འཚོ་བའི་ནང་གི་བདེན་གཉིས།_རྩིས་ཆེ་ལེགས་མཐོང་།

3002



ཆོས་ལུགས་ཀྱི་བཤད་སྟངས་ལྟར་ན། འཇིག་རྟེན་འདིར་མི་ཡི་རིགས་ཕུད་ན་ད་དུང་ལྷ་དང་ལྷ་མ་ཡིན་སོགས་བསམ་བློ་དང་། འཚོ་བ། ནུས་མཐུ་བཅས་ཚད་མཐོ་བའི་སེམས་ཅན་གཞན་ཡང་མང་དུ་ཡོད་ན་ཡང་། ང་ཚོ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པའི་ནང་ནས་འགྲོ་བ་མི་ཡི་རིགས་ལས་རྣམ་དཔྱོད་ཚད་མཐོ་བའི་སེམས་ཅན་ཞིག་མཐོང་དུ་མེད། དབང་རྩ་ཚན་རིག་པ་རྣམས་ཀྱིས་བཤད་ན་དྲན་ཤེས་ནི་སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་། དྲན་ཤེས་ངོས་ཟིན་པའི་དྲན་ཤེས་སམ། དྲན་ཤེས་ཀྱི་དྲན་ཤེས་ནི་འགྲོ་བ་མི་ལ་མ་གཏོགས་མེད། རྒྱུ་མཚན་དེས་གནས་ལུགས་འཚོལ་བ་ཡང་འགྲོ་བ་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། ལོ་རྒྱུས་ཐོག་སྐྱེས་བུ་རླབས་ཆེན་གྲངས་མེད་པ་ཞིག་གིས་རང་སྲོག་ཚུན་ཆད་བློས་བཏང་ནས། གནས་ལུགས་ཀྱི་སྐོར་ལ་བསམ་གཞིགས་གནང་། དཔྱད་པ་མཛད། དཔེ་དེབ་བརྩམས་ནས་དུད་འགྲོ་རྣམས་ཀྱིས་མིང་ཙམ་ཡང་འདོགས་མ་ཐུབ་པའི་དངོས་པོ་གྲངས་མེད་པ་ཞིག་ལ་མི་ཡི་རིགས་ཀྱིས་གོ་རྟོགས་ཕུན་སུམ་ཚོགས་པ་ལེན་ཐུབ་པ་བྱུང་ཡོད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་ཀྱང་མ་མཐར་ཡང་གནས་ལུགས་ལ་ཤེས་འདོད་ཡོད་པ་གལ་ཆེ་ཞིང་གནས་ལུགས་གལ་ཆེན་དུ་འཛིན་པའི་ལྟ་བ་ནི་ནམ་ཡང་འདོར་མི་རུང་བ་ཞིག་གོ།

འོན་ཀྱང་གནས་ལུགས་ཞེས་བཤད་པས་གནའ་བོའི་རྒི་རི་སིའི་མཁས་པ་རྣམས་ཀྱིས་ཐམས་ཅད་མེ་ལས་གྲུབ་པ་དང་། ཐམས་ཅད་ཆུ་ལས་བྱུང་བར་འདོད་པ་སོགས་དང་། ཧིན་དྷུའི་ཆོས་ལུགས་ཀྱིས་ཐམས་ཅད་ཚངས་པའི་རང་བཞིན་དུ་འདོད་པ་དང་། ནང་པའི་གྲུབ་མཐའ་སྨྲ་བ་ཁ་ཅིག་གིས་ཐམས་ཅད་སེམས་ཡིན་པར་སྨྲ་བ་དང་། ཁ་ཅིག་གིས་ཡོད་མེད་གང་ཡང་མིན་པས་བློ་ཡི་ཡུལ་དུ་གཏན་ནས་བྱ་མི་རུང་བར་བཤད་པ། བདེ་བར་གཤེགས་པའི་སྙིང་པོ་ཞེས་པ་རྟག་པ་དང་མི་རྟག་པ་གང་ཡང་མིན་པའི་དངོས་པོ་ཁྱད་མཚར་བ་ཞིག་ཡོད་ཚུལ་སོགས་བཤད་པ་ལ་ནི་སྙིང་པོ་ཆེར་མེད་དེ། གནས་ལུགས་ཞེས་པ་དེ་གལ་ཆེ་ན་ཡང་དེ་ཉིད་འཚོ་བ་དངོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་དགོས་པ་ལས། རྒྱ་གར་གྱི་ས་ཁུལ་ཞིག་ཏུ་སྤྲང་པོ་མང་པོ་ཡོད་པ་ནི་གཟའ་མིག་དམར་གྱི་ཐོག་ཏུ་དངོས་པོ་ཁྱད་མཚར་བ་ཞིག་ཡོད་པ་དེ་ཉིད་མ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་པ་ལྟ་བུ་འབྲེལ་བ་ཅི་ཡང་མེད་པས་སོ།། གནའ་བོའི་རྒྱ་གར་ནི་འཛམ་གླིང་ཧྲིལ་པོར་མཚན་ཉིད་རིག་པའི་ངོས་ནས་བཤད་ན་ཚད་མཐོ་ཤོས་ལྟ་བུ་ཡིན་ཀྱང་། དེ་དག་གིས་འཚོ་བ་དངོས་དང་འབྲེལ་བ་མེད་པའི་གནས་ལུགས་ཤ་སྟག་བཤད་ཀྱིན་དུས་འདས་པའི་འབྲས་བུར་རྒྱ་གར་ལས་ལྡབ་བཅུ་གསུམ་ལྷག་ཆུང་བའི་དབྱིན་ལན་ཌི་ཞེས་པའི་རྒྱལ་ཁབ་ཆུང་ངུ་ཞིག་གི་དབང་འོག་ཏུ་ཚུད་པར་གྱུར། དུས་རབས་བཅུ་བདུན་པ་ཙམ་ནས་ཡུ་རོབ་ཀྱི་མི་རིགས་ཀྱིས་འཛམ་གླིང་ཧྲིལ་པོ་དབང་དུ་བསྡུ་ཐུབ་པ་ཡང་། དེ་དག་གིས་འཚོ་བ་དངོས་དང་མ་འབྲེལ་བའི་ལྟ་གྲུབ་བཤད་པ་ལས་ཀྱང་ཚན་རིག་དང་། ཆབ་སྲིད། ཤེས་ཡོན་བཅས་འཚོ་བ་དངོས་དང་འབྲེལ་བའི་གནས་ལུགས་ལ་ཞིབ་འཇུག་དང་། རྟོག་དཔྱོད། རྩོམ་འབྲི་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན།

