ཨ་ནུ་དཔེ་ཚོགས་ཀྱི་《གནའ་སྒྲུང་དཔེ་ཚོགས》དཔར་སྐྲུན་བྱེད་ལ་ཉེ། _སྒོ་ཤེས་རབ་རྒྱ་མཚོ།

23750

          གླེང་སློང་བ་ཐོག་མའི་གཏམ།

  
                            ___སྒོ་ཤེས་རབ་རྒྱ་མཚོ།

                གཅིག

དེ་ཡང་ཕྱི་ལོ2017ལོའི་སྟོན་ཁར། 《ཨ་ནུ་དཔེ་ཚོགས》ཀྱི་ལས་ཀའི་དབུ་འཛིན་བཙན་པོ་གསེར་བ་ལགས་ནས་འབྲེལ་ཡོད་དགེ་རྒན་ཞིག་ལ་གྲོགས་དན་བཅོལ་ཏེ། བྱེས་བཞུགས་མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱི་མདུན་སར《ཨ་ནུ་དཔེ་ཚོགས》གཟིགས་འབུལ་དང་སྦྲགས། སླད་མར་བོད་ཀྱི་བྱིས་སྒྲུང་གསར་རྩོམ་སོགས་ཀྱི་ཕྱོགས་སུ་ཕན་ངེས་ཀྱི་དགོངས་འཆར་གནང་བའི་རེ་འདུན་ཞུས་པ་ན། མཁས་དབང་ཁོང་གིས་ནི་བོད་ཀྱི་མཁས་པ་སྔ་མས་མཛད་པའི་སྲོག་ཆགས་ཀྱི་སྒྲུང་མང་པོ་ཞིག་ཁོང་ཅག་ལ་མཚམས་སྦྱོར་གནང་འདུག

ཁོང་གིས་ཇི་ལྟར་མཚམས་སྦྱོར་མཛད་པ་བཞིན། 《ཨ་ནུ་དཔེ་ཚོགས》ཀྱི་ཕྱག་ལས་གནང་མཁན་ཚོས་ཀྱང་སྲོག་ཆགས་ཀྱི་སྒྲུང་དེ་དག་ཞིབ་ཏུ་བཀླགས་པ་ན། བོད་མི་རང་གི་རྟོག་པའི་འཆར་སྒོ་ཐུན་མོང་མིན་པ་དང་། ངག་གི་རིག་བྱེད་ཀྱི་མཛེས་ཉམས་ཕྲེང་དུ་བསྟར་བའི་རྩོམ་ཡིག་དེ་དག་གིས་ཡིད་ཕྲོགས་ནས། དེ་རྣམས་དཔར་སྐྲུན་འགྲེམ་སྤེལ་བྱས་ན་རང་རིགས་གཞོན་ནུ་རྣམས་ལ་ཤིན་ཏུ་སྨན་ངེས་སྙམ་དུ་ཡིད་ལ་ཤར་བས། ལས་ཀྱི་སྦྱོར་བ་དེ་ཕྲག་ཏུ་བླངས་སོ། །

འོན་ཀྱང་མ་ཕྱི་ཕལ་ཆེར་དབུ་མེད་བྲིས་མ་ཡིན་པའི་ཁར། ཡི་གེར་ཞབས་ཏོག་ངན་པས་འབྲུ་མི་གསལ་བར་གྱུར་པ་དང་། སྐུང་ཡིག་མང་བ་བཅས་ཀྱི་དབང་གིས་ཡི་གེ་གཏག་རྒྱུར་དཀའ་ལས་མི་ཆུང་བ་ཙམ་ཕྲད་པར་སྨྲ། གང་ལྟར་དཀའ་བ་ལྷུར་ལེན་གྱི་འབད་བརྩོན་ལ་བརྟེན་ནས་སྒྲུང་ཡིག་རྙིང་པ་དེ་ཀུན་རྩིས་འཁོར་དུ་ཕབ་པར་མ་ཟད། འདབ་ཆགས་ཀྱི་རབ་བྱེད་དང་། རི་དྭགས་ཀྱི་རབ་བྱེད། གཅན་གཟན་གྱི་རབ་བྱེད། འབུ་སྲིན་གྱི་རབ་བྱེད་བཅས་ཁག་བཞིར་བགོས་ནས། བར་བཅུག་རི་མོ་དང་བཅས་གྲུབ་པར་བྱས་ཏེ། 《གནའ་སྒྲུང་དཔེ་ཚོགས》ཞེས་བཏགས་པའི་དཔེ་ཚོགས་འདི་ཉིད་ཀློག་པ་པོའི་སྤྱན་སྔར་ཕུལ་པ་རེད་འདུག

