བཅར་འདྲི་བྱ་ཡུལ། རྫ་ཚེ་རིང་བཀྲ་ཤིས།
བརྩེ་བའི་དྲྭ་གྲོགས། དེ་རིང་ཁྱེད་ཀྱིས་འཕྲིན་ཕྲན་བརྒྱུད་ནས་ཁྱེད་ཉིད་རི་བོ་དགེ་ལུགས་པའི་མཚན་ཉིད་ཀྱི་གྲྭ་ས་ཟི་དཀར་དགོན་དུ་སློབ་སྦྱོང་གནང་བཞིན་པ་ཞིག་དང་། ཕྲན་དང་ཕ་ཡུལ་གཅིག་པ་ཞིག་ཡིན་པའི་སྐོར་ངོ་སྤྲོད་གནང་བར་མ་ཟད། སྔར་ཞིག་ལ་དུས་ཐོག་ཆར་པའི་དབུར་གུས་པས་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོའི་ལུང་དོན་འགའ་དོན་ཐོབ་ཀྱི་ཚུལ་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལུང་དུ་བསྟན་པར་སྦྱར་བ་ལ་བསམ་ཚུལ་བཏོན་ཚུལ་གསུངས་པ་དེ་ཚོ་ཚང་མ་ཉན་ཟིན། ཡིན་ན་ཡང་། ངའི་ངོས་ནས་དོན་དག་དེ་ཚོ་སྔོན་ནས་གཏིང་བརྗེད་དུ་གྱུར་འདུག
འདིར་ཁྱེད་ཀྱིས་ང་ལ། ངས་སྐབས་དེར་ཁྱེད་རང་ལ་གསལ་བཤད་ཞུས་པ་དང་འབྲེལ་བའི་སེམས་ཚོར་དང་། དེ་རྗེས་ངའི་རྩོམ་ཡིག་དག་ལ་དོ་སྣང་བྱས་ཚུལ་གསུངས་པ་དེ་གུས་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་ཀློག་པ་པོས་ཆེ་མཐོང་ཐོབ་པ་ལས་ལྷག་པའི་གཅེས་སུ་རུང་བ་ཞིག་ག་ལ་ཡོད། གཤམ་དུ་ངས་ཁྱེད་ཀྱི་བཀའ་འདྲི་དེ་ཚོར་དྲིས་ལན་སྟབས་བདེ་ཞིག་ཡིག་ཐོག་ནས་འབུལ།
ཐོག་མར་ཕྲན་གྱིས་ངེས་པར་ངོས་ལན་ཞུ་དགོས་པ་ཞིག་ལ། ང་ནི་དགེ་རྒན་བཟང་པོ་ཞིག་མ་རེད་ལ། ཆེད་ལས་ཀྱི་དགེ་རྒན་ཞིག་དེ་བས་ཀྱང་མིན། དགེ་རྒན་གྱི་ཟབ་སྦྱོང་ཡང་ལོ་གསུམ་གྱི་ཡར་སྔོན་ཞིག་ལ་རྒྱ་གར་དུ་རྫོང་སར་མཁྱེན་བརྩེས་དབུ་ཁྲིད་པའི་མཁྱེན་བརྩེ་ཐེབས་རྩ་དང་། དར་ཐར་རིན་པོ་ཆེས་བཙུགས་པའི་སྔ་འགྱུར་རྙིང་མའི་སློབ་གཉེར་ཁང་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བའི་ཉིན་བཅུའི་ཆེད་ལས་ཟབ་སྦྱོང་ཞིག་ལ་མཉམ་ཞུགས་བྱས་པ་ཡིན་ལ། དེ་ལས་ལྷག་པའི་དགེ་རྒན་འོས་སྦྱོང་ཞིག་དམིགས་གསལ་ཐོབ་མ་མྱོང་། ཡིན་ན་ཡང་། རང་གིས་མི་ཚེའི་ནང་ལ་དགེ་རྒན་གྱི་ལས་ཀ་ཡང་ཕྲན་བུ་རེ་བྱས་པའི་ཉམས་མྱོང་དང་། རང་ངོས་ནས་སློབ་གྲྭ་དང་དགེ་རྒན་དང་སློབ་ཁྲིད་བཅས་ཀྱི་སྐོར་ལ་མིག་དང་རྣ་བའི་མཐོང་ཐོས་དང་། དེབ་ཐོག་ནས་ཐོབ་པའི་གོ་ཡུལ་ཅུང་ཟད་ཡོད་པ་དེ་ཚོ་གཞི་ལ་བཞག་ནས་ཁྱེད་ལ་དྲིས་ལན་སྟབས་བདེ་ཞིག་འབུལ་ཨེ་ཐུབ་བལྟ།
དྲི་བ་དང་པོ། སློབ་གྲྭ་ཞིག་ལ་ངེས་པར་ཚང་དགོས་པ་གང་ཡིན།