ནང་ཆོས་ཀྱི་ནང་དུ་ཡང་གནས་ལུགས་དང་འབྲེལ་བའི་གླེང་སློང་ཧ་ཅང་མང་ཞིང་། དེའི་དོན་དུ་མི་ཚེ་ཧྲིལ་པོ་བློས་གཏོང་མཁན་གྱི་མི་ཡང་ཧ་ཅང་མང་ན་ཡང་། དཀའ་ལས་བརྒྱབ་པ་ལྟ་བུའི་དོན་གོ་བྱུང་མེད་པ་ནི། གནས་ལུགས་དེ་ཕལ་མོ་ཆེ་འཚོ་བ་དངོས་དང་འབྲེལ་བ་ཆེར་མེད་པའི་རྒྱུ་མཚན་གྱིས་སོ།། ཉེ་ཆར་དྲ་ལམ་དུ་བོད་ཀྱི་ཆོས་གྲྭ་ཆེན་པོ་གསང་ཕུ་དང་འབྲེལ་བའི་རྩོམ་ཞིག་འགྲོ་བཞིན་པ་ལ།དེའི་ཁ་བྱང་དུ་བོད་ཀྱི་ས་ཁུག་ཅིག་ནས་འཛམ་གླིང་གི་མཁས་པ་ཧ་ཅང་མང་པོ་ཞིག་བསྐྱེད་བསྲིང་བྱས་ཚུལ་འཁོད་ཡོད།དོན་དངོས་སུ་བོད་ནས་མཁས་པ་མང་པོ་བསྐྱེད་བསྲིངས་བྱས་ཡོད་པ་བདེན་ན་ཡང་མཁས་པ་དེ་དག་ལས་རེ་ཟུང་ཙམ་ལས་མཁས་པ་དང་གསུང་རྩོམ་ཕལ་མོ་ཆེ་དགོས་མཁོ་དེ་ཙམ་མེད་པ་ཤ་སྟག་གོ།དཔེར་མཚོན་ན་རི་བོ་དགེ་ལྡན་པར་མཁས་པ་ཧ་ཅང་མང་ན་ཡང་།གལ་ཏེ་འཛམ་གླིང་གི་མཁས་པའི་ཚོགས་འདུ་ཞིག་ཚུགས་ནས་དེར་རྗེ་ཙོང་ཁ་པ་ཕེབས་རྒྱུ་བྱུང་ན་དགེ་ལྡན་པའི་མཁས་པ་གཞན་ཐམས་ཅད་ཕལ་ཆེར་མི་དགོས་པ་ལྟ་བུ་རེད།འོན་ཀྱང་ཡུ་རོབ་ཀྱི་ལུང་པ་འགར་མཁས་པ་ཉུང་ཤས་ལས་མེད་ཀྱང་།མཁས་པ་སོ་སོར་རང་རང་གི་ལྟ་གྲུབ་དང་ཁྱད་ཆོས་རེ་ཡོད་པས་ན་མཁས་པ་གཅིག་ཡོད་ན་གཞན་མི་དགོས་པར་འགྱུར་བ་ལྟ་ཞོག་སྲོལ་གཏོད་པ་དང་བརྒྱུད་འཛིན་གཉིས་ལ་ཡང་རང་རང་སོ་སོར་འབུར་དུ་ཐོན་པའི་ཁྱད་ཆོས་ཡོད་ཅིང་།དེ་ལ་བརྟེན་ནས་སྤྱི་ཚོགས་ལ་བཟང་ངན་གྱི་ནུས་པ་ཡང་ཆེན་པོ་ཐོན་པས། ཡུ་རོབ་ཀྱི་མཁས་པ་གཅིག་དང་བོད་ཀྱི་མཁས་པ་ཡོད་དོ་ཅོག་བསྡུར་ན་ཡང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཆུང་གནམ་སའི་ཁྱད་པར་ཡོད་པ་འདི་བྱུང་ཡོད།