ཀུན་གྱིས་མཁྱེན་དགོས་པ་ཞིག་ལ། “དཔེ་ཚོགས་འདི་ནི་སློབ་འབྲིང་སློབ་མ་གཙོར་བྱས་པའི་བོད་ཕྲུག་གཞོན་ནུ་ཚོར་དམིགས་པའི་ཀློག་དེབ་ཅིག་ཡིན་ཕྱིར། མ་དཔེའི་ནང་དུ་ཡིག་སྐྱོན་དང་ཡི་གེ་ཆད་ལྷག་བྱུང་རིགས་རྣམས་ཐད་ཀར་བཅོས་ཤིང་། ཆོས་ལུགས་གྲུབ་མཐའ་འཐེན་འཁྱེར་གྱི་སྐད་ཆ་དང་། ཕོ་མཆོག་མོ་དམན་གྱི་དམོད་ཚིག་རེ་ཟུང་བྱུང་བ་རྣམས་ཀྱང་འདོར་ལེན་བྱས་ཡོད་པར་མ་ཟད། སྒྲུང་རེ་ཟུང་གི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཡང་སྣོན་འཕྲི་དང་བཟོ་བཅོས་ཏོག་ཙམ་རེ་བཏང་ཡོད་པ་ལགས་ན། འདི་ནི་གཞོན་ནུའི་ཀློག་དེབ་ཅིག་ཏུ་ལྟ་བ་ལས་གནའ་སྒྲུང་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་སོགས་སུ་ནི་འཛིན་མི་འོས་སོ” ཞེས་སྒྲིག་མཁན་རྣམ་པས་ནན་གྱིས་གསུང་བཞིན་འདུག་གོ །

             གཉིས།

དཔེ་ཚོགས་འདི་སྒྲིག་མཁན་གྱིས་རེ་སྐུལ་བྱས་པ་ལྟར། གྲོགས་བེའུ་བརྒྱ་ལྷ་མོ་སྐྱབས་དང་གུས་པ་གཉིས་དཔེ་ཚོགས་འདི་ཞུས་དག་གི་ལས་སུ་ཞུགས་དགོས་བྱུང་བར་བརྟེན། གུས་པས་ཀྱང་གནའ་སྒྲུང་དེ་ཀུན་ཞིབ་ཀློག་ཐེངས་གཅིག་གི་སྐལ་བཟང་མངོན་དུ་བྱས། དེ་ཡང《བྱ་སྤྲེལ་གཏམ་རྒྱུད》དང་། 《སྒོམ་ཆེན་དང་རྫ་ཙིག་གི་གཏམ་རྒྱུད》སོགས་ཡོངས་སུ་གྲགས་པ་རེ་ཟུང་ཞིག་སྔར་བཀླགས་མྱོང་བ་མ་གཏོགས། གཞན་ཕལ་མོ་ཆེ་ནི་སྔོན་ཆད་མཐོང་ཐོས་ཀྱི་ཡུལ་ཙམ་དུའང་གྱུར་མ་མྱོང་བ་ཤ་སྟག་རེད།
སྲོག་ཆགས་ལ་སྦྱར་བའི་གནའ་སྒྲུང་དེ་དག་ག་ལེར་བཀླགས་དུས། ཟད་མི་ཤེས་པའི་སེམས་ཀྱི་ལོངས་སྤྱོད་རྩོད་མེད་ཅིག་མྱོང་དུ་ཡོད་པ་ནི་ཚིག་རྩལ་གྱི་མཛེས་པ་དེ་ཡིན་པར་སྣང་སྟེ། དབྱངས་གསལ་སོ་བཞིའི་སྦྱོར་བར་བྱང་ཆུབ་པའི་མེས་པོ་ཚོའི་ཚེམས་སྒོ་ལས་བཞད་པའི་གཏམ་གྱི་མེ་ཏོག་གི་ཕྲེང་བ་ནི། དྭངས་གཙང་གངས་ཆུ་ཤང་ཤང་བཞུར་བ་དང་། མངའ་རིས་སྒྲ་སྙན་ལྷང་ལྷང་དཀྲོལ་བ་ལས་ཀྱང་རྣ་བར་སྙན་ཞིང་ཡིད་ལ་འཇེབས་སོ། །