ལན། སློབ་གྲྭ་ཞིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཐད། ངས་ནི་ཐེ་ཚོམ་གང་ཡང་མེད་པར་སློབ་གཉེར་གྱི་འཁོར་ཡུག་ལེགས་པོ་ཞིག་ཡོད་པ་དེ་རེད་ཅེས་ཞུ་ངེས། གཉིས་པ་དེ་བདེ་ཐང་ལྡན་པའི་ལུས་སེམས་འཚར་ལོངས་ཀྱི་འཁོར་ཡུག་ཅིག་ཡོད་དགོས་པ་དེ་ཡིན་གྱི་རེད། ང་ཚོའི་སྲོལ་རྒྱུན་གྱི་མཁས་པ་མང་པོ་ཞིག་ལོ་དྲུག་བཅུ་བདུན་ཅུར་བསླེབས་དུས་རྒས་ཤིང་འཁོག་པར་གྱུར་པ་དང་། ནད་འདྲ་མིན་གྱིས་ཟིན་ཏེ་མུ་མཐུད་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་གནང་མི་ཐུབ་པ་ཞིག་ཆགས་ཀྱི་ཡོད་ལ། སྐུ་ཚེའང་རིང་པོ་བཞུགས་ཀྱི་མེད།
ཐ་ན་རྗེ་བདག་ཉིད་ཆེན་པོ་དང་། རྒྱལ་དབང་ཀློང་ཆེན་པ། འཇུ་མི་ཕམ་སོགས་ཀྱང་ད་ཆ་འདི་ལྟར་བལྟས་ན་སྐུ་ཚེ་རིང་པོར་བཞུགས་མི་འདུག འདི་ཚང་མ་སྐབས་དེའི་སློབ་གཉེར་གྱི་བདེ་ཐང་གི་ཁོར་ཡུག་དང་འབྲེལ་བ་ཡོད་ངེས་རེད། དེང་གི་དུས་འདིར་ལྷག་ཏུ་ཁོར་ཡུག་ཧྲིལ་པོའི་བདེ་ཐང་འཕྲོད་བསྟེན་གྱི་གོ་རྟོགས་ཁྱོན་ཡོངས་ནས་གོང་མཐོར་འགྲོ་བཞིན་པའི་དུས་ཚོད་ཅིག་རེད། དེ་འདྲའི་དུས་བབ་ཅིག་གི་འོག་ཏུ། དགོན་པ་དང་སྤྱི་ཚོགས་ཀྱི་སློབ་གྲྭ་གང་ཞིག་ཡིན་ཡང་བདེ་ཐང་གི་ཁོར་ཡུག་འདི་ཕུག་རྒྱང་རིང་པོའི་སློབ་གཉེར་ཚད་ལྡན་ཞིག་གི་གཞི་རྩའི་ཆ་རྐྱེན་ཡིན་ངེས། སྤྱིར་བཏང་བཤད་ན་དེ་འདྲ་རེད། གོང་གི་དྲིས་ལན་དེ་ད་དུང་ཅུང་ཟད་རྒྱ་བསྐྱེད་ནས་མ་ཞུས་རང་ཞུས་ཡིན་པས། དེ་ལ་ཇི་ལྟར་བྱས་ནས་སློབ་གཉེར་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་ཞེས་པའི་དྲི་བ་དྲིས་ལན་རྒྱག་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་ཡང་དགེ་རྒན་ཡག་པོ། སློབ་མ་བཟང་པོ། སློབ་གཉེར་ལམ་ལུགས་ཚད་ལྡན། སློབ་དེབ་སོགས་འཁྲིད་ཆས་འཐུས་ཚང་། འཛིན་སྐྱོང་དང་སྒྲིག་འཛུགས་ཚགས་ཚུད་སོགས་རེད་ཅེས་ལབ་དགོས་པ་སྨོས་མེད་ཡིན་མོད། དེ་ཙམ་ཞིག་གིས་གནད་ཟིན་མི་ཐུབ་པས་གཙོ་གནད་ནས་འཇུས་ཏེ་ཞུས་ན། དེ་དག་གི་ནང་ནས་གལ་ཆེ་ཤོས་ཤིག་ནི་དགེ་རྒན་ཡིན་པ་རེད།
སྤྱིར་སློབ་གཉེར་ལམ་ལུགས་འདི་ལ་དགེ་རྒན་ལྟེ་བར་བཞག་པ་དང་སློབ་མ་ལྟེ་བར་བཞག་པའི་འགྲོ་སྟངས་གཉིས་ཡོད་ཀྱི་ཡོད་ན་ཡང་། ང་ཚོའི་སྤྱི་ཚོགས་ལ་དངོས་སུ་ལག་ལེན་དུ་བྱེད་བཞིན་པ་འདི་དགེ་རྒན་ལྟེ་བར་བཞག་པའི་སློབ་ཁྲིད་རེད་ཟེར་དགོས་ཀྱི་ཡོད་པ་འདྲ། གང་རེད་ཅེ་ན། ང་ཚོར་མཚོན་ན། སློབ་མ་དག་ལ་སྦྱོང་ཚན་དང་ལས་བྱ་གོ་སྒྲིག་བྱས་ནས་སོ་སོ་ལ་འགན་སྤྲད་བཞག་པ་ཙམ་གྱིས་ཆོག་པ་ཞིག་མིན་པར། རྫི་བོས་ལུག་འཚོ་འཚོ་བྱས་ནས་སྐྱོང་དགོས་པ་ཞིག་རེད། དེའི་ཆ་ནས་དེ་བས་ཀྱང་དགེ་རྒན་གྱི་འཁྲིད་སྟོན་དང་སློབ་ཁྲིད་ཐབས་ལམ། བཟོད་སྲན། ལྷག་བསམ། འགན་འཁྲིའི་འདུ་ཤེས་བཅས་ཧ་ཅང་གནད་འགག་ཆེན་པོ་རེད། དགེ་རྒན་ལ་གཞི་རྩའི་དགོས་ངེས་ཀྱི་ཤེས་ཡོན་དང་ཡོད་དགོས་པ་འདྲ་བར་གལ་ཆེ་བ་གཞན་ཞིག་ནི་དགེ་རྒན་འོས་སྦྱོང་གི་སྦྱོང་བརྡར་ཟེར་བ་འདི་ཡིན། འདི་ཧ་ཅང་གལ་ཆེ།
