རོང་བོ་དགེ་འདུན་ལྷུན་གྲུབ་ལ་བཅར་འདྲི་ཞིག

462

 

བཅར་འདྲི་མཁན།   __རྫ་སྐྱེས་ཕུར་བ། 
བཅར་འདྲིའི་དུས་ཡུན༢༠༡༡ལོའི་ཟླ༡ཚེས་༩ཉིན།

 

         དྲི་བ།      སྔར་རྩོམ་འབྲོང་གཡག་གི་ཧུར་སྒྲའི་ནང་ཚན་རྐང་གླིང་སྐྱ་བོ་དང་བར་ལམ་བཏོན་པའི་ལྷ་ཆེན་པོའི་སྙན་ངག་གཉིས་ལས་ད་ཐེངས་ཀྱི་ཕྲེང་བ་ནག་པོ་ནི་ཀློག་མཁན་མང་པོས་ཁྱེད་ཀྱི་སྙན་ངག་གསར་རྩོམ་གྱི་དཀྱོགས་མཚམས་ཤིག་ཏུ་བསླེབས་ཡོད་པ་དང་སྔ་མ་གཉིས་དང་མི་འདྲ་བའི་གདེང་འཇོག་གནང་བར་མ་ཟད། ཁྱེད་ཀྱིས་ཀྱང་དེ་ལྟར་ངོས་འཛིན་གནང་གི་ཡོད་ཚོད་འདུག  དེས་ན་བརྩམས་ཆོས་དེ་གསུམ་གྱི་ཐད་ནས་ཁྱེད་ཀྱི་སྙན་ངག་གི་བྱུང་འཕེལ་བསྐོར་གསུང་རོགས།

        ལན།     ཐོག་མར་མཁྱེན་དགོས་པ་ཞིག་ལ།  རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག་གཉིས་ཀྱི་བར་དུ་ཁོ་བོས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་གྱི་ཧེ་བག་ཙམ་ལས་ཁྱད་ཆོས་གང་ཡང་བྱུང་མི་འདུག  དོན་དུ་སྙན་ངག་གི་ཁྱད་ཆོས་དེ་ཚིག་གི་རོལ་རྩེད་ཀྱི་ཕྱོགས་སུ་སོང་ཡོད་ཅིང་།  དེང་རབས་སྙན་ངག་གི་ཁྱད་ཆོས་གང་ཡིན་པ་དེ་ཡང་ངོས་འཛིན་ཐུབ་ཡོད་པ་མ་རེད། དེའི་ཕྱིར་ངའི་དེབ་གཉིས་པ་ལྷ་ཆེན་པོའི་སྙན་ངག་ནི་སྦྱང་དེབ་ཅིག་ཏུ་བལྟ་དགོས་པར་སེམས་པ་ལས། སྙན་ངག་གི་ཚད་གཞི་ཞིག་ཏུ་ནམ་ཡང་བཟུང་བར་མི་བྱ། སྙན་དེབ་གཉིས་པ་ལ་བལྟས་ཏེ་སྙན་དེབ་དང་པོ་རྐང་གླིང་སྐྱ་བོར་སྲོལ་རྒྱུན་སྙན་ངག་གི་རྩོམ་རྩལ་དེ་དེང་གི་ཚིགས་བཅད་གསར་བའི་ཕྱོགས་སུ་གཞོལ་བའི་ཆ་འདུག་པས། ང་དེ་ལ་ཡིད་མོས་ཅུང་ཟད་ཆགས་འདུག ཉེ་ལམ་བདག་གིས་པར་དུ་བསྐྲུན་པའི་སྙན་དེབ་ཕྲེང་བ་ནག་པོ་ནི་ཁོ་བོས་ལོ་ངོ་བཅུ་ཕྲག་གཅིག་གི་རིང་དུ་སྙན་ངག་གསར་བར་འབད་པ་བྱས་ཏེ་གྲུབ་པའི་དེབ་ཅིག་ཏུ་ལྟ་གིན་ཡོད་པས། ང་རང་ཉིད་ཀྱིས་ཀྱང་བོད་ཡིག་རྐྱང་བ་ལས་ཡིག་རིགས་གཞན་ལ་རྨོངས་ཤིང་སྲོལ་རྒྱུན་སྙན་ངག་གི་གཞུང་ལས་དེང་རབས་རྩོམ་རིག་གི་གཞུང་ལུགས་ལ་མ་སྦྱངས་པའི་གྲྭ་བཙུན་ཞིག་ལ་མཚོན་ན་ཅུང་ལག་སྐྱེས་འོས་ཚིམ་ཞིག་ཏུ་བལྟས་ན་མི་ཆོག་པ་མེད་པར་སྙམ་མོ།།    

