《དཔལ་ཡོན་རྣམ་བཤད་》བཀླགས་རྗེས་ཀྱི་བསམ་ཚུལ།

453

རྩོམ་པ་པོ།   གནམ་ལྷུན

 

 

 

སྔོན་དུ་འགྲོ་བ་ཐོག་མའི་གཏམ།

       ཉིན་འགའི་སྔོན་དུ་ཞུས་ཟིན་པ་ལྟར་སྤྱིར་ན་རིག་གཞུང་ཆེད་ལས་གང་ཞིག་གི་སྐོར་ལ་སྐྱེས་བུ་སྒེར་ལ་རྟོགས་པ་དང་ཤེས་རྒྱ་ཆེར་མེད་པར་མཁས་པ་རྒན་གྲས་རྣམས་ཀྱི་བརྩམས་ཆོས་ལ་དཔྱད་འཇོག་བྱེད་པ་ནི་མིག་ལྟོས་ལ་མི་ལེགས་པ་ཞིག་རེད་མོད། འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་སྤྱི་ཚོགས་ཀྱི་ལས་སྒོ་ཀུན་ལ་ཕན་པའི་དཔལ་ཡོན་ཞིག་བཀྲལ་བ་དང་། དེའི་སྐོར་གྱི་བརྩམས་ཆོས་དུ་མ་བོད་ཡིག་ཏུ་བསྒྱུར་འཆར་ཡོད་པ་གསལ་ཞིང་། ལྷག་དོན་《དཔལ་ཡོན་རྣམ་བཤད་》འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་སྐོར་ལ་དཔྱད་འཇོག་འགའ་རེ་བྱས་ཡོད་པ་དག་རང་ཉིད་ཀྱིས་སྔར་བསླབས་པ་དོན་དུ་གཉེར་བ་སོགས་དང་འབྲེལ་ཆེ་བ་དང་། ལོ་ཙཱ་པས་བོད་ཡིག་ཏུ་བསྒྱུར་བ་ལ་ཡང་མིང་བརྡ་འགའ་ཞིག་གོ་མི་ཐུབ་པ་དང་། ཚིག་གི་སྦྱོར་སྟངས་སོགས་ལ་སྐྱོན་རེ་གཉིས་ཤིག་ཡོད་པ་དག་ལ་གསལ་བཤད་ཙམ་ཞུས་པའི་ཁུར་བླངས་པ་ཙམ་དུ་ཟད། དེ་ཡང་འདིར་《དཔལ་ཡོན་རྣམ་བཤད་》ཀྱི་རྩོམ་པ་པོས་ས་བཅད་ཀྱི་རྗེས་སུ་འབྲེང་ནས་བརྩམས་ཆོས་ཀྱི་གཞུང་གཏན་དུ་ཕབ་ཡོད་མོད། དགོས་དབང་གིས་ལོ་ཙཱ་པས་གསལ་བཤད་ཀྱི་ཚུལ་དུ་ཀླད་ཀྱི་གཏམ་ཞིག་ཁ་སྣོན་བྱས་ཡོད་པ་ལ་ཡང་དོགས་པ་ཕྲན་བུ་ཞིག་བྱས་ཡོད་ཅིང་། ས་བཅད་གཉིས་པར་རྩོམ་པ་པོས་བཤད་པའི་བོད་མིའི་འབྱུང་ཁུངས་སྐོར་ལ་རང་ཉིད་ཀྱིས་སྔོན་ཆད་བྲིས་པའི་བརྩམས་ཆོས་ཤིག་དཀྱུས་སུ་བཏབ་ཡོད་ལ། ས་བཅད་གསུམ་པ་ལ་དོགས་པ་གང་ཡང་བྱས་མེད།  མ་རྩོམ་གྱི་ས་བཅད་བཞི་བ་སྟེ་“འདྲ་མཉམ་དང་དྲང་བདེན་ཞེས་ཅི་འདྲ་ཞིག་ཡིན་དགོས་”ཞེས་པར་དོགས་ཅི་ཡང་བྱས་མེད།   དེ་ལྟར་བྱེད་དོན་ནི་དཔེ་ཆ་འདི་བཀླགས་རྗེས་ཀྱི་བསམ་འཆར་ཞིག་བྲིས་ན་རྩོམ་གྱི་གཞུང་ངོས་ཁོ་ན་ལ་དོགས་སློང་བྱས་པ་ཙམ་གྱིས་མི་ཆོག་པར། ལོ་ཙཱ་པའི་ཚིག་གི་སྦྱོར་སྟངས་དང་ཀླད་ཀྱི་གཏམ་དུ་རང་ཉིད་ཀྱི་བསམ་བློ་སོགས་འདྲིས་ཡོད་པ་དང་། ས་བཅད་བཞི་པར་འདྲ་མཉམ་དང་དྲང་བདེན་སྐོར་གྱི་རྒྱུན་ཤེས་ཙམ་ལས་རྩོམ་མཁན་རང་གི་ལྟ་བ་གསར་བ་ཞིག་ས་བཅད་གོང་མ་དག་ཏུ་སོང་མ་ཟིན་པ་ཞིག་མེད་པས་ཡིན། 《དཔལ་ཡོན་རྣམ་བཤད་》དུ་ས་བཅད་དང་པོར་དཔལ་ཡོན་ལ་བཟང་ངན་གྱི་དབྱེ་བ་མེད་པར་བཤད་ཀྱང་། ས་བཅད་གཉིས་པ་དང་གསུམ་པར་དེ་ལ་མཆོག་དམན་གྱི་ཁྱད་པར་ཞིག་འབྱེད་ཀྱིན་པའི་ནང་འགལ་གྱི་སྣང་ཚུལ་ཞིག་མཆིས་མོད། སྔོན་གྱི་དམ་པའི་གསུངས་རྒྱུན་དུ་རྩོམ་པ་པོས་བསྟན་བཅོས་རྩོམ་པའི་ཚེ་ཉམས་མ་བཞག་པའི་སྐྱོན་ཟེར་བ་ཞིག་ཡོད་པས། འདིར་ཡང་དགོངས་གཞི་དེ་དང་མཐུན་པར་བྱས་ནས་དོགས་པ་བྱེད་པའི་ངལ་བ་དང་དུ་མ་བླངས་ལགས།  གཞན་དུ་འདིར་ཡིག་ཚོགས་མང་དྲགས་པའི་འཇིག་པ་འབྱུང་མོད། ཀློག་པ་པོ་རྣམས་ཀྱིས་ཀློག་པ་སྟབས་བདེ་ཡོང་ཕྱིར་《དཔལ་ཡོན་རྣམ་བཤད་》ལས་རང་ཉིད་ལ་དོགས་པ་ཡོད་པའི་ཚིག་དུམ་དག་དྲངས་ནས་ཞལ་ལ་རང་གི་འདོད་ཚུལ་སོགས་གླེང་བར་བྱའོ།།

