འགྱུར་དེབ་གསར་པ《ནང་པ་ཡིན་ནམ་མིན》ཞེས་པའི་ལོ་ཙཱ་བ་རོང་བོ་གངས་དཀར་ལ་བཅར་འདྲི་ཞུས་པ།

84335

བཅར་འདྲི་བྱེད་ཡུལ། རྒན་རོང་བོ་གངས་དཀར།
བཅར་འདྲི་བྱེད་མཁན། རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ་འཇམ་རྡོར། 
དུས་ཚོད། སྤྱི་ལོ2019ཟླ11པའི་ཚེས20ཉིན།


  རྒན་རོང་བོ་གངས་དཀར་ལགས། སྐུ་ཁམས་བཟང་། ཉེ་ཆར་དྲ་ལམ་ཁག་ཏུ་ཁྱེད་ཀྱིས་བསྒྱུར་བའི་དེབ་གསར་པ《ནང་པ་ཡིན་ནམ་མིན》ཞེས་པ་མི་རིང་བར་འགྲེམ་སྤེལ་བྱེད་ཀྱི་ཡིན་པའི་འགྲེམ་བརྡའི་ཚ་རླབས་ཤིག་འཕྱུར་བ་དང་འབྲེལ་རྩོམ་པ་པོ་དང་ཀློག་པ་པོའི་སྡེ་རུ་ཁྱེད་ཀྱི་དཀའ་སྤྱད་ལ་ཡི་རང་བྱེད་པ། འགྱུར་དེབ་ལ་གདེང་འཇོག་དང་ཡིད་ཆེས་བྱ་ཆོག་པའི་སྐོར་གྱི་ངག་ཡིག་གཉིས་ཀ་མང་པོ་མཐོང་སོང་། དེ་རིང་ཉིད་ཀྱི་འགྱུར་དེབ་གསར་པའི་སྐོར་ནས་རྒྱུས་ལོན་རེ་བྱེད་འདོད་པས་བཅར་འདྲི་ངོས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།

  ལན། འོ་ཡ། ཁྱོད་ལ་བཀའ་དྲིན་ཞུ།

  ༡ སྔོན་ཁྱེད་ཀྱིས་བསྒྱུར་བའི་རྩོམ་ཡིག་རེ་འགའ་དྲ་དེབ་སོགས་ནས་རྒྱུན་དུ་མཐོང་རྒྱུ་ཡོད་ན་ཡང་། 《ནང་པ་ཡིན་ནམ་མིན》ཞེས་པའི་དེབ་འདི་ནི་ཁྱེད་ཀྱིས་བསྒྱུར་བའི་གླེགས་བམ་ཆེས་ཐོག་མ་ཡིན་པ་འདྲ། དེབ་འདི་ཆེས་ཐོག་མ་བསྒྱུར་བར་འདེམ་དོན་དང་ཀུན་སློང་ག་འདྲ་ཞིག་གི་འོག་ནས་བསྒྱུར་བར་འགོ་བརྩམས་པ་ཡིན། 

  ལན། འདིའི་སྐོར་དེབ་ཀྱི་མགོ་བརྗོད་དུ་ཅུང་ཟད་གླེང་ཡོད་ལ། འདིར་ཡང་བསྐྱར་གླེང་བ་ཡིན་ན། སྤྱི་ལོ༢༠༠༦ལོ་ཡིན་པ་འདྲ་སྟེ། དེ་དུས་ངས་རེབ་གོང་གི་འོད་སྡེར་གླ་ས་ཞིག་ནས་འོད་སྡེར་འགའ་གླས་པ་ཡིན། སྟབས་ལེགས་ཀྱི་དབང་གིས་རྫོང་སར་རིན་པོ་ཆེ་མཆོག་གིས་འཁྲབ་ཁྲིད་མཛད་པའི《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》ཞེས་པའི་གློག་བརྙན་དེ་ཡང་འདུག དེ་མིག་ལ་ཐོགས་དོན་ཡང་འོད་སྡེར་གྱི་རྒྱབ་ཤུན་སྟེང་བོད་ཡིག་ཡོད་པས་སྟབས་ཡིན་ལ། དེ་དུས་རྫོང་སར་རིན་པོ་ཆེ་ཞེས་པ་གོ་ཡང་མ་མྱོང་། གློག་བརྙན་དེར་བལྟས་པས་ཡིད་འཕྲོག་པར་གྱུར། ཐེངས་མང་པོ་ལ་ཡང་བལྟ་བསྐྱར་བལྟ་བྱས་པ་ཡིན། རིམ་གྱིས་ཐབས་ཤེས་སྣ་ཚོགས་འཐེན་ནས་གློག་བརྙན《ཕོར་བ》ལ་ཡང་བལྟ་ཐུབ་པར་གྱུར། ཞེ་ཐག་པ་ནས་གློག་བརྙན་དེའི་འཁྲབ་ཁྲིད་པར་དགའ་བར་གྱུར།