       དྲི་བ།    ཁྱེད་ལྟ་བའི་སྙན་ངག་གསར་རྩོམ་ལ་འཇུག་པའི་གྲྭ་བཙུན་ཞིག་ལ་མཚོན་ན།རང་གི་འཚོལ་སྙེག་གི་འདུན་པ་དང་།  དགོན་སྡེའི་སྲོལ་རྒྱུན་གཉིས་ཚ་གྲང་ལྟ་བའི་འགལ་འདུའི་རང་བཞིན་ཅན་ཞིག་ཡིན་རྒྱུ་རེད་འདོད་གི ཁྱེད་ཀྱིས་དེའི་འགལ་འབྲེལ་བསྐོར་ལ་གསུང་ན་འགྲིག་གམ།    

     ལན།    ང་རང་གི་འཚོལ་སྙེག་གི་འདུན་པ་ཟེར་ན་ཁྱེད་ལ་འཆད་དཀའ་མོད། ང་རང་གི་དགའ་ཕྱོགས་ནི་གཙོ་བོ་སྙན་ངག་ཡིན་པས་མུ་མཐུད་དུ་སྙན་ངག་འབྲི་རྒྱུ་ཡིན། དེ་ལས་གཞན་ངས་སྤྱིར་རིག་གནས་ཀྱི་ངོས་ནས་གསར་རྙིང་ཞེས་པ་ཞིག་ཡོད་པར་མི་འདོད་ཅིང་། འདི་དགེ་དང་འདི་ཉེས་ཞེས་བཤད་ཁེག་པོ་རེད།  ཡིན་རུང་དགོན་པའི་སྤྱི་ཚོགས་ཀྱི་གནས་བབ་ཐད་ནས་ཅུང་མཁྲེགས་གཟུགས་ལྟ་བུར་གནས་ཡོད་རྐྱེན། མི་སྒེར་ངོས་ཀྱི་ཚོར་བ་ལ་མི་སྐྱིད་པའི་ཆ་བསྟེར་སྲིད་མོད། དེ་ལ་འཕོག་ཐུག་འགྲོ་མིན་ནི་མི་རང་ཉིད་ཀྱི་བཟོད་བསྲན་དང་དཀྱེལ་ཡངས་ལའང་ཐུག་འདུག་པས་ཚ་གྲང་ལྟ་བུའི་འགལ་ཟླ་ཞིག་ཏུ་ནམ་ཡང་སེམས་མེད། སྤྱིར་རང་ཅག་གི་དགོན་སྡེ་དག་གི་བསླབ་བྱ་ནི་ནང་བའི་ཆོས་གཞུང་ཡིན་པས།  མི་ཤེས་རབ་ཅན་གྱི་སྤྱོད་ཡུལ་དུ་སོང་ཡོད་སྟབས།  མི་གང་ཡིན་ཡིན་ཞིག་གིས་གཏིང་དཔག་དཀའ་ཚོད་ཡིན་པར་བསྟུན།  ང་ལྟ་བུའི་གྲྭ་བ་རེ་འགའ་དགོན་སྡེ་རུ་ཞུགས་པ་ཙམ་གྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་གང་གི་ནུ་ཞོ་ཆ་ཚང་ཞིག་རག་གི་ཡོད་མེད་དེ་དཔྱད་དགོས་པའི་གནས་སུ་སོང་འདུག  སློབ་གསོ་ནི་བྱ་སྤྱོད་དང་ལག་ལེན་གྱི་སྟེང་ནས་ངོམ་དགོས་པ་ཞིག་ཡིན་པ་ལས་དཔེ་དེབ་ཁྲོད་དུ་གནས་པའི་མིང་ཚིག་རེ་འགའ་མིན་པའི་ངེས་ཤེས་འདྲོངས་ཐུབ་ན་ད་བཟོད་ཁྱེད་ཀྱིས་དྲིས་པའི་འགལ་འབྲེལ་དེ་ཡང་ཅི་ལྟར་འོང་བ་དང་ཅི་ལྟར་སེལ་དགོས་པའི་ཧ་གོ་འགྲོ་བའི་སེམས་ཚོར་ཞིག་ང་ལ་འདུག    