དེ་ཡང་ཁ་གསལ་པོས་བཤད་ན། མི་ཞིག་གིས་སུམ་ཅུ་པ་ལེགས་པོ་ཞིག་ཤེས་པ་དང་སུམ་ཅུ་པ་གོ་བ་འཕྲོད་ངེས་ཤིག་སློབ་ཁྲིད་ཤེས་པ་གཉིས་ཕལ་ཆེར་རིག་ཚན་མི་འདྲ་བ་གཉིས་ཡིན་པའི་ངོས་འཛིན་བྱེད་དགོས། དཔེ་ཆ་ཤེས་པ་དང་། དཔེ་ཆ་སློབ་ཁྲིད་ཤེས་པ་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་ན་ཡང་ཡིན་ཁྱབ་མཉམ་མིན་པར་མ་ཟད། རེ་རེ་ནས་ལོགས་སུ་སྦྱོང་བརྡར་དགོས་པ་ཞིག་ཡིན། དེ་འདྲ་ཡིན་དུས། འདི་ནས་ངས་ཁྱེད་ཀྱིས་བཀོད་པའི་དྲི་བ་གཉིས་པ་དང་འབྲེལ་བའི་ལན་ཞིག་གིས་མི་མཐུད་དགེ་རྒན་གྱི་གལ་ཆེན་གྱི་བྱེད་ལས་དང་འགན་འཁྲིའི་སྐོར་ཅུང་ཟད་ཅིག་ཞུ།
དྲི་བ་གཉིས་པ། དགེ་རྒན་གྱི་ལས་འགན་གཙོ་བོ་གང་ཡིན།
ལན། དགེ་རྒན་གྱི་ལས་འགན་གཙོ་བོ་ནི་སློབ་ཕྲུག་ལ་ཤེས་ཡོན་སྤྲོད་རྒྱུ་དེ་རེད། ཅིག་བྱས་ན། ལན་འདི་སྟབས་བདེ་དྲགས་འདུག་དགོངས་རྒྱུ་རེད། དེས་ན་ངས་ད་དུང་སྐད་ཆ་འགའ་ཞིག་ཁ་སྣོན་བྱས་ཏེ་ཞུ།
དེ་ཡང་དགེ་རྒན་ཞིག་ཡིན་ན། སློབ་མའི་སེམས་ཁམས་དང་ཤེས་ཡོན་གནས་ཚད། འཚར་ལོངས་ཀྱི་བརྒྱུད་རིམ། ཁྱིམ་ཚང་དང་འཚོ་བའི་རྒྱབ་ལྗོངས་སོགས་ཀྱང་རྒྱུས་ལོན་བྱ་ཐུབ་པ་ཞིག་དགོས། གལ་ཏེ། སེམས་ཁམས་ཀྱི་དཀའ་ངལ་ཡོད་པ་དང་། མི་སྒེར་གྱི་འཚོ་བ་དང་སྤྱོད་ལམ་གྱི་གོམས་གཤིས་མ་འདྲ་བ་ཡོད་ན་དེ་དག་ལ་སྡོམ་ཚིག་བརྒྱབ་ནས་མཐའ་གཅིག་ཏུ་དགག་པ་རྒྱག་རྒྱུ་དང་། ཟུར་འབུད་བྱེད་པ། དམའ་འབེབས་དང་མཐོང་ཆུང་གིས་སེམས་ཤུགས་གཅོག་པ་སོགས་མ་ཡིན་པའི་འོས་ཤིང་འཚམས་པའི་ཐབས་ལམ་གྱིས་སྐུལ་འདེབས་བྱེད་པར་མཁས་པ་ཞིག་དགོས། འདི་ཧ་ཅང་གལ་ཆེ་པོ་ཡིན། འདིར་ཐ་སྙད་རྙིང་པ་ཞིག་བེད་སྤྱོད་བཏང་ནས་ཞུས་ན། གེགས་སེལ་དགོས་སར་གེགས་སེལ་དང་། བོགས་འདོད་དགོས་སར་བོགས་འདོད་བྱེད་ཐུབ་མཁན་ཞིག་དགོས། སློབ་ཁྲིད་ཀྱི་སྐབས་སུ་གོ་བརྡ་ཡག་པོ་འཕྲོད་ཐུབ་པ་ཞིག་དང་། སློབ་ཕྲུག་རེ་རེ་བཞིན་གྱི་མིང་ངེས་པར་དུ་ཤེས་པ་བྱེད་རྒྱུ། སློབ་ཁྲིད་དང་རྒྱུགས་ཆུང་སོགས་ཀྱི་སྐབས་སུའང་སློབ་ཕྲུག་གི་མིང་ནས་འབོད་པ་དང་། དེ་ཡང་ཆེ་མཐོང་ལྡན་པའི་ཐོག་ནས་འབོད་གནང་རྒྱུ། གལ་ཏེ་ཁྱོད་ཀྱིས་སློབ་ཕྲུག་དག་གི་མིང་ཡང་མ་ཤེས་ན་དེ་དག་གི་སློབ་གཉེར་གནས་སྟངས་དང་དངོས་ཡོད་འཚོ་བ་གང་འདྲ་བྱས་ནས་ལྟར་ཤེས་ཐུབ། དེ་མ་ཤེས་ན་དེ་དག་གི་མི་ཚེ་ལ་འདུན་ལམ་དང་སློབ་སྟོན་བྱེད་དེ་བས་ཀྱང་ག་ལ་ཐུབ། འདི་ནི་ཚད་ལྡན་གྱི་དགེ་རྒན་ཚོས་ཧ་ཅང་གལ་ཆེན་དུ་རྩི་བ་ཞིག་ཡིན།