གནས་ལུགས་འཆད་པ་ན་བོད་བརྒྱུད་ནང་བསྟན་པ་རྣམས་ལས་རི་བོ་དགེ་ལྡན་པ་རྣམས་ཀྱིས་གནས་ལུགས་མཐར་ཐུག་པ་ནི་བདེན་པར་མ་གྲུབ་པ་ཡིན་པར་འདོད་པ་ལ། དོན་དམ་དུ་ཟས་ཟེར་བ་ཞིག་མ་གྲུབ་པར་མངོན་སུམ་དུ་ཤེས་ན་ཡང་། ཀུན་རྫོབ་ཏུ་ཟས་དུས་ཐོག་ཏུ་མ་ཟོས་ན་སུ་ཡིན་ཀྱང་འཆི་ངེས་པས། དོན་དམ་དུ་ཟས་མ་གྲུབ་པར་རྟོགས་པ་ལས་ཀྱང་ཀུན་རྫོབ་ཏུ་ཟས་འཚོལ་བ་ཉིད་གལ་ཆེན་དུ་མ་གྱུར་ཏམ། བོད་ཀྱི་ཆོས་བརྒྱུད་ས་བཀའ་རྙིང་གསུམ་གྱིས་རྟོགས་པ་མཐར་ཐུག་པ་ནི། ས་སྐྱ་པའི་ཞེན་པ་བཞི་བྲལ་ལས། འཛིན་པ་བྱུང་ན་ལྟ་བ་མིན།། ཞེས་འབྱུང་བ་ལྟར་འཛིན་པ་མེད་པ་ཞིག་ཡིན་དགོས་པར་བཤད་པ་ལ། འཛིན་པ་མེད་པ་ནི་གང་ཟག་ལས་ཀྱང་བེམ་པོ་རྣམས་ལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་པས་ང་ཚོ་འགྲོ་བ་མི་རྣམས་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་སྤྱད་པའི་འབྲས་བུ་ནི་བསམ་བློ་མེད་པ་བཟོ་རྒྱུ་འདི་རེད་དམ། ཡིན་པ་ལ་ཡིན་པའི་བསམ་བློ་མེད། མིན་པ་ལ་མིན་པའི་བསམ་བློ་མེད་ན། རི་བོང་གནམ་བརྡིབས་ལྟ་བུའི་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པ་ཞིག་ཤེས་རབ་མཐར་ཐུག་པར་ཅི་ལྟར་འགྱུར་རམ། སེམས་ཅན་གྱི་རིགས་ཐམས་ཅད་ལས་འགྲོ་བ་མི་རྣམས་གཞན་སུ་ལས་ཀྱང་རྒོད་པ་འདི་ཡང་འགྲོ་བ་མི་རྣམས་བསམ་རྒྱུ་དང་དྲན་རྒྱུ་གཞན་ལས་མང་བ་དང་། གཞན་ལས་མཁས་པའི་རྒྱུ་མཚན་གྱིས་བྱུང་བ་ལས། བསམ་རྒྱུ་དང་དྲན་རྒྱུ་གང་ཡང་མེད་པ་ལ་བརྟེན་ནས་འཛམ་གླིང་འདིར་ཡར་རྒྱས་བྱུང་བ་གང་ཞིག་ཡོད་དམ། ང་ཚོའི་མི་རབས་གོང་མ་མང་པོའི་དམིགས་ཡུལ་གཙོ་བོ་འདི་འདྲ་ཞིག་ཡིན་པ་དེས་ང་ཚོ་ཡང་དུས་རབས་ཉེར་གཅིག་པར་ཐུག་ན་ཡང་ད་དུང་རྨོངས་གཉིས་ལས་སད་དཀའ་བ་འདི་བྱུང་བ་མ་ཡིན་ནམ།

འོན་ཀྱང་ནང་པ་རྣམས་ཀྱིས་བཤད་ཚད་ལ་སྙིང་པོ་མེད་པ་ཡང་མ་ཡིན་པར། གོ་བ་ལེན་ཤེས་ཤིང་བེད་སྤྱོད་ཚུལ་མཐུན་གཏོང་ཤེས་ན། ནང་ཆོས་ཀྱི་གསུང་རབ་ནང་དུ་བླ་ན་མེད་པའི་ཤེས་རབ་ཀྱང་མང་དུ་ཡོད་པར་མཐོང་། དེ་ཡང་ནང་པ་སངས་རྒྱས་པའི་ལུགས་སུ་ཆོས་ཐམས་ཅད་བདེན་པ་གཉིས་སུ་བསྡུ་བའམ། གཉིས་སུ་ཕྱེས་ནས་བཤད་སྲོལ་ཡོད་ཅིང་། དེ་ལ་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་བཤད་ཚུལ་ཅུང་མི་འདྲ་བ་རེ་ཡོད་ཀྱང་། གཞི་རྩའི་ཆ་ནས་རིགས་པ་ཡང་དག་གིས་བརྟགས་ཤིང་དཔྱད་པས་རྙེད་པའི་གྲུབ་དོན་ནི་དོན་དམ་བདེན་པ་དང་། བརྟགས་ཤིང་མ་དཔྱད་ཀྱང་འཇིག་རྟེན་ཡོངས་གྲགས་ལ་ཡོད་པ་ནི་ཀུན་རྫོབ་བདེན་པར་ངོས་འཛིན་སྲོལ་ཡོད། དཀའ་ངལ་ནི་དབུ་མའི་གྲུབ་མཐའ་དར་ཆེ་བའི་བོད་དུ་ཀུན་རྫོབ་ཅེས་བརྗོད་དུས་མིག་རྣ་སྣ་ལྕེ་སོགས་དབང་པོ་དྲུག་གི་ཡུལ་དུ་གྱུར་པ་རྣམས་ཡིན་ཅིང་། དོན་དམ་ཞེས་པ་ནི་དེ་དག་གི་སྤྱོད་ཡུལ་ལས་འདས་པའི་གནས་ལུགས་སྨྲ་བསམ་བརྗོད་བྲལ་ཞིག་ཡིན་པར་འདོད་པ་ལ། མིག་རྣ་སྣ་ལྕེ་ལུས་ཡིད་གང་གི་ཡང་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་གིས་འཚོ་བ་དངོས་ལ་ཕན་ཐོགས་ཅི་ལ་ཡོད་དེ་མེད། ཀུན་རྫོབ་ཀྱི་བདེན་པ་ནི་འཁྲུལ་སྣང་ཡིན་པར་བཤད་པ་ལ། འཁྲུལ་སྣང་དེ་ཉིད་སངས་རྒྱས་ལ་སྣང་ངམ་མི་སྣང་བའི་ཐད་ནང་པའི་མཁས་པ་རྣམས་ཀྱིས་ཐག་ཆོད་པ་ཞིག་དང་། ནང་འགལ་མེད་པ། འདོད་པ་ཚིམས་པའི་དོགས་སེལ་ཞིག་བྱ་མ་ཐུབ་པ་ཡང་ཡོད་ཚད་འཁྲུལ་སྣང་དུ་འདོད་པའི་ལྟ་བ་ཐལ་དྲགས་པ་འདི་ལས་བྱུང་བའོ།།