        དྲི་བ།   ཁྱེད་ཀྱི་བཅད་མའི་སྙན་ངག་ལ་ཀློག་མཁན་དག་གིས་དམིགས་བསལ་གྱི་གདེང་འཇོག་ཐོབ་པ་མ་ཟད།  གཞུང་དེབ་སྦྲང་ཆར་དང་། གངས་རྒྱན་མེ་ཏོག་སོགས་ནའང་གོ་ས་ངེས་ཅན་ཞིག་བཟུང་ཡོད་པའི་ཚོད་དུ་འདུག  ཁྱེད་ཀྱིས་རང་གི་བཅད་མའི་སྙན་ངག་གི་ལེགས་ཆ་གང་དུ་འདུག་སྙམ་ཡོད།   

        ལན།   ངའི་བཅད་རྩོམ་སྙན་ངག་ལ་དགའ་བསུ་བྱེད་མཁན་མང་པོ་ཡོད་མེད་ངས་ཤེས་ཀྱིན་མེད། གཞུང་སྒེར་གྱི་དེབ་ཆེ་ཕྲ་དག་གི་སྟེང་དུ་ད་སྔའི་བར་དུ་རྩོམ་ཡིག་བརྒྱ་ཕྲག་གཉིས་ལ་ཉེ་བ་ཞིག་བཀོད་ཡོད། ང་རང་ཉིད་ལ་ཚིགས་བཅད་སྙན་ངག་འབྲི་བའི་སྔོན་འགྲོ་གང་འཚམ་ཞིག་སོང་ཡོད།  གལ་ཏེ་ངའི་ཚིགས་བཅད་སྙན་ངག་ལ་ཁྱད་ཆོས་ཤིག་ཡོད་ན་དེ་ཡི་བཀའ་དྲིན་ཡིན་དུ་མཆི། ད་དུང་སྔོན་མར་ང་དང་ན་མཉམ་པའི་གྲྭ་གྲོང་སུ་ཞིག་ཡིན་རུང་སྙན་ངག་ཅིག་འབྲི་དགོས་པ་ལ།  སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་ངེས་པར་དུ་ལེགས་པོ་ཞིག་འགྲོ་དགོས་པར་མ་ཟད།གྲུབ་མཐའ་གསར་རྙིང་གི་ཆབ་ཤོག་དང་མགུར་གླུ་སོགས་སྣ་སྒོར་མོར་མང་དུ་བལྟས་མཐར། ཡུན་རིང་བོར་སྙན་ངག་འབྲི་བར་སྦྱང་བ་བྱེད་པའི་ལུགས་སྲོལ་ཞིག་འདུག  ངས་ཀྱང་ལམ་སྲོལ་དེ་བསླབས་ཤིང་དེ་ལྟར་སྦྱངས་པ་བྱས་ནས་འོང་བ་ཡིན།  སྤྱིར་ཡང་དཀའ་ལས་ཏོག་ཙམ་བརྒྱབས་ན་འབྲས་བུ་ཡང་ཏོག་ཙམ་ཡོད་པ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཡིན་ངེས།   

        དྲི་བ།    སྙན་ངག་ཅིའི་ཕྱིར་འབྲི་དགོས་པ་ཡིན། ཇི་ལྟར་འབྲི་དགོས་པ་ཡིན། ཅི་ཡིས་འབྲི་དགོས་པ་ཡིན།    