  ༢༠༠༧ལོར་རེབ་གོང་ནས་སྙན་ངག་གི་ཚོགས་འདུ་ཞིག་འཚོགས་པའི་སྟེང་དུ་སྐྱབས་ཆེན་བདེ་གྲོལ་ཡང་སླེབས་འདུག་ལ། ཁོ་རང་རྒྱ་ནང་ཞིག་ནས་ཡར་སླེབས་པ་ཡིན་ཟེར། ཏག་ཏག་ལག་ན《ནང་པ་ཡིན་ནམ་མིན》ཞེས་པའི་སྐམ་སའི་པར་གཞི་དེ་འདུག་ལ། རྩོམ་པ་པོ་ནི་ང་རང་ཆེས་དགའ་བའི་འཁྲབ་ཁྲིད་པ་རྫོང་སར་རིན་པོ་ཆེ་ཡིན་འདུག་པས། ངས་ངེས་པར་དུ་དེབ་དེར་བལྟ་དགོས་བསམ་ནས་ཁོའི་ལག་ནས་བླངས་པ་ཡིན། དེ་དུས་ནང་དོན་མང་པོ་ཞིག་གོ་བཞིན་མེད་ཀྱང་། ཨུ་ཚུགས་ཀྱིས་ཐེངས་འགར་བཀླགས་པ་ཡིན་ལ། རྗེས་སུ་ཁོམ་པ་ནམ་ཡོད་ལ་དེབ་དེ་བསྐྱར་བཀླགས་བྱས་པ་ཡིན། མ་ཟད། ནང་དོན་དང་རིགས་ལམ་འགའ་ཤས་ཀྱིས་རང་ལ་ཕན་ཐོགས་ཞེ་དྲག་བྱུང་ལ། ཐ་ན་མི་ཚེའི་གདམ་ག་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་། དེའི་ཕྱིར་དཔེ་ཆ་འདི་བོད་ཡིག་ལ་ཡོད་ན་ཅི་མ་རུང་སྙམ་ཞིང་། ནང་གི་ནང་དོན་ཁ་ཤས་བསྒྱུར་བར་ཚོད་ལྟ་བྱས་ཏེ་ང་རང་གི་ཆོས་གྲོགས་འགའ་ལ་བསྟན་པས། ཁོ་ཚོས་ལེགས་སོ་དང་ཡི་རང་ཕུལ་ཞིང་། དཔེ་ཆ་དེ་བསྒྱུར་དགོས་པར་སྐུལ་མ་མང་པོ་བཏང་མྱོང་།

  དེ་ལྟར་ལོ་མང་པོ་སོང་བ་ཡིན་ཞིང་། བདག་གི་རྒྱ་ཡིག་གི་ཆུ་ཚད་ཀྱང་ལྟོས་བཅོས་ཀྱིས་ཡག་པོར་སོང་། དེའི་ཕྱིར་ན་ནིང་ནས་བཟུང་དེ་སྔའི་བསྒྱུར་མ་ཚན་པ་འགའ་ཤས་ཡོད་པ་ལ་འཕྲི་སྣོན་གང་ལེགས་བྱས་ནས་བརྩོན་པ་དྲག་པོས་སྒོ་ནས་བསྒྱུར་བ་ཡིན་ལ། ཀུན་སློང་ཡང་ང་རང་ལ་ཕན་ཐོགས་པའི་དཔེ་ཆ་ཞིག་བོད་ཡིག་ལ་ཡོད་ན་དེས་བོད་པ་མང་པོ་ཞིག་ལ་ཕན་ཐོགས་ངེས་སྙམ་པ་ཡིན།

  ༢ 《ནང་པ་ཡིན་ནམ་མིན》ཞེས་པའི་དེབ་འདི་འཛམ་གླིང་ཤར་ནུབ་ལ་གྲགས་སྐད་ཆེ་བ་ཞིག་འདུག དེབ་དེ་སྐད་གྲགས་ཆེ་ཞིང་བྲིན་དོན་དམིགས་བསལ་ཁྱད་ཆོས་ཅི་ཞིག་ཡོད་པ་རེད། 

  ལན། དཔེ་ཆ་འདིའི་ཕྱི་མོ་རྫོང་སར་རིན་པོ་ཆེ་མཆོག་གིས་དབྱིན་ཡིག་གིས་བརྩམས་ཏེ་ཨ་རི་ནས་འགྲེམ་སྤེལ་བྱས་འདུག་ལ། བཟོ་བསྐྲུན་མཁས་པ་སྐུ་ཞབས་ཡའོ་ལགས་ཀྱིས་ལོ་དེར་རྒྱ་ཡིག་ཏུ་བསྒྱུར་བ་རེད། འདི་ལ་སྔོན་མར་ཐེ་ཝན་གྱི་པར་མ་ཞིག་དང་། སྐམ་སའི་པར་མ་གཉིས་བྱུང་འདུག་ལ། རྗེས་སུ་དཔེ་སྐྲུན་ཁང་མང་པོས་པར་གཞི་མང་པོ་བཟོས་ནས་རྒྱ་ཁྱབ་དུ་བཀྲམ་བཞིན་ཡོད་ལ། དཔེ་ཆ་དེའི་བྲིན་ཚད་ནི་ཧ་ལས་པ་ཞིག་ཡིན་པ་འབྲེལ་ཡོད་ཀྱི་མི་སྣས་བཤད་ཀྱིན་འདུག