ས་བཅད་དང་པོ།  ལོ་ཙཱ་པའི་བསམ་བློ་དང་མིང་ཚིག་བཀོལ་སྟངས་སྐོར།

        འདིར་སྐབས་དོན་དུ་བབ་པ་ནི་ལོ་ཙཱ་པས་བྲིས་པའི་ཀླད་ཀྱི་གཏམ་ཞེས་པ་འདི་ཡིན་ཞིང་། འདིར་“བོད་པ་སློབ་གསོ་ཚན་རིག་ཞིབ་འཇུག་པ་ཞིག་རེད”ཅེས་དང་། ས་བཅད་དང་པོ་རུ་མིའི་གཞི་གྲུབ་ཅེས་པ་དང་། ཆོས་ལུགས་ནི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཡིན་ཞེས་འབྱུང་ལ། དེ་ཡང་སྤྱིར་བདག་སྒྲ་གང་ཡོད་ཁྱད་ཆོས་ཀྱི་རྗེས་སུ་སྦྱར་དགོས་ཤིང་། དམིགས་སུ་ཚིག་རྒྱས་པར་བཏང་ནས་མི་རིགས་ཀྱི་མིང་སྦྱར་ཚེ། ཁྱད་ཆོས་དང་པོ་དང་། བདག་སྒྲ་གཉིས་པ། མི་རིགས་སམ་རྒྱལ་ཁབ་ཀྱི་མིང་གསུམ་པར་འཇོག་དགོས་པ་ཡིན། དཔེར། རྟ་པ་ཨ་མདོ་པ་ཞིག་རེད་ཅེས་པ་དང་། ཚན་རིག་པ་ཕྱི་གླིང་པ་ཞིག་རེད་ཅེས་སྦྱར་དགོས་པ་ལས། ཨ་མདོ་པ་རྟ་པ་ཞིག་རེད་ཅེས་དང་། ཕྱི་གླིང་པ་ཚན་རིག་པ་ཞིག་རེད་ཅེས་བྲིས་ན་མི་འགྲིག་པར་འདུག་པས། གོང་དུ་བོད་པ་སློབ་གསོ་ཚན་རིག་ཞིབ་འཇུག་པ་ཞིག་རེད་ཅེས་པ་ནོར་བ་རེད་སྙམ། མ་ཟད་དེར་ཡང་དྲུག་པ་འབྲེལ་སྒྲའི་ཕྲད་ཆད་འདུག་ཅིང་། ལྷག་དོན་དཔེ་ཆ་འདིའི་ཚིག་སྦྱོར་གྱི་ཐད་ནས་སྐྱོན་ཆེ་བ་ནི་དྲུག་པ་འབྲེལ་སྒྲའི་ཕྲད་དགོས་པ་དག་ལ་དེ་མ་བཞག་པ་རེད་འདུག་ཀྱང་། རེ་རེ་བཞིན་མཚན་གཞིར་དྲངས་ན་ཉོག་འགྲོ་བས་བསྐྱུར་བཞག “མིའི་གཞི་གྲུབ་”ཅེས་བསྒྱུར་ན་ཡང་ངེས་པར་དུ་བསམ་པར་བྱ་བ་འདི་འདྲ་ཞིག་ཡོད་དེ། སྤྱིར་གཞི་གྲུབ་ཅེས་པ་ནི་གཙོ་ཆེར་ནང་བསྟན་གཞུང་ལུགས་ཀྱི་བཀའ་པོད་ལྔའི་ནང་དུ་རྒྱུགས་སོ་ཆེ་ཞིང་། དེའི་ནང་དོན་ནི་ཡོད་པ་དང་དོན་གཅིག་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གཞུང་ལུགས་སོགས་སུ་དེའི་གདགས་གཞིར་གྱུར་བའི་དངོས་པོ་གཞན་གང་ཡང་བཞག་ཏུ་མེད་པས། “མིའི་གཞི་གྲུབ་”ཅེས་ན་བོད་ཡིག་གི་ཐོག་ནས་གོ་བ་ལེན་ཐུབ་པ་ཞིག་མ་རེད་བསམ་བྱུང་། བཙན་པོའི་དུས་སུ་ལོ་ཙཱ་པས་ཆོས་གཞུང་བོད་དུ་བསྒྱུར་སྐབས་ངེས་པར་དུ་བོད་མི་མང་གིས་གོ་ཐུབ་པ་ཞིག་དགོས་པར་གཏན་པ་ཕབ་པ་དེར་དགོས་པ་ཆེན་པོ་ཞིག་ཡོད་ངེས་པ་ཡིན། དེ་ནས་འདིར་ཡང་“ཆོས་ལུགས་ནི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་རེད་”ཅེས་འབྱུང་ཞིང་། དེའི་རྗེས་སུ་“ཆོས་ལུགས་ནི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་རེད་”ཅེས་ཀྱང་འབྱུང་། དེ་གཉིས་ལས་ཕྱི་མ་ལ་གོ་བ་ལེན་ཐུབ་མོད། སྔ་མ་ལ་ནི་འགྲེལ་འགྲོ་བ་ཞིག་མ་ཡིན་པས་ནང་དོན་ངོ་འཕྲོད་མ་སོང་། རྒྱུ་མཚན་ནི་བོད་ཀྱི་ཡི་གེ་ལས་ཚིག་གི་ཚོགས་ལ་ངེས་པར་དུ་ལྡན་དགོས་པ་ནི་འགྲེལ་ཡིན་པར་འདོད་པས་ཡིན། འདིར་དཔལ་ཡོན་བཟང་པོ་ལ་བརྩེ་བ་ལས་དགེ་བ་ཞེས་བསྙད་ན་མི་འགྲིག་པར་གསུངས་མོད། སྤྱིར་དཔལ་ཡོན་ནི་ཀུན་སྤྱོད་བཟང་བོ་ཡོད་པའི་མི་དང་སྤྱོད་པ་ལ་གོ་བ་ནི་ངེས་བཟུང་ཤིན་ཏུ་ལེགས་པར་སྣང་སྟེ། དེ་གཉིས་མི་