སངས་རྒྱས་གཙོ་བོར་གྱུར་པའི་ནང་པའི་མཁས་པ་རྣམས་ཀྱིས་བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་བདེན་པ་ནི་ཐབས་དང་། དོན་དམ་བདེན་པ་ནི་ཐབས་བྱུང་ངམ་དགོས་ཆེད་ཡིན་པར་གསུངས་པ་མང་ན་ཡང་། དེ་གཉིས་ཐབས་ལམ་དང་དགོས་ཆེད་ཀྱི་འགྲོ་ཚུལ་ཐད་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་གསོག་པ་དང་། དོན་དམ་གྱི་བདེན་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་གསོག་ཚུལ་གྱི་བཤད་སྟངས་ཆེས་རགས་པ་ཙམ་ཞིག་དང་། དེ་ཡང་ནང་ཆོས་ཀྱི་ལྟ་གྲུབ་དེ་ཁས་ལེན་མཁན་རྣམས་ཀྱི་སྤྱོད་ཡུལ་ལས་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཐུབ་པ་དང་། འཚོ་བ་དངོས་དང་འབྲེལ་བ་དང་། སུས་ཀྱང་ལག་ལེན་ལ་སྦྱོར་རུང་བའི་འགྲེལ་བརྗོད་ཕལ་ཆེར་མེད་པ་ལྟ་བུ་རེད། ཀརྨ་པ་མི་བསྐྱོད་རྡོ་རྗེས་ལྕང་ར་བའི་དྲིས་ལན་ལས། ཡང་བོད་ཁ་ཅིག ཀུན་རྫོབ་ཀྱི་ཆོས་ཡིན་ན་ཡང་དག་པའི་གནས་ལུགས་སྒྲིབ་པའི་ཕྱིར། དོན་དམ་བདེན་པ་རྟོགས་པ་དང་ཐར་པ་ཐོབ་པ་ལ་བསླུ་བས་ཁྱབ་པ་ཁས་ལེན་ཅིང་། ཀུན་རྫོབ་བདེན་པའི་སྒྲ་བཤད་ལའང་དེ་ག་བྱེད་འདུག་པ་ཤིན་ཏུ་བློ་ཡུལ་ན་མ་བདེ་སྟེ། ཞེས་གསུངས་པ་ལྟར། ཀུན་རྫོབ་ཅེས་བརྗོད་དུས་མི་ཕལ་མོ་ཆེས་རྫུན་པ་ཞིག་ཏུ་གོ་ནས་རྫུན་པ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་དྲན་པ་ནི་གནད་དོན་འདི་ལས་བྱུང་བའི་སྐྱོན་ཆ་ཆེ་ཤོས་ཤིག་སྟེ། རྫུན་པ་ཡིན་པ་ཙམ་གྱིས་སྤང་བྱ་ཡིན་མི་དགོས་ཏེ། ཟློས་གར་དང་། བརྩམས་སྒྲུང་། གློག་བརྙན་སོགས་མང་པོ་ཞིག་དོན་དངོས་སུ་རྫུན་པ་ཡིན་ཀྱང་དེ་ཙམ་གྱིས་སྤང་བྱ་ཡིན་མི་དགོས་པར་དེ་ཐམས་ཅད་མི་ཡི་སྤྱི་ཚོགས་ལ་ངེས་པར་དུ་དགོས་པ་ཤ་སྟག་ཡིན་པ་བཞིན་ནོ།།

ད་དུང་ཕལ་མོ་ཆེས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་པ་ནི་ཤེས་དགོས་པ་དང་རྟོགས་དགོས་པ་ཞིག་ཡིན་པར་སྙམ་ན་ཡང་། དེ་དག་གི་དགོས་ཆེད་མཐར་ཐུག་པ་ནི་ཤེས་པ་ཙམ་མ་ཡིན་པར་བེད་སྤྱོད་དགོས་པ་ཞིག་གོ།། བེད་སྤྱོད་སྟངས་ཀྱང་སངས་རྒྱས་ཀྱིས་བདེན་པ་གཉིས་ཡ་མ་བྲལ་བར་བདེན་གཉིས་ཟུང་འཇུག་ཏུ་ཉམས་ལེན་དགོས་པར་གསུངས་པ་ལྟར། དེ་གཉིས་གང་ཡང་རུང་བའི་མཐའ་ལ་མ་ལྷུང་བའི་ཐོག་ནས་འགྲོ་ཤེས་དགོས་ཤིང་། བོད་ལ་ནང་ཆོས་དར་བ་ན་སྤྱི་ཚོགས་ལ་ཉམས་རྒུད་ཚད་མེད་པ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་བོད་ལ་ལུགས་གཉིས་ཀའི་ཐོག་ནས་ཆོས་ལུགས་མི་སྣ་རྣམས་ཀྱི་ཤུགས་རྐྱེན་ཆེ་བ་ལ་དེ་དག་གིས་བདེན་གཉིས་ཀྱི་ལག་ལེན་མཐའ་ལ་མ་ལྷུང་བ་ཞིག་བྱེད་མ་ཐུབ་པ་ལ་ཐུག་ཡོད་པར་མཐོང་། དེ་ཡང་བོད་ཀྱི་བླ་མ་རྣམས་ཀྱིས་དངོས་པོ་གང་དང་གང་ཞིག་དོན་དམ་དུ་སྙིང་པོ་མེད་པ་ཙམ་གྱིས་ཀུན་རྫོབ་བམ། ཐ་སྙད། འཚོ་བའི་ནང་དུ་ཡང་མི་དགོས་པར་བཤད་པ་དེས་བོད་ཀྱི་སྤྱི་ཚོགས་ནི་ཆེས་སྙིང་པོ་མེད་པ་ཞིག་ཏུ་བཟོས་ཡོད་ལ། དེ་ནི་དོན་དངོས་སུ་ནང་ཆོས་ཀྱི་བཤད་སྟངས་ལྟར་ན་དོན་དམ་ལ་ཞུགས་ཆེ་ཞིང་། ཀུན་རྫོབ་ལ་སྐུར་པ་བཏབ་པས་བདེན་གཉིས་ཡ་བྲལ་བ་དང་། དེ་ཡང་གཙོ་བོ་དོན་དམ་གྱི་མཐའ་ལ་ལྷུང་ན་སྐྱོན་ཅི་ཡོད་པའི་དཔེ་མཚོན་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་གོ།