  དཔེ་ཆ་འདི་བྲིན་དོན་གྱི་དམིགས་བསལ་ཁྱད་ཆོས་ནི། ད་ལྟའི་མི་རྣམས་དངོས་གཙོའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་བཅུམས་ཏེ་ནང་སེམས་ཀྱི་དབུགས་དབྱུང་ཞིག་ལ་རེ་བའི་དུས་ཚོད་འདིར། སྟབས་ལེགས་པ་ཞིག་ལ་ནང་ཆོས་ཡོད་སོང་ལ། ཡིན་ཡང་ཉོག་དྲ་ཚ་བའི་སྲོལ་རྒྱུན་གྱི་འཆད་སྟངས་ཀྱིས་མི་མང་པོ་ཞིག་མགོ་ན་བར་བྱས་ཡོད། དེ་ལ་དུས་ཐོག་ཆར་བ་ལྟ་བུའི་རྫོང་སར་རིན་པོ་ཆེ་མཆོག་གི་གསུང་གི་སྦྲང་ཆར་ཕབ་པ་རེད་ལ། གསུང་འདིའི་ཁྱད་ཆོས་ནི་གྲོགས་པོ་ཞིག་གིས་ལབ་པ་ནང་བཞིན། “གནའ་བོའི་ཤེས་རབ། དེང་གི་སྐད་ཆས་འཆད”ཞེས་པ་དེ་རེད། དེ་ལས་ཀྱང་དེང་རབས་སམ་ནུབ་ཕྱོགས་ཤེས་རིག་རྒྱབ་ལྗོངས་བྱས་པའི་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་ན་གཞོན་དག་གནའ་བོའི་ཤེས་རབ་ལ་འཇུག་པའི་འཇུག་ངོགས་ལྟ་བུར་ངོས་བཟུང་ན་ཆོག འདིའི་ནང་གི་དཔེ་དང་རིགས་པའི་འགྲོས་ཆ་ཚང་དེང་རབས་ཀྱི་སྐད་ཆ་བཤད་སྟངས་ལ་བསྟུན་ནས་ཟོར་ཡང་བ་དང་། སྟབས་བདེ་བ། དགོད་བྲོ་བ། གནད་ལ་འཁེལ་བ་བཅས་ཀྱི་ཁྱད་ཆོས་ཡོད་ལ། ལྷག་ཏུ་གླེང་རི་བ་ནི་དེང་རབས་རྩོམ་རིག་དང་གློག་བརྙན་གྱི་བརྙན་མིག་སྒྱུ་རྩལ་སྤྱད་ནས་ཀློག་པ་པོ་སྐད་ཅིག་གིས་བར་སྟོང་མང་པོར་དྲངས་འགྲོ་བ་དེ་ཡིན། ངས་བསམ་ན་འདི་དག་ནི་དཔེ་ཆ་འདི་བྲིན་དགོས་པའི་ཁྱད་ཆོས་ཡིན་པར་འདོད།

  དཔེ་ཆ་འདིའི་བཞག་པའི་ཤུགས་རྐྱེན་ནི་རྫོང་སར་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་ཡིན་པ་སྨོས་ཅི། ཁ་སང་དེ་རིང་ནང་ཆོས་ལ་ཅུང་ཟད་རྒྱུས་ཡོད་པའི་རྒྱ་མི་གྲོགས་པོ་དང་བོད་མི་ཤེས་ལྡན་པ་སུ་ཞིག་ལ་ཐུག་ཀྱང་། ནང་ཆོས་སྐོར་ལ་གླེང་མོལ་ཅུང་བྱེད་དུས་དཔེ་ཆ་འདི་གླེང་འོངས་ལ། དེ་དང་མཉམ་དུ་རྫོང་སར་རིན་པོ་ཆེ་མཆོག་གི་གློག་བརྙན་གླེང་བ་ནི་རྒྱུན་ལྡན་གྱི་དོན་དག་ཞིག་ཏུ་གྱུར་ཡོད།  ཐེངས་ཤིག་བདག་གི་གྲོགས་པོ་ཞིག་གི་སྐད་འཕྲིན་རྒྱབ་ལྗོངས་ནས་ཐེ་ཝན་གྱི་ས་འོག་མེ་འཁོར་ས་ཚིགས་ཀྱི་པར་ཞིག་མཐོང་ལ། དེའི་འགྲེམ་བརྡ་ལ་ཏག་ཏག་དེབ་འདིའི་ནང་གི་དུམ་ཚན་ཞིག་བཞག་འདུག གྲོགས་པོ་ལ་གནས་ཚུལ་ཞིབ་ཏུ་དྲིས་དུས། ཁོས་ཐེ་ཝན་གྱི་གྲོང་ཁྱེར་དང་ས་ཆ་གང་ཡིན་ཀྱང་དཔེ་ཆ་འདིའི་དུམ་ཚན་གྱི་འགྲེམ་བརྡ་དང་ནང་དོན་གྱིས་མ་ཁྱབ་ས་མེད་ཟེར། དེ་ལ་དཔེ་ཆ་འདི་རང་ག་བ་ཞིག་ག་ལ་ཡིན་ཞེས་སྐད་ཆ་རྒྱགས་པ་ཞིག་ཀྱང་འདི་ནས་བརྗོད་འདོད། 