རིགས་སམ་མིའི་རིགས་ཀྱི་ཤེས་རབ་ཀྱིས་རིམ་བསག་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ཅིང་། དཔལ་ཡོན་ཞེས་པ་ཡང་དེ་མཚུངས་ཤེས་རབ་སོགས་ཀྱིས་བསྐྱེད་པའི་འབྲས་བུ་ཞིག་ལ་གོ་ན་ལེགས་པར་མཐོང་། དེ་བས་བོད་ཀྱི་ཐ་སྙད་ཀྱི་འགྲོས་དང་བསྟུན་ན་བརྩེ་བ་ཞེས་པ་ནི་རྒྱུ་དང་། དགེ་བ་ནི་དེ་ལས་བྱུང་བའི་འབྲས་བུ་ལ་གོ་བ་ཡིན་པས། དཔལ་ཡོན་བཟང་བོ་ལ་ངེས་པར་དུ་བརྩེ་བ་དང་དགེ་བ་གཉིས་ལས་གཅིག་གིས་གདགས་དགོས་ན་དེ་ལ་དགེ་བ་ཞེས་སྤྱད་ན་འགྲིག་པར་འདོད་ཀྱང་། མཐའ་གཅིག་ཏུ་ཁ་ཚོད་གཅོད་པའི་སེམས་ཤུགས་དང་བྲལ་བར་གྱུར།  འདིར་མི་རིགས་ཆེན་པོ་དང་མི་རིགས་ཆུང་ཆུང་གི་མིང་བརྡ་འདི་གཉིས་ཚིག་གི་འགྲོས་ལ་བཏབས་ནས་བོད་ནི་མི་རིགས་ཆུང་ཆུང་ཞིག་གི་ཚད་དུ་བཞག་འདུག་པ་ལ་དོགས་པ་ཅུང་ཙམ་ཞིག་བྱེད་པར་འདོད་དེ། དེ་ཡང་མི་རིགས་སོ་སོའི་སྲོལ་རྒྱུན་དང་རིག་གནས་ལ་ངོས་འཛིན་མི་འདྲ་བས་མི་རིགས་ཆེ་ཆུང་གི་ཁྱད་པར་འཇོག་བྱེད་ཀྱི་ཚད་ལ་ངོས་འཛིན་འདྲ་མི་སྲིད་པས། དེའི་སྐོར་ལ་མི་རིགས་རང་གི་སྲོལ་རྒྱུན་གྱི་གོ་བ་ལེན་སྟངས་ལྟར་གྱི་རྗེས་སུ་འགྲོ་ལྡོག་བྱེད་དགོས་པ་ཡིན། དེ་ཡང་བོད་ཀྱི་གནའ་བོའི་སྐད་དམ་ཡིག་རྙིང་སོགས་སུ་རྒྱལ་པོ་ཆེན་པོ་དང་བློན་ཆེ་ཆུང་ཞེས་སྐྱེས་བུ་སྒེར་བ་ཞིག་གི་དབང་ཐང་གི་ཆེ་ཆུང་ལ་དམིགས་ནས་དེ་ལ་ཆེ་ཆུང་ཁྱད་པར་འབྱེད་དུ་ཡོད་པ་ལས། ཁྱད་ཆོས་ཅི་རིགས་ལ་དམིགས་ནས་ཚོགས་པ་དང་མི་རིགས་གང་རུང་ལ་ཆེ་ཆུང་གི་རྣམ་བཞག་འཇོག་ཏུ་མེད། འོན་ཀྱང་། དུས་རབས་དགུ་པར་བཞེངས་པའི་དབོན་ཞང་རྡོ་རིང་དུ་རྒྱ་ཡིག་གིས་ཐུ་བྷོད་ཆེན་པོ་ཞེས་འབྱུང་ཞིང་། བསྟན་པ་བར་དར་གྱི་སྐབས་ཇོ་བོ་རྗེ་གདན་འདྲེན་སྐབས་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་ཡོད་ཅེས་སྤྱི་དང་ཚོགས་པ་གང་རུང་ལ་ཆེ་ཆུང་གི་མིང་སྦྱར་བ་འགའ་ཞིག་མཐོང་དུ་ཡོད། དེ་ཡང་བཙན་རྒྱལ་དང་ས་རྒྱ་ཆེ་ཆུང་གི་ཚད་ཙམ་ལས་བཤད་པ་ལས་གཞན་གང་ཡང་མིན་པས། མི་རིགས་ཆེ་ཆུང་གི་ཁྱད་པར་མཇལ་བའི་འཐད་ལྡན་གྱི་རིགས་པ་ཞིག་ཏུ་འདོད་ཐབས་བྲལ། དེ་བས་ནང་བསྟན་འདི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཏུ་བཞག་པ་གཙོ་བོར་བཟུང་ནས་གླེང་ན། དེ་ལས་འབྱུང་བའི་ས་ལམ་འབྲས་གསུམ་གྱི་རྣམ་བཞག་ལས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་ཞིག་འབྱུང་ལ། དེ་ནི་སྐྱེས་བུ་སྒེར་གྱི་རྟོགས་པའི་མཐོ་དམན་ལ་དམིགས་ནས་བཞག་པ་ལས་དབང་ཐང་ཆེ་ཆུང་ལ་གཞིག་ནས་བཞག་པ་ཞིག་མིན། དེ་ལྟར་དུ་རིགས་འགྲེལ་ནས་མི་རིགས་ཆེ་ཆུང་གི་ཁྱད་པར་འབྱེད་ན་དཔལ་ཡོན་དང་འཕྲོད་ཅིང་། བཙན་རྒྱལ་ཡིན་མིན་གྱི་རྣམ་བཞག་ཏུ་ཡང་ཤེས་རིག་གི་ཚད་མཐོ་དམན་གྱིས་མཇལ་དགོས་པའི་བཤད་ཚུལ་ཞིག་འབྱུང་བས་སོ།། ཞེས་པ་ནི་ལོ་ཙཱ་པའི་བསམ་བློ་དང་ཚིག་སྦྱོར་སྐོར་ལ་དོགས་པ་བྱས་པ་ཙམ་ཡིན།