ལར་དེང་གི་ཆར། རང་རེའི་མི་རབས་འདིའི་སྒྲ་དང་རྟོག་པའི་འཕྲོ་འདུ་ཐམས་ཅད་ལ་གནས་མིན་པའི“སིམ་འཛུལ”ཞིག་ཐེབས་ནས། གཞོན་ནུ་ལས་དང་པོ་པ་རྣམས་ལྟ་ཅི། བོད་རྩོམ་འབྲི་མཁན་ཆེན་པོར་གྲགས་པ་འགའ་ཞིག་ལ་ཡང་བོད་སྐད་གཙང་མས་གཏམ་རྒྱུད་ཐུང་ངུ་ཞིག་འཆད་པའི་ནུས་པའང་མེད་པ་མཐོང་ཆོས་སུ་གྱུར་པ་འདི་ལྟ་ན། ཚིག་གི་རྩལ་རྨད་དུ་བྱུང་བའི་གནའ་སྒྲུང་དཔེ་ཚོགས་འདི་ནི་སློབ་འབྲིང་སློབ་མ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་ལ་དུངས་ཤིང་ཞེན་པའི་སྐྱེ་བོ་རྒན་གཞོན་བར་མ་ཐམས་ཅད་ཀྱིས་ངེས་པར་བཀླག་འོས་པའི་བརྩམས་ཆོས་གལ་ཆེན་འབའ་ཞིག་ཏུ་སྙམ།

བོད་ཀྱི་མི་རབས་གསར་པའི་ཁྲོད་དུ། སྦྱོར་ལེགས་ངག་གི་ཡོན་ཏན་ནི་ཉིན་རེ་བཞིན་ཟླ་བ་མར་ངོའི་དཔེ་རུ་འགྱུར་བཞིན་པར་མ་ཟད། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི། སྐད་ཆའི་མཛེས་པ་མཛེས་པ་རུ་ངོ་མི་འཕྲོད་པའི་མི་ཚོགས་ཤིག་ངང་གིས་འཕེལ་ཏེ། ཁོ་ཚོས“སྐད་བརྡ་ནི་འགྱུར་ལྡོག་གི་རང་བཞིན་ཅན་ཞིག་ཡིན”ཟེར་བའམ། “ང་ཚོ་ལའང་དེང་རབས་ཀྱི་སྐད་ཆ་ཞིག་གྲུབ་དགོས”ཟེར་བ་སོགས་འདྲ་ཆགས་པའི་རྒྱུ་མཚན་ལྟར་སྣང་མང་པོར་ཁག་འགེལ་གྱིས། བོད་སྐད་ཀྱི་ཐུན་མོང་མིན་པའི་བརྡ་སྤྲོད་ཚུལ་དང་། ཉམས་འདོན་སྟངས། རྒྱན་སྤྲས་ཚུལ། རྩལ་ངོམ་ཕྱོགས། དཔེ་དོན་སྦྱོར་སྟངས་བཅས་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་གཏོར་བཤིག་གཏོང་བཞིན་པ་དེའོ། །

སྤྱིར་ན། ཡུལ་དུས་ཀྱི་འགྱུར་བ་དང་། འཚོ་བའི་གོམས་སྲོལ་གྱི་འགྱུར་བ། མི་རིགས་རང་གི་བསམ་བློའི་འཁྱེར་སོའི་འགྱུར་བ་བཅས་དང་འགྲོགས་ནས་བོད་ཀྱི་སྐད་ཡིག་ལ་ཡང་ཆོས་ཉིད་དང་མཐུན་པའི་འགྱུར་བ་ཞིག་ག་ལེར་འགྲོ་སྲིད་པ་ནི་ཅིས་ཀྱང་བདེན་ངེས་མོད། བོད་སྐད་དྭངས་མའི་བྱིན་རླབས་སྙིང་ལ་མ་ཞུགས་པའི་གང་ཟག་འགའ་རེས་གཞན་སྐད་བོད་སྐད་དུ་བརྫུས་ནས་ལྡབ་ལྡིབ་སྣ་ཚོགས་བྲིས་པ་དེ་རིགས་ནི། བོད་ཀྱི་དེང་རབས་སྐད་ཆ་མ་ཡིན་ལ། ཆོས་ཉིད་ལྟར་འགྱུར་བའི་བོད་སྐད་གསར་པ་ཡང་མིན་པས། གནད་དེ་ཅིས་ཀྱང་ཤེས་གལ་ཆེ་ཞེས་ཞར་ལ་ཐལ་ལོ། །