  ༣ དེབ་འདི་བོད་ཡིག་ལ་བསྒྱུར་བར་ཁྱེད་རང་གིས་དཀའ་ངལ་ག་འདྲ་ཞིག་ལ་གདོང་གཏད་པ་དང་དེབ་འདི་བསྒྱུར་བའི་ཁྲོད་ལོ་ཙཱའི་སྐོར་སྔོན་དང་མི་འདྲ་བའི་མྱོང་ཚོར་ག་འདྲ་ཞིག་སྐྱེས་པའི་སྐོར་གསུངས་གནང་རོགས།

  ལན། སྔོན་དུ་བཤད་པ་ནང་བཞིན། དཔེ་ཆ་འདི་ཚོད་ལྟ་བྱས་ནས་བསྒྱུར་མགོ་བརྩམས་དུས་ལོ་བཅུའི་ཡར་སྔོན་ཡིན་ལ། ལོ་ངོ་བཅུའི་ཡར་སྔོན་དུ་བདག་གིས་ནམ་ཞིག་དཔེ་ཆ་འདི་བསྒྱུར་གྲུབ་དགོས་པའི་དམ་བཅའ་བཞག་པ་ཡིན། དོན་དུ་ལོ་བཅུ་བོའི་ནང་དུ་དཔེ་ཆ་འདིའི་ནང་དོན་རྟོགས་པའི་ཆེད་འབད་པ་མང་པོ་བྱས་པ་ཡིན། དཔེ་ཆའི་ངོས་ཁོ་ན་མ་ཡིན་པར་འཚོ་བའི་ངོས་ཐད་དང་སྤྱི་ཚོགས་ཀྱི་ངོས་ཐད་གང་ཅིའི་ཐད་ནས་ཉམས་མྱོང་མང་པོ་བླངས་པས། ད་གཟོད་ནང་དོན་བག་ཙམ་གོ་བ་བྱུང་། དེའི་ཕྱིར་ན་ནིང་ཧོར་ཟླ་གསུམ་པ་ནས་མགོ་བརྩམས་ཏེ་ཡོངས་སུ་གྲུབ་པའི་ཕྱོགས་ལ་འབད་པ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ང་ནི་རི་མགོ་མཐོན་པོ་ཞིག་ལ་འགོ་བའི་ཚོར་བ་ལས་ཅང་བྱུང་མ་སོང་། ཉིན་རེར་ཞོགས་པ་ནས་དགོང་མོའི་བར་དུ་ཉིན་རེ་ཤོག་གྲངས་གཅིག་ཀྱང་བསྒྱུར་མི་ཐུབ་པའི་སྐབས་ཡོད་ལ། ཡང་ཉལ་ནས་ཡོད་དུས་གློ་བུར་དུ་འདང་ཕོག་ནས་སྔོན་དུ་བསྒྱུར་ཚར་བ་ཡོངས་རྫོགས་བསུབ་དགོས་པའི་གནས་ཚུལ་ཡང་མང་པོ་བྱུང་མྱོང་། 

  བདག་གིས་སྔ་ཕྱིར་ཐེངས་བཞིར་བསྒྱུར་བ་ཡིན་ལ། མ་ཕྱི་དང་པོ་བསྒྱུར་ནས་མཇུག་གི་ཚན་པར་ཐོན་དུས། སྔ་མའི་སྒྲོམ་གྱིས་ནང་དོན་ཁྱག་གི་མེད་པ་རྟོགས་པས། ཡང་བསྐྱར་སྒྲོམ་ལ་འགྱུར་བ་བཏང་ནས་ཚན་པ་དང་པོ་ནས་མགོ་བརྩམས་པ་ཡིན། དེ་ལྟར་ཐེངས་བཞིར་བསྒྱུར་བ་ཡིན། གྲོགས་པོ་འགས་གནས་ཚུལ་དེ་ཤེས་ལ། ཁོ་ཚོ་ལ་ཇ་ཁང་དང་ཟ་ཁང་ནས་ཐུག་ཐེངས་རེར་ཁོ་ཚོ་སུ་ཡིན་ཡང་་མགོ་གཡུག་བཞིན། ཁྱོད་ཀྱིས་ནན་ཏན་བྱེད་པ་མང་དྲགས་སོང་ཞེས་ལབ་ངེས་ཡིན།