དེ་འདྲ་ཡིན་དུས། དགེ་རྒན་གྱིས་སློབ་མ་རེ་རེ་བཞིན་མིང་ངེས་པར་ཤེས་དགོས་ལ། ཤེས་པ་བཞིན་འབོད་དགོས། དེས་ཕྲུ་གུ་ལ་བག་ཆགས་ཁྱད་པར་ཅན་ཞིག་འཇོག་གིན་ཡོད་པ་རེད། ད་དུང་ཕ་རོལ་པོའི་ནོར་འཁྲུལ་གྱི་ལན་འདེབས་པ་དང་། རྣམ་འགྱུར་དང་བཤད་སྟངས་ཚ་གི་ཚི་གེ་དེ་འདྲ་འབྱུང་སྐབས་དགེ་རྒན་གྱིས་སྣང་ཆུང་དང་འཕྱ་ལད་ཀྱི་རྣམ་པ་སྟོན་པ་སོགས་ནི་སློབ་མའི་བློ་སྤོབས་དང་གདེངས་ཚད་ལ་ཧ་ཅང་ཚབས་ཆེ་བའི་ཤུགས་རྐྱེན་ཐེབས་པའི་གཞི་རྩ་ཡིན།
དེས་ན་ངེས་པར་བསྟོད་སྔགས་དང་བཅས་སེམས་ཤུགས་སྤོར་རྒྱུ་དང་། ནོར་འཁྲུལ་ཡོ་བསྲངས་བྱེད་པ་ལའང་ཐབས་ལ་མཁས་པ་དགོས། ལྟོས་བཅས་ཀྱི་ཤེས་ཚད་འདང་ངེས་ཡོད་པས་མི་ཆོག་པར་དགེ་རྒན་བྱེད་པ་ལ་འོས་སྦྱོང་དགོས་ཞེས་གལ་ཆེ་ཆེ་བྱས་ནས་ཨ་ནས་ཡང་དུ་བརྗོད་པའི་རྒྱུ་མཚན་དེ་ཡིན། དེ་དང་མཉམ་དུ་ལུས་ཀྱི་རྣམ་འགྱུར་དང་། སློབ་ཁྲིད་སྐབས་བེད་སྤྱོད་བྱེད་པའི་གོ་བརྡ་སྤྲོད་ཐབས་ཀྱི་ཡོ་ཆས་ཁག་ཧ་ཅང་གལ་ཆེན་ཡིན། སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་ལ་དེ་འདྲ་མང་པོ་མེད་ན་ཡང་། དེང་རབས་ཀྱི་སློབ་ཁྲིད་བྱེད་སྟངས་ལ་འདི་རིགས་ཧ་ཅང་མང་པོ་ཡོད།
ད་དུང་ཧ་ཅང་གལ་ཆེ་བ་ཞིག་ནི་དགེ་རྒན་གྱི་སློབ་ཚན་གྲ་སྒྲིག་གི་སྐོར་ཡིན། ཕྱི་རྒྱལ་གྱི་སློབ་གྲྭ་འགའ་རེ་ན་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་གཞུང་གིས་སྤྲད་པའི་སློབ་དེབ་བེད་སྤྱོད་མི་ཆོག་པ་དེ་འདྲའང་ཡོད། དེའི་དོན་གང་རེད་ཟེར་ན། གཞུང་གི་སློབ་ཚན་ལ་བལྟས་ནས་མཐར་ཆགས་སུ་ཚིག་འགྲེལ་ལྟ་བུའི་སློབ་ཁྲིད་དེ་འདྲ་བྱས་པས་མི་ཡོང་བར་ངེས་པར་འཁྲིད་བྱའི་ནང་དོན་དེ་ཀ་རང་ཡིན་ན་ཡང་། འཁྲིད་སྟངས་ཀྱི་ཐད་ནས་དགེ་རྒན་རང་གི་རྣམ་དཔྱོད་སྤྱད་ནས་སློབ་ཕྲུག་གི་གནས་བབ་གཞིར་བཟུང་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པ་དང་གསོན་ཉམས་ལྡན་པའི་སློབ་ཁྲིད་ཀྱི་ཁྲིད་གཞི་ཇུས་འགོད་དགོས་ཀྱི་ཡོད། ཉི་མ་རེ་རེ་བཞིན་དེ་ལྟར་འགྲོ་དགོས་ཀྱི་ཡོད།
གང་ལྟར་སློབ་ཁྲིད་བྱེད་པ་ལ་སློབ་ཚན་གོ་སྒྲིག་དགོས་ལ། དེ་ཡང་འགའ་ཞིག་ལ་མཚོན་ན། གཙོ་བོ་གང་འཁྲིད་བྱའི་ནང་དོན་ར་སྤྲོད་བྱེད་པ་ཙམ་ཞིག་ལ་དེ་ཙམ་གོ་སྒྲིག་མི་དགོས་པ་སྲིད། དཔེར་ན། དགེ་བཤེས་དང་མཁན་པོ་ལྟ་བུ་ཞིག་གིས། སློབ་གྲྭ་ཞིག་ལ་རྒྱལ་སྲས་ལག་ལེན་ཞིག་སློབ་ཁྲིད་གནང་དགོས་ན་བརྗོད་བྱ་ལ་དམིགས་བསལ་རང་སྦྱོང་དང་གྲ་སྒྲིག་མི་དགོས་པ་ལྟ་བུ་ཡིན་ན་ཡང་། འོས་ཤིང་མཚམས་པའི་ཐབས་ལམ་དང་དཔེ་མཚོན་གང