                 གསུམ།

དེ་ནས《གནའ་སྒྲུང་དཔེ་ཚོགས》འདི་ལས་མཐོང་བའི་ལྟད་མོ་གཉིས་པ་ནི་བརྗོད་བྱའི་དོན་རེད་སྙམ། སྤྱིར་བཏང་སྲོག་ཆགས་ལ་སྦྱར་ནས་སྒྲུང་རྩོམ་འབྲི་བའི་སྲོལ་ལུགས་ནི་ཤེས་རིག་ལྡན་པའི་ཡུལ་ལུང་སོ་སོར་དར་བ་ཞིག་ཡིན་ཏེ། དཔེར་ན། དུས་རབས་བཅུ་གཉིས་པར་ཧྥ་རན་སིའི་ཡུལ་མི་དཀྱུས་མའི་ཁྲོད་ནས་རིམ་གྱིས་མཆེད་དེ། ལོ་ངོ་བདུན་བརྒྱའི་རིང་དུ་ནུབ་ཡོ་རོབ་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་མྱོང་བའི་ཝ་མོ་ལེ་ཎའི་གཏམ་རྒྱུད་ལྟ་བུ་མང་ངོ་། །གཏམ་རྒྱུད་དེ་ནི། དུས་རབས་དེའི་ཡོ་རོབ་ཡུལ་གྱི་རྒྱལ་པོ་དང་། ཆོས་དཔོན། བློན་ཆེན། སྐུ་དྲག མི་སེར་བཅས་ཀྱི་བར་དུ་ལྷགས་པའི་འགལ་འདུ་རྙོག་གྲ་ཚ་པོ་རྣམས་དུད་འགྲོའི་འཇིག་རྟེན་ལ་སྦྱར་ནས་འཆད་པ་ཞིག་ཡིན་འདུག་པས། དེ་ནི་སྐབས་དེའི་ཡོ་རོབ་གླིང་གི་ཆབ་སྲིད་དང་། ཆོས་ལུགས། རིག་གནས། ཁྲིམས་ལུགས། ཡུལ་སྲོལ་བཅས་ཀྱི་ཟུར་སོ་སོ་མཐོང་ཐུབ་པའི་དྭངས་གསལ་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན་པར་ཐོས། སྲོག་ཆགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་དེ་ལྟ་བུར་མཚོན་ན། དམངས་ཁྲོད་དུ་སྙན་ངག་གི་རྣམ་པས་ཐོར་བུར་གནས་པ་རྣམས་ཕྱིས་སུ་ཧྥ་རན་སིའི་བུད་མེད་རྩོམ་པ་པོ་ཨ་ལའེ་ཡིས་བཅོས་སྒྲིག་གནང་བ་ནི། ད་ལྟའི་རྒྱ་འགྱུར་མ《ཝ་མོ་ལེ་ཎའི་གཏམ་རྒྱུད》ཅེས་པ་འདི་ཡིན་པར་འདུག །

ད་དུང་། ཁ་ན་ཏའི་རི་སྐྱེས་སྲོག་ཆགས་རི་མོར་འབྲི་མཁན་གྲགས་ཅན་སིད་ཊོན་གྱིས་བརྩམས་པའི《རི་སྐྱེས་སྲོག་ཆགས་ཀྱི་གཏམ་རྒྱུད》དང་། ནོ་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མྱོང་མཁན་གྱི་དབྱིན་ཇིའི་རྩོམ་པ་པོ་ཁིབ་ལིང་གིས་བརྩམས་པའི《ནགས་ཁྲོད་ཀྱི་གཏམ་རྒྱུད》ལྟ་བུས་མཚོན། རྒྱལ་ཁབ་དང་མི་རིགས་སོ་སོར་སྲོག་ཆགས་ལ་སྦྱར་བའི་བྱིས་སྒྲུང་གྲགས་ཅན་ཤིན་ཏུ་མོད་པས། རྩོམ་ལུས་དེ་ནི་འཛམ་གླིང་ཤེས་རིག་གི་གཏེར་མཛོད་ཆེན་མོའི་ནང་གི་རིན་ཆེན་བུམ་བཟང་ཞིག་ཡིན་པ་བསྙོན་དུ་མེད།