  བདག་གིས་ནན་ཏན་བྱས་པ་མང་དྲགས་པ་མ་རེད་ལ། དོན་དུ་རྫོང་སར་རིན་པོ་ཆེ་མཆོག་གི་རྣམ་དཔྱོད་བདག་གིས་མ་འཆུམས་པ་རེད། ད་ལོར་བློན་ཆོས་ཆུ་ཁོལ་ན་ཡོད་དུས་བདག་གི་དཔེ་ཆ་འདིའི་མཇུག་བྱང་རྒན་ཚངས་དབང་ལ་བསྟན་པ་ཡིན་ལ། ཁོས་མཇུག་བྱང་དུ་ཁྱོད་ཀྱིས་སྡུག་མཐོང་ཚུལ་བྲིས་ན་ལེགས་ཞེས་གསུང་བྱུང། ངས་རྒན་ལགས་ལ་ཀུ་རེ་རྩེས་ནས། ངས་སྡུག་མཐོང་ཚུལ་བྲིས་ན་ཀློག་པ་པོ་དག་གིས་ང་ལ་རྣམ་དཔྱོད་མེད་པ་ཤེས་འགྲོ་གི་རེད། དེའི་ཕྱིར་འབྲི་གི་མིན་ཞེས་ལབ་པ་ཡིན། 

  ཡིག་བསྒྱུར་དང་ལོ་ཙཱ་བྱས་ན་བརྩོན་པ་ལོས་རེ་བསྐྱེད། དེ་ནི་ཆོས་ཉིད་ཡིན་ལ། ཆོས་ཉིད་དེ་དག་གིས་ཕུགས་ནས་ང་ལ་བློ་བསྐྱེད་དང་སྤོབས་པ་མང་པོ་ཞིག་བསྩལ་བྱུང་། ད་ཆ་ང་ནི་ཡིག་བསྒྱུར་ལ་རང་ལུགས་ཡོད་པའི་མི་ཞིག་ཆགས་ཡོད་ལ། ཡིག་བསྒྱུར་སྐོར་གྱི་ཉམས་མྱོང་དེ་དག་བཤད་ན་རིང་འགྲོ་བས་དེ་རིང་འདི་ནས་བཤད་གི་མིན།

  ༤ དེབ་འདི་ནང་པའི་གཞུང་དང་འབྲེལ་ངེས་ཅན་ཡོད་པ་དང་། ལྷག་པར་ལོ་ཙཱ་བྱེད་མཁན་ཁྱེད་རང་གྲྭ་བཙུན་མཁྱེན་རྒྱ་ཅན་ཡིན་པས་འགྱུར་དེབ་འདི་ལ་དམིགས་སུ་ཁྱད་ཆོས་ཤིག་ཡོད་པར་བསམས་ཡོད། དེར་ཉིད་ལ་བསམ་ཚུལ་ག་འདྲ་ཞིག་ཡོད། 

  ལན། ནང་ཆོས་ཀྱི་ནང་དོན་མང་པོ་ཞིག་ངས་རང་གི་དགེ་རྒན་དང་ཆོས་གྲོགས་མང་པོ་ཞིག་ལ་གཏུགས་ནས་བསྒྱུར་བ་ཡིན་ལ། ལྷག་ཏུ་ལྟ་བའི་སྐོར་ལ་རྫོགས་ཆེན་གྱི་ཤུགས་ཆེ་སྟབས། རང་གཅིག་པུས་ཚོད་དཔག་དང་ཡིན་སྣང་གིས་བསྒྱུར་ན་མཇུག་འབྲས་ག་འདྲ་ཆགས་པ་ངས་གསལ་བོར་ཤེས་ཡོད། དེའི་ཕྱིར་ཐག་མི་ཆོད་པ་མང་པོ་གཞན་ལ་བཀའ་འདྲི་དང་དཔེ་ཆ་ལྟ་ཀློག་སོགས་བརྒྱུད་ནས་རིམ་པར་བསྒྱུར་བ་ཡིན་ལ། ཕལ་ཆེར་དོན་སྐྱོན་ཤོར་མེད་པའི་གདེང་ཞིག་ཡོད་ཀྱང་། སོ་སོ་སྐྱེ་བོར་མ་འཁྲུལ་བའི་ལས་གང་ཞིག་ཡོད་དམ། 

  བདག་གིས་དཔེ་ཆའི་ནང་གི་ཐ་སྙད་གཅིག་གི་ཕྱིར་དུ་ཆོས་རྒྱུད་གཞན་པའི་གླེགས་བམ་གསུམ་བཞི་ཙམ་བཀླགས་པ་ཡོད་ལ། སངས་རྒྱས་ཀྱི་མཛད་པའི་སྐོར་གྱི་ཚིག་སྦྱོར་ལ་སྔ་མའི་གླེགས་བམ་གྱི་བྲོ་བ་ཡོང་ཕྱིར་དམ་ཆོས་པད་དཀར་ཟླ་གཅིག་ཙམ་གྱི་རིང་ལ་ཁ་བཏོན་འདྲ་བྱས་པ་ཡིན། འདི་དག་ནི་བདག་རང་གྲྭ་བཙུན་ཞིག་ཡིན་པའི་བཟང་ཆ་ལོས་ཡིན་བསམ་ལ། ང་རང་འཚར་ལོངས་བྱུང་སའི་ཁོར་ཡུག་དང་དགེ་རྒན་བཀའ་དྲིན་ཅན་དག་གིས་རྣ་བའི་ནང་དུ་གསེར་ཡུན་རིང་པོར་བླུགས་པའི་ཤུགས་རྐྱེན་ཡིན་པ་ཡང་བརྗེད་གི་མེད།