་ཞིག་སྤྱད་ནས་ངེས་པར་ཕ་རོལ་པོས་ཤེས་རྟོགས་ཐུབ་པ་ཞིག་བྱ་རྒྱུའི་ཐད་གྲ་སྒྲིག་ངེས་པར་དགོས། འདི་ནི་སྨན་པས་སྨན་སྦྱིན་ཐུབ་པ་ཙམ་གྱིས་མི་ཆོག་པར་ནད་རྟགས་ལ་ཆ་རྒྱུས་ལོན་པར་བྱས་ནས་སྨན་སྟེར་ནུས་པ་ཞིག་དགོས་དང་འདྲ་བོ་ཞིག་རེད། འདི་ལ་སློབ་ཚན་གྲ་སྒྲིག་བྱེད་པ་ཟེར། འདི་ཡང་དགེ་རྒན་འོས་སྦྱོང་གི་ཤེས་བྱ་ཡག་པོ་ཡོད་མེད་དང་ཐད་ཀར་འབྲེལ་བ་ཞིག་རེད། མ་ཟད། རང་རེ་བོད་པ་དག་གིས་ནམ་རྒྱུན་གཏམ་བཤད་ཡིན་ན་འདྲ། སློབ་ཚན་ཡིན་ན་འདྲ་། དགེ་རྒན་ཆེ་ཆུང་དང་དང་ཤུགས་རྐྱེན་ཡོད་པའི་བླ་མ་དེ་འདྲ་ཡིན་ནའང་། གཏམ་བཤད་དང་སློབ་ཚན་གང་ལ་གྲ་སྒྲིག་ཡག་པོ་མི་བྱེད་པར་ཡམ་ཡོམ་རེ་བཤད་ནས་འགྲོ་བ་དང་། ཁྱད་པར་དུ་ཚོར་སྣང་དང་འཆར་སྣང་ཙམ་རེ་བཤད་ནས་འགྲོ་བ་འདི་འཛིན་ཁང་ནང་གི་སློབ་ཁྲིད་བྱེད་སྟངས་ཡིན་ས་མ་རེད།
སློབ་ཁྲིད་དང་གཏམ་བཤད་ཚང་མའི་ནང་དོན་ནོར་འདུག་ཟེར་ན་དེ་ཡང་མ་ཡིན་པ། མི་འདྲ་བ་འདི་འདུག་ཟེར་ན་དེ་ཡང་མ་ཡིན་པ་ཨ་ན་མ་ན་ཞིག་ཡོང་གིན་ཡོད་པ་འདིའང་མི་སྒེར་སོ་སོས་རང་ཉིད་ཀྱི་བསམ་བློ་རང་གི་ཐོག་ནས་སློབ་ཚན་དང་གཏམ་བཤད་ཀྱི་ནང་དོན་གཏན་འབེབས་བྱེད་ཐུབ་ཀྱི་མེད་པའི་འབྲས་རྟགས་ཤིག་མིན་ནམ་དྲན། འདིའི་ཐད་རང་རེའི་ཆེ་ཆུང་ཚང་མར་ད་དུང་མ་འདང་སའི་ཆ་མང་པོ་ཡོད་པ་རེད།
འོ་ན། དགེ་རྒན་གྱིས་ཡག་པོ་ཁྲིད་ཀྱང་དེས་སློབ་མ་ལ་ངེས་པར་ཕན་ཐོགས་ཐུབ་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། སློབ་མ་ལ་སློབ་སྦྱོང་གི་གྲུབ་འབྲས་ཡག་པོ་ཞིག་ཐོན་མིན་གྱི་རྩ་བའི་གནད་འགག་གཉིས་པ་དེ་སློབ་མ་རང་གི་འབད་བརྩོན་ལ་རག་ལས་པ་ཞིག་རེད། གལ་ཏེ་སློབ་མས་རང་སྦྱོང་ཡག་པོ་ཞིག་མ་བྱས་ན་འབྲས་བུ་ཡག་པོ་ཞིག་ནམ་ཡང་ཐོན་ཐུབ་ཀྱི་མ་རེད། འདི་ནས་ཁྱོད་ཀྱིས་གནང་བའི་དྲི་བ་གསུམ་པ་དང་འབྲེལ་བའི་ཐོག་ནས་མུ་མཐུད་འདིའི་ཐད་ལ་གླེང་མོལ་བྱེད།
དྲི་བ་གསུམ་པ། སློབ་མར་རང་སྦྱོང་གི་སྐུལ་མ་ཇི་ལྟར་བྱས་ན་བཟང་།
ལན། སློབ་མ་རང་སྦྱོང་གི་སྐུལ་མ་བྱེད་པ་ཞེས་པ་འདི་ཧ་ཅང་གནད་འགག་ཅན་ཞིག་རེད། གལ་ཏེ་རྨང་གཞི་ངེས་ཅན་ཡོད་པའི་སློབ་མ་ཞིག་ཡིན་ན་དེ་བས་ཀྱང་ཐབས་མཁས་ཀྱི་ཐོག་ནས་རང་སྦྱོང་གི་སྐུལ་མ་བྱེད་དགོས་ཀྱི་ཡོད། ཕྱི་རྒྱལ་གྱི་མཐོ་སློབ་དེ་འདྲའི་ནང་ལ་བདུན་ཕྲག་གཅིག་ནང་སློབ་ཁྲིད་ཉིན་གསུམ་ལས་མེད་པ་དང་། ཡང་མཐོ་སློབ་ཀྱི་སློབ་མ་ཞིག་ཡིན་ན་གལ་ཏེ་ཕྱི་འགྲིམ་སློབ་མ་སྟེ། སློབ་མའི་མིང་ཐོག་ནས་ཕྱི་རྒྱལ་དུ་ཕྱིན་པ་ཡིན་ན་ཕྱི་རྒྱལ་དུ་མུ་མཐུད་འདུག་ཆོག་པའི་ཆ་རྐྱེན་གཅིག་དེ་ཁྱོད་རང་བདུན་ཕྲག་རེ་རེའི་ནང་ལ་འཛིན་གྲྭ་ག་ཚད་ལ་འགྲོ་གིན་འདུག