
བཅར་འདྲི་བྱ་ཡུལ། དོལ་པོ་བ་བསྟན་འཛིན་ནོར་བུ།
བཅར་འདྲི་བྱེད་མཁན། རྫ་སྐྱེས་ཕུར་བ།
ས་གནས། ཀ་ཐ་མན་གྲུའི་བསྟན་འཛིན་ནོར་བུའི་ལས་ཤག
དུས་ཚོད། 2017/8/14
དྲི་བ། ཐོག་མར་རྒན་ཁྱེད་རང་རི་མོ་འབྲི་བའི་ལམ་དུ་ཞུགས་པའི་རྒྱུད་རིམ་ཞིག་གསུང་རོགས།
ལན། ངའི་ཕ་ལགས་ཁོང་རང་རི་མོ་འབྲི་མཁན་ཞིག་རེད། ཁོང་གི་སྤོ་བོ་དང་དེའི་སྤོ་བོའང་རི་མོ་འབྲི་མཁན་རེད། ད་ལྟ་ང་རང་ཐེ་བའི་མི་ཐོག་ལྔ་འདྲ་བོ་ཞིག་རི་མོ་འབྲི་མཁན་རེད། དེ་ཡིན་དུས། ཚང་མར་གཅིག་གི་རི་མོ་ཡི་སྲོལ་རྒྱུན་འདྲ་བོ་བསླེབས་བསྡད་ཡོད་རེད། ཨིན་ཇི་དེ་ཚོས་ཁྱེད་རང་གི་ཁྲག་དེ་རི་མོ་འབྲི་མཁན་གྱི་ཁྲག་རྒྱུན་རེད་ཅེས་ལབ་ཀི་འདུག་ག དེ་འདྲ་བོ། ད་ཁྲག་གི་རྒྱུན་ཡིན་ན་འདྲ། སེམས་ཀྱི་རྒྱུན་ཡིན་ན་འདྲ། སྔོན་མ་མེས་མེས་ཁོང་ཚོ་བླ་མའང་རེད་འདུག་ག དངོས་གནས་རྙིང་མའི་བླ་མ་སྒྲུབ་པ་ཉམས་ལེན་བྱེད་མཁན། རུས་མེད་བྱེད་མཁན། གྲུབ་མཐའི་ཆགས་སྡང་མི་རྩོད་པར་ཉམ་ཆུང་ཆུང་བྱེད་མཁན་གྱི་བླ་མ་མང་པོ་བྱུང་བཞག ང་ཚོའི་བརྒྱུད་པ་ལ་བླ་མ་དེ་འདྲ་མང་པོ་བྱོན་མྱོང་འདུག དེ་ཚོ་ཡི་ཐུགས་རྗེའི་སྨོན་ལམ་གྱི་དབང་གིས་རི་མོ་ཡི་རྒྱུན་མ་ཆད་པར་གནས་པ་ཡིན་འགྲོ་ང་རང་གིས་བསམ་གྱི་འདུག ཕ་ལགས་ཁོང་གིས་རི་མོ་འདྲ་མི་འདྲ་མང་པོ་བྲིས་ཡོད་རེད། ང་དང་མི་འདྲ་བར་ཁོང་སྲོལ་རྒྱུན་རི་མོ་རང་འབྲི་མཁན་རེད།
དེ་ནས་ང་རང་ལོ་ཉི་ཤུ་རྩ་གཅིག་ཐོག་ཨིན་ཇི་ཞིག་ལ་ཐུག་པ་རེད། ཨིན་ཇི་དེ་ཧྥ་རན་སིའི་ཧི་མ་ལ་ཡའི་གློག་བརྙན་ལས་མཁན་དེ་རེད། རང་བྱུང་གི་སྐོར་རྐྱང་རྐྱང་བཏོན་བསྡད་པའི་ཨ་མེ་རི་ཀའི་National Geographic ཆེན་པོ་ཞིག་ཡོད་ཨ། ཁོས་དེའི་ནང་ལ་ལས་ཀ་ལས་ཀི་འདུག དེའི་ཆེད་དུ་དོལ་པོའི་ས་ཆ་ལ་པར་རྒྱག་པར་བསླེབས་བྱུང་། དེ་དུས་ཁོའི་ལས་ཀ་ཡང་ཁྱེད་རང་གི་ལས་ཀ་ནང་བཞིན་རེད། བོད་པས་ད་ལྟ་གཞི་ནས་ལས་ཀ་དེ་བྱེད་ཀི་ཡོད་པ་རེད། ཁོང་ཚོས་དེ་དུས་ནས་ལས་ཀ་དེ་བྱས་ཚར་པ་རེད། དེ་དུས་ང་ཁོ་རང་དང་ཐུག་སྐབས། ཁོས་ངའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདྲ་ཞིག་མཐོང་འདུག་ག ངའི་སྤོ་བོ། ངའི་སྡོད་ས། ངའི་ལས་ཀ ངའི་གདོང་པ་སོགས་ཁོའི་སྣང་བར་འགྲོ་བོ་བྱུང་འདུག དེ་དངོས་གནས་ལས་ཡིན་ས་རེད།