  ༥ རྫོང་སར་རིན་པོའི་རྣམ་དཔྱོད་ནི་འཛམ་གླིང་ཤར་ནུབ་ལ་སྒུལ་ཤུགས་ཆེ་བ་ཞིག་རེད། ཁྱེད་ཀྱིས་ཁོང་གི་གསུང་རྩོམ་ལ་ལྟ་ཀློག་དང་ཞིབ་བསྡུར། དོ་སྣང་ངེས་ཅན་བྱས་ཡོད་པས་གཞན་ལས་ཆ་རྒྱུས་ཆེ་སྟབས་ཁོང་གི་གཞན་དྲིང་མི་འཇོག་པའི་མཛད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

  ལན། རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འདི་ཉིད་ད་ལྟའི་དུས་འདིར་གཞན་དང་མི་འདྲ་བའི་ཁྱུ་མཆོག་དང་། བསྟན་པ་སྤྱིའི་ཁུར་བསྣམས་མཁན། ཤེས་རབ་ཀྱི་རྩེར་སོན་པ། གདུལ་བྱ་འདུལ་བ་ལ་མཁས་པ། གནའ་དེང་གི་ཤེས་བྱར་ཐོགས་རྡུགས་མེད་པ། ཁ་བཤད་དང་ལག་ལེན་ཡ་མ་བྲལ་བ། སྐྱེས་བུ་ཆེན་པོ། དུས་ཀྱི་སྒྲོན་མེ་སོགས་ཡིན་པ་ཀུན་གྱི་ཁ་དང་རང་གི་མིག་ལ་གནས་པ་དེ་བཞིན་དང་། ཁོ་ལྟ་བུས་གཞན་ལ་ཤུགས་རྐྱེན་མི་སྟེར་ན་སུས་སྟེར། ལམ་སྟོན་མི་བྱེད་ན་སུས་བྱེད་ཅེས་ཀུན་གྱི་མཐུན་སྣང་ན་ཡོད་པ་དེ་བཞིན་རེད། 

  ཡིན་ཏེ། རིན་པོ་ཆེ་མཆོག་གི་འཕྲིན་ལས་གཙོ་བོ་གློག་བརྙན་དང་གསུང་གི་མཛད་པའི་སྟེང་ནས་སྔོག་པ་ཡིན་ན་ལེགས་པར་འདོད་དེ། གློག་བརྙན་དང་གསུང་རྩོམ་གྱི་ཕྱོགས་ནས་གདུལ་བྱ་མང་པོ་ཧ་ཅང་མང་པོ་ཤིན་ཏུ་མང་པོ་ལ་བློ་སྒོ་འབྱེད་ཅིང་ལམ་ཕྱོགས་གསལ་བོ་ཞིག་སྟོན་བཞིན་ཡོད་པས་སོ།། རིན་པོ་ཆེའི་གསུང་རྩོམ་སྤྱིའི་ཆ་ནས་གོ་བདེ་ལ་ལས་དང་པོ་བ་ཞིག་ཡིན་ཀྱང་མ་འཁྲུལ་མ་ནོར་བར་བརྗོད་འདོད་པ་དེ་ཏག་ཏག་སེམས་ལ་བབས་འགྲོ་བ་དེ་འདྲ་ཡིན་ཞིང་། བརྗོད་སྟངས་དེ་ཡང་རང་བཞིན་བརྗོད་པ་ཙམ་མ་ཡིན་པར་སྐབས་བབས་ལ་སྐད་ཆ་བཤད་སྟངས་བསྒྱུར་ནས་ཐབས་ལམ་སྣ་ཚོགས་ཀྱིས་སྒོ་ནས་སྟོན་པ་ཡིན་ལ། ལྷག་ཏུ་དེང་རབས་ཀྱི་རྩོམ་རིག་གི་སྐད་བརྡ་དང་། གློག་བརྙན་གྱི་བརྙན་མིག་སྐད་བརྡ་བེད་སྤྱད་ནས་བརྗོད་པ་ཡིན་སྟབས། ཀློག་པ་པོ་བློ་དམན་ཡང་། ཐད་ཀར་གོ་ཐུབ་པ་དང་། མྱོང་ཐུབ་པ་དེ་འདྲའི་ངོ་མཚར་ཡོད། 