དེ་ལ་དགོངས་པ་ཞུ་འདུག་གམ་མི་འདུག ཡིག་རྒྱུགས་ཀྱི་བརྒྱ་ཆ་ག་འདྲ་ལོན་འདུག་སོགས་ཕྱོགས་སྡོམ་བྱེད་ཀྱི་ཡོད་པ་རེད་ལ། དེ་ནི་ཁྱོད་རང་གི་ལམ་ཡིག་གི་ཐོངས་མཆན་གྱི་དུས་ཚོད་ཕར་འགྱངས་ཐུབ་མིན་འབྲེལ་བ་ཡོད་ལ། དེ་ནི་ཁྱོད་རང་མུ་མཐུད་ས་ཆ་དེར་གནས་ཐུབ་མིན་དང་འབྲེལ་བའི་དོན་དག་ཅིག་རེད། གལ་ཏེ་ས་གནས་རང་གི་ཕྲུ་གུ་ཞིག་ཡིན་ན་དེ་འདྲའི་དཀའ་ངལ་མེད་ཀྱང་། ཁྱོད་རང་གི་སློབ་སྦྱོང་དང་བསླབས་འབྲས་ལ་གཞི་རྩའི་ཆ་ནས་དྲང་བདེན་གྱི་སྐར་མ་ཞིག་སྤྲོད་ཀྱི་ཡོད་ལ། ཐ་མ་དེར་ཡིག་ཚད་ཀྱི་གྲུབ་འབྲས་དང་སློབ་ཞུགས་དུས་སྐབས་ཀྱི་ཁྱོད་ཀྱི་ཁྱོན་ཡོངས་ཀྱི་སློབ་སྦྱོང་དང་འབྲེལ་བའི་གྲུབ་འབྲས་ག་ཚད་བླངས་ཡོད་པ་དང་མཐུན་པའི་རིན་ཐང་ཞིག་ཁྱོད་ལ་སྤྲད་ངེས་ཤིང་། ཚད་གཞི་མི་འདྲ་བའི་དཔང་ཡིག་དང་གཟེངས་རྟགས་དེ་འདྲ་ཐོབ་ཀྱི་ཡོད། དེ་འདྲ་དེས་ཕལ་མོ་ཆེ་ལ་གཞན་གྱི་སྐུར་མིན་ལ་མ་ལྟོས་པར་རང་སྦྱོང་མ་བྱས་ཐབས་མེད་ཀྱི་ས་ལ་སྐྱེལ་འཇོག་གིན་ཡོད་པ་རེད།
འཇིགས་སྐུལ་དང་རྡུང་རྡེག་སོགས་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་རང་སྦྱོང་ལ་སྐུལ་བ་ནི་ཐབས་ལམ་སྐྱོ་ཤོས་རེད། ཡར་ཐོན་ཅན་གྱི་སློབ་གྲྭ་དག་ཏུ་ཕལ་ཆེར་མི་སྲིད་པ་ཞིག་ཀྱང་རེད། འོན་ཀྱང་རང་སྦྱོང་སྐུལ་སྟངས་ཡག་པོ་ཞིག་ཡོང་མིན་དེ་ཡང་སློབ་གཉེར་ལམ་ལུགས་དང་དགེ་རྒན་གྱི་སྤུས་ཚད་གཉིས་ཆར་ལ་རག་ལས་པ་ཞིག་རེད། འདི་ཡང་དགེ་རྒན་ལ་སྦྱོང་བརྡར་ཡོད་མེད་ཅེས་པ་དང་། དགེ་རྒན་གྱིས་སློབ་མ་འཁྲིད་སྐྱོང་བྱེད་ཤེས་མིན་ཅེས་པའི་དོན་དག་གི་འབབ་ས་རེད།
ཡང་དགུན་གནང་གི་སྐབས་ཀྱི་ཁ་སབ་སྦྱོང་བརྡར་གྱི་འཛིན་གྲྭའི་རིགས་དང་། ཁྱད་པར་དུ་རི་གྲོང་གི་སློབ་གྲྭ་ཆུང་ཆུང་དག་ལ་སློབ་ཕྲུག་གི་དངོས་ཡོད་གནས་སྟངས་དང་མཐུན་པའི་ལག་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ། འདིའི་ཐད་ཚོད་དཔག་བྱས་ནས་བཤད་ཀྱང་གནད་དུ་ཐིངས་པ་ཞིག་ཡོང་དཀའ་མོད། དེ་དག་ལ་ཡང་། ཉིན་རེར་རང་སྦྱོང་གི་ལས་བྱ་རེ་སྤྲད། ཕྱི་ཉིན་ཡར་འཚོགས་མ་ཐག་སྐར་མ་བཅུ་ཡས་མས་ལ་སློབ་ཕྲུག་ཡོངས་ཀྱི་མིང་ཐོ་དཀྲུགས་འདོན་གྱིས་སུའི་མིང་དོན་པ་དེར་ཉིན་སྔ་མའི་སློབ་ཁྲིད་ནང་རང་སྦྱོང་དང་འབྲེལ་བའི་དྲི་བ་འདོན་རྒྱུ་དང་། ཡང་ཡིག་ཐོག་གི་རང་སྦྱོང་ཡོད་པ་ཡིན་ན་དེ་ལ་དགེ་རྒན་གྱིས་གཟབ་ནན་གྱིས་བརྒྱ་ཆ་སྤྲད་ནས་སློབ་ཚན་མཇུག་དྲིལ་བའི་སྐབས་སུ་སྤྱིའི་སྡོམ་གྲངས་ལ་དཔག་པའི་ཨང་རིམ་གཞིར་བཟུང་གི་རྔན་པ་དང་བྱ་དགའ་ཆུང་ཆུང་དེ་འདྲ་སྤྲོད་རྒྱུ་དང་། དེ་ཡང་སྔ་ཚེ་ནས་ཁོང་ཚོར་གོ་བར་བྱ་རྒྱུ་སོགས་ཀྱང་ཐབས་ལམ་གྱི་གྲས་སུ་འགྲོ།