དེ་ནས་ཁོས་ངེད་གཉིས་མཉམ་དུ་རི་མོ་འབྲི་རུ་བལ་ཡུལ་ལ་འགྲོ། སྡོད་ས། ཟ་མ་ཚང་མ་ཁོ་རང་གིས་གྲ་སྒྲིག་བྱེད་ལབ་སོང་། དེ་དུས་ངས་ཨིན་ཇིའི་མི་མཐོང་བ་ཐེངས་དང་པོ་རེད། མི་ཡ་མཚན་པོ། གཟུགས་པོ་རིང་པོ། སྐད་རིགས་མི་གཅིག་པ། ཁྱད་མཚར་པོ་ཞིག་མཐོང་སོང་། ངས་ཡིད་ཆེས་མ་སོང་། ང་ཁྱོད་དང་མཉམ་དུ་འགྲོ་གི་མིན་ལབ་ཡིན། དེ་ནས་ཁོས་ཁྱོད་རང་བལ་ཡུལ་ལ་འགྲོ་བསམ་གི་འདུག་གམ་ལབ་སོང་། ང་བལ་ཡུལ་ལ་འགྲོ་འདོད། འོན་ཀྱང་ངའི་ཕ་ལགས་དང་སྤོ་བོ་ཚང་མ་བལ་ཡུལ་ལ་མཆོད་རྟེན་རྣམ་གསུམ་སོགས་གནས་བསྐོར་བར་འགྲོ་གི་རེད། ཟླ་གཅིག་རིང་གི་བྲོ་ཁ་རྒྱབ་ལ་ཁུར། དེ་ནས་སློང་གིན་སློང་གིན་འགྲོ་ཡི་འདུག་ག ང་རངའང་དེ་འདྲ་བྱས་ནས་འགྲོ་གི་ཡིན་ལབ་པ་ཡིན། སྔུན་མ་ནས་ངའི་བསམ་བློའི་ནང་དེ་འདྲ་རང་འགྲོ་འདོད་ཡོད། ང་དེ་འདྲ་བྱས་ནས་འགྲོ་གི་ཡིན། ཁྱོད་ག་རེ་ཡིན་དང་ག་རེ་མིན་ཅི་ཤེས། ཁྱོད་དང་མཉམ་དུ་འགྲོ་གི་མིན་ལབ་པ་ཡིན། ད་རུང་ཁོས་ང་ཚོའི་སྐད་ཤེས་ཀྱི་མི་འདུག སྐད་སྒྱུར་མཁན་ཤར་པ་ཞིག་ཁྲིད་འདུག སྐད་སྒྱུར་དེས་དེ་ལྟར་ཚང་མ་ང་ལ་ལབ་སོང་། ངའི་ཕ་ལགས་ཁོང་ཨིན་ཇིའི་མི་ལ་རྒྱུས་མངའ་ཏོག་ཙམ་འདུག་ག ཁོང་གིས་ཨིན་ཇིའི་མི་ཡག་པོ་ཡོད་རེད། ང་ལ་འགྲོ་དགོས་རེད་ལབ་ཀི་འདུག དེ་ཚོ་མི་ཡ་རབས་དང་བཟང་པོ་ཡོད་རེད། ཁྲིམས་དང་མཐུན་པའི་མི་རེད། དེ་འདྲ་ལབ་ཙང་། ང་བློ་ཁ་ཅུང་བཅོས་སོང་། ཡིན་ན་ཡང་། ཐེངས་མ་གཅིག་ལ་འགྲོ་གི་མིན་ལབ་ཡིན། ཐེངས་མ་གཅིག་ལ་ཐག་མ་བཅད། དེ་ནས་ཁོ་རང་བུད་སོང་།
ཟླ་གསུམ་ནས་ཕྱིར་ཡོང་གི་ཡིན། ཁྱོད་ལ་ཐང་ག་ཁ་ཤས་བཟོ་རྒྱུ་སྤྲད་དགོས་ལབ་ནས། ང་ལ་ཐང་ག་ཁ་ཤས་འབྲི་རྒྱུ་གཞག་སོང་། ད་དུང་ང་ལ་རྔན་པ་སྒོར་བརྒྱ་ཉིས་བརྒྱ་ཞིག་ཀྱང་སྤྲད་སོང་། ངས་ངོ་མ་ཡིན་ནམ་རྫུན་མ་ཡིན་བསམ་ནས་བསྡད། ཨིན་ཇིའི་མི་དེ་ཟླ་བ་གསུམ་གྱི་རྗེས་སུ་ཏག་ཏག་ཕྱིར་བསླེབས་སོང་། བོད་པ་ཟེར་བ་དེ་དཔེ་ཉོབ་ཐོ་རེད་ཨ། དེ་དུས་ངས་རི་མོ་བྲིས་ནས་ཚར་ཡོད་མ་རེད། ཡིན་རྒྱུ་ཁོ་རང་གིས་ང་འགུག་ཆེད་དུ་ཐང་ག་དེ་བཟོ་རྒྱུ་སྤྲད་འདུག་ག དེ་ནས་ཁོས་ང་ལ་རྒྱབ་ལ་ཁུར་རྒྱུའི་ཧྥ་རན་སིའི་འགྱོ་ལྭ་(རྒྱབ་ཁུག)དང་། བྲིས་དེབ་ཡག་པོ། སྤེན་སེར་ཆ་ཚང་ཁུར་འདུག ང་ཧང་སངས་སོང་། ཕ་ཡུལ་ནས་སྤེན་སེར་ནག་པོའང་རག་གི་ཡོད་མ་རེད། ཚང་མ་སོ་ལ་ཡིས་བྲི་དགོས་རེད། ངའི་ཕ་ལགས་ཀྱིས་ཨིན་ཇིའི་མི་ཡག་པོ་ཡོད་རེད་ལབ་པ་དང་། དེའི་སྒང་ལ་ཁོས་རྔན་པ་ཡང་དེ་འདྲའི་མང་པོ་ཁུར་འདུག་པས། མི་དེ་བརྒྱ་ཆའི་བརྒྱ་ཡག་པོ་ཡིན་ཤག་གི་བསམ་བློ་འདྲ་ཞིག་བསླེབས་སོང་།
