་ཆེས་”འབྲས་ཟ་མཁན་གྱིས་རྩམ་པ་མ་ཟ། རྩམ་པ་ཟ་མཁན་གྱིས་འབྲས་མ་ཟ། ཞེས་ལབ་པ་ལས་གཉིས་ཀ་བཟས་བཞག་ན་ཕུན་སུམ་ཚོགས་པ་ཞིག་ཆགས་མི་ཡོང་ངམ་”ཞེས་གསུངས་པ་རེད། དེ་ཡིན་དུས་ལེགས་ཆ་གང་ནས་ཀྱང་ལེན་ཆོག་གི་རེད། ཡིན་ནའང་བླངས་པ་ཙམ་གྱིས་འདུག་ཐུབ་པའི་ངེས་པ་ཡོད་མ་རེད། ཕན་ཐོགས་ཡོད་ན་འདུག་གི་རེད་མེད་ན་རིམ་པས་ཡལ་འགྲོ་ཡི་རེད། གཙོ་བོ་དེ་བོད་ཡིག་ཤེས་མཁན་མང་ཆེ་བ་བོད་ནང་ཡོད་རེད། ཡིན་ནའང་ཁོང་ཚོ་ཁོར་ཡུག་གཞན་ཞིག་གི་ནང་ན་ཡོད་དུས་ཁོང་ཚོའི་བསམ་བློ་ངོ་མ་དེ་བཀག་བཞག་ཡོད་རེད། བྱས་ཙང་དེ་མིག་དཔེ་མ་རེད། དངོས་གནས་བྱས་ན་ཕྱི་ལོགས་ལ་ཡོད་པ་དེ་ཚོས་ཕར་ཕྱོགས་ལ་ལྟ་བ་ཞིག་དང་བསམ་བློ་ཞིག་སྤྲོད་ཐུབ་པ་དགོས་རེད། ཡིན་ནའང་དེ་མེད་པས་མི་ཚད་ད་དུང་མང་པོ་ཞིག་ཕར་ཕྱོགས་ལ་རེ་བ་བྱས་ནས་བསྡད་འདུག

            བོད་ནང་ན་མཁས་པ་དང་རྣམ་དཔྱོད་ལྡན་པ། ད་དུང་འཇོན་ཐང་ཅན་དེ་འདྲ་མང་པོ་ཡོད་རེད། ཡིན་ནའང་ཁོང་ཚོ་ལ་དེ་ལས་ལྷག་པའི་དཀའ་ངལ་ཞིག་ཡོད་རེད། ཁོང་ཚོར་སྐད་ཆ་ཐད་ཀར་ཤོད་པའི་རང་དབང་མེད་དུས་སྐད་ཆ་དེ་ཚོ་ཐབས་ཤེས་གཞན་ཤིག་གི་སྟེང་ནས་ཤོད་དགོས་དུས་རྩོམ་པ་པོར་འདོད་པ་མི་ཚིམ་པས་མི་ཚད་དུས་ཚོད་མང་པོ་ཞིག་བཀོལ་དགོས་པ་དང་། ཀློག་པ་པོ་ལའང་གོ་བརྡ་ཡང་དག་ཅིག་འཕྲོད་ཀྱི་ཡོད་མེད་ཀྱི་ཐད་ནས་ཀྱང་དཀའ་ངལ་འཕྲད་ཀྱི་ཡོད་རེད། བྱས་ཙང་ཕྱི་ལོགས་ནས་ཅུང་འཐུས་ཤོར་ཕྱིན་མེད་དམ་སེམས་ཀྱིན་འདུག དེང་སང་རྩོམ་ཡིག་འབྲི་མཁན་ཧ་ལས་པའི་མང་པོ་འདུག ཡིན་ནའང་ཚང་མས་ཐུན་མོང་དུ་ཁས་ལེན་ཅིང་སྤོབས་པ་བྱེད་ཆོག་པའི་རྩོམ་ཡིག་ནི་རྙིང་པ་དེ་ཚོ་ལས་གསར་པ་གཅིག་ཀྱང་མི་འདུག འདི་ཡང་བསམ་བློ་གཏོང་དགོས་ས་ཞིག་རེད།

             སྨྱུག་སྡེ། ཁྱེད་ཀྱི་ “གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་” ཞེས་པའི་སྙན་ངག་དེས་བོད་ཀྱི་རང་མོས་སྙན་ངག་གི་སྡིངས་ཆ་སྟེང་ལང་ཚོའི་རྦབ་ཆུ་ལས་ཀྱང་ཚད་མཐོ་བའི་གོ་ས་བཟུང་ཡོད་པར་དཔྱད་བརྗོད་པ་དག་གིས་གླེངས་ཤིང་། སྙན་ངག་འདི་ཉིད་ཀྱིས་བརྗོད་དོན་མཚོན་ཐབས་གཙོ་བོ་བསྡུས་བརྗོད་ཀྱི་རྒྱན་དང་། ཡིད་བརྙན་གཉིས་བཀོལ་ཡོད་པར་འདོད་ན། དཔྱད་བརྗོད་པའི་སྐད་ཆས་ཁྱེད་ཀྱི་སྙན་ངག་གི་གཏིང་ལ་བསྙབས་ཐུབ་ཡོད་དམ། སྙན་ངག་འདིའི་བློས་བསླང་སྐོར་ཉུང་ཙམ་གསུང་རོགས།

           ལྗང་བུ། ༡༩༨༧ གཡས་གཡོན་ཞིག་ལ་ཁེལ་ཡོད་བསམས་བྱུང་། དེའི་ས་བོན་འདྲ་པོ་དེ་ཏན་ཏན་ཞིག་མི་དྲན་མོད། དམག་ཆེན་གཉིས་པ་དང་འབྲེལ་བ་ཡོད་པའི་སྙན་ངག་རིང་པོ་ཞིག་ཡིན་པ་རེད། དེ་ནས་ནམ་རྒྱུན་ང་རང་དགའ་པོ་མེད་ས་དེ། བོད་ཕྱི་ནང་གང་ནས་ཡིན་ནའང་སྙན་ངག་གི་སྐོར་ནས་སྐད་ཆ་ཤོད་དུས། རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་ཅེས་སྐུད་པ་དཀར་ནག་དྲིལ་བ་འདྲ་པོ་ཞིག་བཟོས། ད་དུང་ཁོ་གཉིས་ཕན་ཚུན་དམག་རྒྱག་གི་ཡོད་པ་འདྲ་པོ་ཞིག་བཟོས་ཡོང་གི་འདུག དེ་འདྲའི་ཕྱོགས་ཁག་གཉིས་ཆགས་པ་ཡིན་ན་སོ་སོའི་དེ་ཡག་ག་དང་སྤུས་དག་ཡིན་པ་ཞིག་བཤད་ཀྱི་རེད། བྱས་ཙང་དེ་འདྲའི་རྩོམ་རིག་གི་ལོ་རྒྱུས་ལབ་སྟངས་དེ་ངས་ཧ་གོ་ཡི་མེད་ལ། དེ་ལ་དགའ་པོ་ཡང་མེད།  རྩོམ་རིག་གི་འགྲོ་སྟངས་དེ་མང་པོ་ཡིན་པས་མི་ཚད་ཞིབ་འཇུག་གི་ཐབས་ལམ་ཡང་མང་པོ་ཡིན་དུས། དེ་ཡང་ཞིབ་འཇུག་གི་ཐབས་ཤེས་ཤིག་ཡིན་རྒྱུ་རེད་དེ། འོན་ཀྱང་དེ་ཙམ་གྱིས་ལས་སླ་པོ་ཞིག་ཀྱང་མ་རེད། སྔོན་མ་ངས་ “གཞོན་ནུ་དྲུག་གི་རྟོགས་བརྗོད་” ནང་གི་ཤློཀ་གཅིག་བཏུབས་ནས་རང་མོས་སྙན་ངག་བཟོས་པ་ཡིན། ཏག་ཏག་འགྲོ་ཡི་འདུག དེ་ནས་སྙན་ངག་དེ་མི་གཞན་པ་ལ་བསྟན་པ་ཡིན་ན། ཧ་ལས་པའི་ཡག་པོ་འདུག་སུས་བྲིས་པ་རེད་ཅེས་དྲིས་ཡོང་གི་འདུག མ་གཞི་ནས་བོད་ཀྱི་སྐད་དེ་སྙན་ངག་གི་སྐད་རེད། དཔེར་ན། ལུག་གཡང་དཀར་གཡང་དཀར་ལུག འདོ་རིག་རྟ་རྟ་འདོ་བ། ད་དུང་རྟ་འདོ་ལུ་སོགས་འདི་འདྲའི་མིང་ཚིག་མང་པོ་ཡོད་པས་མི་ཚད། གཞན་ཡང་མིང་གི་རྣམ་གྲངས་དང་མངོན་བརྗོད་སོགས་ཧ་ལས་པའི་མང་པོ་ཡོད་རེད།

            སྔོན་མ་ཡི་གེ་མི་ཤེས་པའི་མང་ཚོགས་ཀྱི་སྐད་ཆ་དེ་ཚོར་དོ་སྣང་བྱས་པ་ཡིན་ན། ཁོང་ཚོའི་སྐད་ཆ་ཤོད་སྟངས། ཚིག་བེད་སྤྱོད་བྱེད་སྟངས། དེས་བསྐྲུན་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་སོགས་ཧ་ལས་པ་རེད། བྱས་ཙང་སྙན་ངག་པའི་ཁྱད་ཆོས་གཅིག་དེ་རེད། ཁོ་རང་དེའི་ནང་ལ་ཐིམ་པའམ་བཟི་དགོས་པ་རེད། མ་གཞི་ནས་སྙན་ངག་ཟེར་བ་དེ་ཚིག་གི་རོལ་རྩེད་ཅིག་རེད། ཚིག་དེའི་ནང་ལ་ཡང་ན་དགོད་བྲོ་བ། ཡང་ན་ངུ་འདོད་པ། དེ་མིན་ཁོང་ཁྲོ་ཟ་བ་སོགས་དགོས་ཀྱི་ཡོད་རེད། གཞན་ཡང་ང་ཚོའི་སྐད་ཆ་ཞིག་བཤད་ཡོང་དུས། དེ་ཚོ་ཚིགས་བཅད་འདྲ་པོ་ཞིག་ཆགས་ཡོང་གི་འདུག དེ་བྱེད་དུས་དེང་སང་གི་རང་མོས་སྙན་ངག་དེ་ཚོའི་ཕྲད་དེ་དག་བླངས་བཞག་པ་ཡིན་ན། དེ་ཚོ་ཚིགས་བཅད་ཆགས་ཡོང་གི་འདུག བྱས་ཙང་སྙན་ངག་གི་ལས་ཀ་གཅིག་ཕྲད་བསྡུ་ཡ་དེ་རེད། འགའ་ཞིག་གིས་མ་བསྡུས་པར་བཞག་པ་རེད། དེ་གཉིས་བར་ལ་འགལ་བ་བཟོ་བའི་རྒྱུ་མཚན་དེ་ངས་ཤེས་ཀྱི་མི་འདུག སྐོར་ཞིག་གིས་ང་ཚོ་གསར་པ་ཡིན། ཁོང་ཚོ་རྙིང་པ་རེད། ང་ཚོའི་འདི་ཡག་པོ་དང་། དེ་སྡུག་ཅག་རེད་ཅེས་རྒྱག་རེས་འདྲ་པོ་ཞིག་བརྒྱབས་ནས་བཟོ་གི་མེད་འགྲོ། རྐུན་མ་མིན་ན་ལག་པ་གསུམ་ཡོད་ན་ཡག་པོ་རེད་འདུག་ག