རིགས་པས་བརྟགས་ཤིང་དཔྱད་ན་མི་ཚེའི་སྙིང་པོ་ཞེས་པ་ཞིག་འཚོལ་མི་ཐུབ་པས། བོད་ཀྱི་བླ་མ་རྣམས་ཀྱིས་མི་ཚེ་ནི་ཆེས་སྙིང་པོ་མེད་པ་ཞིག་ཡིན་པར་བཤད་ནས་མི་རྣམས་ལ་ཆོས་སྒྲུབ་པ་ལས་ལོགས་སུ་གྱུར་པའི་རླབས་ཆེན་གྱི་བྱ་བ་བསྒྲུབ་པར་བཀག་འགོག་བྱེད་ཀྱི་ཡོད་པ་དེའི་འབྲས་བུར་ཁོར་ཡུག་དེ་ལྟ་བུའི་ཁྲོད་དུ་རླབས་ཆེན་གྱི་མི་སྣ་དང་། རླབས་ཆེན་གྱི་བྱས་རྗེས། དོན་སྙིང་ཡོད་པའི་ལེགས་སྐྱེས་དཀོན་ཞིང་། དེའི་འབྲས་བུར་དེ་དག་གི་མི་རབས་རྗེས་མ་རྣམས་མི་རིགས་གཞན་གྱི་བརྙས་ལས་དང་བཤུ་གཞོག་གི་འོག་ཏུ་འཚར་ལོངས་བྱ་དགོས་བྱུང་བ་དེ་ཐམས་ཅད་ཀུན་རྫོབ་ལ་སྐུར་པ་བཏབ་ནས་དོན་དམ་གྱི་མཐའ་ལ་ལྷུང་བ་ལས་མ་འདས་སོ།། ཆོས་ལུགས་མི་སྣ་ཁག་གིས་ལས་ཀྱི་འབྲས་བུ་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན་པར་རང་ཉིད་ཁོ་ན་ལ་སྨིན་པར་ཡིད་ཆེས་པས་རང་ཉིད་ཀྱིས་གང་ཡིད་ཆེས་པ་དང་གང་འདོད་པ་ལས་སྤྱི་ཚོགས་དང་མི་རབས་རྗེས་མའི་དོན་དུ་འགན་ཁུར་བ་ཧ་ཅང་དཀོན་པ་ལ། དོན་དུ་འཇིག་རྟེན་གྱི་ར་བ་འདིར་མི་ཞིག་གིས་བསྒྲུབས་པའི་བྱ་བའི་མཇུག་འབྲས་ཐམས་ཅད་རང་ཉིད་ལ་འཁོར་བ་མ་ཡིན་པར་རང་ཉིད་དང་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་འཁོར་ཞིང་། མི་རབས་གོང་མས་བསྒྲུབས་པའི་བྱ་བས་འབྱུང་འགྱུར་གྱི་མི་རབས་མང་པོ་ཞིག་ལ་ཤུགས་རྐྱེན་ཚད་མེད་པ་ཞིག་ཐེབས་ཀྱི་ཡོད་པ་ནི་མངོན་སུམ་སྟེ། འདས་པའི་ལོ་ངོ་ཆིག་སྟོང་ལྷག་རིང་གི་བོད་མིའི་གནས་བབ་དེ་ལྷ་ལུང་དཔལ་རྡོར་གྱིས་འུ་དུམ་བཙན་དཀྲོངས་པའི་དོན་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་པ་ལྟ་བུའོ།།