ཨོ་དེ་ནས་ང་རང་བལ་ཡུལ་ལ་ཕྱོགས་པ་ཡིན། ང་ལ་སྐྱེས་སྨན་ཡོད་རེད། ཕྲུ་གུ་ཡོད་རེད། ཆ་ཚང་བཞག་ནས་ང་ཁོ་དང་མཉམ་དུ་བལ་ཡུལ་ལ་ཡོང་པ་ཡིན། དེ་དུས་ངའི་ཨ་མས་སེམས་ཁྲལ་ཏོག་ཙམ་བྱེད་ཀི་འདུག ང་བུ་གཅིག་པོ་རེད། ཕྱི་ལོག་ལ་འགྲོ་བའང་ཐེངས་དང་པོ་དང་། ཐག་རིང་པོ་ཞེ་དྲག་རེད། འོན་ཀྱང་ང་ཁོ་དང་མཉམ་དུ་བསླེབས་ཡོང་པ་རེད། ཁོ་དང་མཉམ་དུ་ཡོང་བའི་སྐབས་སུ་ཤར་རྒྱག་བལ་ཡུལ་ལ་ཡོང་བ་མ་རེད། དོལ་པོའི་ལུང་པ་མང་པོ་བསྐོར་ནས་ཡོང་བ་རེད། ཁོས་པར་བརྒྱབ། ངས་རི་མོ་བྲིས་ནས་ཡོང་པ་རེད། ཟླ་གཅིག་དང་ཉིན་བཅུ་ནས་བལ་ཡུལ་ལ་བསླེབས་སོང་། ཟིན་བྲིས་རི་མོ་དེ་དག་ལས་ངས་ཡུལ་ལྗོངས་འབྲི་བའི་འགོ་བཙུག་པ་རེད། ད་ལྟ་ཁོ་ལ་དེ་དུས་ངས་བྲིས་བཞག་པའི་རི་མོ་ Magazine ཡོད། དེ་ལ་རི་མོ་སུམ་ཅུ་ཙམ་ཡོད། ད་ལྟ་ཚང་མ་ཕེ་རེ་སི་ལ་ཡོད་རེད། ད་ལྟ་ངའི་རི་མོ་ཡར་རྒྱས་སོང་ཅི་ཙམ་ཡོད་མེད་དེ་དག་ལ་བལྟས་ན་ཤེས་ཀི་རེད། དེ་ནས་ང་རང་ཟླ་བ་དྲུག་ལ་བལ་ཡུལ་དུ་བསྡད་རྗེས་དབྱར་ཐོག་ཕ་ཡུལ་ལ་ལོག དགུན་ཐོག་བལ་ཡུལ་ནས་བསྡད། དེ་འདྲ་བྱས་ནས་མི་ཚེ་བསྐྱལ་བ་རེད། ཁོས་ཀྱང་དཔེ་ཤག་(ཤོག་སྒོར)གང་ལ་གང་འཚམས་རེ་སྤྲད་སོང་། ཧ་ལས་པ་ཅི་མི་འདུག སོ་སོ་ཕ་ཡུལ་ལ་འགྲོ་སྤྱད་ཙམ་གྱི་དཔེ་ཤག་རག་སོང་། དེ་འདྲ་བྱས་ནས་ཡར་རྒྱས་ལ་ཕྱིན་པ་རེད།
དྲི་བ། དེ་ནས་འདི་འདྲ་ཞིག་རེད། རྒན་ཁྱེད་རང་གིས་རི་མོ་མང་པོ་ཞིག་བྲིས་ཡོད་རེད། གང་སར་འགྲེམ་སྤེལ་ཡང་བྱས་ཡོད་པ་རེད། དེ་ལ་ཕྱི་གླིང་པ་དང་རྒྱ་རིགས་ཡིན་ན་འདྲ། ནེ་པཱལ་དང་ང་ཚོ་བོད་རིགས་ཡིན་ནའང་འདྲ། དེ་ཚོས་འདི་དང་འདི་ཡག་པོ་འདུག་ཅེས་དམིགས་གྱིས་བཀར་ནས་དགའ་བསུ་བྱེད་ས་དང་བྱ་དགའ་ཐོབ་མྱོང་ས་དེ་འདྲ་ཨེ་ཡོད།