             སྨྱུག་སྡེ། རང་མོས་སྙན་ངག་ལ་གཞུང་ལུགས་དང་ལོ་རྒྱུས་ཇི་འདྲ་ཡོད་དམ། ཁྱེད་ཀྱིས་རང་མོས་སྙན་ངག་ལ་རྒྱུས་ལོན་བྱས་ཚོད་ཅིག་ཉིང་བསྡུས་སུ་དྲིལ་ནས་གསུང་རོགས་བྱེད་དམ། བཙན་བྱོལ་ནང་ནས་ད་དུང་ཡང་རང་མོས་སྙན་ངག་ལ་རྒྱུས་ལོན་ཡོད་མཁན་ཉུང་ཉུང་རེད།

               ལྗང་བུ། རང་མོས་སྙན་ངག་གི་སྐོར་ནས་བཤད་པ་ཡིན་ན། ང་ལ་བཀག་རྒྱ་ཆེན་པོ་ཞིག་ཡོད་རེད། གང་ཡིན་ཟེར་ན་ངས་ནུབ་ཕྱོགས་ཀྱི་སྐད་ཡིག་དང་ལྷག་པར་དུ་ཁོང་ཚོའི་ནམ་རྒྱུན་གྱི་སྐད་དང་སྙན་ངག་གི་སྐད་གཉིས་ཀྱི་ཁྱད་པར་དེ་ཡག་པོ་ཞིག་ཤེས་ཀྱི་ཡོད་པ་མ་རེད། ཇི་ཙམ་གྱིས་སྐད་ཀྱི་གཏིང་ལ་འགྲོ་མ་ཐུབ་ན་དེ་ཙམ་གྱིས་སྙན་ངག་གི་གཏིང་ལ་འགྲོ་བའི་ནུས་པ་དེ་ང་ལ་མི་འདུག ཡིན་ནའང་ང་རང་གིས་གོ་བ་ལེན་སྟངས་བྱས་པ་ཡིན་ན་རང་མོས་སྙན་ངག་གི་རྣམ་པ་དེ་ཡུ་རོབ་ཀྱི་སྐད་ནང་ལ་ཡོང་བདེ་བ་ཞིག་རེད། ཁོང་ཚོ་ལ་ཡི་གེ་འབྲི་དུས་ཀྱང་ཐིག་ཕྲེང་རེ་རེ་ལ་ཡི་གེ་མང་ཉུང་གི་ཁྱད་པར་འདུག སྐད་ཀྱི་སྟེང་ནས་བཤད་ནའང་དཔེར་ན་དབུས་གཙང་གི་སྐད་དེ་ཡི་གེའི་སྒང་ལ་འབྲི་མི་ཐུབ་པ་ཕལ་ཆེར་མེད་པ་འདྲ་པོ་ཞིག་རེད། ཨ་མདོའི་སྐད་དེ་སྒྲ་ཇི་མ་ཇི་བཞིན་ཡི་གེའི་སྒང་ལ་བྲིས་པ་ཡིན་ན་འབྲི་མཁན་དང་ཀློག་མཁན་གཉིས་ཀས་གོ་ཐུབ་རྒྱུ་མ་རེད། བྱས་ཙང་སོ་སོའི་སྐད་དེ་ཡི་གེ་དང་ཐག་ཉེ་མི་ཉེའི་ཁྱད་པར་ཞིག་འདུག དབུས་གཙང་གི་སྐད་དེ་ཡི་གེ་དང་ཁ་ཐག་ཉེ་བས་མི་ཚད་དེ་ལ་ལྷོད་ཤ་ཞིག་ཡོད་རེད། ཇི་ཙམ་གྱིས་ལྷོད་ཆ་ཆེ་ན་དེ་ཙམ་གྱིས་ཚིགས་བཅད་སྙན་ངག་ལས་རང་མོས་སྙན་ངག་གི་རྣམ་པ་དེ་ཡག་ག་དང་སྙིང་རྗེ་བ་ཆགས་ཀྱི་རེད། དེ་ནས་ང་ཚོ་ལ་ཡོད་ན་མེད་ན་དེ་མགུར་དང་གླུ་སོགས་ཀྱིས་གཙོས་པའི་ལྔ་ཚིག་དང་དྲུག་ཚིག་དེ་ཚོ་རེད། ཚིག་དེ་ཚོའི་ནང་ན་ནི་སྒྲ་མང་པོ་ཞིག་ཡོད་རེད། ནི་སྒྲ་དེ་མཚམས་རེར་འབྲེལ་སྒྲ་དང་། མཚམས་རེར་ལྷག་བཅས། ད་དུང་སྐབས་རེར་ཁ་སྐོང་སོགས་ལའང་འཇུག་གི་ཡོད་རེད། དཔེར་ན། མཆོད་ཆང་སྦྲང་རྩིའི་སྙིང་པོ་ཟེར་བ་ལ། མཆོད་ཆང་ལ་ནི་སྦྲང་རྩིའི་སྙིང་པོ། ཟེར་བ་ལྟ་བུ། མང་ཚོགས་ཀྱི་ཁ་ལ་ད་ལྟའང་འཇགས་བསྡད་ཡོད་རེད།

            བྱས་ཙང་ང་ཚོ་ལ་ཁ་སྐད་ཚད་ལྡན་ཞིག་ཡོད་པ་དང་། ཞི་འཇམ་རང་བཞིན་ཅན་གྱི་སྐད་དེ་ཡི་གེ་དང་ཧ་ཅང་གིས་ཐག་ཉེ་བ། ད་དུང་ཚིག་གི་བརྗོད་པ་དང་མིང་གི་རྣམ་གྲངས་ཧ་ཅང་གིས་མང་བ། སྐད་དེའི་གཤིས་ཀ་དེ་ཡང་སྙན་ངག་གི་རང་བཞིན་ཅན་ཡིན་པ་བཅས་དེ་དག་ང་ཚོའི་མ་རྩ་ངོ་མ་དེ་རེད། མ་རྩ་དེའི་སྒང་ནས་ང་ཚོས་ཚོད་ལྟ་བྱེད་ཆོག་གི་རེད། ཡང་གཅིག་བཤད་ན་ལོ་སུམ་ཅུ་འདིའི་རིང་ལ་ང་ཚོས་ཚོད་ལྟ་བྱེད་བཞིན་པ་རེད། སོ་སོའི་འབད་བརྩོན་དང་རྣམ་དཔྱོད་ཀྱིས་འདང་བ་ཡིན་ན་གཅིག་བྱས་ན་གང་ཟག་སོ་སོའི་ལུགས་གསར་པ་ཞིག་ཀྱང་ཡོང་ཐུབ་ཀྱི་རེད། གཞན་འདི་རེད་དང་དེ་རེད་ཅེས་ང་ལ་དམིགས་བསལ་བཤད་རྒྱུ་ཅང་མི་འདུག

            སྨྱུག་སྡེ། བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་རྒྱན་གྱི་མཛེས་བཀོད་གཙོ་བོ་དང་། རང་མོས་སྙན་ངག་གི་སྒྱུ་རྩལ་གྱི་འགུགས་ཤུགས་དེ་བརྗོད་བྱ་རྗོད་བྱེད་གང་གི་སྟེང་ན་ཡོད། ཡང་ན་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་ཤུགས་ཆེ་ཆུང་ལ་རག་ལས་སམ། ཁྱེད་ཀྱིས་བོད་ཀྱི་སྙན་ངག་གི་སྒྱུ་རྩལ་ལ་སྤྱི་ཡོངས་ནས་ཉམས་སུ་མྱོང་སྟངས་ཤིག་གསུང་རོགས།

             ལྗང་བུ། སྤྱིར་སྙན་ངག་སྐོར་གྱི་ལྟ་ཚུལ་དང་གཞུང་ལུགས་དེ་ཚོ་རྒྱ་ཆེན་པོ་ཞེ་དྲགས་རེད། ལུང་པ་འདི་དང་མི་རིགས་དེའི་གཞུང་ལུགས་ལབ་པ་ནང་བཞིན་ཞིག་མི་འདུག དེ་ལ་ཁག་ཡོད་མ་རེད། དཔེར་ན་དཔལ་འབྱོར་ཡོད་པ། ནུས་པ་ཡོད་པ། འཇོན་ཐང་ཡོད་པ། ད་དུང་ཤེས་ཡོན་དང་ལག་ལེན་ཡོད་པ་དེ་ཚོས་ཁྲིམས་ཤིག་བཟོས་པ་ཡིན་ན། ང་ཚོ་ཉམ་ཆུང་དེ་ཚོ་དེའི་འོག་ལ་མ་ཕྱིན་རང་ཕྱིན་རེད་འདུག་ག  དེང་སང་ཚང་མ་ནུབ་ཕྱོགས་ཀྱི་སྒྲོམ་གཞི་དེའི་སྒང་ལ་འགྲོ་ཡི་ཡོད་དུས། ང་ཚོ་སྒྲོམ་གཞི་དེའི་འོག་ལ་འདུག་གི་མིན་ལབ་ན། འདུག་ཐུབ་ཀྱི་རེད་དེ་ཡིན་ནའང་བྲག་ཕུག་ནང་ལ་འདུག་རྒྱུ་ལས་གཞན་ཡོད་མ་རེད། ཡིན་ནའང་ང་ཚོ་བྲག་ཕུག་ནང་ལ་འདུག་ཐུབ་ཀྱི་མི་འདུག་ག། བྱས་ཙང་འགྲོ་བ་མིའི་སེམས་ཁམས་དང་བསྟུན་པ་ཡིན་ན་མཐའ་གཅིག་ཏུ་འདི་རེད་དང་དེ་མ་རེད་ཅེས་པའི་སྒྲོམ་གཞི་ཞིག་མི་འདུག དེའི་རྗེས་ནས་མི་སྒེར་པ། དཔེར་ན། ང་ཚོ་རྩོམ་པ་པོ་ལྟ་བུ་ཞིག་ལ་མཚོན་པ་ཡིན་ན། ང་ཚོའི་རྩོམ་རིག་རིང་ལུགས་དང་དེ་ཚོའི་རྩོམ་རིགས་རིང་ལུགས་ཞེས་གཅིག་གྱུར་གྱི་བསམ་བློ་དེ་རྒྱའི་འགྲོ་སྟངས་རེད། དཔེར་ན་ཁོང་ཚོས་ཚོགས་འདུ་ཞིག་ཚོགས་པ་ཡིན་ནའང་། གྲོས་འཆམ་གཅིག་གྱུར་དང་ལྟ་བ་གཅིག་གྱུར། ད་དུང་རྒྱལ་ཁབ་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་སོགས། ལྟ་ཕྱོགས་གཅིག་ལས་ལྟ་ཕྱོགས་མ་འདྲ་བ་ཡོང་ཆོག་གི་ཡོད་མ་རེད།