དེས་ན་ནང་ཆོས་ནས་བཤད་པའི་བདེན་གཉིས་ཟུང་འཇུག་གི་ལྟ་བས་དེང་རབས་དང་མ་འོངས་པའི་སྤྱི་ཚོགས་ལ་ཕན་པ་བྱ་དགོས་ན། ཐོག་མར་འདི་ལྟར་ཤེས་དགོས་ཏེ། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ཀྱི་དོན་ནི་འཁྲུལ་སྣང་དུ་གོ་ན་ཡང་འཁྲུལ་པ་རང་ལ་ཡང་དེ་སོ་སོར་བདེན་ཆ་ཞིག་ཡོད་པ་དཔེར་ན་དངུལ་ལོ་ནི་དོན་དམ་དུ་ཤོག་བུ་ཙམ་ཡིན་ཀྱང་། ཀུན་རྫོབ་ཏུ་དེས་དངུལ་གྱི་གོ་ཆོད་པ་ལྟ་བུའོ།། དེ་ལྟར་གང་དང་གང་ཡིན་ཀྱང་དེ་དང་དེའི་ངོ་བོ་དངོས་ནི་དོན་དམ་བདེན་པ་ཡིན་པས་དོན་དམ་བདེན་པ་ཡིན་ན་ངེས་པར་དུ་མེད་པ་ཞིག་དང་ངེས་པར་དུ་ཡོད་པ་གང་རུང་ཡིན་དགོས་དོན་མེད་པར་རི་བོང་ལ་རྭ་མེད་པ་ཡང་དོན་དམ་བདེན་པ་རེད་ལ། ཁང་པ་ལ་སྒོ་ཡོད་པ་ཡང་དོན་དམ་བདེན་པའོ།། འདི་ལ་གོ་བ་རགས་པ་ཡོད་པས་ཆོག་པ་ལས་དབྱེ་བ་དང་མཚན་ཉིད་ངེས་པ་ཅན་མི་དགོས་ཏེ། ང་ཚོས་དེ་སྔོན་དུས་ཚོད་མང་པོ་ཆུད་ཟོས་སུ་བཏང་བ་ཡང་དེ་འདྲ་བྱས་ནས་བཏང་བ་ཡིན། དེ་ལྟར་ཤེས་ནས་བདེན་པ་གཉིས་ནི་སྤང་བྱ་དང་གཉེན་པོ་མ་ཡིན་པར་བསྒྲུབ་བྱ་དང་སྒྲུབ་བྱེད་ཡིན་པ། དཔེར་ན་དཔེ་མཚོན་རྙིང་པ་ཞིག་སྟེ། བུམ་པ་ཞེས་པའི་ཚིག་ཙམ་ནི་དོན་དངོས་སུ་བུམ་པ་དང་འབྲེལ་བ་ཅི་ཡང་མེད་པ་ནི་དོན་དམ་བདེན་པ་ཡིན་པ་ལ། ཚིག་དེ་བེད་མ་སྤྱད་པར་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པའི་དངོས་པོ་ལ་འཇུག་མི་ཐུབ་པ་དང་། དེ་གླེང་མི་ཐུབ་པའི་སྐྱོན་ཡོད་པ་ལ། འཇིག་རྟེན་སྤྱི་ཚོགས་སུ་ལྟོ་ལྡིར་ཞབས་ཞུམ་ལ་བུམ་པ་ཚེས་པའི་ཚིག་འདི་འགྲོ་བ་ནི་ཀུན་རྫོབ་བདེན་པ་དང་། དེ་ལ་བརྟེན་ནས་འཚོ་བའི་ནང་དུ་དགོས་མཁོ་མང་པོ་ཞིག་སྐོང་ཐུབ་པ་ལྟ་བུའོ།།

གཞན་ཡང་དོན་དམ་ཤེས་པས་དངོས་པོ་གང་ཡིན་ཀྱང་དེའི་གནས་ལུགས་ཤེས་པས་དེས་རང་ཉིད་འཆིང་མི་ཐུབ་པར་འགྱུར་ཞིང་། བསམ་པ་བཞིན་དུ་བྱ་བ་སྒྲུབ་ཐུབ་ལ། དེའི་སྣང་ཚུལ་ལམ་ཀུན་རྫོབ་ཤེས་པས་དེ་ཉིད་བེད་སྤྱོད་ཚུལ་བཞིན་དུ་གཏོང་ཐུབ་པ། དཔེར་ན་བསྟོད་སྨད་ཀྱི་ཚིག་གང་ཡིན་ཀྱང་དེ་ནི་ཚིག་ཙམ་ཡིན་པར་ཤེས་ན་དེས་རང་ཉིད་གཞན་དབང་དུ་མི་འགྲོ་བའི་དགེ་མཚན་ཡོད་ལ། ཚིག་རེ་རེ་ལ་འཇིག་རྟེན་གྱི་གོམས་གཤིས་དང་ལུགས་སྲོལ་གྱི་དབང་གིས་ཚོར་བ་མི་འདྲ་བ་བསྐྱེད་ཐུབ་པའི་ནུས་པ་ཡོད་པར་རྟོགས་པས་གཏམ་བཤད་དང་རྩོམ་ཡིག་འབྲི་བ་སོགས་ཀྱིས་འདོད་པའི་དོན་མང་པོ་སྒྲུབ་ཐུབ་པ་ལྟ་བུའོ།། དེས་ན་དོན་དམ་ཤེས་ན་ཀུན་རྫོབ་སྤོང་དགོས་པ་མ་ཡིན་པར་ཀུན་རྫོབ་བེད་སྤྱོད་ཚུལ་ལ་དེ་བས་ཀྱང་མཁས་དགོས་པ་སྟེ། རྩེད་ཆས་ལ་དོན་དམ་པར་སྙིང་པོ་མེད་པར་ཤེས་པས་ལོ་ན་ཆུང་བའི་ཕྲུ་གུའི་རྩེད་ཆས་འཕྲོག་པ་དང་། དེ་དག་ལ་རྩེད་ཆས་མི་སྤྲོད་པ་སོགས་ཀྱི་ཚབ་ལ་ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་བྱིས་པ་རྣམས་ལ་ལྟ་ན་སྡུག་པའི་རྩེད་ཆས་འདྲ་མིན་སྤྲད་ནས་དེ་དག་གི་སེམས་དགའ་བར་བྱེད་པ་ལྟ་བུའོ།། མི་ཞིག་གིས་ལྟ་བཞིན་པའི་འདྲ་པར་ནི་དོན་དུ་མི་དངོས་མ་ཡིན་པ་སུས་ཀྱང་ཤེས་ན་ཡང་། སེམས་ཁམས་རིག་པ་བ་རྣམས་ཀྱིས་བཤད་ན་ཞལ་འདེབས་འབུལ་སའི་ཉེ་འགྲམ་དུ་མི་ཞིག་གིས་འཛུམས་དང་བཅས་ཏེ་ལྟ་བཞིན་པའི་འདྲ་དཔར་ཆེན་པོ་ཞིག་བཞག་ན་ཞལ་འདེབས་སྤྲོད་མཁན་གྱིས་ཞལ་འདེབས་མང་ཙམ་སྤྲོད་པ་ལ་ཕན་པར་བཤད་པ་ཡང་། ཀུན་རྫོབ་བདེན་པ་བེད་སྤྱོད་ཚུལ་གྱི་རྣམ་གྲངས་ཤིག་གོ།།