དྲི་བ་བཞི་པ། ཉིན་རེའི་སློབ་ཐུན་དྲུག་དེ་ཇི་ལྟར་བྱེད་སྤྱོད་བྱས་ན་བཟང་།
ལན། ཁྱེད་ཀྱིས་ང་ལ་ལོགས་སུ་འབྲེལ་བཤད་གནང་སྟངས་ལྟར་ན། དེ་ནི་ཁྱེད་ཅག་གི་ཟབ་སྦྱོང་དེའི་འགྲོ་སྟངས་རང་གི་ཐོག་ནས་དྲིས་པ་ཞིག་རེད་འདུག དེ་ཡང་སྔ་དྲོ་ཆུ་ཚོད་གསུམ་དང་། ཕྱི་དྲོ་ཆུ་ཚོད་གསུམ་གྱི་རིང་འཚོགས་རྒྱུ་ཡོད་པ་དང་།སྔ་དྲོའི་ཆུ་ཚོད་ཀྱི་ཁོངས་སུ་བློ་འཛིན་གྱི་དུས་ཚོད་དང་། སློབ་ཁྲིད་དངོས་གཞི། དྲི་བ་དྲིས་ལན་བཅས་ཡོད་པ་དང་། ཕྱི་དྲོའི་དུས་ཡུན་ནང་སློབ་ཁྲིད་དང་རྩོད་པ་བཅས་ཡོད་པ་དེ་ངས་བསམ་ན་འོས་འཚམས་ཤིག་རེད་དྲན་གྱི་འདུག
དཔེ་ཀློག་གི་གོམས་གཤིས་འཇགས་སུ་འཇུག་པ་དང་། བློ་ལེན་གྱི་གོམས་གཤིས་འཇགས་སུ་འཇུག་པ་འདི་ཧ་ཅང་རྩ་ཆེན་པོ་རེད་ལ།དྲི་བ་དྲིས་ལན་གྱི་གོ་སྐབས་ཆ་མཉམ་འབུལ་རྒྱུ་དང་། ཕར་ལ་རེས་མོས་ཀྱིས་དྲི་བ་འགོད་པ་སོགས་ཧ་ཅང་གལ་ཆེན་པོ་རེད།
དེང་རབས་ཀྱི་སློབ་ཁྲིད་གནང་མཁན་དག་གིས་གསུང་སྟངས་ལྟར་བྱས་ན། མི་ཞིག་གིས་སློབ་ཁྲིད་ལ་རིག་པ་གཏོད་ཐུབ་པའི་དུས་ཚོད་དེ་ཆུ་ཚོད་གཅིག་གམ་ཕྱེད་ལྟ་བུ་ཡིན་པར་བཤད། དེ་ལས་མང་ན་ཡིད་ཀྱིས་འཇུ་མི་ཐུབ་པ་དང་། སྣང་ལ་མ་ངེས་པ་ཁོ་ན་ཆགས་འགྲོ་གིན་ཡོད་འདུག་པས། སྐར་མ་བཅུ་ལྟ་བུའི་བར་སྟོང་འཇོག་རྒྱུ་གལ་ཆེན་པོ་རེད།ཡིན་ན་ཡང་། དུས་རྒྱུན་དེང་རབས་ཀྱི་སློབ་ཚན་འགྲོ་སྟངས་རང་བྱེད་སྡོད་ཀྱི་ཡོད་པའི་འཁོར་ཡུག་ཅིག་ཏུ་དུས་ཐུང་གི་ཟབ་སྦྱོང་ཡིན་པའི་ཆ་ནས་དུས་རྒྱུན་སྦྱོང་ཐུབ་ཀྱི་མེད་པའི་རིགས་ལམ་དང་དཔེ་ཀློག་གོམས་གཤིས། རྩ་བ་བློ་འཛིན་སོགས་ཀྱི་སློབ་ཁྲིད་ཐབས་ལམ་གྱིས་བག་ཆགས་དམིགས་བསལ་འཇོག་པའང་སྲིད།།
ལན། དེ་ནི་རང་རང་གི་འཁྲིད་བྱ་དེ་ལ་ཆ་རྒྱུས་ཡོད་པ་དང་། ལྷག་བསམ་ལྡན་པ།སློབ་ཁྲིད་ཐབས་ལམ་བཟང་པོ་ཡོད་པ། སློབ་ཚན་གོ་སྒྲིག་ལེགས་པ་བཅས་ནི་དགེ་རྒན་བཟང་ཤོས་ཡིན་རྒྱུ་རེད། དེ་གོང་དུ་ཡང་བཤད་ཡོད། ཡིན་ན་ཡང་།ཀ་ཁ་ལྟ་བུའི་རྨང་གཞིའི་སྐད་ཡིག་སློབ་པ་དེ་ཡང་ལས་སླ་པོ་ཞིག་ནི་གཏན་ནས་མ་རེད།
དྲི་བ་ལྔ་བ། ཀ་ཁ་ནས་ལོ་རྒྱུས་བར་ཀྱི་དགེ་རྒན་བཟང་ཤོས་དེ་གང་བྱས་ན་བཟང་།