དེ་བཞིན་རང་རེའི《གནའ་སྒྲུང་དཔེ་ཚོགས》འདི་ལ་མཚོན་ན་ཡང་། རི་སྤང་ནགས་གསུམ། རྫ་བྲག་ཆུ་གསུམ། མཁར་ཞིང་ཕུག་གསུམ་སོགས་ཡུལ་མི་འདྲ་བ་སོ་སོར་གནས་བཅས་པའི་སྲོག་ཆགས་ཀྱི་རིགས་ཤིན་ཏུ་མང་པོའི་སྣང་བརྙན་གསལ་པོར་བྲིས་ཡོད་པར་མ་ཟད། གནམ་ལ་འཕུར་མཁན། བྲག་ལ་ཉལ་མཁན། ཆུ་ལ་རྐྱལ་མཁན། ས་ལ་འཛུལ་མཁན་གྱི་སྲོག་ཆགས་དེ་རིགས་ཀྱི་སྙིང་ཉེ་བའི་རྣམ་འགྱུར་དག་མཐོང་ལམ་དུ་ཝ་ལེར་ཤར་ཚེ། དཔལ་ལྡན་ས་ཆེན་པོའི་དཀྱིལ་འཁོར་འདི་ནི་རང་རེ་མིའི་རིགས་གཅིག་པུའི་ཁྱིམ་གཞིས་ཙམ་མ་ཡིན་པར། ཡི་གར་འོང་བའི་སྲོག་ཆགས་མང་པོ་ཞིག་གི་ཁྱིམ་གཞིས་ཀྱང་ཡིན་འདུག་ན། མིའི་རིགས་དང་སྲོག་ཆགས་དེ་དག་ནི་སྤྱི་མཐུན་ལས་ཀྱིས་བསྐྱེད་པའི་སྤུན་མཆེད་མིན་ན་ཅི་ཡིན་སྙམ་པའང་ངང་གིས་སྐྱེའོ། །

དཔེ་ཚོགས་འདིའི་གཏམ་རྒྱུད་ཕལ་མོ་ཆེས་ནི། འཇིག་རྟེན་མི་རྟག་པའི་རང་བཞིན་དང་། འདུ་འབྲལ་ངེས་མེད་ཀྱི་སྣང་ཚུལ། ཚེ་རབས་གཏན་གྱི་གནད་དོན་བཅས་བསྟན་འདུག་པས་ན། གཞན་གང་ཞིག་གི་བསམ་གོམས་དང་རྗེས་འབྲེལ་གྱིས་ཚེ་གང་བོར་བཟའ་བཏུང་རྩོལ་སྒྲུབ་དང་། སྒེར་དོན་ཙག་ཙིག་ཁོ་ནའི་འདམ་དུ་བྱིང་བའི་དེང་གི་བོད་མི་མང་ཕྱོགས་ལ་མཚོན་ན། བོད་ཀྱི་མེས་པོ་གོང་མ་ཚོའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། ཚེ་སྲོག་གི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་གསལ་བའི་སྒྲུང་རྩོམ་འདི་རིགས་ལ་དགའ་མོས་དང་སྤྲོ་སྣང་ཏིལ་ཙམ་མེད་ཁར། ལྡོག་སྟེ་ཁྲེལ་དགོད་ཀྱི་གཞི་ཙམ་དུ་འཛིན་ལས་ཆེ་ཡང་། མེས་པོའི་ཤེས་རབ་ཀྱི་མཛེས་སྡུག་དེ་རིགས་འཛམ་གླིང་སྤྱིའི་ཤེས་རིག་གི་སྒྲོམ་དུ་བཞག་སྟེ་བལྟས་ན་ནི་ངོ་མཚར་འདྲེན་པའི་ལྟད་མོ་གཞན་ཞིག་ཀྱང་ཡོད་སྲིད་སྙམ་མོ། །