ནང་པའི་གསུང་རབ་རྣམས་སུ་བདེན་པ་གཉིས་ཡ་མ་བྲལ་བའི་ཚུལ་དུ་ཉམས་སུ་ལེན་དགོས་པར་གསུངས་པ་ཡང་། འདི་འདྲ་ལ་གོ་དགོས་པ་ལས་གཞན་དུ་ན་བོད་བརྒྱུད་ནང་བསྟན་འདི་ཐབས་དང་ཤེས་རབ་གཉིས་ཀའི་མཐའ་ལ་ལྷུང་བ་ཞིག་སྟེ། ཆོས་ཀྱི་ངོས་ནས་དོན་དམ་བདེན་པ་གཙོ་ཆེ་ན་ཡང་། བོད་བརྒྱུད་ནང་བསྟན་ནི་ཆོས་སྒྲུབ་དུས་ལུས་ངག་གི་དགེ་བ་གཙོ་བྱེད་པའི་ལུགས་སྲོལ་ཞིག་ཡིན་པས་ཐབས་ཀྱི་མཐའ་ལ་ལྷུང་ཞིང་། འཇིག་རྟེན་གྱི་ངོས་ནས་ཀུན་རྫོབ་བདེན་པ་གཙོ་ཆེ་ན་ཡང་། བོད་བརྒྱུད་ནང་བསྟན་གྱིས་ཤུགས་རྐྱེན་ཐེབས་པའི་བོད་ཀྱི་སྤྱི་ཚོགས་ནི་ཤེས་རབ་ཀྱི་མཐའ་ལ་ལྷུང་ནས་འཇིག་རྟེན་གྱི་བདེ་སྐྱིད་དང་། བདེ་སྐྱིད་སྒྲུབ་པའི་ཐབས་ལམ་ཡོད་དོ་ཅོག་ལ་སྐུར་པ་འདེབས་ཀྱིན་ཡོད། དེ་ལྟར་མ་གྱུར་པར་བདེན་གཉིས་ཟུང་འབྲེལ་གྱི་འགྲོ་སྟངས་མ་ནོར་བ་ཤེས་པ་ནི་ཤེས་རབ་ཀྱི་མཆོག་ཏུ་གྱུར་པ་སྟེ། སྒྱུ་རྩལ་གྱི་ལྟ་གྲུབ་ལ་ཡང་འདི་ཉིད་དགོས་པ་ནི་གློག་བརྙན་ལྟ་བུར་མཚོན་ན་བཅོས་མ་ཞིག་འཁྲབ་པ་ནི་ཀུན་རྫོབ་དང་། དེས་འཚོ་བའི་གནས་ལུགས་ཤིག་སྟོན་པ་ནི་དོན་དམ་མོ།། ཆབ་སྲིད་ཀྱང་གནས་ལུགས་འདིའི་ཐོག་ནས་འགྲོ་བ་སྟེ། ཕྱིའི་རྣམ་པར་གཏམ་སྙན་པོ་བཤད་པ་སོགས་ནི་ཀུན་རྫོབ་དང་། ལྐོག་ཏུ་ཆབ་སྲིད་ཀྱི་གནད་དོན་གཞན་ཞིག་ཡོད་པ་ནི་དོན་དམ་མོ།། ཆོས་ལུགས་ལ་ཡང་དེ་མཚུངས་ཏེ། ཆོས་ལུགས་ཀྱི་སྤྱི་ཚོགས་མང་པོས་གཞན་དོན་བྱེད་པ་ནི་ཀུན་རྫོབ་དང་། རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་པ་ནི་དོན་དམ་མོ།། དེ་དང་དེ་ལྟ་བུ་མང་པོ་ཤེས་ན་ད་གཟོད་རྔ་ལ་དཔགས་པའི་འཆབ་འཁྲབས་སྟངས་ཤེས་པར་འགྱུར་རོ།།

ད་ལྟའི་ཆར་འཛམ་གླིང་གི་ཤེས་ཡོན་པ་ཕལ་མོ་ཆེས་ཆོས་ལུགས་དང་མཚན་ཉིད་རིག་པས་བཤད་པའི་གནས་ལུགས་སྐམ་པོ་ཟབ་ཟབ་མོ་རྣམས་ལ་ཞིབ་འཇུག་བྱེད་པར་སྤྲོ་བ་དེ་ཙམ་མེད་ན་ཡང་། སྤྱིར་གནས་ལུགས་ལ་ཞིབ་འཇུག་བྱ་རྒྱུ་ནི་མཚམས་བཞག་པ་མ་ཡིན་པར་འཚོ་བ་དང་འབྲེལ་བའི་གནས་ལུགས་ཡོད་དོ་ཅོག་ལ་ཞིབ་འཇུག་བྱེད་བཞིན་པ་ཡང་། དཔེར་ན་སེམས་ཁམས་ཀྱི་གནས་ལུགས་ལ་ཞིབ་འཇུག་བྱས་ཏེ་མི་དང་མི་བར་གྱི་འབྲེལ་ལམ། མི་ཚེའི་བདེ་སྐྱིད། དཔལ་འབྱོར་གྱི་ཐོན་བསྐྱེད། ཁྲིམས་འགལ་གྱི་དོན་རྐྱེན་བཅས་ཀྱི་གནད་དོན་མང་པོར་རྒྱུས་མངའ་ལོན་ཏེ་གཡུར་ལས་ཟ་བའི་གྲུབ་འབྲས་མང་པོ་ཐོབ་དང་ཐོབ་བཞིན་པ། དཔེར་ན་སྔར་ཡིན་ན་ཨ་རི་དང་དབྱིན་ལན་ཌི་སོགས་རྒྱལ་ཁབ་མང་པོས་ཉལ་ཐ་ནི་གོམས་གཤིས་ངན་པ་ཞིག་ཡིན་པར་སྙམ་ནས། ཉལ་ཐ་ཁྲིམས་འགལ་བཟོས་ཏེ་ཉལ་ཐ་འཐེན་མཁན་ལ་ཉེས་པ་དྲག་པོ་གཏོང་བའི་ཆབ་སྲིད་ལག་བསྟར་བྱས་ཀྱང་གནས་སྟངས་ཇེ་སྡུག་ཏུ་གྱུར་པ་ལ། ཡུ་རོབ་ཀྱི་ལུང་པ་པོར་ཅུ་རྒལ་གྱིས་གཞོན་སྐྱེས་གཙོ་བོར་གྱུར་པས་ཉལ་ཐ་འཐེན་པ་ནི་སྤྱི་ཚོགས་དང་འབྲེལ་བ་ཆད་ཅིང་། འཚོ་བའི་དོན་སྙིང་བོར་བ་ལ་བརྟེན་ནས་ཡིན་པར་མཐོང་ནས། ཉལ་ཐ་ཡོད་ཚད་ཁྲིམས་མཐུན་བཟོས་ཤིང་། ཉལ་ཐ་འཐེན་མཁན་རྣམས་ལ་ཉེས་པ་གཏོང་བ་ལས་ལྡོག་སྟེ། དེ་དག་ལ་རྒྱབ་སྐྱོར་དང་། ལྟ་སྐྱོང་། ལས་ཀ་སྤྲོད་པ་སོགས་བྱས་པ་ལ་བརྟེན་ནས་དུས་ཚོད་ཐུང་ངུའི་ནང་དུ་ཉལ་ཐ་འཐེན་མཁན་མང་བའི་དཀའ་ངལ་རྩ་བ་ནས་སེལ་ཐུབ་པ་བྱུང་བ་ལྟ་བུའོ།། 