  རྒྱ་འགྱུར་ལོ་ཙཱ་བ་སྐུ་ཞབས་ཡའོ་ལགས་ཀྱིས་གསུང་བ་ལྟར། “རིན་པོ་ཆེ་མཆོག་གི་གསུང་ལ་ཕྱི་རིམ་ནང་རིམ་མང་པོ་ཡོད་པས”ཞེས་པ་ནི་མད་པའི་གཏམ་སྟེ། ཁོང་གི་གསུང་གིས་ཁྱོད་རང་རྨི་ལམ་གྱི་གནས་སྐབས་སམ་ཡང་ན་ལས་ཀ་ལས་པའི་སྐབས་སུ། ཡང་ན་ལམ་ན་འགྲོ་བཞིན་པའི་སྐབས་སུ། ཡང་ན་གཞན་དང་འབྲེལ་འདྲིས་བྱེད་པའི་སྐབས་གང་ཡིན་ཡང་ཁྱོད་རང་ཧར་སེ་གཏོང་ངེས་ལ། གློ་བུར་དུ་ཁོང་གི་གསུང་གི་བྱིན་རླབས་ཀྱིས་གནད་དོན་ཐག་མ་ཆོད་པ་མང་པོ་ཞིག་ཐག་གིས་ཆོད་པར་འགྱུར་ལ། མི་ཚེ་ཡི་ལམ་ཁ་ཞིག་ཀྱང་ཡངས་པོར་འབྱེད་ཐུབ་པར་ཐེ་ཚོམ་མེད། འདི་དག་ནི་ང་རང་གི་མྱོང་བ་དངོས་ཡིན་ནོ།།

  གསུང་གི་མཛད་པའི་སྐོར་ལ་ད་དུང་མང་དུ་ཡོད་མོད། སྨྲས་ན་ཉོག་འགྲོ་བས་ལན་དེ་ཙམ་གྱིས་ཆོག་པར་བྱ། 

  ༦ ཉེ་བའི་ལོ་འདི་གར་རྫོང་སར་རིན་པོ་ཆེའི་དེབ་གང་མང་བོད་ཡིག་ཏུ་བསྒྱུར་ཡོད་ན་ཡང་། དེ་དག་ཕལ་མོ་ནི་བསྒྱུར་བ་སྐྱོན་ཅན་དང་ཡིག་ནོར་མང་བ། བརྡ་ཆད་ལོག་པ་སོགས་ཀྱི་སྐྱོན་མང་བ་ཀློག་པ་པོའི་སྡེ་རུ་བསམ་ཚུལ་གཅིག་མཐུན་ལྟ་བུ་བྱུང་འདུག་ལ་ང་རང་གིས་ཀྱང་དེབ་ཁ་ཤས་བཀླགས་པ་དེ་འདྲ་རུ་མཐོང་། འགྱུར་དེབ་དག་གིས་ཀློག་པ་པོར་བཞག་པའི་སྣང་ཚུལ་བཙོག་པ་དེར་ཁྱེད་ཀྱི་འགྱུར་དེབ་འདིས་ཤན་ཤུགས་ག་འདྲ་ཞིག་སྤྲད་ཐུབ་བམ།

  ལན། དངོས་གནས་བདེན་ཏེ། ལོ་འདི་འགར་བོད་ཡིག་ཏུ་བསྒྱུར་བའི་རྫོང་སར་རིན་པོ་ཆེ་མཆོག་གི་དེབ་གང་ཡིན་ཀྱང་ཡིག་སྒྱུར་གྱི་སྤུས་ཀ་ཞན་པ་ཙམ་མ་ཟད། བཀླགས་ས་ཡང་གཙང་མ་མི་འགྲོ་བའི་ཚད་རེད། རེབ་གོང་གི་ཁ་སྐད་དུ་སྨྲས་ན། ཉོག་ལི་དཀྲུགས་ཡོད་ཐ། དེ་ལ་མཚམས་རེར་ཁོང་ཁྲོ་ཟ་ལ། དེ་ནི་བོད་མི་རིགས་དང་། བོད་ཀྱི་ཡི་གེ ཀློག་པ་པོར་བརྩི་བཀུར་མ་ཞུས་པའི་རྟགས་དང་། དེབ་ཀྱི་རྩོམ་པ་པོར་བརྩི་བཀུར་མ་ཞུས་པའི་རྟགས་ཀྱང་ལོས་ཡིན། 

  ངན་རུལ་གྱི་ཚང་འདིའི་འབྱུང་ཁུངས་ནི་འདི་ལྟ་སྟེ། མི་མིང་གྲགས་ཅན་ཞིག་གི་དཔེ་ཆ་དང་བྲིན་དེབ་གྲགས་ཅན་ཞིག་ཚོང་རྫས་སུ་བསྒྱུར་ཕྱིར། ཚོང་པས་སློབ་མ་ཞིག་བཙལ་ནས་བསྒྱུར་དུ་འཇུག་ལ། སློབ་མ་བཙལ་དོན་ཁོ་ཚོར་གླ་ཆ་ཉུང་ཉུང་ཞིག་མ་གཏོགས་སྟེར་མི་དགོས་པ་རེད། སློབ་མས་ཀྱང་གང་འདོད་དང་ཅི་འདོད་དུ་བསྒྱུར་ནས་གླ་ཆ་ཉུང་ཉུང་བོ་ལེན་གྱི་ཡོད་ལ། དེ་ལ་སྤུས་ཚད་དང་། འགན་འཁུར་ཞེས་པ་སུ་ཞིག་གི་ཡིད་ལ་དྲན་མྱོང་། དེ་ལྟར་ཚོང་བས་དེབ་ཀྱི་རྒྱབ་ཤ་དང་ཁ་བྱང་རྫིག་པོ་རེ་བཟོས་ནས་ཀློག་པ་པོ་བསླུ་བྲིད་བྱེད་བཞིན་ཡོད་ལ། སྙིང་རྗེ་བའི་ཀློག་པ་པོས་གོང་ཚད་མཐོ་ཡང་དགོས་མཁོ་ཆེ་བས་ཉོ་རྐྱང་བྱེད་བཞིན་ཡོད།