 

ས་བཅད་གཉིས་པ།  ཅི་ཞིག་ལ་དཔལ་ཡོན་ཟེར་ཞེས་པ་དང་བསམ་གཞིག

         དཔལ་ཡོན་རྣམ་བཤད་འབྲི་བའི་རྒྱུ་མཚན་ནི་ལོ་ཙཱ་པ་དང་རྩོམ་པ་པོ་གཉིས་ཀྱིས་ཚིག་གསལ་དུ་ཐོན་པ་བཞིན་ད་སྐབས་བོད་ཀྱི་ན་གཞོན་པ་མང་ཆེ་བས་བོད་རང་གི་རིག་གནས་ལ་ཡིད་ཆེས་འབོར་བཞིན་ཡོད་པ་ལ་སེམས་ཁུར་བྱས་པ་ཡིན་པར་གསུངས་ཤིང་། རང་གིས་ཀྱང་ཟླ་སྔོན་མའི་ནུབ་བྱང་མི་རིགས་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་སློབ་གླིང་གི་བགྲོ་གླེང་ཞིག་གི་སྟེང་དེ་དང་ཕྱོགས་འདྲ་བ་ཞིག་བཤད་པ་ཡིན་མོད། སེམས་ཁུར་ལྷག་མའམ་གསལ་བོ་ཞིག་ངོ་མ་འཕྲོད་པ་གང་ཡིན་མི་ཤེས་ཀྱང་། ཚང་མས་དེར་དོ་སྣང་གང་ཡང་བྱས་མ་སོང་། སྤྱིར་ན་ད་སྐབས་མི་རིགས་ཀྱི་ཕྱོགས་འཛིན་པ་མང་ཆེ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཇིག་པར་གྱུར་ཚེ་མི་རིགས་ཀྱང་འཇིག་ཚར་བ་སྣང་ནས། དེའི་ཕྱོགས་ལ་སེམས་ཁྲལ་དང་ནུས་པ་ཅི་ནུས་ཀྱིས་འདོན་བཞིན་ཡོད་ཀྱང་། ཞིབ་ཏུ་བསམ་དགོས་པ་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་དང་། དམག་དོན། ཁྲིམས་ལུགས། ཆོས་ལུགས་སོགས་ཁམས་ཀྱི་དར་རྒུད་གང་མང་བྱས་པའི་རྐྱེན་གྱིས་ད་ལྟ་རྗེས་ཤུལ་ཕྲ་མོ་ཙམ་ཡང་རྙེད་དཀའ་བའི་ཚོད་ཙམ་དུ་འདུག་ཀྱང་། བོད་ཅེས་པའི་མི་རིགས་འདིའི་ངོ་བོ་དང་ཚོགས་པ་འདི་མ་འཇིག་པར་གནས་པ་ཡོད་པ་འདི་ཡིན།