ཡང་འདིའི་ཁོངས་སུ། 《བྱ་སྤྲེལ་གཏམ་རྒྱུད》ལྟ་བུ་མིའི་སྤྱི་ཚོགས་ཀྱི་གནད་དོན་དཀྱུས་མ་སྟོན་པའི་སྒྲུང་འགའ་ཞིག་ཀྱང་མཆིས་ཏེ། 《བྱ་སྤྲེལ་གཏམ་རྒྱུད》ནི་གོར་བོད་དམག་འཁྲུག་གི་ལོ་རྒྱུས་རྣམས་བྱ་སྤྲེལ་གཉིས་ཀྱི་རྩོད་རྙོག་གི་ཚུལ་དུ་བྲིས་པ་ཞིག་ཡིན་སྐད་འདུག་པས། རང་ས་འཆོར་བར་དོགས་ཤིང་འཇིགས་པའི་བྱ་རིགས་ཐ་དད་པ་དུ་མ་དང་། གཞན་ས་བཙན་གྱིས་འཛིན་འདོད་པའི་སྤྲེའུ་རྒན་གཞོན་བར་མ་སོ་སོའི་གཤིས་ཀ་དང་། གནད་དོན་ལ་བསམ་བློ་གཏོང་ཕྱོགས། འཕྲལ་ཕུགས་ཀྱི་དོན་ལ་དཔྱོད་སྟངས་སོགས་ཡོངས་སུ་མི་འདྲ་བའི་ངང་ཚུལ་རྣམས་རེ་རེ་བཞིན་མིག་དང་ཡིད་ཡུལ་དུ་མངོན་ཡོང་ཚེ། གོར་བོད་དམག་འཁྲུག་གི་བྱུང་བར་རྒྱུས་མངའ་ཟབ་པའི་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས། ཀློག་པ་པོ་དག་ལ་སྐབས་དེའི་ལོ་རྒྱུས་དང་འབྲེལ་བའི་མི་སྣ་མང་དག་ཅིག་གི་རང་གཟུགས་རྗེན་པར་བསྟན་འདུག་ཨང་སྙམ་པ་ཞིག་དྲན་ཡོང་།

གང་ལྟར་དེ་འདྲའི་ཚིག་དང་དོན་གྱིས་སྤུད་པའི་དཔེ་ཚོགས་འདི་ནི། གངས་ཅན་པའི་ཤེས་རིག་པདྨའི་དགའ་ཚལ་ཁྲོད་དུ་འདབ་ཕྲེང་ལྷུག་པོར་གྲོལ་བའི་མེ་ཏོག་རྐང་གཅིག་ཡིན་པར་ཐེ་མི་ཚོམ་ན། རང་རིགས་བློ་གསལ་གཞོན་ནུའི་ཚོགས་ཀུན་ཀྱང་ལྟ་ན་སྡུག་པའི་མེ་ཏོག་འདིའི་བསུང་ཞིམ་བདུད་རྩིའི་དཔལ་ལ་ལོངས་སུ་སྤྱད་དེ། དེ་ལས་ཐོབ་པའི་ལེགས་ཚོགས་ཇི་སྙེད་མཆིས་པ་དེ་དག་དབྱངས་གསལ་སོ་བཞིའི་འཕྲིན་ལས་བསྐལ་པའི་མཐར་ཡང་ཉམས་པ་མེད་པའི་རྒྱུ་རུ་འགྲོ་བར་གྱུར་ཅིག །

     ཕྱི་ལོ2018ལོའི་ཟླ10ཚེས11ཉིན་དབུས་ལྷ་ལྡན་དུ་བྲིས།

0

2 Responses to ཨ་ནུ་དཔེ་ཚོགས་ཀྱི་《གནའ་སྒྲུང་དཔེ་ཚོགས》དཔར་སྐྲུན་བྱེད་ལ་ཉེ། _སྒོ་ཤེས་རབ་རྒྱ་མཚོ།

  1. ཕུན་ཚོགས། ལགས་ཀྱིས:

    ཨ་ནུ་རིང་ལུགས་ཟེར་བའི་ར་མ་ལུག་གི་གཞས་ཚོགས་དེ་ལས། མི་རིགས་ཀྱི་ལས་དོན་དང་བདེ་སྡུག་ལ་ཐད་ཀར་འབྲེལ་བའི་ཨ་ནུ་དཔེ་ཚོགས་ཟེར་བ་འདིས་མི་དགའ་འམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།