        ལན།   དགོངས་དག  སྙན་ངག་ཅིའི་ཕྱིར་འབྲི་དགོས་ཟེར་བ་འདིར་ངས་ལན་ཅི་ཡང་འདེབས་ཤེས་རྒྱུ་མ་རེད། འོལ་སྤྱི་ཙམ་གྱིས་སྨོས་ན་སེམས་ཀྱི་འཚོ་བ་རོལ་སྟངས་ཤིག་ཡིན།  ཇི་ལྟར་འབྲི་དགོས་པ་རེད་ཅེས་ཟེར་ན། ང་ལ་ཁ་ཚོན་གཅིག་ཆོད་ཀྱི་ལན་ཞིག་གདབ་རྒྱུ་ཤིན་ཏུ་ཁེག་མོད།  བརྩེ་བའི་ངོ་བོ་ལ་བསྲེས་ལྷད་མ་ཞུགས་པའི་སྒོ་ནས་འབྲི་དགོས་པར་འདོད། ཅི་ཡིས་འབྲི་དགོས་ཟེར་བའི་དྲི་བ་དེའི་དོན་གོ་ཡི་མི་འདུག    

         དྲི་བ།   ང་ཚོས་སྙན་ངག་ལ་གོ་བ་ཇི་ལྟར་བླངས་ན་ལེགས་སམ།   

         ལན།   སྙན་ངག་ལ་གོ་བ་ལེན་ལུགས་ནི་རྟ་མོག་མོག་གི་སྤུ་ལྟ་བུ་ཞིག་ཏུ་སོང་ཡོད་པས། འདི་ཡིན་དང་དེ་ཡིན་གྱི་སྐད་ཆ་ཞིག་ང་ལ་ཤོད་རྒྱུ་མེད་རུང་། སྙན་ངག་ཅེས་པ་ནི་མི་ཞིག་གི་རྣམ་ཤེས་ལ་བཙོ་སྦྱངས་བྱས་པའི་ཉིང་ཏིག་དེ་བརྡ་སྤྲོད་དང་སྣང་བརྙན་ལ་ཞུན་བརྡར་ཆོད་པའི་ངོས་ནས་འོང་བའི་རིག་བྱེད་ཅིག་ཏུ་སོང་སྟབས། རང་བཞིན་གྱི་ཀློག་པ་པོ་ཕལ་བ་དག་ལ་བསྟུན་ཐབས་བྲལ་བའི་ཆོས་ཉིད་ཅིག་ལྡན་ཞིང་། ཚོར་བ་དང་ཚོར་ཤེས་ཀྱི་སྲོག་རྩ་ཤིན་ཏུ་སྦོམ་དགོས་པས་སྤྱིར་བཏང་གི་བརྗོད་བྱ་ཕལ་བ་ཞིག་ལས་འགུལ་ལྡན་གྱི་སྐྱེ་དངོས་ཤིག་དང་འདྲ་ལ། ཕྱི་རོལ་གྱི་རྟགས་དང་གཏན་ཚིགས་ལ་མ་བསྟུན་པར་རྩོམ་པ་པོ་རང་གི་ནང་སེམས་ཀྱི་ཚོར་ཤེས་རྒྱ་ཡན་པ་གང་དགར་སྐྱོམས་པས་ཀློག་པ་པོས་མཐའ་གཅིག་ཏུ་ངེས་འཛིན་དཀའ་བའི་ཁྱད་ཆོས་ཡོད་དོ།། སྔོན་མའི་བོད་པའི་སྲོལ་རྒྱུན་སྙན་ངག་གི་མཛེས་པ་ནི་ཚིག་གི་སྟེང་དུ་ཡོད་པ་དང་།  དེང་རབས་སྙན་ངག་གི་མཛེས་པ་ནི་སྲོག་གི་སྟེང་དུ་གནས་པར་འདོད་པས། ཀློག་པ་པོ་དག་གིས་གདེངས་འཇོག་བྱེད་སྟངས་དང་གོ་བ་ལེན་ཚུལ་མ་ནོར་བ་བྱ་དགོས་སྙམ།ཡང་འདི་རུ་གསལ་བྱེད་བྱ་རྒྱུ་ཞིག་ལ།  བོད་སྔོན་རབས་པའི་ཁྲོད་དུ་ཡང་སྲོག་འདོད་པ་རེ་འགའ་འདུག་མོད།  དེ་དག་གིས་འདོད་པའི་སྲོག་དེ་ནི་དེང་རབས་པ་དག་གིས་འདོད་པའི་སྲོག་ལ་བལྟས་ཏེ་སྤྱིར་བཏང་གི་བརྗོད་བྱ་ཞིག་ཏུ་ལུས་ཡོད་པའང་ཤེས་དགོས།  