      སྐབས་འདིར་བརྗོད་པར་བྱ་བ་ནི་མ་ཕྱིའི་ས་བཅད་དང་པོའི་སྐོར་ཡིན། འདིར་རྩོམ་པ་པོས་དད་པ་ནི་ཀུན་གྱི་གཙོ་བོ་དང་། དེ་ལས་རིན་ཐང་དང་སྤྱོད་པ་རིམ་པར་འབྱུང་ཞིང་། དེ་གསུམ་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་སྲོག་ལྡན་ཡོད་ཚད་འདྲ་མཉམ་གྱིས་འཚོ་ཐུབ་པའི་དཔལ་ཡོན་གྱི་རྒྱུ་ཞིག་འདེབས་པར་བཤད་ཅིང་། དེ་ཡང་སྔོན་དུས་རང་གིས་བཀླགས་པའི་《རིག་གནས་རིག་པ་སྤྱི་བཤད་》ལས་མི་ནི་རིག་གནས་ཀྱི་བསྐྱེད་འབྲས་ཤིག་ཡིན་ཞེས་འབྱུང་བ་དང་འདྲ་བོ་འདུག་སྙམ་པའི་སྣང་ཚུལ་ཞིག་ཀྱང་སྐྱེས། དེ་ཡང་འདིར་དཔལ་ཡོན་ནི་མི་དང་རང་བྱུང་ཁམས་འབྲེལ་འདྲིས་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ཞེས་འབྱུང་མོད། དེ་ནི་བོད་ལས་འབྱུང་བའི་དངོས་པོ་ཞིག་ཡིན་ཞེས་འབྱུང་བ་དང་འདྲ་བར་མཐའ་གཅིག་ཏུ་གཞི་འཛིན་ཡུལ་མེད་པས་གོ་བ་བདེ་ལེགས་སུ་ལོན་བའི་འབྲས་བུ་ཞིག་ཐོབ་ཤིན་ཏུ་དཀའ། ལྷག་ཏུ་ཚེ་སྲོག་གཅིག་ཚེ་སྲོག་གཞན་ཞིག་ལ་དགོས་མཁོ་ཡོད་པ་ལ་དཔལ་ཡོན་ཞེས་ན་དེ་བས་ཀྱང་མགོ་ཉོག་འགྲོ་བ་ཞིག་རེད། དཔལ་ཡོན་ཞེས་པའི་རིག་ཚན་འདི་བོད་ལ་མཚོན་ན་ཚིག་དང་ནང་དོན་གང་ཐད་ནས་ཀྱང་གསར་བ་ཞིག་ཡིན་པས། ཀློག་པ་པོ་ཐམས་ཅད་དེའི་ཐད་ནས་ལས་དང་པོ་བ་ཤ་སྟག་ཡིན་ངེས། དེ་བས་དེའི་སྐོར་གྱི་རྩོམ་འབྲི་བ་དང་གཏམ་བཤད་གནང་སྐབས་“དཔལ་ཡོན་ནི་མི་དང་རང་བྱུང་ཁམས་འབྲེལ་འདྲིས་ལས་བྱུང་བའི་འབྲས་བུ་ཞིག་ཡིན། འཚོ་བ་ཇི་ལྟར་རོལ་བའི་ཐབས་ཤེས་དང་། ཚེ་སྲོག་ལ་ལྟ་བ་ཅི་འདྲ་ཞིག་འཛིན་པ་སོགས་ཀྱི་བསྡོམས་རེད་”ཅེས་གསུངས་པ་ལས། འབྲས་བུ་དང་ཐབས་ཤེས་དང་ལྟ་བ་འཛིན་ཚུལ་གང་ཞིག་དཔལ་ཡོན་པ་གསལ་བོར་སྨྲ་བ་དང་། དེ་ཡང་ཞིབ་ཚགས་དང་དཔེར་བརྗོད་སོགས་ཐབས་གང་ཡོད་ཀྱིས་ཀློག་པ་པོ་རྣམས་ལ་འཚམ་སྦྱོར་བ་ནི་གལ་ཆེ་བར་འདོད། འདིིར་རྒྱའི་མི་རིགས་ཀྱིས་དཔལ་ཡོན་ལ་ངོས་འཛིན་ཚུལ་ཞིག་འབྱུང་ཞིང་། དེའི་ཐད་ལ་ཉིད་ཀྱིས་རིག་གནས་དང་བྱ་དངོས་གང་ཞིག་ཡིན་ཀྱང་ཐོག་མར་ངོས་འཛིན་གསལ་བོ་ཞིག་དགོས་པ་གལ་ཆེན་དུ་གསུངས་པ་ཤིན་ཏུ་བདེན་པའི་གཏམ་དུ་མཐོང་ནའང་། བདེན་པ་དང་ལེགས་པའི་ཆ་དག་བརྗོད་ནས་ཡིག་ཚོགས་སྤོང་བའི་དགོས་པ་ཆེར་མ་མཐོང་བས་དོར་བཞག རྒྱས་དཔལ་ཡོན་ལ་ངོས་འཛིན་བྱེད་ཚུལ་གྱིས་བོད་ལ་ཤུགས་རྐྱེན་ཐེབས་ཡོད་པར་གསུངས་ཡོད་ཅིང་། ད་སྐབས་གཞན་གྱི་རིག་གནས་ཀྱིས་བོད་ལ་ཤུགས་རྐྱེན་ཐེབས་པ་འདི་ཕྱི་རྐྱེན་དང་གནས་སྟངས་གསར་བ་ཞིག་མིན་པར་གནའ་དུས་ནས་བོད་འདི་ཅོལ་ཆུང་དང་གཞན་གྱིས་བསླུ་སླ་བའི་བཤད་ཚུལ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བྱུང་བས། དེ་ནི་སྲོལ་རྒྱུན་རིག་གནས་གང་ཞིག་གི་རྐྱེན་གྱིས་ཡིན་པར་འདོད། འདིར་རིག་རྩལ་བསྐྱར་དར་དང་བོད་ཀྱི་རིག་གནས་བརྗོད་སྐབས་གཅིག་མཚུངས་སུ་དད་པ་ལ་གནད་དོན་མེད་པར་གསུངས་ནའང་། དད་པ་ནི་མིའི་སེམས་བརྒྱུད་ལས་འཇོག་པ་ལས་གཞུང་ལུགས