ལན། ད་དུང་རི་མོ་འདི་དམིགས་བསལ་ཡག་པོ་འདུག་ཟེར་མཁན་བསླེབས་མ་སོང་། མང་ཆེ་བས་ཟླ་བ་ཡོད་རྒྱུ་དེ་ཡག་པོར་བརྩི་གི་འདུག མི་ཚང་མས་ཟླ་བ་ཡོད་རྒྱུ་དེ་ཡག་པོ་འདུག ཁྱོད་རང་གིས་ག་རེ་བྱས་ནས་ཟླ་བ་རྐྱང་རྐྱང་འབྲི་གི་ཡོད་ཟེར་གྱིན་འདུག ང་ཆུང་ཆུང་སྐབས་ང་རང་གི་ཕ་ཡུལ་ལ་གློག་ཡོད་མ་རེད། མཚན་མོར་ཟླ་བ་ལ་བརྟེན་དགོས་པ་རེད། ཟླ་བ་དེ་དགོང་མོ་ཕྱི་ལོགས་ནས་ང་ཚོ་བུ་ཕྲུག་ཚོས་རྩེད་མོ་རྩེ་དུས་དང་། དཔེར་ན་རྫ་རོགས་ཁྲིད་ནས་ཟླ་འོད་ཡར་འགྲོ་མར་འགྲོ་བྱེད་པ་དང་། བུ་བུ་མོ་ཡི་བརྩེ་བ་ལའང་ཟླ་བ་ཡིས་ཕན་ཞེ་དྲག་ཐོག་གི་ཡོད་པ་རེད། མཚན་ལ་ཡར་མར་འགྲོ་དགོས་དུས། ཟླ་བའི་ནང་ལ་འགྲོ་དགོས་རེད། དེ་བས་ཟླ་བ་དེ་ང་ཚོའི་འཚོ་བའི་ནང་དུ་ཞེ་དྲག་གནད་འགག་ཆེན་པོ་ཞིག་ཏུ་མཐོང་སོང་ཞེས་ལབ་ཀི་ཡོད། དངོས་གནས་ཀྱང་དེ་འདྲ་རེད། ཁོང་ཚོ་ལའང་དཔེ་མི་སྲིད་པའི་ཚོར་བ་སྤྲད་ཀྱི་འདུག དེ་ཡིན་དུས་ང་ཚོས་བཅོ་ལྔའི་ཟླ་བ་ལ་ཚེས་ཆེན་བཅོ་ལྔའི་ཟླ་བ་ཟེར་གྱི་རེད། དེ་ཡི་གཞུག་ལ་ iPhone(ཀུ་ཤུའི་ཁ་པར)ཟླ་བ་དེ་ལ་གྱུར་བ་རེད།
དེ་ནས་རིམ་གྱིས་མི་ཡིས་ཟླ་བ་གལ་ཆེན་མིན་པ་དང་། iPhoneདེ་གལ་ཆེན་པོར་མཐོང་སོང་པ་རེད། དེ་གཉིས་ཀྱི་བར་ལ་ཐུན་མོང་མ་ཡིན་པའི་འབྲེལ་ཞིག་ཡོད་པར་དྲན་གྱི་ཡོད། དེ་མང་པོ་བྲིས་ཡོད། ཕྱི་རྒྱལ་གྱིAppleལ་ལོ་རྒྱུས་ཤིག་འདུག དེ་ཡང་ཡེ་ཤུ་ཡི་ལྷ་སྒྲུང་ཞིག་རེད་འདུག ཡེ་ཤུ་པའི་ཆོས་ལུགས་ནང་དུ་བཤད་སྲོལ་ལ་སྔོན་དང་པོ་འགྲོ་བ་མི་ཆགས་དུས། མི་ཚང་མ་འདོད་སྲེད་མེད་མཁན་རྐྱང་རྐྱང་། དེ་ཚོས་ཁ་ལག་ལ་མ་རྨོས་པའི་ལོ་ཏོག་ཟ་བ་དང་དེ་ཡིས་ཡིད་ཚིམ་ཚིམ་བྱས་ནས་བསྡད་ཡོད་པ་རེད་ཟེར། ཉི་མ་གཅིག་ལ་མི་ཞིག་འདོད་པ་ལངས་ནས་ཀུ་ཤུ་ཞིག་ལ་སོ་བརྒྱབ་པ་དང། དེ་ནས་ཁོ་ཚང་མའང་དེ་ལྟར་ཆགས་པ་རེད་ཟེར། ཨོ་དེ་འདྲ་ལབ་ཀི་འདུག སྒྲུང་དེ་ལ་བརྟེན་ནས་ཀུ་ཤུ་བཟོ་གྲྭས་ཀུ་ཤུ་དེ་འདྲ་ཞིག་བཟོས་འདུག་ག
དྲི་བ། རྒན་ཁྱོད་རང་གིས་རི་མོ་བྲིས་ནས་ད་ཐུག་བར་ལ་ལོ་སུམ་ཅུ་ཕྱིན་འདུག དེ་སྔའི་ཁྱོད་རང་གི་མི་ཚེ་དེའང་རི་མོའི་སྟེང་ལ་ཆེད་ལས་སུ་ཕྱིན་འདུག དེ་འདྲ་ཡིན་དུས། ཁྱོད་རང་གི་ངོས་ནས་བསལ་བློ་བཏང་པ་ཡིན་ན། རི་མོ་འབྲི་མཁན་ཞིག་ཡིན་ན་ནང་གི་རྒྱུ་དང་ཕྱི་ཡི་རྐྱེན་ག་འདྲ་ཚང་དགོས་ཀྱི་འདུག ངེས་པར་དུ་བསམ་བློ་དང་ལག་ཆ། སྦྱོང་བརྡར་གང་འདྲ་ཞིག་འཛོམས་དགོས་ཀྱི་འདུག
