སྒོ་ཤེར་གྱི་དེབ་གསར《འགྱུར་ལྡོག་ཁྲོད་ཀྱི་བསམ་གཞིགས》དཔར་བསྐྲུན་བྱས།

7879


               དཔེ་འཕྲིན།



«འགྱུར་ལྡོག་ཁྲོད་ཀྱི་བསམ་གཞིགས»ཞེས་པའི་དེབ་ཆུང་འདི་ནི། ཉེ་བའི་ལོ་འགའི་རིང་ཕྲན་གྱིས་ཚོགས་སྡེ་ཁ་ཤས་ལ་ཞུས་པའི་གཏམ་བཤད་ཀྱི་སྒྲ་བཤུས་ཁག་བཞི་དང་། སྔར་རང་གི་རྩོམ་དེབ་ཏུ་འགོད་མ་མྱོང་བའི་དྲ་རྩོམ་ཅུང་ལེགས་གྲས་བཅུ་གཅིག་དང་། འགྱུར་རྩོམ་གསུམ་བཅས་ལྷན་དུ་བསྡུས་ནས་དཔར་དུ་བསྐྲུན་པ་ཞིག་ཡིན།


ལྷག་པར་གཏམ་བཤད་ཀྱི་སྒྲ་བཤུས་དེ་དག་ལ་ནི་བསྐྱར་ཞུས་བྱས་རྗེས། སྐབས་དང་སྐབས་སུ་རྟགས( )འདིའི་ནང་ཁ་སྣོན་གྱི་སྐད་ཆ་མང་པོ་བར་བཅུག་བྱས་ཡོད་པར་མ་ཟད། ཞིབ་ཆ་དགོས་རིགས་ལ་འོག་ཏུ་མཆན་ཡང་བཀོད་ཡོད།


དེབ་ཆུང་འདི་ལ་མཚོན་ན་ཡང་། ཕྲན་གྱི་ངག་རྩོམ་སྔ་མ་དག་དང་མཚུངས་པར་ངོམ་རི་བའི་ཟབ་དོན་འགངས་ཆེན་ཅི་ཡང་མེད་སྲིད་མོད། འགྱུར་ལྡོག་དཔྱིད་ཀའི་གནམ་ཟླ་ལས་མྱུར་བའི་དུས་རབས་ཀྱི་དཀྱོགས་མཚམས་འདིར། རང་རིགས་སེར་སྐྱ་གཉིས་ཀས་ཀྱང་འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་འཁོར་ཕྱོགས་དང་མཐུན་པའི་མདུན་ལམ་ཡག་པོ་ཞིག་རྙེད་ན་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མས་དྲངས་པའི་ངག་སྦྱོར་ཐན་ཐུན་ཙམ་དུ་ནི་བགྲང་འོས་པར་སེམས་སོ། །

དེབ་འདི་ཉིད་ཞུས་དག་དང་། ཇུས་འགོད། པར་སྐྲུན་སོགས་ཚགས་ཚུད་བཟོས་ནས་དུས་རིང་ཙམ་འགོར་མོད་ཀྱང་། བར་ལམ་རྐྱེན་དབང་གིས་མ་ཁོམ་པར་ལུས་པས། ད་ནི་དངོས་སུ་འགྲེམ་སྤེལ་བྱེད་འཆར་ཡིན། དེ་ལྟ་ན། གལ་ཏེ་དེབ་ཆུང་འདི་ཀློག་འདོད་ཀྱི་མོས་པ་ཅན་རེ་མཆིས་ཚེ། རྫ་ཆུའི་ནས་སོན་དཔེ་ཁང་། ལྷ་སའི་ཤེར་འོད་དཔེ་ཁང་། རྔ་པའི་ཆུ་མིག་དགུ་ཁྲ་དཔེ་ཁང་བཅས་ནས་སིལ་ཉོ་དང་སྡེབ་ཉོ་ཉིས་ཀ་བྱེད་ཆོག་པའི་ཚུལ་ཐུགས་འཇགས་ཞུའོ། །


                           ཕྱི་ལོ2019ལོའི་ཟླ6ཚེས24ཉིན་སྒོ་ཤེར་གྱིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།