་སུ་བཤད་ཚུལ་ལམ་རྣམ་བཞག་ཙམ་ལས་ཅི་ཡང་མེད། དེ་བས་གདོད་མའི་དུས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་མ་ཐོབ་པས་ལྷ་དང་དཀོན་མཆོག་ཅེས་པའི་མགོན་བྱེད་མཁན་དང་། འདྲེ་དང་བདུད་ཅེས་པའི་གནོད་བྱེད་མཁན་ཞིག་ཀྱང་ཡོད་པར་ཡིད་ཆེས་ནས། སྐྱབས་བཅོལ་བའི་སེམས་བྱུང་ཞིག་ཡོད་པ་དེ་ལ་དད་པ་ཞེས་བྱ་ཞིང་། དེ་ནི་ཆེས་ཐོག་མའི་དད་པ་དང་རིགས་མི་འདྲ་བའི་དད་པ་སོགས་ཀྱི་མཚན་ཉིད་དུ་འཇོག་རིགས་ཤིང་། དེ་ལྟ་བུའི་སེམས་བྱུང་དང་རིག་གནས་ཙམ་ལ་བརྟེན་ནས་རྒྱལ་པོ་དང་ཆོས་དཔོན་དང་སྐུ་དྲག་དག་འབྱུང་བ་ཡིན། མིིའི་རིགས་ཀྱི་སེམས་སུ་དེ་འདྲའི་སེམས་བྱུང་ཞིག་མེད་ཚེ་ནུབ་གླིང་དུ་མུན་ནག་གི་དུས་སྐབས་དང་སྡུག་བཤགས་ཤོག་བྱང་བཙོང་བའི་ལས་འབྱུང་མི་སྲིད་པ་རེད། རྒྱུ་མཚན་དེ་དག་གི་དབང་གིས་དད་པ་ལ་གནད་དོན་བྱུང་བ་མ་རེད་ཅེས་ན་གོ་དཀའ་ཞིང་ཞིབ་ཏུ་མ་བསམ་པ་ཞིག་ཏུ་སྣང་གི  རྗེས་སུ་བྱུང་བའི་གཞུང་ལུགས་དག་ལས་བཤད་པའི་དད་པའི་འགྲེལ་དེ་དག་ནི་སྤྱི་ཚོགས་ཀྱི་དགོས་པ་གཞན་ཞིག་ལ་དམིགས་ནས་མཁས་པའི་ཤེས་རབ་ཀྱི་རྩལ་ཙམ་དུ་ཟད།    ནུབ་གླིང་དང་སྲོལ་རྒྱུན་རིག་གནས་ལས་དད་པ་ཞེས་གན་དང་ངས་དད་པ་ཞེས་པ་འདི་ཞེས་རང་གིས་ནང་དོན་བཀྲལ་བ་བཞིན་ལོ་རྒྱུས་ལ་སྡོམ་འགོད་པ་ནི་རིགས་པ་དང་འཐད་པའི་གནས་སུ་མི་མཐོང་།  བལྟས་ཚོད་དུ་ནུབ་གླིང་དུ་ཆོས་ལུགས་གསར་བཅོས་བྱས་ནས་བཟུང་ཆབ་སྲིད་དང་། དཔལ་འབྱོར། རྩོམ་རིག་སོགས་ལེགས་ལམ་དུ་སོང་ཡོད་པའི་སྣང་ཚུལ་ཞིག་འབྱུང་མོད། ཆོས་ལུགས་གསར་བཅོས་བྱས་མ་ཐག་ནས་མི་མང་གིས་དང་ལེན་བྱས་པས་དེའི་ཤེས་རབ་དང་སྲོལ་རྒྱུན་རིག་གནས་ལ་འབྲེལ་བ་ཡོད་སྲིད་ཅིང་། ལྷག་དོན་རིག་གནས་འཕེལ་རྒྱས་ལ་ངེས་པར་དུ་མཁོ་བ་ནི་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཡིན་པས། ནུབ་གླིང་ལ་དེ་ལྟ་བུའི་རིག་གནས་སྣ་ཚོགས་ཤིག་འབྱུང་བ་ནི་རིག་རྩལ་བསྐྱར་དར་གྱི་མགོར་སུར་ཕན་སོགས་ཀྱི་མཚོ་ཐོག་ཏུ་འགྲིལ་ལམ་གསར་བ་བཏོད་པ་ལ་ཡང་འབྲེལ་བ་ཆེ་བར་འདུག     དུས་རིམ་བར་མ་དང་མ་རྩ་རིང་ལུགས་སྤྱི་ཚོགས་གཉིས་ཀྱི་དཔལ་ཡོན་དང་དེའི་རྟགས་བཤད་པའང་རྒྱུན་ཤེས་དང་རྩོམ་པ་པོའི་བསམ་བློར་མི་གཏོགས་པས་སྐབས་སུ་བབ་པའི་བཤད་བྱ་རུ་མ་བླངས། གོང་དུ་སོང་ཟིན་པ་ལྟར་ཚེ་སྲོག་ཅིག་ཚེ་སྲོག་གཞན་ཞིག་ལ་དགོས་མཁོ་ཡོད་པ་དང་། མི་རིགས་གང་དེའི་གཞི་གྲུབ་མི་རིགས་གཞན་པ་དེའི་གཞི་གྲུབ་ལ་དགོས་པ་ཡོད་པ་དེ་ལ་དཔལ་ཡོན་ཞེས་བསྙད་ན་གང་ཞིག་འཆད་ཀྱིན་པ་གསལ་ཁ་མེད། དེ་ལྟར་ཟེར་དོན་ནི་དགོས་མཁོ་ཇི་ལྟར་ཡོད་ཚུལ་དང་སྐབས་འདིའི་དགོས་མཁོ་ཞེས་པ་མཐའ་གཅིག་ཏུ་གང་ལ་ངོས་འཛིན་དགོས་པ་སོགས་ལ་གསལ་བཤད་རྣམ་དག་ཅིག་མེད་པས། བྲན་གཡོག་ཏུ་བཀོལ་བ་ལ་དགོས་མཁོ་ཡོད་པ་དང་གྲོགས་བྱེད་པ་ལ་དགོས་མཁོ་ཡོད་པའི་དོན་ཡོད་ཅིང་། སྐབས་འདིར་དེ་ལྟ་བུའི་རིག་པ་རག་པ་ཞིག་འཆད་བཞིན་པ་ག་ལ་ཡིན།