ལན། གཙོ་བོ་རི་མོ་འབྲི་མཁན་ལ་སྡུག་རུས་དང་སྤྲོ་བ་གཉིས་ཀ་དགོས་ཀྱི་འདུག སྡུག་རུས་བྱེད་པ་ལ་སྤྲོ་བ་དགོས་ཀྱི་འདུག ང་རང་ཡིན་ནའང་རི་མོ་འབྲི་བ་ལ་སྤྲོ་བོ་ཞེ་དྲག་ཡོད། ཆུང་ཆུང་སྐབས་ལ་ངའི་སེམས་ནང་རི་མོ་འབྲི་རྒྱུ་བྱུང་ན་བསམ་མྱོང་། ཞོགས་པ་སྔ་བོ་ལངས་དུས་སུའང་རི་མོ་ཡི་བསམ་བློ་རྐྱང་རྐྱང་འཁོར་འདུག ང་ཚོ་བོད་པ་ཡིན་ན་དེ་ལ་ལས་ཟེར་གྱི་འདུག་ག ལས་ཤིག་ཀྱང་ཡིན་ས་རེད། སྔར་གང་བྲིས་པ་དེའི་སྒང་ལ་སྣོན་པ་བརྒྱབ། ཉི་མ་རྟག་པར་དེའི་ཆེད་དུ་དཀའ་ལས་བརྒྱབ། ཁྱེད་རང་གིས་ཟིན་བྲིས་མང་པོ་འདེབས་ཀྱི་འདུག་ག དེ་བཞིན་ཟིན་བྲིས་བཏབ། ལག་ཏུ་རི་མོ་འབྲི་སའི་དེབ་རེ་ཁྱེར་ནས་མཚམས་རེར་དངོས་ཡོད་འབྲི་བ་དང་། མཚམས་རེར་དངོས་སུ་མེད་ཀྱང་བསམ་བློའི་ནང་འཁོར་འོང་བ་དེ་འདྲ་བྲིས་ནས་འགྲོ་དགོས་པ་དེ་གལ་ཆེན་པོར་མཐོང་གི་འདུག
གཙོ་བོ་གཙོ་བོ་དཀའ་ལས་བརྒྱག་དགོས་ཀྱི་འདུག ད་ལྟ་འཛམ་གླིང་སྒང་གི་རི་མོ་པ་སྐད་གྲགས་ཅན་སུ་འདྲ་ཡིན་ནའང་ཧོབ་དེ་ཁ་ལ་སྐད་གྲགས་ཆགས་སོང་པ་དེ་འདྲ་དཔེ་ཉུང་ཉུང་རེད་འདུག མང་ཆེ་བས་དཀའ་ལས་བརྒྱབ་ནས་ཡར་བསླེབས་པ་རེད། ཕལ་ཆེར་བརྒྱ་ཆའི་བརྒྱ་ཡི་ནང་ནས་བརྒྱ་ཆ་གཅིག་འདྲ་བོར་ལམ་འགྲོ་བྱུང་ནས་ཡར་བསླེབས་པ་ཡིན་འགྲོ། ལམ་འགྲོ་དེ་ཡང་སྐྱེ་བ་སྔོན་མའི་ལས་ཤིག་ཡིན་འགྲོ། མང་ཆེ་བས་དཀའ་ལས་བརྒྱག་གི་འདུག དེ་ངས་མཐོང་སོང་། དེ་ཡིན་དུས་དཀའ་ལས་བརྒྱག་དགོས་ཀྱི་འདུག
དྲི་བ། རྒན་ཁྱོད་རང་གིས་ད་བར་དུ་རི་མོ་བྲིས་ནས་ཡོང་པ་རེད། རྗེས་སུའང་དེ་བཞིན་རི་མོ་འབྲི་འཆར་ཡོད་དམ། ཡང་ན་ལས་ཀ་གཞན་དང་ངལ་གསོ་བྱེད་རྩིས་ཨེ་ཡོད།
ལན། མི་ཚེ་གང་བོར་རི་མོ་འབྲི་བའི་འཆར་གཞི་མེད། ད་རུང་འབྲི་ཡི་ཡིན། ད་རུང་ལོ་བཅུ་གྲངས་ལ་འབྲི་རྩིས་ཡོད། ང་རང་ཚོ་བོད་ཀྱི་མི་རིགས་དེ་ནང་པ་རེད། ནང་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་འདོད་པ་དེ་ཡང་ནང་པ་དངོས་མ་ཞིག་བྱེད་རྒྱུ་དེ་རེད། རི་མོ་ཟེར་བ་འདི་ཡང་ཀུན་རྫོབ་རེད། སོ་སོས་རི་མོ་ཡག་ཐག་ཆོད་བྲིས་ནས་རི་མོ་དེའི་ནང་ནས་རང་དབང་ཐོབ་རྒྱུ་དང་ཐར་བ་ཐོབ་རྒྱུ་ནི་གང་མི་འདུག ཡིན་ཡང་། རི་མོ་དེ་ཡི་རྩལ་འདྲ་བོ་ཕར་ལ་བཏོན་ནས་དེའི་ཡོང་འབབ་ཅིག་ཐོབ་རྒྱུ་ཡོད་པ་རེད། ཡོང་སྒོ་དེ་གཞན་ལ་ཕན་པའི་ཕྱོགས་ལ་བཏང་ན་མ་གཞི་གཅིག་པ་འདྲ་ཞིག་རེད། ཡིན་ནའང་། གཙོ་བོ་དེ་རང་སེམས་དབང་དུ་བསྡུས་ནས་འགྲོ་དགོས་འདུག དེ་འདྲ་ཡིན་དུས། མ་འོངས་པ་ན་ནང་ཆོས་ཉམས་ལེན་བྱེད་ཐུབ་ན་བསམ་པའི་རེ་བ་ཡོད།