            བྱས་ཙང་རྩོམ་རིག་ལ་ཁྲིམས་ཡོད་པ་མ་རེད། མེད་བཞིན་དུ་ང་ཚོས་དེ་ལ་ཁྲིམས་བཟོ་དགོས་དོན་མི་འདུག ཡིན་ནའང་དཔེར་ན་ཆུ་ཆེན་པོ་ཞིག་གི་ངོས་ནས་བལྟས་པ་ཡིན་ན། ཆུ་དེ་སྨན་ཆུ་རེད་དམ་ཡང་ན་དུག་ཆུ་རེད། ཆུ་དཀྱུས་མ་ཞིག་རེད་དམ་ཡང་ན་ཡན་ལག་བརྒྱད་ལྡན་ཞིག་རེད། དེ་བཞིན་དུ་མི་སྒེར་པ་རེ་ལ་མཚོན་ན། ཁོ་རང་གི་རྩོམ་དེ་ཟུར་ཟ་རེད་དམ་ཡང་ན་དགག་རྒྱག་རེད། ཁོའི་རྩོམ་ལ་ཁྱད་ཆོས་ག་རེ་འདུག  གང་གི་ཕྱོགས་སུ་གཏོགས་པ་རེད། དེ་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་འདུག་གམ་མི་འདུག སྐད་ཆ་འདི་ཚོ་གང་ཟག་སྒེར་པ་ཞིག་གི་སྐད་ཆ་ཡིན་པ་ལས་རྩོམ་རིག་སྤྱི་ཡོངས་ཀྱི་སྐད་ཆ་ཞིག་མ་རེད། དེ་ཡིན་དུས་ཆོས་ལུགས་ཤིག་ཡིན་ན། དེ་ལ་ཁུངས་དགོས་པས་མི་ཚད། དེ་ཡང་ཡང་དག་ཅིག་ཡིན་དགོས་པ་རེད། ཡིན་ནའང་རྩོམ་རིག་ཟེར་བ་དེ་སྒྱུ་རྩལ་པ་སྒེར་རེའི་བསམ་བློ་ལས་བྱུང་བ་ཡིན་དུས། དེ་ལ་ཁུངས་དགོས་མ་རེད། བྱས་ཙང་ཚོགས་པ་དང་ཤོག་ཁག་བཟོས་ནས་རིས་སུ་གཅོད་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། རང་མོས་སྙན་ངག་ཟེར་དུས་མཐའ་གཅིག་ཏུ་འདི་རེད་ཅེས་ལབ་ཐུབ་རྒྱུ་ཡོད་མ་རེད། མི་སོ་སོས་འགྲེལ་བཤད་རྒྱག་སྟངས་མི་འདྲ་བས་མི་ཚད་འབྲི་སྟངས་དང་གོ་བ་ལེན་སྟངས་ཀྱང་མ་འདྲ་བ་རེད།

             བྱས་ཙང་རང་མོས་དང་སྲོལ་རྒྱུན་ཞེས་རིས་སུ་བཅད་པ་མ་ཡིན་པར། གཙོ་བོའི་དམིགས་ཡུལ་དེ་རྩོམ་པ་པོས་ག་རེ་ལབ་ཀྱི་འདུག ལབ་བཞག་པ་དེ་ང་ཚོས་གོ་བརྡ་འཕྲོད་ཀྱི་འདུག་གམ་མི་འདུག མི་འདུག་ན་ག་རེ་བྱས་ནས་གོ་བརྡ་མ་འཕྲོད་པ་རེད་ཅེས། དེ་ཚོའི་སྐོར་ལ་ཞིབ་འཇུག་བྱ་རྒྱུ་དེ་གཙོ་བོ་ཞིག་རེད། ནམ་རྒྱུན་ནས་སྙན་ངག་པ་དང་ཞིབ་འཇུག་པ་དེ་ཚོས་ཡིད་བརྙན་དང་རྟོག་བཏགས་སོགས་ཐ་སྙད་ཁ་ཤས་བེད་སྤྱོད་གཏོང་གི་འདུག ཡིན་ནའང་ཡིད་བརྙན་གྱི་ལྟ་བ་དེ་ཤར་ཕྱོགས་རང་ནས་བྱུང་བ་ཞིག་རེད། དཔེར་ན་རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཀྱི་ཚིགས་བཅད་དེ་ཚོ་ལ་བལྟས་པ་ཡིན་ན། ཚིགས་བཅད་གཅིག་གི་ནང་ལ་སྒྲུང་ཆ་ཚང་ཞིག་བསླེབས་ཐུབ་ཀྱི་འདུག དེ་ག་ནང་བཞིན་དབུས་གཙང་གི་གཞས་ཚིག་ཤློཀ་གཅིག་གི་ནང་ལའང་སྒྲུང་ཆ་ཚང་ཞིག་ཐོན་ཐུབ་ཀྱི་འདུག ཡི་གེ་ཉི་ཤུ་རྩ་བཞིའི་ནང་ལ་སྒྲུང་ཞིག་ཐོན་ཐུབ་པ་བྱ་རྒྱུ་དེར་ཧ་ཅང་གི་རྩལ་ཞིག་དགོས་ཀྱི་རེད། དཔེར་ན། “གྲུ་ཤན་སེམས་པ་མེད་ཀྱང་། །རྟ་མགོས་ཕྱི་མིག་ལྟ་གི །ཁྲེལ་གཞུང་མེད་པའི་བྱམས་པས།། ང་ལ་ཕྱི་མིག་མ་བལྟས།།” འདི་ལྟ་བུ་ཞིག་ལ་མཚོན་པ་ཡིན་ན། སྐབས་དེའི་ཁོར་ཡུག་དང་གནས་སྟངས་དེ་ཚོ་ང་ཚོའི་ཀླད་པའི་ནང་ཁྲ་ལམ་ལམ་ལ་ཤར་ཡོང་གི་འདུག་ག  བྱས་ཙང་འདི་དག་ང་ཚོའི་ཆེས་ཕུན་སུམ་ཚོགས་པའི་རྩལ་ཞིག་ཆགས་ཀྱི་ཡོད་རེད།

            དེ་ཡིན་དུས་ཡིད་བརྙན་གྱི་ལྟ་གྲུབ་དང་གཞུང་ལུགས་ཞེས་ལབ་ཡོང་དུས། ལག་ལེན་གཙོ་བོ་དེ་དཔེར་ན་ཨིཛ་ར་པོའུནཌ་[1](Ezra Pound) ཀྱི་ས་འོག་མེ་འཁོར་འབབ་ཚུགས་[2] འདྲ་པོ་ཞིག་རེད། ཐིག་ཕྲེང་གཉིས་མ་གཏོགས་ཡོད་མ་རེད། དང་ཐོག་ཁོ་ཚོས་ཀྱང་ཤར་ཕྱོགས་ཀྱི་ལྟ་བ་དེ་བླངས་ནས་དེའི་རྒྱུན་བསྐྱངས་པ་འདྲ་པོ་ཞིག་རེད། བྱས་ཙང་ང་ཚོ་ལ་ལག་ཆ་དེ་ཡོད་བཞིན་དུ་དེ་ལ་ང་རྒྱལ་མ་བྱས་ནས་ད་དུང་ཕར་ཕྱོགས་དང་ཕར་ཕྱོགས་ཞེས་ལབ་དགོས་ཡ་མི་འདུག ད་དུང་གལ་ཆེ་བ་ཞིག་ལ་གཞན་དག་ཅིག་ཚུར་བླངས་པ་ཡིན་ན། རང་ཉིད་ལ་ཡོད་པའི་རྨང་གཞི་དེ་ཕར་གཡུགས་དགོས་ཡ་དེ་བས་ཀྱང་མི་འདུག

             སྨྱུག་སྡེ། ཁྱེད་ཀྱི་ “སོག་རུས་ལས་མཆེད་པའི་རྣམ་ཤེས་” དང་། “ཆ་མི་འགྲིག་པའི་ལྷམ་” ལྟ་བུའི་བོད་ཀྱི་བརྩམས་སྒྲུང་ཁོར་ཡུག་ནང་གོ་བབ་མཐོན་པོ་བཟུང་བའི་སྒྲུང་རྩོམ་ཡང་མི་ཉུང་བ་ཞིག་ཡོད། རྩོམ་པ་པོ་ཞིག་གིས་རྩོམ་ཡིག་གྲུབ་ཆ་མི་འདྲ་བ་མང་པོ་མཉམ་འབྲི་བྱས་ན། ཕན་ཚུན་ཤུགས་རྐྱེན་བཟང་ངན་ཐེབས་ཚུལ་ཇི་འདྲ་ཡིན་ནམ། སྒེར་གྱི་ཉམས་མྱོང་གསུང་རོགས།

               ལྗང་བུ། འདི་ཚོ་ལ་མི་ཚོས་དོ་སྣང་བྱེད་པའི་རྒྱུ་མཚན་འདྲ་པོ་དེ་སློབ་གྲྭ་ཆེན་མོའི་སློབ་ཚན་ནང་བཞག་ཡོད་པས་མིན་ནམ་སྙམ། སློབ་དེབ་ནང་བཅུག་པ་ཡིན་དུས་ཚང་མས་ཡག་པོ་ཡིན་ཤག་ཤག་གིས་འགྲེལ་བཤད་རྒྱག་གི་ཡོད་རྒྱུ་རེད། ཡིན་ནའང་བོད་ཀྱི་རྩོམ་རིག་ནང་གོ་བབ་གལ་ཆེན་བཟུང་ཡོད་ཟེར་བ་དེ་ངས་ཤེས་ཀྱི་མེད། ཡིན་ངོ་མ་དེ་སློབ་དེབ་ནང་བཞག་པ་ཙམ་ཞིག་རེད། དེ་ནས་”སོག་རུས་ལས་མཆེད་པའི་རྣམ་ཤེས་”ཟེར་བ་དེ་ང་ཚོའི་མི་རྒྱུད་ནང་སོག་རིགས་ཡོད་རེད། བྱས་ཙང་མི་མང་པོ་ཞིག་གིས་དེ་ལ་གོ་བ་ལེན་གྱི་ཡོད་པ་འདྲ། གལ་སྲིད་དེ་འདྲ་ཡིན་ན་གཏན་ནས་ནོར་བ་རེད། སོག་རུས་ཟེར་དུས་སོག་པའི་རུས་པ་ཟེར་བས་མི་ཚད་དེ་ལ་རྒྱབ་ལྗོངས་ཡོད་རེད། སོག་པའི་རུས་པ་མེ་ལ་བསྲེགས་ཤིང་དེའི་སྟེང་དུ་མངོན་པའི་རི་མོ་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་ཚུལ་རྟོག་ཞིབ་བྱེད་པའམ་ཡང་ན་མོ་རྒྱག་ཚུལ་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས་མི་ཚད། ཏུན་ཧོང་གི་ཡིག་ཆའི་ནང་ལའང་དེའི་སྐོར་འདུག

            གཞན་ཡང་བོན་གྱི་ཆོ་ག་དེ་ཚོའི་ནང་ལའང་ཕྱྭ་དང་གཡང་ཞེས་པའི་ཐ་སྙད་ཡོད་པས་མི་ཚད། ང་ཚོའི་ཁ་སྐད་ནང་ལའང་གཡང་དཀར་ལུག་ཅེས་ལབ་ཡོང་དུས། དེ་ཚོ་ལ་འབྲེལ་བ་ཞིག་གཏན་གཏན་འདུག ད་དུང་རྒྱ་རིགས་ལ་མཚོན་པ་ཡིན་ན་རུས་པའི་སྟེང་ལ་བྲིས་པའི་ཡི་གེ་དེ་ཆེས་རྙིང་པ་ཡིན་ཟེར་གྱི་ཡོད་རེད།  དེ་འབྲི་ས་དེ་ཡང་རུས་སྦལ་གྱི་ཤུན་སྐོགས་དང་ལུག་གི་སོག་རུས་ཆགས་ཀྱི་ཡོད་རེད། སྐབས་དེར་རྒྱ་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་མཁན་བཀྲ་ཤིས་ཟླ་བས་ “བོད་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས་” ཟེར་བའི་སྒྲུང་རྩོམ་ཞིག་བྲིས་ནས་དུས་དེབ་སྟེང་ལ་བཀོད་པ་དེ་སྐད་གྲགས་ཕྱིན་པ་རེད། དེ་སྐད་གྲགས་ཕྱིན་པའི་རྒྱུ་མཚན་དེ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་འབྲི་སྟངས་དེ་གསར་དུ་ཁྱེར་ཡོང་བས་རེད་ཟེར་གྱི་ཡོད་རེད། བྱས་ཙང་ངས་དེ་ལ་མོས་མཐུན་མེད་པའི་རྣམ་པའི་སྟེང་ནས་བྲིས་པ་ཞིག་རེད།  འོན་ཀྱང་འབྲི་སྟངས་དེ་དངོས་ཡོད་དང་རྨི་ལམ་འདྲེས་འདྲེས་བཏང་ནས་བྲིས་པ་ཞིག་རེད།

            སྤྱིར་བཏང་གི་ཆ་ནས་བོད་ལ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་དང་ཆ་འདྲ་ས་མང་པོ་འདུག དཔེར་ན་རི་དེའི་ནང་ལ་ལྷ་ཡོད་ཚུལ་དང་། ཆུ་དེའི་ནང་ལ་འདྲེ་ཡོད་ཚུལ། རྩྭ་རྩི་ཤིང་དེ་ཚོའི་ནང་ལའང་སྲོག་ཞུགས་ཡོད་ཚུལ་སོགས་རང་བྱུང་ཁམས་ལ་ངོས་འཛིན་བྱེད་སྟངས་དང་། ད་དུང་གང་ཟག་སྒེར་ངོས་ལ་བལྟས་ནའང་ལས་དབང་དང་རླུང་རྟ་ཟེར་བ་ལྟ་བུ་མང་པོ་འདུག་ག བྱས་ཙང་ཁོང་ཚོས་ཕྱི་རྒྱལ་གྱི་རྩོམ་ཡིག་ཅིག་ལ་བརྟེན་ནས་དེ་འདྲ་པོ་ཞིག་འབྲི་ཡི་ཡིན་ཟེར་གྱི་ཡོད་རེད། ངས་ལབ་འདོད་པ་དེ་ཁོ་ཚོས་གང་ལབ་དེ་ང་ཚོ་ལ་ཏག་ཏག་འདུག་ཅེས་ཤོད་ཀྱི་ཡོད་རེད། དེ་ནས་ “ཆ་མི་འགྲིག་པའི་ལྷམ་” ལ་མཚོན་པ་ཡིན་ན། དགེ་རྒན་དང་དཔྱད་བརྗོད་པ་རེ་ཟུང་གི་སྐད་ཆར་ངས་བལྟས་པ་ཡིན། ཁོང་ཚོས་སྲོལ་རྒྱུན་དང་དེང་རབས་ཀྱི་འགལ་ཟླ་མཚོན་གྱི་ཡོད་རེད་ཅེས་དེའི་སྟེང་ལ་ཤུགས་རྒྱག་གི་འདུག དངོས་གནས་བྱས་ན་དེའི་བྱུང་རིམ་དེ་སྐབས་དེར་བྱིས་པ་ཚོར་འོས་འཚམ་ཡིན་པའི་སྒྲུང་རྩོམ་དཔེ་ཉུང་ཉུང་རེད། བྱས་ཙང་སྐབས་དེར་ཚེ་རིང་དོན་གྲུབ་ངེད་གཉིས་ཀྱིས་དེའི་སྐོར་ལ་སྐད་ཆ་བྱེད་རྒྱུ་བྱུང་། བྱས་ཙང་ངས་དེ་བྱིས་པ་ཚོ་ཀློག་སྤྲོ་བའི་ཆེད་དུ་བྲིས་པ་འདྲ་པོ་ཞིག་རེད།

            སྒྲུང་གི་ནང་ལ་བྱིས་པ་ཞིག་གིས་གོན་ནོར་ཐེབས་ནས་ལྷམ་ཆ་མི་འགྲིག་པ་གྱོན་ནས་འགྲོ་དུས། ལམ་གཡས་གཡོན་གྱི་མི་དེ་ཚོ་ཧ་ལས་ལས་བྱས་པས་མི་ཚད་སློབ་གྲྭའི་དགེ་རྒན་གྱིས་བཀའ་བཀྱོན་བཏང་བ་རེད། སྐབས་དེར་བྱིས་པ་ཆུང་ཆུང་དེས་ལྷམ་ཞིག་ནོར་བ་ལ་ཧ་ལས་པ་དང་བཀའ་བཀྱོན་བཏང་བ་དེར་ཧང་སང་བ་རེད། བྱས་ཙང་ངས་མི་རྒན་པ་ཚོས་བྱིས་པ་ལ་སློབ་གསོ་གཏོང་སྟངས་དང་། བྱིས་པའི་སེམས་ཁམས་ལ་གུས་ཞབས་མེད་པ་དེ་མཚོན་པ་མ་གཏོགས། སྲོལ་རྒྱུན་ལ་གདོང་ཐུག་བརྒྱབས་པ་དང་དགག་པ་བརྒྱབས་པ་རེད་ཅེས་བཤད་ན། དེ་ངས་ཁས་ལེན་མི་ཐུབ་ལ། མ་གཞི་ནས་ང་དེ་རིགས་ལ་དགའ་པོ་ཡང་མེད། མ་གཞི་ནས་ང་རང་གི་སྒྲུང་རྩོམ་དང་པོ་དེ་རྒྱ་མིའི་རུལ་སུངས་ངོ་རྒོལ་ཟེར་བའི་རུལ་སུངས་ཀྱི་སྐོར་ལ་རེད། སྒྲུང་གི་ནང་ལ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཅིག་དང་བོད་རིགས་ཁ་ལོ་བ་གཅིག་བཅས་ཁོ་གཉིས་རླངས་འཁོར་བཏང་ནས་ཕྱིན་པ་རེད། རྒྱ་མིས་ལོ་ཉི་ཤུའི་ལས་ཀ་དེ་ལོ་གཅིག་གི་ནང་ལ་བྱེད་ཀྱི་ཡིན་ཟེར་བ་ལྟར། འགོ་དཔོན་གྱིས་ཁ་ལོ་བར་རླངས་འཁོར་མགྱོགས་པོ་གཏོང་དགོས་པའི་ཨུ་ཚུགས་མཐར་སྐྱེལ་བྱས་ཡོང་དུས། མི་ཞིག་དང་གདོང་ཐུག་བརྒྱབས་ནས་བསད་པ་རེད། མཐའ་མ་དེར་ཁ་ལོ་བར་མི་བསད་པའི་ནག་ཉེས་འོག་བཙོན་ཁང་ནང་བཅུག་པ་རེད། སྒྲུང་དེའི་མིང་ལ་”ཆག་སྒོ་”ཟེར་བ་རེད། བྱས་ཙང་ངས་སྒྲུང་རྩོམ་ནང་ལ་དགག་པ་ཞིག་རྒྱག་གི་ཡོད་ན། སྤྱི་ཚོགས་དེའི་ནང་ལ་སུས་ནོར་བ་དེར་དགག་པ་རྒྱག་པ་ལས་སྲོལ་རྒྱུན་ལ་དགག་པ་རྒྱག་གི་ཨེ་ཡོད་ན། མ་གཞི་ནས་དེའི་ཤུགས་རྐྱེན་ཏོག་ཙམ་ཞིག་ཡོད་རེད། ང་ཚོ་ཆུང་ཆུང་ཡིན་དུས་ནས་བོད་ཀྱི་རྙིང་པ་ཐམས་ཅད་ཀླ་ཀློ་ཡིན་པ། མུན་ནག་ཡིན་པ་སོགས་མང་པོ་གོ་བསྡད་ཡོད་རེད།

            སྤྱིར་བཏང་བོད་ལ་དཔེ་ཁང་འདྲ་མིན་དང་དུས་དེབ་འདྲ་མིན་སྟེང་ལ་སྒྲུང་རྩོམ་བཀོད་པ་མང་པོ་རེད་དེ། སྒྲུང་རྩོམ་གཅིག་པུ་ལོགས་སུ་བྱས་ནས་དཔེ་དེབ་བཟོས་པ་ཡིན་ན་དེབ་ལྔ་བཅུ་ཙམ་ཞིག་ཆགས་ཡོད་དམ། མི་རིགས་གཞན་པ་ཞིག་ལ་བསྡུར་པ་ཡིན་ན་ལོ་གཅིག་གི་ནང་ལ་ཚང་མ་བཀླགས་ཚར་བ་རེད། ལོ་གཉིས་པ་ནས་བཀླག་རྒྱུ་ལྷག་ཡོད་མ་རེད། བྱས་ཙང་ང་ཚོས་ཡར་རྒྱས་ག་ཚོད་ལབ་ནའང་ད་དུང་འདོད་པ་མ་ཚིམ་པ་འདྲ་པོ་ཞིག་རེད། ཡིན་ནའང་ཁག་ཡོད་མ་རེད། ང་ཚོ་འཛམ་གླིང་གི་འགྲོ་སྟངས་ནང་ལ་འཛུལ་བ་དེ་ཅུང་ཕྱི་པོ་ཞིག་ཆགས་བསྡད་ཡོད་རེད།རྩོམ་རིག་ལ་ཐོག་མར་འཇུག་དུས་སོ་སོས་འདི་སྒྲུང་རྩོམ་རེད། འདི་སྙན་ངག་རེད་ཅེས་དབྱེ་བ་ཕྱེས་ནས་འགྲོ་རྒྱུ་ལས་ཞིབ་ཆའི་དབྱེ་བ་དེ་འདྲ་ཡོད་ས་མ་རེད། གཉིས་ཀ་ཚིག་གི་རོལ་རྩེད་ཅིག་རེད། ངས་བལྟས་ན་དེ་གཉིས་ལ་རྩ་བའི་ཆ་ནས་འགལ་ཟླ་མི་འདུག སྙན་ངག་འབྲི་དུས་སོ་སོས་སྙན་ངག་ལ་རོལ་མྱོང་བྱས་པ་དེ་གཞི་བཟུང་ནས་འབྲི་ཡི་རེད་ལ། སྒྲུང་རྩོམ་འབྲི་དུས་ཀྱང་སོ་སོས་སྒྲུང་རྩོམ་ལ་རོལ་མྱོང་བྱས་པ་དེ་གཞི་བཟུང་ནས་བྲིས་ཡོང་དུས་དེ་གཉིས་ལ་མི་འདྲ་བ་དམིགས་བསལ་ཅང་མི་འདུག་དྲན་གྱི་འདུག དེ་ནས་མི་ཚོས་སྒྲུང་རྩོམ་འབྲི་དུས་སྤྱི་ཚོགས་ལ་འགན་འཁུར་དགོས་པའི་ཁུར་པོ་ཆེན་པོ་ཞིག་འགེལ་གྱི་ཡོད་རེད། ཡིན་ནའང་ངའི་སྒྲུང་རྩོམ་ནང་ལ་དེ་རིགས་མེད། དཔེར་ན་”གསེར་ཉ་”དང་”ལྷ་སའི་ཟླ་བ་”ལྟ་བུ་རྩེད་མཚར་དང་ཟུར་ཟའི་སྐོར་ཤུགས་ཆེ་བ་རེད། དེ་ཡིན་དུས་རྩོམ་རིག་དེ་རོལ་རྩེད་ཅིག་ལ་ངོས་འཛིན་དུས། དེའི་སྐད་ཆ་ཤོད་སྟངས། བསམ་བློ་གཏོང་སྟངས། སྒྲོམ་གཞི་འཇོག་སྟངས། སྒྲུང་ཤོད་སྟངས་དེ་ཚོ་ལ་དོ་སྣང་བྱེད་དགོས་པ་ཞིག་རེད། སྙན་ངག་ཡིན་ནའང་དེ་འདྲ་པོ་ཞིག་རེད།

            ཡིན་ནའང་དང་པོ་སྙན་ངག་བྲིས་ཤིང་རྗེས་ནས་སྒྲུང་རྩོམ་འབྲི་བ་ལས། དང་པོ་སྒྲུང་རྩོམ་བྲིས། རྗེས་ནས་སྙན་ངག་འབྲི་མཁན་ཞིག་ཕལ་ཆེར་མེད་པ་འདྲ་པོ་ཞིག་རེད་འདུག སྙན་ངག་པ་སྐད་གྲགས་ཆེན་པོ་ཞིག་གིས་སྒྲུང་རྩོམ་ཞིག་བྲིས་པ་ཡིན་ན། རྩོམ་པ་པོའི་མིང་གི་ཁྱད་པར་གྱིས་སྒྲུང་རྩོམ་དེ་སྐད་གྲགས་འགྲོ་སྲིད་པ་རེད། ཡིན་ནའང་སྒྲུང་རྩོམ་ཁོ་རང་གི་ཚད་གཞིའི་སྟེང་ནས་བལྟས་པ་ཡིན་ན། དེ་ཙམ་སྤུས་དག་མིན་པ་ཡོང་སྲིད་ཀྱི་རེད། བྱས་ཙང་ང་ཚོ་ལ་མེད་པ་དེ་ཆེད་ལས་རུ་ཁག་པ་རེད། ཡིན་ནའང་ཧ་ཅང་གིས་ཞིབ་ཚགས་པོ་དང་གཏིང་ངོ་མ་ལ་འཛུལ་བ་ཡིན་ན། དེ་གཉིས་ཁ་ཁ་འདྲ་པོ་ཞིག་རེད། དཔེར་ན་སྙན་ངག་པ་ངོ་མ་ཞིག་ཡིན་ན་ཁོའི་དུས་ཚོད་མང་ཆེ་བ་དེ་སྙན་ངག་རང་གི་སྒང་ལ་གཏོང་དགོས་དུས། གཞན་པ་དེ་ལ་དུས་ཚོད་འདོན་ཐུབ་ཀྱི་མ་རེད་པ།

            སྨྱུག་སྡེ། ལྷ་བྱམས་རྒྱལ་གྱིས་རང་ཉིད་ཀྱི་བརྩམས་སྒྲུང་ “བོད་ཀྱི་གཅེས་ཕྲུག་གླེང་བ་” བརྒྱུད་ནས་བོད་རྩོམ་ཁོ་ན་བྲིས་ཏེ་འཚོ་བ་སྐྱེལ་རྒྱུ་ནི་ཅུང་དཀའ་ལས་ཡིན་པར་བརྗོད་འདུག དེ་བས་བོད་ཀྱི་རྩོམ་རིག་དང་བོད་ཀྱི་རྩོམ་པ་པོའི་འཚོ་བ་གཉིས་ཀྱི་འབྲེལ་བ་ཇི་འདྲ་ཡིན་ནམ། ཁྱེད་རང་སྒེར་ལ་དེ་འདྲའི་བསམ་ཚུལ་བྱུང་མྱོང་ངམ།

            ལྗང་བུ། དེ་རྒྱབ་ལྗོངས་རིང་པོ་འདྲ་ཞིག་རེད། ང་ཚོ་ལ་སློབ་གསོའི་ཆ་ནས་ཅུང་སྐྱོ་པོ་ཡིན་ནའང་མི་འབོར་གྱི་ཆ་ནས་དེ་ཙམ་སྐྱོ་པོ་མ་རེད། གཞན་ཡང་གྲྭ་ས་ཁག་ལ་ཡིན་ནའང་སྙན་ངག་དེ་ཚོ་ཐ་སྙད་རིག་གནས་ཞེས་ཏོག་ཙམ་མཐོང་ཆུང་གི་རྣམ་པ་འདྲ་པོ་ཞིག་ཀྱང་ཡོད་རེད། དེ་ནས་སྐུ་དྲག་གི་ཁྲོད་ལ་ཁོང་ཚོ་མཁས་ཉམས་སྟོན་ཆེད་ཐ་སྙད་རིག་གནས་གང་འཚམ་སྦྱངས་ཡོད་རེད། གང་ལྟར་སྐབས་དེར་རྟོགས་བརྗོད་དང་རྣམ་ཐར། མགུར་སོགས་ཀྱི་རིགས་གང་འཚམ་བྱུང་ཡོད་རེད། འོན་ཀྱང་དུས་སྐབས་དེར་མདོ་སྨད་ཕྱོགས་སུ་ཕན་ཚུན་ཡི་གེ་རེ་གཏོང་བ་དང་ཆབ་ཤོག་འདྲ་བསྐུར་བ་མ་གཏོགས། གཞན་དམིགས་བསལ་བྱུང་མི་འདུག དེ་ཡིན་དུས་རྩོམ་ཡིག་བྲིས་ནས་འཚོ་བ་སྐྱེལ་རྒྱུའི་བསམ་བློ་དེ། སྐབས་དེར་ཡོད་མ་རེད་ལ། ཡོད་དགོས་པ་ཡང་མ་རེད།

            གལ་སྲིད་ཚད་ལྡན་གྱི་ཁྲོམ་རའི་ཁོར་ཡུག་གམ་སྤྱི་ཚོགས་ཤིག་ང་ཚོ་ལ་ཡོད་པ་ཡིན་ན། རྩོམ་བྲིས་ནས་འཚོ་བ་སྐྱེལ་ཐུབ་ཀྱི་རེད། རྩོམ་པ་པོས་མི་ཚེ་གཅིག་ལ་དེབ་གཅིག་བྲིས་ནས་ང་རྩོམ་པ་པོ་ཡིན་ཞེས་ཁ་ཕོ་བཤད་བསྡད་ན་འཚོ་བ་སྐྱེལ་ཐུབ་ཀྱི་མ་རེད། ལོ་རེ་ལ་དེབ་སྤུས་དག་རེ་འདོན་ཐུབ་པ་ཡིན་ན་ཏན་ཏན་འཚོ་བ་སྐྱེལ་ཐུབ་ཀྱི་རེད། བྱས་ཙང་བསམ་བློ་དེ་རིགས་དེ་རྩོམ་པ་པོ་རང་གི་སྐྱོན་ལས་སྤྱི་ཚོགས་ཀྱི་སྐྱོན་མ་རེད། དཔེར་ན་ནག་ཚང་ནུས་བློའི་དེབ་དེ་ཁྲི་གཅིག་ཙམ་བཙོངས་པ་རེད། དེབ་རེ་ལ་སྒོར་མོ་དྲུག་རེ་ཁེ་བཟང་རག་པ་ཡིན་ན་ཁྲི་དྲུག་རེད། ལས་བྱེད་ཅིག་ལ་གླ་ཆ་དེ་ཙམ་རག་པ་ཡིན་ན་གླ་ཆ་ཆེ་གྲས་རེད། དེ་ཡིན་དུས་ལོ་རེ་ལ་དེ་འདྲ་རེ་རེ་བྲིས་ན་འགྲིགས་ཚར་རེད། བྱས་ཙང་འཚོ་བ་འཁྱོལ་དང་མི་འཁྱོལ་ལབ་ཡ་དེ་རྩོམ་པ་པོ་རང་གི་འཇོན་ཐང་ལ་ལྟ་རྒྱུ་ལས། སྤྱི་ཚོགས་དང་མང་ཚོགས། ཁོར་ཡུག་བཅས་ཀྱི་སྐྱོན་རེད་ལབ་ན་འགྲིག་གི་མ་རེད་དྲན་གྱི་འདུག

            ལོ་རབས་བརྒྱད་ཅུའི་རྗེས་ལ་དཔར་ཤུགས་ཆེན་པོ་ཞིག་བྱས་པ་དེ་ཞལ་འདོན་ཕྱོགས་བསྒྲིགས་རེད། ལོ་མང་པོའི་གོང་ཙམ་དུའང་ཞལ་འདོན་དེབ་འབུམ་གཉིས་ཙམ་བཙོང་རབས་བཤད་རྒྱུ་འདུག ད་དུང་འདི་བའི་ཕྱོགས་སུ་ཟླ་བ་རེ་ལ་དེབ་རེ་འབྲི་མཁན་གྱི་རྩོམ་པ་པོ་ཡང་འདུག་ག མི་ཚེ་གཅིག་ལ་སྒྲུང་དེབ་བདུན་ཅུ་ཐམ་པ་འབྲི་མཁན་ཡང་འདུག་ག། རྩོམ་པ་པོ་ཞིག་གིས་ཀློག་པ་པོ་མི་འདུག ཁོར་ཡུག་མི་འདུག་ཟེར་བ་དེ་ཁྱད་མཚར་ཞིག་རེད། རྩོམ་པ་པོ་རང་གིས་ཀློག་པ་པོ་ལ་དགོས་པ་དེ་སྤྲད་མ་ཐུབ་པ་ཡིན་ན། དེ་རྩོམ་པ་པོའི་སྐྱོན་ལས་ཀློག་པ་པོའི་སྐྱོན་གཏན་ནས་མ་རེད།  དེ་ནས་ང་ཚོ་ལ་ཁྲོམ་རའི་གོམས་གཤིས་དང་དོ་དམ་ཡག་པོ་ཡོད་མ་རེད། དེབ་ཡག་པོ་ཞིག་ཐོན་པ་དང་ལམ་སེང་གཞན་ཞིག་གིས་རྐུན་མ་རྒྱག་གི་ཡོད་རེད། འདི་འདྲའི་གནས་ཚུལ་མང་པོ་ཐོན་གྱི་འདུག ད་དུང་བོད་ནང་དགོས་བསྡད་པ་མང་པོ་ཞིག་འབྲི་བ་དང་དཔར་བ་བྱེད་ཆོག་གི་ཡོད་མ་རེད། དེ་གནད་དོན་ཞིག་རེད། དེ་ནས་ང་སྙན་ངག་པ་ཡིན་ཟེར་ནས་རྩོམ་རེ་བྲིས་ནས་ཉལ་བསྡད་ན་འགྲིག་གི་མ་རེད། འཛམ་གླིང་འདིར་སྙན་ངག་གཅིག་པུ་བྲིས་ནས་ཁ་ལག་ཟ་མཁན་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་དང་འབྲེལ་བའི་ལས་ཀ་གཞན་ཞིག་བྱེད་ཀྱི་ཡོད་རེད། དཔེར་ན་རྩོམ་རིག་དགེ་རྒན་དང་རྩོམ་སྒྲིག་པའི་ལས་ཀ་ལྟ་བུ།

            ང་ཚོས་ལས་ཁུངས་ཀྱི་ལས་བྱེད་ནང་བཞིན་རྒན་ཡོལ་ཞུས་རྗེས་ལས་ཀ་མ་བྱས་པར་སྒོར་མོ་རག་པ་ལྟ་བུའི་བསམ་བློ་བཏང་བ་ཡིན་ན། དེ་ནོར་བ་རེད། བྱས་ཙང་རྨང་གཞི་དེའི་སྒང་ནས་སྐད་ཆ་དེ་བཤད་ཀྱི་མེད་དམ་སྙམ་གྱི་འདུག གཞུང་གི་ལས་བྱེད་དང་རྩོམ་པ་པོ་གཉིས་འདྲ་ཡི་མ་རེད། རྩོམ་པ་པོ་དང་ཤེས་ཡོན་པའི་ལས་ཀ་དེ་གཞུང་ལ་དགག་པ་རྒྱག་ཡ་དེ་ཡིན་དུས། དང་པོ་ནས་ལས་ཀ་ཕྱེད་ཀ་ཤོར་ཚར་བ་རེད། སྤྱི་ཚོགས་དང་མིའི་རིགས་ཀྱི་རིག་གཞུང་དེ་ལ་ཡང་ཡར་རྒྱས་དང་རྗེས་ལུས་སོགས་གང་ལྟར་ཧེ་བག་ཡོད་པ་ཞིག་ཆགས་བསྡད་འདུག དེ་གཙོ་བོ་གང་གི་སྟེང་ནས་ལྟ་ཡི་ཡོད་རེད་ལབ་ན། ཚོགས་པ་དེའི་ནང་གི་ཤེས་ཡོན་པའི་སྡེ་ལ་ལྟ་ཡི་ཡོད་རེད། དེ་སྐྱོ་པོ་ཡོད་པ་གང་གིས་ཧ་གོ་ཡི་རེད་ལབ་ན། ཁོང་ཚོ་སོ་སོའི་མི་རིགས་ལ་ལམ་སྟོན་བྱེད་པའི་ནུས་པ་མེད་ན། དེ་དུས་མི་རིགས་རིང་ལུགས་ཀྱི་ལྟ་བ་སློབ་ཀྱི་རེད། མི་རིགས་རིང་ལུགས་དེ་ཅུང་གུ་དོག་པོ་ཞིག་རེད། ང་ཚོ་བོད་རིགས་རྣམས་ལ་མི་རིགས་རིང་ལུགས་ལབ་པ་ཡིན་ན། བོད་པ་ཚོས་ལས་སླ་པོ་ཁས་ལེན་གྱི་མ་རེད། ང་ཚོས་མི་རིགས་ཀྱི་སྐོར་ལ་ཡར་ལངས་བྱས་པ། གསར་བརྗེ་བྱས་པ། ངར་པོ་ཡིན་རབས་དང་། རྫིག་པོ་ཡིན་རབས་མང་པོ་ཞིག་བཤད་ནས་འགྲོ་ཡི་རེད། བྱས་ཙང་དེ་ཚོ་ལའང་བཀག་རྒྱ་ཞིག་ཡོད་རེད། གང་ལྟར་དེ་ཚོ་ལ་བརྟེན་ནས་འགྲོ་དགོས་པ་ཞིག་རེད། གཞན་ངས་དེབ་བྲིས་ཡིན་ཏེ་ཁྱེད་རང་ཚོ་ལྐུགས་པ་ཡིན་ཙང་དེབ་ཉོ་ཡི་མི་འདུག བྱས་ཙང་ང་ལ་ཁ་ལག་རག་མ་སོང་ལྟ་བུ་དེ་འདྲ་ཞིག་གཏན་ནས་མ་རེད།

           སྨྱུག་སྡེ། བཙན་བྱོལ་ནང་ནས་དགོན་སྡེའི་ཚོགས་པ་དང་སྒེར་པ་ཅི་རིགས་ནས་དུས་དེབ་དང་སྒེར་དེབ་མང་པོ་ཞིག་འདོན་སྤེལ་བྱེད་བཞིན་ཡོད། ཁྱེད་ཀྱིས་བལྟས་མྱོང་བའི་དཔེ་དེབ་རེ་གཉིས་ཀྱི་ནང་དོན་ལ་དཔགས་ནས་བཙན་བྱོལ་ནང་གི་རྩོམ་ཡིག་གནས་ཚད་ཅི་འདྲ་རེད། ཞན་ཆ་གཙོ་བོ་རེ་གཉིས་ཤིག་གསལ་བཤད་གནང་རོགས།

            ལྗང་བུ། དེང་སང་སྔོན་དང་མ་འདྲ་བ་ཞིག་ལ་དྲྭ་རྒྱའི་དུས་རབས་སུ་བསླེབས་དུས་ཤོག་བུའི་སྟེང་ནས་དཔར་སྐྲུན་བྱེད་པའི་ཤུགས་དེ་ཆུང་དུ་སོང་བ་རེད། སྙན་ངག་ཡག་པོ་ཞིག་བྲིས་པ་ཡིན་ན་སྐད་འཕྲིན་གྱིས་གཙོས་པའི་སྤྱི་ཚོགས་དྲྭ་ལམ་སྟེང་ལམ་སང་ཁྱབ་འགྲོ་ཡི་ཡོད་རེད། གཟུགས་དང་སྒྲ་ཚང་མ་དྲྭ་རྒྱའི་སྟེང་ལ་ཁྱབ་འགྲོ་དུས། དཔེར་ན་ཚགས་ཤོག་ཁང་དང་ཉམས་ཞིབ་པ། སློབ་གྲྭའི་དགེ་རྒན་བཅས་ཤོག་བུའི་ལས་ཀ་བྱེད་མཁན་མང་ཆེ་བར་གཅིག་མཚུངས་སུ་དཀའ་ངལ་འཕྲད་ཀྱི་ཡོད་རེད། བྱས་ཙང་ལོ་ཤས་ཤིག་གི་ནང་ལ་ཤོག་བུ་སྟེང་དུ་ཡོད་པ་དེ་ཚོ་ཅུང་སྐྱོ་རུ་སོང་བ་ལྟ་བུའི་ཚོར་སྣང་ཞིག་བྱུང་སོང་ལ། ད་དུང་ལྟ་མཁན་ཡང་ཏན་ཏན་ཉུང་དུ་སོང་ཡོད་རེད། དེ་བཙན་བྱོལ་གཅིག་པུའི་ནང་བྱུང་བ་ཞིག་མ་རེད། བྱས་ཙང་སྦྲང་ཆར་རྩོམ་སྒྲིག་པ་ལྟ་བུས་དཀའ་ལས་གང་འཚམ་བརྒྱབས་ཡིན་ཚུལ་ལབ་ཀྱི་འདུག་སྟེ།  འཛམ་བུ་གླིང་གིས་འགོག་མ་ཐུབ་པ་ཞིག་སྦྲང་ཆར་རྩོམ་སྒྲིག་པས་འགོག་ཐུབ་རྒྱུ་མ་རེད།

             དེང་སང་རྒྱ་དང་བོད་ནང་རྩོམ་པ་པོ་མང་ཆེ་བ་ཞིག་དཔལ་འབྱོར་ལ་ཧབ་ཐོབ་བརྒྱབས་ནས་འགྲོ་དུས། དེ་འདྲའི་སྤྱི་ཚོགས་ནང་ལ་སྐབས་འཚོལ་གྱི་ལས་ཀ་མ་གཏོགས་དངོས་ཡོད་ཀྱི་ལྗིད་ཁོག་ཡོད་པ་དང་རིན་ཐང་ཡོད་པ་ཞིག་ཅུང་ཁག་པོ་རེད་དྲན་གྱི་འདུག བཙན་བྱོལ་ནང་ལ་མཚོན་ན་ཚང་མས་འབྲི་ཡི་ཡོད་པ་དང་། དེབ་འདོན་གྱི་ཡོད་པ་དེ་ཚོ་ཅུང་དགའ་འོས་པ་ཞིག་རེད། ད་དུང་དགོན་པ་ཁག་དང་སློབ་གྲྭ་ཁག དེ་བཞིན་སྙན་ངག་ལ་དགའ་ཞེན་ཅན་སྐོར་དང་ཁྱུ་བྱས་ནས་ཚོགས་པ་བཟོས་པ་དེ་འདྲ་མང་པོ་ཡོང་གི་འདུག ང་ཚོ་གྲ་སྒྲིག་མེད་པའམ་ཡང་ན་མང་ཆེ་བ་ཞིག་གསར་པའི་སྒང་ནས་གོམ་པ་བརྒྱབས་ཡོང་དུས་འདི་ཙམ་བྱུང་བ་དེ་ཡང་དཔེ་ཡག་པོ་རེད་ཅེས་དྲན་གྱི་ཡོད། དྲྭ་ལམ་ཁག་ནས་བལྟས་པ་ཡིན་ན་ལོ་ཤས་ནང་སྙན་ངག་དེ་ཡར་རྒྱས་ཡག་པོ་ཕྱིན་སོང་སྙམ་གྱི་འདུག ཡིན་ནའང་བྲིས་ཚད་ཚང་མ་ཡག་པོ་ཡོང་གི་མ་རེད། མི་ཚེ་གཅིག་ལ་སྙན་ངག་བྲིས་པ་ཡིན་ན། དེའི་ནང་ནས་སྙན་ངག་གཅིག་མི་རབས་ནས་མི་རབས་བར་འདུག་སྲིད་ཀྱི་རེད། དེ་འདྲ་བྱུང་བ་ཡིན་ན་ཁོ་རང་དོན་དམ་པའི་སྙན་ངག་པ་ཆགས་ཚར་བ་རེད།

            བཙན་བྱོལ་ནང་ཞན་ཆ་ཞིག་ཡོད་པ་དེ་སྒྲུང་རྩོམ་གྱི་ཐད་ནས་རེད། “ཤར་ཕྱོགས་ཀྱི་དྲོད་འཇམ་དང་། ནུབ་ཕྱོགས་ཀྱི་གྲང་ངར།” ལྟ་བུའི་སྒྲུང་ཡག་པོ་དེ་འདྲ་མང་པོ་མཐོང་རྒྱུ་མི་འདུག སྒྲུང་གི་ནང་ལ་དངོས་ཡོད་ཀྱི་འཚོ་བ་ག་རེ་ཡིན་པ་དེ་མཚོན་ཐུབ་པ་བྱུང་ན། སྒྲུང་དེ་ཀློག་དུས་སོ་སོ་དེའི་ནང་ལ་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྤྲད་ཀྱི་རེད། གཞན་མི་རིགས་དང་ལོ་རྒྱུས་རིག་གཞུང་ཞེས་ཆེན་པོ་ཆེན་པོ་ཞིག་བཤད་ནས་འཚོ་བའི་ནང་དོན་ངོ་མ་དེ་བརླགས་སོང་བ་ཡིན་ན་དེ་ཙམ་བྲོ་བ་ཡོད་མ་རེད། བཙན་བྱོལ་ནང་གི་དྲྭ་ལམ་ཁག་ལ་བལྟས་པ་ཡིན་ན། དཔེར་ན་བོན་གྱི་དྲྭ་ཚིགས་ཤིག་ལ་བལྟས་ཡོང་དུས། དེའི་ནང་ན་སྙན་ངག་གི་སྡེ་ཚན་ཞིག་ཡོད་པས་མི་ཚད། གསོ་བ་རིག་པའི་དྲྭ་རྒྱ་ཞིག་ཡིན་ནའང་དེའི་ནང་ལ་སྙན་ངག་གི་སྐོར་ཞིག་ཏན་ཏན་ཡོད་རེད། ཡིན་ནའང་སྒྲུང་རྩོམ་གྱི་ཚན་པ་དེ་འདྲ་ཧ་ལམ་ཡོད་མ་རེད། དེ་ཡིན་དུས་ང་ཚོས་གཏོང་ཡིག་ཅིག་འབྲི་ནའང་སྙན་ངག་འབྲི་ཡི་ཡོད་རེད། ཁྱབ་བསྒྲགས་ཤིག་འབྲི་ནའང་སྙན་ངག་འབྲི་ཡི་ཡོད་རེད།

            མ་གཞི་ནས་བོད་འདི་སྙན་ངག་གི་མི་རིགས་ཤིག་རེད། ངས་ནམ་རྒྱུན་རྩེད་མོའི་ལམ་ནས་བོད་ཀྱི་ཕྱེད་ཀ་ནང་ཆོས་རེད། ཕྱེད་ཀ་ཆབ་སྲིད་རྙོག་གྲ་རེད། ད་དུང་ཕྱེད་ཀ་གཞན་ཞིག་འདུག དེ་སྙན་ངག་རེད་ཅེས་ཤོད་ཀྱི་ཡོད། སློབ་དཔོན་ཐོན་མིས་ཡི་གེའི་ཕུད་དེའང་སྙན་ངག་ཅིག་བྲིས། དེ་ནས་མ་ཎི་ཞིག་བྲིས་ཡོང་དུས་བོད་ལ་སྙན་ངག་དང་ནང་ཆོས་ཀྱི་རྟེན་འབྲེལ་དེ། དེ་ནས་འགྲིགས་ཚར་བ་རེད། ད་དུང་ཨིན་སྐད་དང་རྒྱ་སྐད་ཐོག་ནས་བོད་རིགས་རྩོམ་འབྲི་བའི་ནང་ལ་སྒྲུང་འབྲི་མཁན་ཡོད་རེད་དེ། མང་ཆེ་བ་སྙན་ངག་འབྲི་མཁན་རེད། ལྷག་པར་དུ་བོད་ཡིག་ནང་ལ་རྩོམ་ཡིག་འབྲི་མཁན་ཞིག་ཡིན་ནས་བཟུང་ཚང་མས་སྙན་ངག་འབྲི་ཡི་ཡོད་པ་དེ་སྔོན་ནས་ད་ལྟའི་བར་དུ་གཅིག་པ་རེད། གཞན་ཡང་བརྡ་སྤྲོད་རིག་པ་དང་གསོ་བ་རིག་པ་སོགས་རིག་པའི་གཞུང་དེ་ཚོ་ཡང་སྙན་ངག་གིས་བཅིངས་བསྡད་ཡོད་པ་ཤ་སྟག་རེད།

            བྱས་ཙང་ད་ལྟའི་རྩོམ་འབྲི་བ་དང་དུས་དེབ་དེ་ཚོས་ཐབས་ཤེས་གཞན་ཞིག་བཏོན་ནས་དེའི་རྒྱུན་དེ་སྐྱོང་གི་ཡོད་པ་འདྲ་པོ་ཞིག་རེད། དེ་ཡིན་དུས་རྩོམ་པ་པོ་ཡག་པོ་ཡོད་དང་མེད་ཟེར་བ་དེ། གཅིག་ནས་ཀློག་པ་པོས་ཐག་གཅོད་རྒྱུ་དང་། གཉིས་ནས་དུས་ཚོད་ཀྱིས་ཐག་གཅོད་བྱ་རྒྱུ་ཞིག་རེད། གང་ཡིན་ཟེར་ན་ཁྱེད་རང་གི་སྙན་ངག་དེས་དུས་ཚོད་དེའི་མི་དག་གི་འདོད་པ་སྐོང་ཐུབ་དང་མ་ཐུབ་པའི་གནད་དོན་དེ་རེད། དེ་ནས་བོད་ཡིག་གིས་ག་རེ་འབྲི་རྒྱུ་རེད། ནང་ཆོས་ནི་སྔོན་གྱི་སྐྱེས་ཆེན་ཚོས་གནམ་ས་བཀབ་པ་ལྟ་བུ་བྲིས་བཞག་ཡོད་རེད། ད་དུང་དེ་ནས་ཕར་ལ་འགྲོ་རྒྱུ་མེད་པ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། ད་ལྟ་འབྲི་བཞིན་པ་དེ་ཚོ་ནི་མི་རིགས་གཞན་ལ་མཁོ་བསྡད་པ་དེ་ཚོ་ཕར་བསྒྱུར་ཚུར་བསྒྱུར་བྱེད་ཀྱི་ཡོད་རེད། དེ་ནས་སྒྲུང་རྩོམ་ཁ་ཤས་ཤིག་འབྲི་ཡི་ཡོད་རེད། ད་དུང་རང་གི་སློབ་སྦྱོང་ལ་ཞིབ་འཇུག་གི་མིང་བཏགས་པའི་བོད་རིག་པ་ཞིབ་འཇུག་པའི་སྐོར་ཞིག་ཡོད་རེད།

            ལྷག་པར་དུ་དངུལ་ཁང་དང་ཟ་ཁང་། མགྲོན་ཁང་དང་འགྲིམ་འགྲུལ་སོགས་མང་ཚོགས་ཀྱི་འཚོ་བ་སྐྱེལ་སའི་ཁོར་ཡུག་ནང་ལ་ཡི་གེ་འདི་བེད་སྤྱོད་མི་འདུག་ག  བྱས་ཙང་སྙན་ངག་མ་བྲིས་པ་ཡིན་ན། བོད་ཡིག་གིས་ག་རེ་འབྲི་རྒྱུ་རེད། བོད་ཀྱི་ལས་རིགས་གཞན་དག་གཉེར་མཁན་གྱི་མི་དེ་ཚོ་སྙན་ངག་པ་ནང་བཞིན་ཞིག་བྱེད་ཐུབ་པ་ཡིན་ན། ང་ཚོའི་སྐད་དེ་ལ་ད་དུང་རེ་བ་ཆེན་པོ་འདུག  དཔེར་ན་ཟ་ཁང་བདག་པོ་ཞིག་ལ་མཚོན་ན། སོ་སོའི་ཟ་ཁང་དེའི་ནང་ལ་སོ་སོའི་སྐད་དང་ཡི་གེ་དེ་བེད་སྤྱོད་བཏང་། མགྲོན་ཁང་ཞིག་ཡིན་ནའང་ཐོ་ཡིག་དེ་ཚོ་བོད་ཡིག་གིས་བྲིས་པ་ཡིན་ན། ཇི་ཙམ་གྱིས་ཁྱབ་རྒྱ་ཆེ་ན་དེ་ཙམ་གྱིས་ཡུན་གནས་ལ་ཕན་གྱི་རེད་པ། སྙན་ངག་པ་དེ་ཚོ་ཨུ་ཚུགས་དང་ལྐུགས་རྟགས་ཚ་པོ་ཡོད་ཙང་ད་ལྟའང་དེ་འདྲ་བྱས་ནས་བསྡད་ཡོད་རེད།

            བྱས་ཙང་དུས་དེབ་གཅིག་པུའི་སྒང་ལ་བལྟས་པ་ཡིན་ནའང་། སྦྲང་ཆར་སོགས་སྣ་འཛོམས་དུས་དེབ་ནང་ལ་སྒྲུང་རྩོམ་གྱི་སྡེ་ཚན་ཞིག་ཡོད་པ་ལས། སྒྲུང་རྩོམ་གཅིག་པུ་འདོན་སྤེལ་བྱེད་སའི་དུས་དེབ་གཅིག་ད་ལྟ་བར་དུ་མི་འདུག་ག བསམ་བློ་མ་འཁོར་བ་ཡིན་རྒྱུ་མ་རེད། རྒྱ་ལ་སྒྲུང་རྩོམ་གཅིག་པུའི་དུས་དེབ་དེ་འདྲ་མང་པོ་ཡོད་རེད། བྱས་ཙང་སྒྲུང་རྩོམ་གྱི་ཁོར་ཡུག་དེ་ད་དུང་ཡང་རྒྱ་ཆེན་པོ་དེ་ཙམ་མེད་པ་འདྲ་པོ་འདུག ཡིན་ནའང་གངས་རྒྱན་མེ་ཏོག་གིས་གཙོས་པའི་སྙན་ངག་ལ་ས་མིག་དང་ཁོར་ཡུག་དེ་ཡོད་ཡོད་པ་རེད་འདུག བྱས་ཙང་བོད་ཀྱི་ཕྱེད་ཀ་གཞན་དག་དེ་སྙན་ངག་རེད།

              སྨྱུག་སྡེ། ཁྱེད་ཀྱིས་རང་ཉིད་ཀྱི་ཚབ་མཚོན་སྙན་ངག་ཅིག་འདིར་བཞག་སྟེ། སྙན་ངག་དེ་ཡི་མཛེས་དཔྱོད་དང་མཚོན་ཐབས། ནང་སེམས་ཀྱི་འགྱུར་བ་རྣམས་རེ་རེ་ནས་ཁ་གསལ་པོར་འགྲེལ་རོགས། འདི་ནི་ཁྱེད་དང་ཁྱེད་ཀྱི་སྙན་ངག་ལ་དགའ་བའི་ཀློག་པ་པོ་ཚོར་ཆེད་དུ་དམིགས་སུ་བཀར་བ་ཞིག་ཡིན།

             ལྗང་བུ། རང་ཉིད་ཀྱིས་བྲིས་པའི་རྩོམ་ཞིག་ཡིན་ན་དེ་ཡག་སྡུག་ལ་མ་ལྟོས་པར་སོ་སོའི་བུ་ཕྲུག་ནང་བཞིན་ཞིག་ཆགས་བསྡད་ཡོད་རེད། སོ་སོའི་བུ་ཕྲུག་ལ་དེ་ཡག་ག་དང་དེ་སྡུག་ག་ཞེས་ལབ་ཐུབ་རྒྱུ་མ་རེད་པ། དེ་ནས་ང་ཚོ་འདྲ་པོ་ཡིན་ན་སྨུག་པའི་ནང་ལ་གོམ་པ་བརྒྱབས་ནས་བསླེབས་ཤིང་ད་གཟོད་འཕགས་འཚག་ཅུང་ཙམ་བརྒྱབས་པའི་ཁུལ་ཞིག་རེད། དེ་ཡིན་དུས་སྙན་ངག་རང་གི་སྒོ་ནས་རང་རྐྱ་འཕེར་བའི་འཇོན་ཐང་ཡོད་པ་ཞིག་ང་ལ་ལབ་རྒྱུ་དང་སྟོན་རྒྱུ་གང་ཡང་མི་འདུག ཡིན་ནའང་ངས་སྙན་ངག་གསར་པ་ཁ་ཤས་ཤིག་འབུད་འཆར་ཡོད། གོང་ནས་བཤད་པ་ལྟར་ཡིག་འབྲུ་ཉི་ཤུ་རྩ་བཞིས་དོན་དག་ཤོད་ཐུབ་པའི་སྐོར་དེ་རེད། ཚངས་དབྱངས་རྒྱ་མཚོའི་མགུར་ལ་སོགས་པའི་དབྱངས་དང་འདེགས་འཇོག  ད་དུང་ཆ་དང་ཡ་ལྟ་བུས་མཚོན་པའི་ལྔ་ཚིག་དང་དྲུག་ཚིག་དེ་ཚོ་སྔོན་མ་ནས་ད་ལྟ་བར་དུ་ང་ཚོ་ལ་ཡོད་ཡོད་པ་རེད། བྱས་ཙང་ང་ཚོས་སོ་སོ་ལ་ཡིག་ཚད་འདྲ་པོ་བཏང་ནས་ཚིག་ཐུང་ཐུང་དེའི་ནང་སོ་སོའི་བསམ་བློ་གཏོང་སྟངས་དང་སྐད་ཆ་ཤོད་སྟངས་ག་ཚོད་ཅིག་སླེབ་ཐུབ་ཀྱི་འདུག དེ་གཅིག་རེད།

            དེ་ནས་སྔོན་མ་དེ་ཚོ་དང་ཅུང་ཟད་མི་འདྲ་བའི་ཆ་ཐོན་ཐུབ་རྒྱུར་འབད་བརྩོན་བྱས་ནས་སོ་སོའི་ཁྱད་ཆོས་མངོན་ཐུབ་པ་ཞིག་བྱེད་དགོས་རྒྱུ་དང་། དེའི་སྟེང་ལ་སྐད་རིགས་གཞན་ལ་བསྒྱུར་ནའང་བདེ་པོ་ཡོད་པ་དེ་འདྲ་བྱུང་ན་ཡག་པོ་འདུག སོ་སོའི་སྤྱི་ཚོགས་ནང་སྐད་ཡིག་དེ་གོ་བརྡ་འཕྲོད་ཀྱི་ཡོད་ཙང་དཀའ་ངལ་ཡོད་པ་མ་རེད་དེ། སྤྱི་ཚོགས་གཞན་ཞིག་ལ་བསླེབས་དུས་སྤྱི་ཚོགས་དེའི་སྐད་ལ་མ་བསྒྱུར་ན་སོ་སོའི་སྙན་ངག་དེ་རི་མོ་འདྲ་པོ་ཞིག་ཆགས་འགྲོ་ཡི་ཡོད་རེད། སྐད་ཡིག་གཞན་ལ་བསྒྱུར་དུས་འདོད་པ་ཚིམ་པ་ཞིག་ཡོང་ཐུབ་ཀྱི་མི་འདུག དཔེར་ན་ང་འདུག་སའི་ཁང་པ་དེའི་སྒེའུ་ཁུང་ནས་གངས་རི་མཐོང་གི་རེད། ངས་དེ་ལ་ “གངས་རི་སེམས་མཇལ་” ཟེར་གྱི་ཡོད། གང་ཡིན་ཟེར་ན་གངས་རིའི་ར་བ་དང་གངས་ཅན་ལྗོངས་ཟེར་དུས་ང་ཚོ་གངས་རིའི་བདག་པོ་རེད་དེ། ཡིན་ནའང་གངས་རི་དེ་ཚོ་སེམས་ཀྱིས་མཇལ་བ་ལས་དངོས་སུ་མཇལ་ཐུབ་ཀྱི་ཡོད་མ་རེད། དེ་ཡིན་དུས་བོད་སྐད་ནང་ལ་སེམས་མཇལ་ཞེས་ལབ་དུས་གོ་དོན་མ་འདྲ་བ་ཡོད་རེད། མིག་གིས་མཇལ་བ་ཙམ་གྱིས་སེམས་པ་རྣམ་དག་གིས་མཇལ་བའི་ངེས་པ་ཡོད་མ་རེད། སེམས་ཀྱིས་མཇལ་བ་ལབ་དུས་ནང་དོན་གཉིས་ཀ་སླེབ་ཐུབ་ཀྱི་ཡོད་རེད། བྱས་ཙང་སྐད་ཡིག་གཞན་ལ་བསྒྱུར་དུས་ནང་དོན་ཕུན་སུམ་ཚོགས་པོ་འདི་འདྲ་སླེབ་ཐུབ་ཀྱི་མི་འདུག

            ད་དུང་ཞིབ་ཕྲ་ཞིག་བྱས་པ་ཡིན་ན། དཔེར་ན་ “མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ་” ལབ་ན་འདིའི་རྗེས་ནས་མི་ཚང་མས་ “གཡོ་བར་བྱེད་” ལབ་རྒྱུར་གཏན་འཁེལ་བ་རེད། དེ་ལ་ང་ཚོས་ཚིག་མཇུག་དེ་བརྗེས་ནས་ “གཡོ་བར་མི་བྱེད་” ཅེས་ལབ་བཞག་ན། ལྷོད་ཀྱི་འགྲོ་བཞིན་པ་དེ་གློ་བུར་དུ་བཀག་བཞག་པ་རེད། བྱས་ཙང་དེ་འདྲའི་ཞིབ་ཕྲ་བྱས་ན་ཚོར་བ་གཞན་ཞིག་རྙེད་ཀྱི་མེད་དམ་དྲན་གྱི་འདུག མ་གཞི་ནས་སྙན་ངག་ཟེར་བ་དེ་ཞིབ་ཕྲའི་ལས་ཀ་ཞིག་རེད་པ།

            སྨྱུག་སྡེ། མཐའ་དོན་དུ་ཁྱེད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ། ཁྱེད་ཉིད་ད་བར་བོད་ཀྱི་རྩོམ་རིག་གི་ནམ་མཁའ་རུ་སྐར་ཆེན་ལྟར་འཚེར་ཡོད་པ་བཞིན། སླད་མའི་ཆར་ཡང་གསར་རྩོམ་གྱི་གཟི་འོད་ཀྱིས་བོད་ཀྱི་རྩོམ་རིག་གི་ནམ་མཁའ་སྔར་ལས་ཀྱང་གཟི་མདངས་ཆེ་རུ་གཏོང་བའི་སྨོན་འདུན་ཞུ་རྒྱུ་དང་། སྨྱུག་སྡེ་སྙན་དེབ་བརྒྱུད་ནས་རྒྱ་ཆེའི་ཀློག་པ་པོ་ཚོར་དམིགས་བསལ་གྱི་རེ་སྐུལ་སྐད་ཆ་ཡོད་ན་གསུང་རོགས།

                ལྗང་བུ། དང་པོ་ཞྭ་མོ་ཆེན་པོ་ཞིག་བསྐོན་པར་ངོས་ལེན་མེད། གང་ཡིན་ཟེར་ན་ལས་ཀ་མ་བྱས་པར་མིང་ཆེན་པོ་ཞིག་ཁུར་རྒྱུར་ང་དགའ་པོ་མེད། དྲང་པོ་བཤད་ན་ང་ཚོས་ལས་ཀ་བྱས་ཡོད་མ་རེད། མི་ཚང་མ་ལས་ཀ་མི་བྱེད་སར་གཞན་ཞིག་གིས་ལས་ཀ་ཏོག་ཙམ་ཞིག་བྱས་པ་ཡིན་ན་ཁོ་ལ་མཐོང་ཞིག་སྤྲོད་ཀྱི་རེད། ང་ཚོའི་རྩོམ་རིག་ཀྱང་དེ་དང་ཆ་མཚུངས་འདྲ་པོ་ཞིག་ཆགས་བསྡད་འདུག རིག་གཞུང་གི་འགན་འཁུར་རྒྱུ་དེ། དེ་འདྲ་ཞིག་མ་རེད། བྱས་ཙང་ང་ཚོར་གོམས་གཤིས་ངན་པ་ཞིག་ཆགས་བསྡད་འདུག མཁས་དབང་གི་མིང་དེ་ལས་སླ་པོ་ཞིག་མ་རེད། བསྟན་བཅོས་བརྩམས་པས་མི་ཚད་དེ་ལ་ངོས་ལེན་ཐོབ་པ་ཞིག་དགོས་རེད། བྱས་ཙང་ལས་དོན་ཆུང་ཆུང་ལ་མིང་ཆེན་པོ་བཏགས་ནས་ཞྭ་མོ་བསྐོན་པ་དེར་ངོས་ལེན་མེད། ཡིན་ནའང་ཁྱེད་རང་ཚོས་ང་ལ་གོ་སྐབས་འདི་སྤྲད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

            དེ་ནས་ཁ་ནས་མང་པོ་ཞིག་བཤད་བསྡད་པ་ལས་ལག་པས་གཅིག་བྱས་བསྡད་པ་དེ་ཡག་པོ་མཐོང་གི་ཡོད། ཆུ་ཐིགས་མང་པོ་བསགས་པ་ཡིན་ན་རྒྱ་མཚོ་མ་ཆགས་ནའང་ནམ་ཞིག་གི་ཚེ་ཆུ་ཀོང་ཞིག་ཆགས་ཀྱི་རེད། དེ་ཙམ་གྱིས་ཀྱང་སྐོམ་པའི་གདུང་བ་དེ་སེལ་ཐུབ་ཀྱི་རེད། ད་དུང་འབད་བརྩོན་བྱས་ནས་ཆུ་ཐིགས་མང་པོ་བསགས་པ་ཡིན་ན། ནམ་ཞིག་གི་ཚེ་ན་རང་ཚོད་ཀྱི་རྒྱ་མཚོ་ཞིག་ཆགས་ཡོང་གི་རེད། ང་རང་འདྲ་པོ་ལ་མཚོན་ན་བོད་ཀྱི་མདུན་ལམ་ལ་རེ་བ་ཆེན་པོ་སླེབ་ཀྱི་མི་འདུག གཅིག་ནས་འཛམ་གླིང་དེ་དཔལ་འབྱོར་རིང་ལུགས་ཆགས་ནས་མི་ཚང་མ་དཔལ་འབྱོར་གྱི་རྗེས་སུ་རྒྱུགས་ཀྱི་ཡོད་རེད། གཉིས་ནས་སྐབས་འཚོལ་བ་དང་རྫུན་མའི་རིགས་དེ་མང་པོ་ཞིག་བསླེབས་ཡོང་གི་འདུག ཡང་གཞན་ཞིག་ནས་སེམས་པ་རྣམ་དག་ཅིག་དང་འགན་ཁུར་གཙང་མ་ཞིག་གི་བསམ་བློ་དེ་ཤུགས་ཆེ་སོང་ན། དེའི་རྐྱེན་གྱིས་ཁོའི་རྩོམ་ལ་གནོད་པ་བྱུང་གི་མེད་དམ་སྙམ་གྱི་འདུག དེ་འདྲའི་གནས་སྟངས་དང་དཀའ་ངལ་འོག་ནས་ང་ཚོ་ལོ་སུམ་ཅུ་དང་བཞི་བཅུའི་འབྲས་བུ་རེད་ཟེར་ནས་གཅིག་སྟོན་རྒྱུ་ཡོད་པ་ཕར་ཞོག་ད་དུང་གཞི་ནས་གོམ་པ་གསར་པ་རྒྱག་གི་ཡོད་པའི་ཚོར་སྣང་སླེབ་ཀྱི་འདུག

            དེ་ཡིན་དུས་ད་ལྟ་ང་ཚོ་གྲངས་ཀ་གསོག་གཞིན་པའི་སྐབས་རེད། འབད་བརྩོན་བྱས་ནས་གྲངས་ཀ་བསགས་པ་ཡིན་ན། ནམ་ཞིག་གི་ཚེ་དེ་ལ་དཔགས་པའི་འབྲས་བུ་ཞིག་ཡོད་རྒྱུ་རེད། བྱས་ཙང་མུ་མཐུད་ནས་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད། དཔལ་འབྱོར་དང་དུས་ཚོད་སོགས་དཀའ་ངལ་མང་པོ་ཞིག་ཡོད་པ་ཤེས་གསལ་རེད། ཡིན་ནའང་རིས་སུ་གྱུར་པ་དང་སྤྲོ་སྣང་ཡོད་པའི་མི་དེ་ཚོ་ཁྱད་མཚར་ཞིག་རེད། དཀའ་ངལ་སོགས་ལ་མི་འཛེམ་པར་ལས་དོན་དེ་ལ་དགའ་སྤྲོས་འཇུག་གི་རེད། ང་ཚོའང་ཆུང་ཆུང་ཡིན་དུས་དེ་འདྲའི་ལས་ཀ་མང་པོ་བྱེད་མྱོང་ཡོད། བོད་ནང་གཞུང་འབྲེལ་མིན་པའི་སྒེར་དེབ་དང་པོ་ ༡༩༨༣ ལ་འདོན་མཁན་དེ་ང་ཚོ་རེད་འདུག དེས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པས་མི་ཚད། ལུང་པ་ཁོ་རང་ཡང་དེའི་ཁོར་ཡུག་འདྲ་པོ་ཞིག་ཆགས་སོང་། བྱས་ཙང་ལས་ཀ་དེ་ཚོ་གལ་ཆེན་པོ་ཞིག་ཏན་ཏན་རེད་འདུག  དེ་ཙམ་ཡིན།  མ་འོངས་པ་ལ་ཡར་རྒྱས་ཡོང་བའི་སྨོན་ལམ་ཡོད།  བཀྲ་ཤིས་བདེ་ལེགས།


[1]   (Ezra Pound) ཨིཛ་ར་པོའུནཌ། ༡༨༨༥-༡༧༩༢ སྙན་ངག་པ་དང་རོལ་དབྱངས་པ། ད་དུང་ཟུར་ཟའི་རྩོམ་འབྲི་བ་ཡིན།
[2]  ཐིག་ཕྲེང་གཉིས་དང་ཚིག་འབྲུ་བཅུ་བཞི་ཅན་གྱི་སྙན་ངག་གྲགས་ཅན་ཞིག

 

         བཅར་འདྲི་འདི་སྨྱུག་སྡེ་རྩོམ་སྒྲིག་པས་ཆེད་གཉེར་སྐུ་ཞབས་ལྗང་བུ་ལགས་སུ་བཅར་འདྲི་བྱས་ཏེ། སྨྱུག་སྡེ་འདོན་ཐེངས་ལྔ་བར་བཀོད་ཡོད། ངེད་དྲ་བས་ཀྱང་དེ་གའི་རྩོམ་སྒྲིག་དོལ་སྨྱོན་ལགས་སུ་སྒེར་འབྲེལ་ཆོག་མཆན་ཞུས་ཏེ་དྲ་བར་བཀོད་པ་ཡིན།

 

0

3 Responses to ལྗང་བུའི་ཉེ་སར་བཅར་བ།

  1. དུང་ཞེན་ཉི་མ། ལགས་ཀྱིས:

    བཤད་པ་དག་ཧ་ཅང་ལེགས། དོན་ལ་གནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།