སྐད་ཡིག་གི་སློབ་དཔོན་ཞིག་ཡིན་ན། འབྲི་ཀློག་དག་གསུམ་ཆ་མཉམ་ཞིག་སློབ་ཐུབ་དགོས་པ་དེ་མ་མཐའི་ཆ་རྐྱེན་ཡིན་ཡང་། སྲོལ་རྒྱུན་གྱི་ཀློག་སློབ་པའི་སློབ་དཔོན་ཕལ་མོ་ཆེར་ཆ་རྐྱེན་དེ་གཏན་ནས་མེད། ཐ་ན་དེང་སང་ཕ་ཡུལ་གྱི་སྒེར་བཙུགས་སློབ་གྲྭ་དང་ཡིག་གྲྭ་ཁག་གི་དགེ་རྒན་དག་ཀྱང་ཚད་གཞི་དེ་ག་རང་དུ་ཡོད་འདུག དེས་ན་དེ་འདྲ་དེས་ཡི་གེ་ཙམ་ཡང་གཏན་ནས་སློབ་ཤེས་ཀྱི་མེད་པ་རེད། འབྲི་ཀློག་དག་གསུམ་ཆ་མཉམ་དུ་སློབ་པ་འདི་དབྱིན་ཡིག་དང་རྒྱ་ཡིག་གི་སློབ་སྟངས་དེ་ཁོ་ན་རེད།
ང་ཚོས་གནའ་ཡིན་ན་ཕལ་མོ་ཆེས་ཁ་ཏོན་གྱི་ཆེད་དུ་ཀློག་བསླབས་པ་རེད། ད་ཆ་དེ་མ་རེད།ངས་ཐའེ་ཝན་སོགས་སུ་བོད་ཀྱི་མཁན་པོ་དགེ་བཤེས་བླ་མ་དེ་འདྲས་རྒྱ་རིགས་ཚོར་བོད་ཡིག་སློབ་པ་མཐོང་གིན་ཡོད། ཡིན་ན་ཡང་། ཁོ་ཚོས་ཀྱང་ཡག་པོ་ཞིག་གཏན་ནས་སློབ་སྟངས་ཤེས་ཀྱི་མི་འདུག དེ་འདྲ་ལབ་ན་ཁྱེད་ཧ་ལས་ན་ཐང་མོད། དོན་དངོས་ནི་དེ་འདྲ་ཞིག་རེད། དེ་ལས་ཐའེ་ཝན་གྱི་མི་བོད་ཡིག་ཤེས་མཁན་གྱི་དགེ་རྒན་དེ་འདྲས་བོད་ཡིག་བསླབས་པ་དེ་ཡག་པ་འདུག ཨོ་གླིང་ལ་ཡང་དེ་འདྲ་རང་རེད། ཕྲུ་གུ་ལ་བོད་ཡིག་སློབ་དགོས་ན་ཁྱེད་རང་ཤེས་ཡོན་ག་འདྲ་ཡོད་མེད་ལ་མ་ལྟོས་པར་དམིགས་བསལ་འཁྲིད་སྟངས་ཀྱི་སྦྱོང་བརྡར་སྤྲད་དེ་ལག་འཁྱེར་ཐོབ་དགོས་ཀྱི་ཡོད་རེད། དཔེར་ན་ང་འདྲ་བོ་ཞིག་ཡིན་ན་ཡང་། ཕྲུ་གུ་ལ་སློབ་ཁྲིད་བྱེད་ཤེས་སྙམ་པའི་གདེངས་ཚད་མེད། ད་ལྟའི་ངའི་ས་ཆའི་བོད་པ་དག་གི་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭའི་དགེ་རྒན་དེ་ཚོ་རྒྱ་གར་ནས་སཱ་ར་དང་བོད་ཁྱིམ་སོགས་ཀྱི་དགེ་རྒན་གནང་མྱོང་མཁན་དག་གིས་དང་བླངས་ཀྱིས་སློབ་ཁྲིད་གནང་གིན་ཡོད་ལ། འདི་ནས་ཀྱང་སྲིད་གཞུང་གིས་མཐུན་རྐྱེན་སྦྱར་བའི་དམིགས་བསལ་དགེ་རྒན་འོས་སྦྱོང་དེ་འདྲར་འགྲོ་ཟིན་པ་ཤ་སྟག་རེད། ཁོང་ཚོ་ལ་བལྟོས་ན་ངས་སློབ་མི་ཤེས་ཁོ་ཐག་ཡིན་རེད། ཕྱི་ལོགས་ཀྱི་བོད་པའི་སྤྱི་ཚོགས་སུའང་དགེ་རྒན་བྱེད་པ་ལ་དམིགས་བསལ་དགེ་རྒན་འོས་སྦྱོང་ཐོན་དགོས་ཀྱི་ཡོད་པ་རེད། རྒྱ་ཡུལ་དུའང་དགེ་འོས་སློབ་ཆེན་ཟེར་བ་དེ་འདྲ་ཡོད་པ་དག་ཀྱང་གཙོ་བོ་དགེ་རྒན་གསོ་སྐྱོང་བྱེད་སའི་ལྟེ་གནས་ཡིན་པའི་སྐད་ཆ་རེད། འོག་ཏུ་ད་དུང་དྲི་བ་གཞན་ཞིག་འདུག་སྟེ། དེ་ནི་དྲི་བ་དང་པོའི་ནང་དུ་བཤད་ཟིན་པ་དག་གིས་འཐུས་པར་འདུག་སྙམ་ནས་དམིགས་ཀྱིས་བཤད་མེད། ཅེས་པ་འདི་ཡང་། རྫ་ཆུ་ཁ་པ་ནས་ཡིན་གསུངས་མཁན་གྱི་དྲ་གྲོགས་དྲ་མིང་ལ་ལྗང་ཁུ་ཞུ་བ་ཞིག་གིས་ཁོང་ཉིད་ཉ་མཚོ་ཟི་དཀར་དགོན་དུ་སློབ་གཉེར་གནང་བཞིན་པ་ཞིག་ཡིན་པ་དང་། དགུན་ངོས་འདིར་ཟབ་སྦྱོང་འཛིན་གྲྭ་ཞིག་ཏུ་འཆད་ཁྲིད་གནང་དུ་འགྲོ་དགོས་པས་འབྲེལ་ཡོད་གྱི་དྲི་བ་ཁག་ཅིག་གི་ཐོག་བསམ་ཚུལ་ཞིག་ངེས་པར་བཤད་རོགས་ཞེས་ཐུགས་ཚོར་ཆེན་པོས་བཀའ་འདྲི་གནང་བའི་ལན་དུ།