དྲི་བ། ཁྱོད་རང་གི་ངོས་ནས་ང་ཚོ་བོད་ཀྱི་སྲོལ་རྒྱུན་རི་མོ་དེ་ལ་དམིགས་བསལ་གྱི་ལེགས་པའི་ཆ་དང་། ཡང་ན་འདང་གི་མེད་པའི་ཆ་ག་རེ་མཐོང་གི་འདུག
ལན། ངས་ང་ཚོ་བོད་ཀྱི་རི་མོའི་ནང་ལ་དངོས་གནས་ཡག་པོ་ཡོད་པ་མང་པོ་མཐོང་གི་འདུག ང་ཚོ་བོད་ཀྱི་རི་མོ་ལ་ཐུན་མོང་མ་ཡིན་པའི་བྲིས་རྒྱུན་ཞིག་འདུག་ག གཙོ་བོ་བལ་པོའི་བྲིས་རྒྱུན་ནས་ཚུར་བོད་ལ་བསླེབས་པའི་བལ་བྲིས་། རྒྱ་ནག་ནས་ཚུར་དར་བའི་རྒྱ་བྲིས། དེའི་བར་ལ་སྐར་མ་སྒར་བྲིས་ཟེར་བ་ཞིག་དར་འདུག་ག དེ་ལ་རྒྱ་བྲིས་དེ་ཤུགས་ཆེན་པོ་རེད། དེ་མིན་གཙང་བྲིས་དང་དབུས་བྲིས་དེ་ཚོ་ལ་བལ་བོའི་བྲིས་ཆ་དེ་བསྲེས་བསྲེས་བྱས་འདུག་ག དེའི་ནང་ལའང་བོད་པ་རང་གི་ཐུན་མོང་མ་ཡིན་པའི་གསེར་གཏོང་སྟངས་ཡོད་རེད། སྤྱན་ཕྱེ་བ་དང་ལྷག་པར་བོད་ལ་ལྷ་འབྲི་བར་ཞིབ་ཚགས་བཟོ་བ་དང་སྤུས་དག་པོ་བྱེད་པ། རི་མོ་ཆུང་ཆུང་ཞིག་ཡིན་རུང་སྤུས་དག་པོ་བཟོ་བའི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་འདུག
སྐྱོན་ཆ་འདྲ་བོ་དེ། ཁོང་ཚོས་རི་མོ་འབྲི་དུས་དངོས་ཡོད་གནས་ཚུལ་ལ་གང་ཡོད་ལ་ལྟ་ཡི་མི་འདུག དཔེར་ན་རྟ་ཡིན་ན་རྟ་དངོས་ཡོད་དེ་མི་འབྲི་བར་མཚར་པོ་དེ་འདྲ་བྲིས། གླང་པོ་ཆེ་དང་སེང་གེ གཡག་སོགས་འབྲི་དུས་ཀྱང་དེ་འདྲ་རེད། བོད་ནི་གཡག་གི་ཡུལ་རེད། གཡག་མང་པོ་ཡོད་བཞིན་དུ་ཁོང་ཚོས་གཡག་དངོས་ཡོད་དེ་བྲིས་མི་འདུག དཔེར་ན་གཡག་གི་སྣ་དེ་མ་ཧ་ཀ་ལའི་སྣ་འདྲ་བོ་བྲིས་འདུག ཡིན་ཡང་དེ་ལ་ཐུན་མོང་མ་ཡིན་པའི་དོན་ཞིག་ཡོད་རྒྱུ་རེད། དེ་ང་རང་གི་ལྟ་ཚུལ་ཙམ་ལས། ཆོས་གང་ལའང་མཐའ་མེད་པ་ཡིན་ཙང་ངས་བརྒྱ་ཆའི་བརྒྱ་སྐྱོན་རེད་ལབ་ཐུབ་ཀྱི་མ་རེད། མ་གཞི་ནས་གཡག་ལྟ་བུ་འབྲི་དུས་དངོས་སུ་གང་ཡོད་པ་དེ་བྲིས་ན་ཡག་པོར་མཐོང་གི་ཡོད།
དྲི་བ། ཁྱོད་རང་གི་རི་མོའི་བརྩམས་ཆོས་དེ་ཚོ་བདག་པོ་ལ་ཆོག་མཆན་མ་ཞུས་པར་དེབ་ཀྱི་སྒང་ལ་བཀོད་པ་དང་། དྲ་བའི་སྒང་ལ་སྤེལ་བ་སོགས་མདོར་ན་བདག་དབང་བརྩི་བཀུར་མ་བྱས་པའི་སྐོར་ལ་དགོངས་ཚུལ་ག་འདྲ་ཡོད། ད་སྔ་དེའི་ཐད་ནས་དཀའ་ལས་འཕྲད་མྱོང་ངམ།