རང་རེ་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་ཀྱང་ནང་ཆོས་ཀྱི་ཤེས་རབ་རྣམས་བེད་སྤྱད་ནས་འཚོ་བ་དང་འབྲེལ་བའི་གནས་ལུགས་མང་པོར་ཞིབ་འཇུག་བྱས་ཏེ། སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐབས་ལ་འབད་དགོས་པ་ལས། ཞིབ་འཇུག་ཡོད་ཚད་དཔེ་དེབ་སྐམ་པོ་ཤ་སྟག་ལ་བྱས། གནས་ལུགས་ཡོད་ཚད་སྨྲ་བསམ་བརྗོད་བྲལ་ལ་སྐྱེལ། མིག་སྔུན་གྱི་འཚོ་བ་ཡོད་ཚད་ལ་སྐུར་པ་བཏབ། ལོ་རྒྱུས་ཀྱི་བདེན་དཔངས་ལས་ཀྱང་ཚུལ་གསུམ་གྱི་རྟགས་ལ་ཡིད་ཆེས་ཆེ། མི་རབས་མང་པོར་གཏམ་གཅིག་རང་བསྐྱར་ཟློས་ཡང་ཟློས་བྱེད། མི་རྣམས་ཀྱིས་རིག་གནས་ཐམས་ཅད་ལ་སྙིགས་དོར་བཅུད་ལེན་བྱེད་བཞིན་པའི་སྐབས་སུ་ང་ཚོས་ད་དུང་ཡང་ནོར་འཁྲུལ་གྱི་ཆ་སྐྲ་རྩེའི་ཆུ་ཐིགས་ཙམ་ཡོད་པར་ཡང་ཁས་མི་ལེན་པར། མདུན་བསྐྱོད་བྱེད་པའི་ཚབ་ལ་ཕྱིར་ལོག་རྒྱག་ཐབས་བྱས་ན། དེའི་འབྲས་བུར་ཉམས་རྒུད་ལས་གཞན་གཡུར་དུ་ཟ་བའི་འབྲས་བུ་ཞིག་ག་ལ་ཡོང། སེར་འབྲས་དགེ་གསུམ་གྱི་དགེ་འདུན་པ་རྣམས་ལྟ་ཞོག བོད་མི་རེ་རེས་དབུ་མ་ལ་འཇུག་པར་འགྲེལ་ཆེན་པོ་ཏི་རེ་རྩོམ་ཐུབ་ན་ཡང་། དེས་སེམས་ཅན་ཐམས་ཅད་སྐྱོབ་ཐུབ་པ་ལྟ་ཞོག་རང་ཉིད་ཀྱི་འཚོ་བའི་རང་མགོ་ཐོན་པ་ལ་ཡང་ཕན་ཐོགས་ཕལ་ཆེར་མེད་པས་ན་ནང་ཆོས་ནས་བཤད་པའི་གནས་ལུགས་ཁོ་ན་ལ་ཞེན་པ་རྣམས་ཀྱིས་ཤེས་རབ་ལ་མོས་པ་ཡོད། སྤྱི་ཚོགས་ལ་ལྷག་བསམ་ཡོད། རང་གིས་རང་ལ་ཡིད་ཆེས་དང་། འགན་ཁུར་གྱི་བསམ་བློ་ཡོད་ན། རིག་པ་གསར་པ་བེད་སྤྱད་ནས། ལམ་ཁ་གསར་པ་བཟོས་ཏེ། གོམ་པ་གསར་པ་སྤོ་དགོས་པའི་དུས་ལ་ཐུག་འདུག་གོ།།


0

One Response to འཚོ་བའི་ནང་གི་བདེན་གཉིས།_རྩིས་ཆེ་ལེགས་མཐོང་།

  1. དུང་ཞེན་ཉི་མ། ལགས་ཀྱིས:

    ཧ་ཅང་ཡག རྩོམ་འདི་འདྲ་མུ་མཐུད་ནས་འབྲི་བའི་རེ་བ་ཆེ། རྩིས་ཆེ་ལེགས་མཐོང་ནི་ལེགས་བཤད་སྨྲ་བའི་ངེས་དོན་གྱི་མཁས་པ་རྣལ་མ་ཞིག་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།