  འདི་ནི་ཚོང་བ་དེར་མཚོན་ན་ཚོང་ཡིན་ལ། སློབ་མ་དེར་མཚོན་ན་གླ་ཡིན། རང་ཅག་གི་སེམས་ཁོང་ན་མཐོ་བའི་ཡིག་བསྒྱུར་ལོ་ཙཱ་དང་རིང་དུ་བྲལ་ཡོད། མཐའ་མར་སྡུག་གྱོང་མྱོང་མཁན་ཀློག་པ་པོ་ཡིན་ལ། ཁྱི་རྒན་གྱི་ཡ་རྐན་ཕུག་པའི་ཁྲག། རུས་པའི་བཅུད་དུ་བསྒོམས་ནས་འཆའ་བའི་དཔེ་བཞིན་མ་ཡིན་ནམ།

  སྣང་ཚུལ་འདི་བསྒྱུར་བ་ནི་དཀའ་མོ་རང་ཡིན་ཏེ། སྐད་ཆ་གཞན་གྱིས་བཤད་ན། ཚོང་རྫས་སྤུས་ཀ་ཅན་ཞིག་མ་བྱུང་གི་བར་དུ། ཚོང་རྫས་སྤུས་ངན་དག་སྔར་བཞིན་འཁོར་སྐྱོད་བྱེད་ངེས་ཡིན། དེའི་ཕྱིར་སྣང་ཚུལ་འདི་བསྒྱུར་དགོས་ན་རང་ཅག་ལ་ལོ་ཙཱ་བ་འགན་ཁུར་ཞིང་ནན་ཏན་ཡིན་པ། སྤུས་གཙང་ཡིན་པའི་སྡེ་ཞིག་འབྱུང་དགོས་ལ། དེ་ལ་ཡང་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཡོད་ངེས་པས། མཐར་གཏུགས་ན་འགྲོ་བའི་བསོད་ནམས་ཀྱི་མཐུ་ལ་རག་ལས་སོ་ཟེར་རྒྱུ་ལས་གཞན་ཅང་མ་རྙེད།

  ༧ ཁྱེད་ཀྱིས་དཀའ་སྤྱོད་འབད་བརྩོན་གྱིས་དེབ་འདི་བསྒྱུར་ལེགས་པར་གྲུབ་ཅིང་། སྒྲིག་སྦྱོར་དང་དཔར་སྐྲུན་སོགས་གྲུབ་སྟེ་འགྲེམ་སྤེལ་བྱེད་བཞིན་པའི་སྒང་རེད་འདུག དུས་ད་ལྟ་ཁྱེད་ལ་ཚོར་སྣང་ག་འདྲ་ཞིག་བརྗོད་འདོད་པ་ཅི་ཡོད་གསུང་རོགས། 

  ལན། རེད། ཁ་སང་དེ་རིང་དཔེ་ཆ་སྒོར་ཐོན་ལ་ཉེ། དེས་ན་དམིགས་བསལ་གྱིས་བཤད་འདོད་པ་གཞན་ཅང་མེད། རེ་བ་ཡིན་ན་ནང་དུ་ཡིག་ནོར་སོགས་ཀྱི་སྐྱོན་མེད་པ་དང་། དཔེ་ཆ་དཔར་བ་ཡག་ན་འདོད་པ་རེ་ཞིག་ཚིམ་སོང་བ་ཡིན། ལོ་ཙཱ་བ་ཞིག་ལ་མཚོན་ན་དཔེ་ཆ་དེ་ནི་རང་གི་བུ་ཕྲུག་ཡིན་འོས་ལ། ངས་ཚེ་གང་བོར་འདི་ལ་རྒྱང་ལྟ་དང་ཞིབ་ལྟ་སྣ་ཚོགས་བྱས་ནས་ཉི་མ་འཕུད་དགོས་པ་ལོས་ཡིན། 

  མཇུག་མཐར་ཁྱེད་ཀྱིས་བཅར་འདྲི་ངོས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།


《ནང་པ་ཡིན་ནམ་མིན》འགྲེམ་སྤེལ་ལྟེ་གནས། ནས་སོན་དཔེ་ཁང་།
སྐད་འཕྲིན་འབྲེལ་གནས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།