ལན། དེའི་སྐོར་ལ་དཀའ་ངལ་ཤུགས་ཆེན་པོ་འཕྲད་མ་སོང་། ངས་ལས་ཀ་བྱེད་ས་མང་ཆེ་ཡོ་རོབ་ནང་ལོགས་རེད། ཡོ་རོབ་མགོ་སེར་ལུང་པ་ནི་ཁྲིམས་ཡོད་པའི་ལུང་པ་རེད་འདུག ད་ལྟ་ཕྱིར་བསླེབས་ཡོང་དུས། མི་ཡིས་རིམ་བཞིན་དོ་སྣང་བྱེད་ཀྱི་འདུག ཕྱོགས་གཅིག་ནས་ཡག་པོ་རེད། ཕྱོགས་གཅིག་ནས་ཉེན་ཁ་ཚ་བོ་འདུག ཁོ་ཚོས་དཔེ་གང་བྱུང་མང་བྱུང་བྱེད་ཀྱི་འདུག ཁ་སྔོན་ཀྲུང་གོ་བོད་ལྗོངས་དྲ་བས་ངས་ཧ་མ་གོ་བར་ངའི་རི་མོ་མང་པོ་ཞིག་བཀོད་འདུག དྲི་བ་ཙམ་ཡང་མི་བྱེད་པར་བཀོད་འདུག ཕྱོགས་གཅིག་ནས་བཀའ་དྲིན་ད་ཆེན་པོ་རེད། ཁོང་ཚོས་ང་ལ་ཡག་པོ་ལབ་ཀྱི་འདུག ཡིན་ཡང་ཕྱོགས་གཅིག་ནས་ང་ལ་ཐོབ་ཐང་ཞིག་ཡོད་རེད། མ་འོངས་པར་འདི་འདྲ་བསླེབ་ཨེ་ཡོང་བསམ་ནས་ཞེད་སྣང་ཡོང་གི་འདུག དོ་སྣང་བྱས་པ་དཔེ་ཡག་པོ་རེད། ཡིན་ཡང་འདི་འདྲ་བྱས་ན་ཁག་པོ་རེད།
ང་ཚོ་བོད་མི་རིགས་ཚང་མ་ལས་རྒྱུ་འབྲས་ཡོད་མཁན་རེད། མི་ཡག་པོ། འཛམ་གླིང་སྒང་གི་རྐུན་མ་དང་ཁྲམ་པ་མེད་ས་རེད་ཅེས་ཞེ་དྲག་ལབ་ཀྱི་ཡོད་རེད། དེ་ཡིན་དུས་ལས་ཀ་ཡང་དེ་འདྲ་བོ་ཞིག་བྱེད་དགོས་ཀྱི་རེད། གཞན་གྱི་བརྩམས་ཆོས་གང་བྱུང་ཁྱེར་བ་དེ་ཡང་རྐུན་མ་རེད། ཕྱི་རྒྱལ་གྱིས་དེ་རྐུན་མ་དང་ཇག་པ་སྡུག་ཤོས་སུ་བརྩི་ཡི་ཡོད་རེད། སྔོན་མ་ཡིན་ན་རྐུན་མ་ཇག་པས་དཔེ་ཤག་རྐུ་ཡི་ཡོད་རེད། དེང་སང་ཡིན་ན་རིག་གཞུང་དང་བརྩམས་ཆོས་རྐུ་ཡི་ཡོད་རེད། དེ་ཡིན་དུས་ང་ཚོ་སྒྱུ་རྩལ་གྱི་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་དཀའ་ལས་འཕྲད་ཡོང་གི་འདུག དེ་ཡིན་དུས་ཁོ་རང་ཚོས་ཐུགས་བསམ་རྒྱ་ཆེན་པོ་ཞིག་བཞེས་ནས། ང་ཚོས་འདི་བཀོད་ཀྱི་ཡིན། ཁྱོད་ཀྱིས་རོགས་རིམ་བྱོས་དང་ལབ་ན་ང་ཚོས་ཀྱང་འགྲིག་གི་རེད་ལབ་ཀྱི་རེད། དེ་མིན་ཁོ་རང་ཚོའི་ལས་གཞི་ཞིག་གི་ཆེད་དུ་དེ་ལྟར་བྱེད་ཀྱི་ཡོད་ན་ང་ཚོ་ལའང་དེའི་དོད་ཀྱི་བརྒྱ་ཆ་སྤྲད་དགོས་ཀྱི་རེད། དེ་མིན་གང་བྱུང་བྱས་ན་ཡག་པོ་མ་རེད།
དྲི་བ། ང་ཚོའི་དུས་དེབ་ཀྱི་མིང་ལ་ནས་སོན་ཟེར་གྱི་ཡོད་པ་རེད། ནས་ནི་རྩམ་པ་བཟོ་བྱེད་ཀྱི་ནས་དེ་རེད། སོན་ཟེར་དུས་ས་བོན་ཞེས་མདོར་ན་ནས་ཀྱི་ས་བོན་ཟེར་གྱི་རེད། ད་སྔ་ལོ་ལྔ་ལ་བཏོན་ཚར་པ་རེད། གཉེར་མཁན་ཡང་ང་ཚོ་མི་སྒེར་བ་སྐོར་ཞིག་རེད། ཡིན་ནའང་ང་ཚོའི་དུས་དེབ་དེ་གང་འཚམ་ཡག་པོ་ཞིག་ཨེ་ཡོང་ལ་འབད་པ་བྱེད་ཀྱི་ཡོད། ཁྱེད་རང་ལ་ང་ཚོའི་དུས་དེབ་འདི་བརྒྱུད་ནས་བརྗོད་འདོད་པའི་སྐད་ཆ་འདྲ་ཡོད་དམ།