      གོང་དུ་སྨྲས་ཟིན་པ་བཞིན་འདིར་དཔལ་ཡོན་ལ་བཟང་ངན་མེད་ཅེས་བཤད་པའི་རྗེས་དེ་མ་ཐག་ཏུ་དཔལ་ཡོན་ངན་པ་ལ་ཀླ་ཀློ་ཟེར་བ་དང་། དཔལ་ཡོན་བཟང་བོ་ལ་མིང་གང་ཞིག་གིས་གདགས་དགོས་མིན་ཆ་མི་འཚལ་ཚུལ་འབྱུང་ལ། དེ་ནི་ནང་འགལ་ཆེན་པོ་ཞིག་ཡིན་ཀྱང་། བོད་ལ་རྩོམ་པ་པོས་བསྟན་བཅོས་མཛད་སྐབས་ཉམས་མ་བཞག་པའི་ཚུལ་ཞིག་བཤད་དུ་ཡོད་པ་དང་མཐུན་པར་བཞག་ཡོད། བསྒྲུབ་བྱ་དངོས་ཏེ་བོད་ཀྱི་དཔལ་ཡོན་ནི་འགྲོ་མི་ཙམ་མ་ཡིན་པར་ཚེ་སྲོག་ཐམས་ཅད་འདྲ་མཉམ་གྱི་སྟེང་ན་ཡོད་ཅེས་དང་། དེ་ལྟ་བུའི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་སུ་མི་ཀུན་ལ་རྣམ་ཤེས་ཡོད་པ་འདྲ་མཚུངས་ཡིན་ཙམ་ལས། གཞན་དུ་ལས་བབ་མི་འདྲ་བའི་ཁྱད་པར་མ་གཏོགས་གྲལ་རིམ་ཡོད་མི་རིགས་པའི་ཚུལ་གསལ་བར་འབྱུང་ཞིང་། འདི་ནི་ནང་ཆོས་སུ་བདག་གཞན་ཉམས་བརྗེ་དང་མར་གྱུར་སེམས་ཅན་ཐམས་ཅད་ཅེས་འབྱུང་བ་དེ་ལ་གཞི་བཅོལ་བ་ཡིན་ལ། འདི་ལྟ་བུའི་དཔལ་ཡོན་ཞིག་གཏན་ལ་འབེབས་ན་དེའི་ལོ་རྒྱུས་ཀྱི་མགོ་ཁུངས་ནི་དུས་རབས་བརྒྱད་པ་སྟེ་ཁྲི་སྲོང་ལྡེ་བཙན་གྱི་ཡན་ལ་འདེད་དུ་མེད་ཅིང་། མ་རྩོམ་འདིར་འབྱུང་བ་བཞིན་དཔལ་ཡོན་ལ་དབྱེ་ན་གཞུང་ལུགས་སུ་བྱུང་བའི་དཔལ་ཡོན་དང་། འཚོ་བའི་ཁྲོད་དུ་དར་བའི་དཔལ་ཡོན་བཅས་གཉིས་ཡོད་པས། གནད་འདི་གཞིར་བཟུང་ནས་བོད་མི་རིགས་འདི་དོན་དམ་པའི་དཔལ་ཡོན་དང་ལྡན་པའི་སྤྱི་ཚོགས་ཤིག་ཡིན་མིན་ལ་དོགས་པ་བྱེད་དགོས་པ་ཡིན། དེ་ཡང་དང་པོ་ནང་བསྟན་དུ་དལ་བརྒྱད་འབྱོར་བཅུ་དང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ཞེས་མི་དང་མིའི་བར་ལ་ཡང་མཐོ་དམན་དང་ལས་བཟང་ངན་གྱི་ཁྱད་པར་ཞིག་གསུངས་ཤིང་། དེ་ནི་ཆོས་ལུགས་སྤེལ་བའི་དགོས་པ་ལ་དམིགས་ནས་འབྱུང་ཞིང་། རྗེས་ཀྱི་ཆོས་རྒྱུད་འཛིན་པ་རྣམས་ཀྱིས་གསར་དུ་བསྣན་པ་མིན་པར་ཆེས་ཐོག་མའི་གཞུང་ལུགས་ཀྱི་ནང་དོན་དུ་གཏོགས་པ་ཞིག་ཡིན་པས། བོད་ལ་གཞུང་ལུགས་སུ་བཤད་པའི་དཔལ་ཡོན་ཞིག་ཡོད་པར་སྨྲ་བ་དོན་དང་ལྡན་པའི་གཏམ་དུ་མ་མཐོང་ལགས། ཞིབ་ཏུ་གོ་དགོས་པ་ཞིག་ལ་དེ་ནི་དུས་རབས་བརྒྱད་པའི་མན་ནས་ད་ལྟའི་བར་གྱི་རིག་གནས་ཀྱི་རྣམ་གྲངས་སུ་མེད་པར་བཤད་པ་ཡིན། གཉིས་པ། སྤྱིར་ན་དཔལ་འབྱོར་དང་ལག་རྩལ་འཕེལ་རྒྱས་ཆེར་མེད་ཅིང་། བཀས་བཀོད་རྒྱུད་འཛིན་སོགས་ཀྱི་བྲན་གཡོག་ལམ་ལུགས་བརྒྱུད་མྱངས་པའི་སྤྱི་ཚོགས་ཤིག་ཡིན་ནས་བཟུང་། གང་དེའི་སྲོལ་རྒྱུན་རིག་གནས་དང་དམངས་ཁྲོད་དུ་གྲལ་རིམ་གྱི་བག་ཆགས་ཤིག་ཡོད་པ་ཁ་ཚོད་གཅོད་ཐུབ་པ་ཞིག་རེད་མོད། བྱེ་བྲག་ཏུ་མཚན་གཞི་རེ་གཉིས་ཤིག་དྲངས་ན། འུ་ཚོའི་དམངས་ཁྲོད་དུ་“ཡར་ལུང་ཁོག་ལ་བསྡད་ན།། ཡར་ལྷ་ཤམ་པ་མཆོད་དགོས།།” ཞེས་དང་། “མི་ཆེན་ལ་ཚིག། ཆུ་ཆེན་ལ་རྡོ།།”ཞེས་ལྟ་བུ་ས་གནས་དང་ཁྱིམ་ཚང་སོ་སོའི་ནང་དུ་རྒྱུགས་སོ་ཆེ་བར་འདུག་པས། བོད་ལ་འཚོ་བའི་ནང་དུ་ཡང་དཔལ་ཡོན་ཞིག་ཡོད་པར་སྨྲས་ན་འཐད་པའི་རྣམ་འགྱུར་སུས་ཀྱང་སྟོན་མི་ནུས། ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་ཡང་དུས་རབས་བརྒྱད་པའི་རྗེས་སུ་རྒྱལ་ཁམས་ནང་འཁྲུག་དང་། དུས་རབས་བཅུ་གསུམ་པ་ནས་དགའ་འབྲས་དོན་རྐྱེན་གྱི་བར་དུ་གྲུབ་མཐའི་འགལ་བ་ཡིས་བསྐྱེད་པའི་ནང་དམེ་རྒྱུན་མི་ཆད་པར་བྱུང་། བྱེ་བྲག་ཏུ་རུ་དང་འཚོ་བ་དང་ཁྱིམ་ཚང་ཕན་ཚུན་བར་ལ་ཡང་རྐུ་འཕྲོག་དང་གསོད་གཏུབ་ཀྱི་ལས་མང་པོ་ཞིག་འབྱུང་བས། ཞིབ་ཏུ་བསམ་ན་བོད་མི་རིགས་འདི་དཔལ་ཡོན་དང་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པ་སུས་ཀྱང་སྨྲ་མི་ནུས་པ་ཞིག་ཏུ་སྣང་། ངག་ཙམ་ལས་སེམས་ཅན་ཐམས་ཅད་ཅེས་བཟླས་པ་ཙམ་གྱིས་དེ་ཡོད་ག་ལ་འཇོག་ནུས། གོང་དུ་སོང་བའི་རྒྱུ་མཚན་དེ་དག་ལ་གཞིག་ན་འུ་ཚོའི་སྤྱི་ཚོགས་ལ་བརྩེ་བ་ཆེན་པོའི་དཔལ་ཡོན་ཞིག་སྤྱོད་པའི་སྟེང་ལ་འབབ་ཐུབ་པའི་དཔལ་ཡོན་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་དང་དེའི་རྨང་གཞི་ཞིག་ཡོད་ཟེར་ན་ཤིན་ཏུ་དཀའ་བའི་ཚོད་རེད། འབྲུག་པ་དང་བོད་གཉིས་རྩ་བའི་ཆ་ནས་མི་འདྲ་ས་ཆེན་པོ་ཞིག་ཡོད་པ་ནི་ཆོས་ལུགས་སུ་གཏོགས་པའི་གཞི་རྩའི་སྲོལ་རྒྱུན་ནམ་གྲལ་རིམ་ལམ་ལུགས་མེད། དཔེར་འགྲོ་མིན་གསལ་བོར་བཤད་དཀའ།

       ཡང་འདིར་བོད་མིས་“དམག་འཁྲུག་ཟེར་བ་ཇི་ལྟར་རྒྱག་དགོས་པའང་མི་ཤེས། ཐ་ན་རྡུང་རེས་རྩུབ་པོ་ཙམ་ཡང་རྒྱག་མི་ཤེས།”ཞེས་དེ་ཉིད་དཔལ་ཡོན་ཅན་ཡིན་པའི་རྟགས་སུ་འཇོག་མོད། དམག་འཁྲུག་རྒྱག་མི་ཤེས་པ་དང་། ཤེས་བཞིན་དུ་མ་བརྒྱབ་པ་གཉིས་ཀྱི་བར་ལ་དཔལ་ཡོན་ཡིན་མིན་གྱི་ཁྱད་པར་ཆེན་པོ་ཞིག་ཡོད་དེ། དེ་ནི་རྐུ་བྱེད་མ་ཤེས་པ་དང་རྐུ་བྱེད་ཤེས་བཞིན་དུ་མ་བྱས་གཉིས་ཀྱི་བར་ཀུན་སྤྱོད་ཡིན་མིན་གྱི་ཁྱད་པར་ཡོད་པ་དང་འདྲ་བོ་འདུག དཔེར་ན། བཀྲ་ཤིས་ཀྱིས་དམག་འཁྲུག་རྒྱག་མ་ཤེས་པས་གཡུལ་ལ་མ་ཞུགས་པ་དང་། ཚེ་རིང་གིས་དམག་འཁྲུག་རྒྱག་ཤེས་བཞིན་དུ་གཡུལ་ལ་མ་ཞུགས་པ་གཉིས་ལས་གང་ཞིག་ནི་དཔལ་ཡོན་དང་ལྡན་པའི་སྐྱེས་བུ་རེད་དམ། ཀུན་གྱིས་ཕྱིར་འདོད་པ་འཁྲུལ་དུ་མེད་པས། གོང་དུ་དྲངས་པ་དེ་ཉིད་བོད་མི་རིགས་དཔལ་ཡོན་དང་ལྡན་པའི་མི་རིགས་ཤིག་ཡིན་པའི་སྒྲུབ་བྱེད་རྣམ་དག་ཅིག་མ་རེད་བསམ་སོང་།

      ཡང་འདིར་“དུས་ཚོད་མང་པོ་ཞིག་སྤྱད་ནས་གཏེར་ཁ་ལ་ཞིབ་འཇུག་བྱེད་ཁོམ་མེད། ”ཅེས་འབྱུང་བ་ལ། ཞོར་འཕྲོས་ཀྱི་ཚུལ་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྲིད་ལུགས་གསར་བཅོས་སྐོར་དྲན་ཡོང་སྟེ། སྐུ་ཕྲེང་བཅུ་གསུམ་པས་ཆེད་དུ་ལུང་ཤར་གཙོས་པའི་གཞོན་སྐྱེས་འགའ་ཞིག་དབྱིན་ཡུལ་དུ་སློབ་སྦྱོང་ལ་བཏང་ཞིང་། རྗེས་སུ་དེ་རྣམས་ཕྱིར་འབྱོར་ནས་དམག་དོན་དང་གཏེར་འདོན། ལག་རྩལ་སྐོར་གྱི་བྱ་བཞག་འགའ་ཞིག་སྒྲུབ་པའི་འགོ་བཟུང་ནའང་། སