ཁ་བ་སྙིང་ལྕགས་ལ་བཅར་འདྲི་བྱས་པ།

631

 
བཅར་འདྲི་བྱེད་མཁན།   ནས་སོན་རྩོམ་སྒྲིག་ཁང་།
IMG_8882.JPG

          ཁ་བ་སྙིང་ལྕགས་ན་རེ།  ཨ་མ་ལགས་ཀྱིས་ངའི་མིང་ནས་སྙིང་ལྕགས་ཞེས་བོས། དེ་ནི་ལོ་ངོ་མང་པོོའི་ཡར་སྔོན་གྱི་དགུན་ཁ་ཞིག་ཡིན། དགུན་ཁ་དེར་ཕ་ཡུལ་གྱི་ལུང་བ་དེར་ཁ་བ་མཐུག་པོ་ཞིག་བབས། ང་ནི་གྲང་ལྷགས་ཀྱི་རལ་གྲི་ཤིན་ཏུ་རྣོ་བའི་དུས་ཚིགས་དེར་གོག་ནུར་གྱིས་འཇིག་རྟེན་འདིའི་མགྲོན་དུ་ཡོང་། ངས་རང་གི་མིང་ལ་ཁ་བ་སྙིང་ལྕགས་ཞེས་བཏགས། དེ་ནི་ངའི་ཚེ་སྲོག་གི་གཏིང་རུམ་དུ་ཐོག་མ་ནས་གྲང་ལྷགས་ཀྱི་ས་བོན་ཡིན། ངའི་མིང་ལ་ཁ་བ་སྙིང་ལྕགས་ཟེར། ང་ལ་རྨི་ལམ་ཞིག་ཡོད། ངས་རང་གི་ཤ་ཁྲག་དང་རས་ཁུ་སྤྱད་ནས་སྨྱུ་གུ་ཞིག་བཟོས་ཤིང་། དེ་ཡིས་ས་ཆེན་གྱི་པང་བ་ཀུན་ཏུ་རང་དབང་ཞེས་པའི་ཡིག་འབྲུ་འདི་གཅིག་པུ་བྲིས་ན་འདོད།

        བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ནི། ཕ་ཡུལ། མཚོ་སྔོན་པོའི་ཅང་ཤེས་ཟླ་ཚང་དུ་སྐྱེས། སྐྱེས་ལོ། 1989 ཆེད་ལས། རྩོམ་རིག དགའ་ཕྱོགས། གློག་བརྙན། ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། བརྩམས་ཆོས་ལ་ལྷུག་རྩོམ་དེབ《འབུ་མེ་ལྕེབས》དང་། བྱིས་སྒྲུང་དེབ《འབུ་མེ་ལྕེབས།》 དངོས་བཤུས་གློག་བརྙན《རྫ་ཆུ་ཁའི་བྱིས་པ》སོགས་ཡོད། 2015ལོའི་ཟླ6པའི་ཚེས26ཉིན་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཆེད་དུ་རང་སྲོག་བློས་བཏང་ངོ་།།

IMG_7319.JPG

         དྲི་བ། སློབ་ཆེན་སྐབས་སུ་ཁྱོད་ཀྱིས་སྤྱི་ཚོགས་ལ་ལྟ་ཚུལ་ག་འདྲ་བཟུང་ཡོད། རྗེས་སུ་སྤྱི་ཚོགས་ནང་བསླེབས་རྗེས་སློབ་ཆེན་སྐབས་ཀྱི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་བ་ཡོད་དམ།

        ལན། སློབ་ཆེན་སྐབས་སུ་སྤྱི་ཚོགས་ལ་དམིགས་བསལ་གྱི་ལྟ་ཚུལ་གང་ཡང་བཟུང་མེད། སྤྱི་ཚོགས་སྟེང་ཡོད་པ་ཚོས་ཁྱོད་ཚོ་སློབ་གྲྭའི་ནང་ཡོད་པ་དག་གིས་སྤྱི་ཚོགས་ཀྱི་ཉོག་དྲ་ཧ་གོ་གི་མ་རེད་ཅེས་ལབ་ཡོང་དུས། ངའི་སེམས་སུ་ཞེད་སྣང་ཅི་ཡང་སྐྱེས་མ་མྱོང་། དེའི་རྒྱུ་མཚན་ནི་སློབ་གྲྭ་ཡང་སྤྱི་ཚོགས་ཤིག་ཡིན་ལ། སྤྱི་ཚོགས་ཀྱི་ཉོག་དྲ་ནི་སློབ་གྲྭའི་ནང་དུ་ཡང་ཡོད་པ་ཞིག་རེད། སྔོན་མ་ང་རང་སློབ་ཆེན་ནང་མ་ཞུགས་པའི་ཡར་སྔོན་དེར་དམག་མི་ཞིག་དང་འཕྲད་མྱོང་། ངས་དམག་མི་དེར་ང་རང་དམག་མི་ཞིག་བྱ་འདོད་ཅེས་ཀུ་རེའི་ཚུལ་དུ་ལབ་པ་ན། དམག་མི་དེས་ཧ་ཅང་གཟབ་ནན་ངང་བཤད་རྒྱུར། ཕྱི་ནས་བལྟས་ཚེ་དམག་སྒར་ནི་སྒྲིག་ཁྲིམས་བཙན་ཞིང་སྤྱོད་པ་གཙང་བ་ཞིག་ཏུ་མཐོང་ཡང་། དོན་གྱིས་དེ་ག་རུ་ཡང་སྤྱི་ཚོགས་ཀྱི་ཉོག་དྲ་མཐའ་དག་ཡོད་ལ། དེ་ལས་ཀྱང་མུན་ནག་ཆེ་ཞེས་བརྗོད་བྱུང་། རྗེས་སུ་ང་རང་སློབ་ཆེན་ནང་ཡོད་དུས་ཀྱང་དེ་ལྟ་བུའི་སྐད་ཆ་ཞིག་མཐོང་མྱོང་། དེ་ནི་གནའ་བོའི་རྒྱ་གར་གྱི་ལེགས་བཤད་ཅིག་རེད། ལེགས་བཤད་དེ་རུ་སྤྱི་ཚོགས་ནི་ཉོག་དྲ་ཆེ་བ་ཞིག་ཡིན་པས། འཁྱམ་བསྐྱོད་དུ་ཕེབས་ཤིག་ཅེས་བརྗོད་འདུག ངས་སྐད་ཆ་དེ་རྩོམ་ཡིག་འབྲི་དེབ་ཀྱི་ཤོག་ངོས་དང་པོ་རུ་བྲིས་ནས་འཇོག་མྱོང་། དྲང་མོར་བཤད་ན། སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་གཅིག་ལྷག་གི་རིང་ནི་དཀའ་ཁག་ཆེ་ཤོས་ཀྱི་དུས་སྐབས་ཤིག་རེད། སྤྱི་ཚོགས་དང་ལེན་བྱ་མ་ཐུབ་ཅེ་ནའང་འདྲ། ཡང་ན་ནང་སེམས་རྒྱང་རིང་དུ་ཕྱོགས་ཏེ་ཞེ་ནའང་འདྲ། གང་ལྟར་རང་གི་ནང་སེམས་ཀྱི་རྗེས་སུ་འབྲངས་ནས་འཁྱམ་བསྐྱོད་ཀྱི་ལམ་དུ་ཕྱིན་མྱོང་། ངས་འཆི་བ་ཡང་དྲན་མྱོང་། ཤིན་ཏུ་རེ་ཆད་ཀྱི་སྐབས་སུ་སྙན་ངག་མང་པོ་ཞིག་བྲིས་མྱོང་། ཡིན་ནའང་ཕོ་བའི་ནང་གི་ལྟོགས་སྐོམ་གྱིས་ང་ལ་དངོས་ཡོད་ཅེས་པ་འདི་ངོ་སྤྲོད་བྱེད་ཅིང་། མི་ནི་ནམ་ཡང་སྤྱི་ཚོགས་ཞེས་པའི་མི་ཐམས་ཅད་འདུས་པའི་ཕུང་བོ་འདི་དང་ཁ་འབྲལ་ཐབས་མེད་པ་གསལ་བཤད་བྱས་ཡོང་། དེར་མ་ཟད། ངས་ནང་སེམས་ཀྱི་རང་དབང་སྙེག་པའི་སྐྱེས་བུ་སྐོར་ཞིག་གི་རྣམ་ཐར་བཀླགས་མྱོང་། དེ་དག་གི་རྣམ་ཐར་ལས། ངས་རང་དབང་གི་ཕུགས་པ་རུ་ཡིབ་པའི་འཆི་བ་མཐོང་བྱུང་། ཁེར་རྐྱང་དང་རེ་ཆད་མཐོང་བྱུང་། དེ་ཡིས་ང་ལ་འཇིགས་སྐྲག་བསླངས་ཤིང་། ང་རང་ཕྱིར་སྤྱི་ཚོགས་ཀྱི་ཁྲོད་དུ་འཚོ་དགོས་པའི་འབོད་སྐུལ་བཏང་བྱུང་། དོན་གྱིས། སྤྱི་ཚོགས་ནི་དྲི་མས་སྦགས་པ་ཞིག་ཡིན་ནའང་། དེའི་ཁྲོད་དུ་གསོན་པ་ནི་བདེ་འཇགས་ཤིག་རེད།

        དྲི་བ། བོད་ཀྱི་སློབ་ཆེན་སློབ་མ་མང་ཤོས་སློབ་མཐར་ཕྱིན་རྗེས་སྒེར་ལ་དབང་བའི་ལས་ཀ་མི་བསྒྲུབས་པར་གཞུང་ཞབས་པ་བྱེད་པར་བྲེལ་ཀྱིན་འདུག་པ་འདི་ལ་ལྟ་ཚུལ་ག་འདྲ་ཡོད། སྣང་ཚུལ་འདི་སློབ་ཆེན་སློབ་གསོ་དང་འབྲེལ་བ་ཡོད་དམ།

         ལན། སྤྱིར་ན་དེ་ནི་སློབ་གསོའི་ལམ་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། ཡིན་ནའང་སྤྱི་ཚོགས་ཀྱི་རེ་བ་དང་མི་སྒེར་གྱི་འཇོན་ནུས་ལ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ང་ཚོའི་ཁོར་ཡུག་གི་མི་རྣམས་ཀྱིས་གཞུང་ཞབས་པའི་ལས་ཀ་རེག་པ་ནི་མི་ཞིག་གི་གྲུབ་འབྲས་ཆེ་ཤོས་སུ་ངོས་འཛིན་པས་སློབ་མ་རྣམས་ཀྱང་དེའི་ལམ་དུ་ཞུགས་པ་ཡིན་སྲིད། དཔེར་ན་ང་རང་སློབ་ཆེན་ནང་ཞུགས་མ་ཐག་དཔལ་འབྱོར་དོ་དམ་སྡེ་ཁག་ཏུ་ཞུགས་པ་ཡིན་ལ། ང་ཚོའི་ཆེད་ལས་ནི་བཟོ་ཚོང་རེད། སྐབས་དེར་ང་ཚོའི་འཛིན་གྲྭ་རུ་སློབ་མ་དྲུག་ཅུ་ཡས་མས་ཤིག་ཡོད།  ད་ལྟ་དཔལ་འབྱོར་དོ་དམ་སྡེ་ཁག་གི་བཟོ་ཚོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཚོའི་ཁྲོད་དུ་ཚོང་ལས་གཉེར་མཁན་ཞིག་ཕལ་ཆེར་མི་འདུག ཡིན་ནའང་གཞུང་ཞབས་པའི་ལས་རྐང་དུ་ཞུགས་མཁན་ནི་བརྒྱ་ཆའི་དགུ་བཅུའི་ཡན་རེད། གཞན་ཞིག་ནི་སློབ་མ་རང་ཉིད་ཀྱི་འཇོན་ནུས་ཀྱིས་ཐག་བཅད་པ་ཞིག་རེད། གྲངས་ཉུང་མི་རིགས་ཀྱི་སློབ་གླིང་ཁག་ཏུ་སྐད་ཡིག་སློབ་གསོ་ཙམ་མ་གཏོགས་ལག་རྩལ་རང་བཞིན་གྱི་ཆེད་ལས་མང་པོ་མེད་ལ། དེར་བརྟེན་སློབ་མཐར་ཕྱིན་པའི་སློབ་མ་ཚོས་ཀྱང་གཞུང་ཞབས་དང་དགེ་རྒན་ཙམ་བྱེད་པ་ལས་གཞན་ལ་བསམ་བློ་འཁོར་མི་ཐུབ། ད་ལྟ་ང་ཚོའི་སྤྱི་ཚོགས་སྟེང་བལྟས་ཚེ། ཚོང་གི་ལས་ཀ་བྱེད་མཁན་མང་ཤོས་ནི་སློབ་འབྲིང་མཐར་ཕྱིན་དང་། ཡང་ན་སློབ་གྲྭར་མ་ཞུགས་པའི་མི་རེད། དེ་ཚོར་སློབ་ཆེན་སློབ་མ་ལས་ལྷག་པའི་འཇོན་ནུས་ཤིག་ཡོད་པ་མིན་མོད། ཁོ་ཚོར་སློབ་ཆེན་སློབ་མ་ཚོར་མེད་པའི་འཚོ་གནས་ཀྱི་སྙིང་སྟོབས་ཤིག་འདུག་པས། དེ་ནི་ཚོང་ལས་ལ་འཇུག་པའི་སྟོབས་ཤུགས་སུ་གྱུར་འདུག

         དྲི་བ། ཉེ་སྔོན་གསར་ལམ་ཁག་ནས་གོ་ཐོས་བྱུང་བ་ལ། བོད་ཀྱི་སློབ་ཆེན་སློབ་མ་ཞིག་སློབ་མཐར་ཕྱིན་པ་དང་གཞུང་ཞབས་ཀྱི་ལས་ཀ་མི་བཙལ་བར་ཤ་ཉོ་ཤ་ཚོང་གི་ཚོང་ཁང་ཞིག་གཉེར་པར་ཐོས། ཚོང་དེ་སྡིག་ལས་ཀྱི་ཚོང་ཞིག་ཡིན་པས་བོད་མི་མང་ཤོས་ཤིག་འཐད་ཀི་མེད་ཚོད་རེད། ཁྱོད་ལ་འདིའི་ཐད་དུ་བསམ་ཚུལ་ག་འདྲ་ཡོད།

           ལན། དེ་འདྲ་ཞིག་ངས་ཀྱང་དྲ་རྒྱའི་སྒང་མཐོང་བྱུང་། མི་དེས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཤ་ཚོང་རྒྱག་གི་འདུག སྐབས་དེར་ངའི་སེམས་སུ་དེ་ནི་ལས་ཀ་ཡག་པོ་ཞིག་རེད་བསམ་སོང་། ཁ་ཆེ་ཚོས་ག་རེ་ལབ་གི་རེད་ཅེ་ན། འབྲོག་པ་ཚོ་ནི་ང་ཚོའི་ཕྱུགས་རྫི་དང་གླ་པ་རེད་ཅེས་ལབ་གི་རེད། དེའི་དོན་ནི་འབྲོག་པ་ཚོས་དཀའ་སྡུག་ཆེན་པོས་འཚོ་སྐྱོང་གནང་བའི་སྒོ་ཟོག་གི་ཤ་རྣམས་ཁ་ཆེ་བས་རིན་གོང་དམའ་མོས་ཕར་ཉོས་ཤིང་རིན་གོང་མཐོན་པོས་ཚུར་བཙོང་གི་ཡོད་པ་རེད། དེ་ལྟར་ཕྱིན་པས་གཞན་པ་ཚོ་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་ཕྱིན་པ་དང་། ངོ་ཚོ་ཇེ་དབུལ་ནས་ཇེ་དབུལ་དུ་འགྲོ་བཞིན་པ་རེད། ཉེ་སྔོན་ཞིག་ལ་ངས་པོད་ཕྲན་སྒང་དུ་འབྲོག་པ་ཚོས་རྒྱ་མི་དང་ཁ་ཆེ་བ་ཚོ་ཕྱུག་པོར་གཏོང་བ་ལས་ཅི་ཡང་མི་ནུས་སོ་ཞེས་པའི་སྐད་ཆ་ཞིག་སྤེལ་མྱོང་། ཉིན་དེར་ང་རང་ཕ་ཡུལ་དང་གྱེས་ནས་ཟི་ལིང་དུ་འགྲོ་བཞིན་ཡོད། སྟོང་སྐོར་དུ་ལྕགས་རའི་བཟོ་གྲྭ་ཞིག་ཏུ་ཕྱིན་པ་ཡིན། དེ་རུ་རྒྱ་མི་མང་པོ་ཞིག་གིས་ལྕགས་ར་དང་ལྕགས་སྡོང་། ལྕགས་རའི་ཚེར་མ་སོགས་བཟོ་བཞིན་འདུག ལྕགས་སྡོང་ཞིག་གི་རིན་གོང་དྲིས་པས། ལྕགས་སྡོང་གཅིག་ལ་སྒོར་མོ་བཅུ་དྲུག་ནས་བཅུ་བདུན་ཡིན་ཟེར། དེ་ནས་ཟི་ལིང་དུ་ཡང་ལྕགས་རའི་བཟོ་གྲྭ་ཞིག་ཏུ་ཕྱིན། དེ་ག་རུ་ལྕགས་སྡོང་ཞིག་ལ་སྒོར་བཅུ་གསུམ་ནས་བཅུ་བཞི་ཙམ་རེད། ཕྱིར་ཕ་ཡུལ་དུ་ལོག་ཏེ་དྲིས་པས། ཡུལ་བའི་ཕྱོགས་སུ་ལྕགས་སྡོང་གཅིག་ལ་སྒོར་ཉེར་གསུམ་ནས་ཉེར་བཞི་རེད་ཟེར། ངའི་ཕ་ཡུལ་ནས་སྟོང་སྐོར་ལ་ཁ་ཐག་རིང་པོ་མེད། སྤྱི་ལེ་དགུ་བཅུ་ཡས་མས་ཤིག་རེད། ཟི་ལིང་ལ་སྤྱི་ལེ་བརྒྱ་དང་ལྔ་བཅུ་རེད། ཡིན་ནའང་དེའི་བར་དུ་ཡང་རིན་གོང་ལ་ཧེ་བག་ཆེན་པོ་དེ་འདྲ་འདུག ཐོན་རྫས་དེ་ཚོ་ནི་འབྲོག་པ་ཁོ་ནར་དམིགས་ནས་ཐོན་སྐྱེད་བྱས་པ་ཡིན་ལ། དེའི་མཛད་སྤྱོད་པར་འབྲོག་པ་ཁོ་ན་ལས་མེད། ཡིན་ནའང་ཐོན་རྫས་དེ་དག་གིས་རྒྱ་མི་ཚོ་ཕྱུག་པོར་བཏང་བ་ཙམ་ལས། འབྲོག་པ་རང་ལ་ཕན་འབྲས་ག་འདྲ་ཐོན་ཡོད་མེད་ལབ་ཁག་པོ་རེད། རྒྱུ་མཚན་དེའི་དབང་གིས། བོད་པ་རང་གི་ཐོན་རྫས་དེ་བོད་པ་རང་གིས་ཕྱིར་འཚོང་བྱ་ཐུབ་པ་ནི་ལས་ཀ་ཡག་པོ་ཞིག་རེད་བསམ་གྱིན་ཡོད། བོད་མི་ཚོར་མཚོན་ན་དགེ་སྡིག་གི་རིན་ཐང་ལྟ་ཚུལ་དེ་རུས་རྐང་ལ་ཟུག་ཡོད་པ་ཞིག་རེད། ཡིན་ནའང་སྤྱི་ཚོགས་ཀྱི་ངོས་ཐད་ནས་བསམ་གཞིག་བཏང་བ་ཡིན་ཚེ། ཟས་རིགས་ཐོན་རྫས་ཤིག་གི་ཚད་གཞི་ནི་མིའི་བདེ་ཐང་ལ་གནོད་པ་བྱ་མིན་གྱི་སྟེང་ནས་འཇོག་པ་ལས། དགེ་སྡིག་གི་ངོས་ནས་འཇོག་ཐུབ་པ་ཞིག་མ་རེད།

            དྲི་བ། ཁྱོད་རང་སློབ་མཐར་ཕྱིན་རྗེས་གཞུང་ཞབས་ཀྱི་ལས་ཀ་མི་བྱེད་དོན་ཅི།

           ལན། དེ་ནི་ང་རང་ཉིད་ཀྱི་གདམ་ག་ཞིག་ཡིན། རྒྱུ་མཚན་མང་པོ་ཞིག་མེད། 

          དྲི་བ། ཡོད་ཚད་ནུབ་ཕྱོགས་ཅན་དུ་འགྱུར་འགོ་རྩོམ་པའི་དུས་འདིར་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ལ་མ་མཐའི་འགན་འཁྲི་ག་འདྲ་ཞིག་ཡོད་དགོས།

            ལན། སྐབས་འདིར་མཚོན་ན། བོད་ཀྱི་སློབ་ཆེན་སློབ་མ་ཙམ་མ་ཡིན་པར། བོད་མི་སྤྱི་ལ་མཚོན་ན་ཡང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་ནི། འཚོ་གནས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་རྒྱུ་དེ་རེད། སྲོལ་རྒྱུན་གྱི་འཚོ་གནས་དོན་གཉེར་བྱེད་སྟངས་ནི་མཛེས་སྡུག་ལྡན་པ་ཞིག་རེད་ལ། བློས་མི་ཐོངས་པ་ཞིག་ཀྱང་རེད། ཡིན་ནའང་དེ་ནི་མདུན་ལམ་ཡོད་པ་ཞིག་མ་རེད། དུས་རབས་ཀྱི་འཕོ་འགྱུར་ཆེན་པོའི་ཀློང་དུ། འཚོ་གནས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་རྒྱུ་ནི་ཐབས་མཁས་ཀྱི་གདམ་ག་ཞིག་རེད། 

            དྲི་བ། མི་རིགས་གཞན་པའི་སློབ་ཆེན་སློབ་གསོ་དང་བསྡུར་ཏེ་བོད་ཀྱི་སློབ་ཆེན་སློབ་གསོའི་མི་འདང་སའི་སྟོང་ཆ་གང་ན་འདུག

          ལན། དེ་ནི་ལས་སླ་མོར་མཐོང་ཐུབ་པ་ཞིག་སྟེ། མི་སྒེར་བའི་འཚོ་གནས་དོན་གཉེར་ལ་སྨན་པའི་ཆེད་ལས་མང་པོ་ཞིག་ཡོད་མེད་དེ་རེད། གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ནི་སྐད་ཡིག་སློབ་གསོ་ཙམ་ལས་འདའ་འགོངས་བྱ་ཐུབ་ཀྱི་མི་འདུག

           དྲི་བ། བོད་ཀྱི་སློབ་ཆེན་སློབ་མའི་ནང་དུ་རང་མོས་སྙན་ངག་འབྲི་མཁན་མང་བ་ལས་སྲོལ་རྒྱུན་སྙན་ངག་འབྲི་མཁན་དང་སྲོལ་རྒྱུན་སྙན་གཞུང་ལ་སྦྱངས་པ་བྱས་པ་ཧ་ཅང་ཉུང་ཚོད་རེད། འདིའི་ཐད་དུ་ཁྱོད་ལ་ལྟ་ཚུལ་ག་འདྲ་ཡོད།

            ལན། སློབ་མའི་ནང་དུ་རྩོམ་རིག་ལ་མོས་མཁན་མང་པ་ནི་མཚར་བོ་ཞིག་རེད། སྲོལ་རྒྱུན་སྙན་གཞུང་དང་རང་མོས་སྙན་ངག་གང་ལ་འཇུས་ཀྱང་རུང་། དེ་ནི་ང་ལ་མཚོན་ན་རེ་བའི་ནང་གི་སློབ་ཆེན་སློབ་མ་དེ་མ་རེད། སྒྱུ་རྩལ་གྱི་ལས་ཀ་ནི་མི་རྣམ་དག་ཅིག་གིས་གཉེར་ན་ཡག་པོ་རེད། ཡིན་ནའང་སྒྱུ་རྩལ་གྱི་ཕུགས་པ་རུ་དངོས་ཡོད་ལས་འགོངས་པའི་འཇིག་རྟེན་ཞིག་ཡིབ་ཡོད་པ་རེད། དེ་མཐོང་མཁན་དཀོན་ལ། མཐོང་མཁན་ཚོ་ཕྱིར་དངོས་ཡོད་དུ་ལོག་དཀའ། དེའི་རྐྱེན་གྱིས། ཆེད་ལས་ལག་རྩལ་ལ་སྦྱང་བ་བྱ་མཁན་མང་པོ་ཞིག་འབྱུང་ཐུབ་ན། དེ་ནི་རྩོམ་རིག་ལ་འཇུག་མཁན་མང་པ་ལས་ལྷག་པ་ཡོད་ངེས། སྤྱིར་འཚོ་བ་ནི་རྩོམ་རིག་དང་བསྡུར་ཐབས་ཡོད་པ་ཞིག་མ་རེད། ཡིན་ནའང་མ་མཐའི་འཚོ་བ་ལ་དཀའ་ཁག་བྱུང་ཡོད་པའི་མི་རིགས་ཤིག་ལ་ཆ་མཚོན་ན། འཚོ་བའི་དཀའ་ཁག་སེལ་ཐུབ་པའི་ཆེད་ལས་ལག་རྩལ་སྦྱང་རྒྱུ་ནི་ཐབས་ལམ་ཉག་གཅིག་རེད།

             དྲི་བ། ཁྱོད་ཀྱིས་རང་གི་མ་འོངས་པར་འཆར་གཞི་ག་འདྲ་ཞིག་བཟོས་ཡོད།

            ལན། སྤྱིར་འཆར་གཞི་ཡོད་པའི་སྒང་ནས་ལས་ཀ་བྱས་ཚེ་ལས་ཆོད་ཡོད་པ་ཞིག་རེད། ཡིན་ནའང་མི་ཚེ་ཧྲིལ་བོར་འཆར་གཞི་འགོད་པ་ནི་རང་ཉིད་བཙོན་དུ་འགོག་པ་དང་འདྲ་བོ་འདུག་སྙམ། ལྷག་པར་དུ་ཁོ་བོས་རང་གི་མི་ཚེ་ལ་འཆར་གཞི་གང་ཡང་བཟོས་མེད། དམིགས་ཡུལ་ག་གེ་མོ་ཞིག་ལ་ཆེད་དུ་བྱ་བ་བྱས་པ་ཡང་མེད། དེ་ནི་ང་ལ་མཚོན་ན་འཚོ་བའི་ཐད་ནས་ཕམ་ཁ་ཉོ་སྲིད་པའི་ཆ་རྐྱེན་ཞིག་ཡིན་ཀྱང་སྲིད། ཡིན་ནའང་ང་ནི་རང་གི་ནང་སེམས་ཀྱི་རྗེས་སུ་འབྲངས་པ་ལས་ཐབས་གཞན་མི་འདུག

       ཁྱེད་ཀྱིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ།

རྩོམ་ཁུངས།   2014ལོའི་ནས་སོན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།