          དྲི་བ།   གྲྭ་བཙུན་དག་གིས་བྲིས་བའི་སྙན་རྩོམ་གྱི་གྲངས་འབོར་ནི་སྐྱ་བོའི་སྡེ་ལས་ལྡབ་འགྱུར་གྱི་མང་མོད། སྙན་ངག་གི་རིན་ཐང་དངོས་ཀྱི་ཚད་ལོང་མཁན་རེ་གཉིས་མ་གཏོགས་མེད་པ་གང་ལ་ཐུགས་འདུག   

       ལན།   སྤྱིར་སྙན་རྩོམ་གྱི་ཐད་ནས་གླེང་བ་ཡིན་ན་གྲྭ་བཙུན་རྩོམ་པ་པོ་དག་གི་སྙན་རྩོམ་གྱི་སྤུས་ཀ་གྲོང་བ་ལས་ཞན་པར་འདོད་པའི་འདོད་པ་དེ་ང་ལ་མེད་མོད།  དེང་རབས་སྙན་ངག་གི་ཐད་ནས་དེ་འདྲ་རང་རེད།  དེ་ནི་གྲྭ་བཙུན་མང་ཆེ་བ་དེང་རབས་རྩོམ་རིག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ལ་བློ་སྦྱོང་མེད་པ་དང་། རྩོམ་རིག་གམ་སྙན་ངག་གི་འབྲི་ཐབས་ཤིག་ལ་གསར་དུ་ཞུགས་ཚེ་བོད་རང་གི་སྲོལ་རྒྱུན་སྙན་ངག་ལས་གཞན་དུས་དེབ་རེ་འགའ་དང་ཚགས་ཤོག་རེ་འགའི་ངོས་ཀྱི་སྙན་ངག་དང་རྩོམ་རིག་གི་བགྲོ་གླེང་ཐར་ཐོར་ཙམ་ལས་ལག་པ་འཆིང་ས་མེད་པའི་རྒྱུ་མཚན་ཡིན་ནམ་འདོད།  དེ་ལས་གཞན་ཞིག་ནི་གྲྭ་བཙུན་རྩོམ་པ་པོ་མང་ཆེ་བས་དེང་རབས་སྙན་ངག་ནི་འཕྲལ་གྱི་སླ་ཆོས་སུ་འདོད་དྲགས་ནས།  དགའ་བ་ཉེ་ཚེ་བ་རེ་བྱུང་ཚེ་འབྲི་བ་ཙམ་ལས། ནམ་རྒྱུན་དེ་ལ་དོར་སྣང་མ་བྱས་སྟབས། དེང་རབས་སྙན་ངག་འབྲི་བར་ཞན་ཆ་ཐོན་ཡོད་པར་འདོད།   

     དྲི་བ།   མཇུག་ཏུ་ཁྱེད་ཀྱི་སྙན་ངག་གསར་རྩོམ་གྱི་རླུང་རྟ་ཡང་འགྲོ་ཡོང་བའི་སྨོན་ལམ་འདེབས།   

      ལན།   བཀའ་དྲིན་ཆེ།  ངས་ཀྱང་ཁྱེད་ཅག་གི་བྱ་བ་ལམ་འགྲོ་འོང་བ་དང་། རིག་གནས་འདྲ་མཉམ་འོང་བའི་སྨོན་ལམ་འདེབས།

 

རྫ་ཆུའི་རླབས་སྒྲའི་པར་དབང་གཟན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།