ལན། ང་ཚོས་ང་ཚོ་བོད་མི་རིགས་ཟེར་ཡ་འདི་ཞེ་བོ་རྩ་ཆེན་པོ་ཞིག་ཡིན་ལབ་པའི་རྩ་ཆེན་པོ་དེ་མི་རང་རང་གི་སྤྱོད་པ་ཡག་པོ་ཡོད་མེད་སོགས་ལ་ཐུག་པ་རེད། དེ་མིན་འཛམ་གླིང་གི་མི་ཚང་མའི་རུས་ཀོག་ནི་འདྲ་འདྲ། ཁྲག་ནི་གཅིག་པ་རེད། དེ་ཡིན་དུས་བྱ་བ་བཟང་པོ་བྱེད་རྒྱུ་དང་། འཛམ་གླིང་སྒང་ལ་ང་ཚོ་བོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཟེར་བ་དེ་ཆོས་ལུགས་དེ་རེད་འདུག་ག ཐེག་པ་ཆེན་པོའི་སེམས་རྒྱུད་ཟེར་བ་དེ་དངོས་གནས་ཧང་སངས་བའི་རླབས་ཆེན་པོ། དེའི་སྒང་ལ་ཆོས་ཆ་ཚང་བ་ཞིག་བོད་ལ་དར། དར་བ་མ་ཟད་ཉམས་སུ་བླངས། ལག་ལེན་བསྟར། པག་འདྲ་བོ་ཡིན་ན་བརྫིས་ནས་ཟོས་འདུག་ག ད་ལྟ་ཉུང་དུ་འགྲོ་བ་འདི་ལ་དོ་སྣང་ཆེན་པོ་བྱ་དགོས་ཀྱི་རེད་བསམ་གྱི་འདུག དེ་ཉམས་སུ་བླངས་ཚར་ན་གཞན་ལ་ཕན་ཐོག་ཡིན་ཡིན་པ་རེད། དེ་ཧ་མ་གོ་ན། གཞན་ལ་ཕན་ག་ཙམ་ཐོག་ཡོད་ལབ་ན་བརྒྱ་ཆའི་བརྒྱ་ཐམ་པ་ཕན་གཙང་མ་ཞིག་ཐོག་ཡོད་ས་མ་རེད། དེ་འདྲ་ཞིག་ཡིན་འགྲོ་ཟེར་གི་ཡོད། ཚང་མས་དེ་ལྟར་གནང་བའི་རེ་བ་ཡོད།
བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་ཡུན་རིང་པོར་འཛམ་གླིང་སྒང་ལ་གནས་ཐུབ་པ་ལ་མི་ཚང་མས་དོ་སྣང་བྱེད་དགོས་ཀྱི་རེད། རི་མོ་འབྲི་མཁན་གྱིས་རི་མོའི་ཐོག་ནས་ཡར་སྤེལ་ཡ། སྙན་ངག་འབྲི་མཁན་གྱིས་སྙན་ངག་གི་ཐོག་ནས་ཤུགས་བརྒྱབ། ཚང་མས་མཉམ་དུ་ཤུགས་བརྒྱབ་ན་འཛམ་གླིང་སྟེང་ཡུན་རིང་པོར་གནས་ཐུབ་ཀི་རེད། སྒྱུ་རྩལ་པ་ལ་སྒྱུ་རྩལ་གྱི་འགན་དང་ང་ཚོ་ཚང་མ་འགན་རེ་རེ་ཡོད་པ་རེད། མདོར་ན་དོ་སྣང་སྤྲད་དགོས་ཀྱི་འདུག དེང་སང་བོད་ནང་སྤྱི་ཚོགས་ཡར་རྒྱས་ལ་འགྲོ་གི་འདུག དེ་བས་མི་ལ་ཤེས་ཡོན་བསླེབས། ཤེས་ཡོན་བསླེབས་ན་རིག་གཞུང་དང་སྒྱུ་རྩལ་གྱི་གོ་དོན་ཧ་གོ་རྒྱུ་རེད། མདོར་ན་དེ་ཚང་མ་ཡག་པོ་ཡོང་བའི་སྨོན་ལམ་ཡོད། ཐུགས་རྗེ་ཆེ།
ང་ཚོས་ཀྱང་རྒན་ལགས་ཀྱིས་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཅར་འདྲི་འདི་ནས་སོན་འདོན་ཐེངས་དྲུག་པར་བཀོད་ཡོད།
སྔོན་མ་ཁོང་གི་རི་མོ་གང་མང་ཞིག་རླབས་སྒྲ་བརྒྱུད་ནས་མཐོང་བྱུང་། དེ་རིང་གི་བཅར་འདྲི་འདིས་ཁོང་གི་ནང་སེམས་ཀྱི་མཛེས་པ་དང་རིགས་ཞེན་ཤེས་སུ་བཅུག་སོང་། ཁོང་ལ་སྙིང་ནས་འདུད
དེ་ན་ལྷག་ཏུ་ཡག་སོང་།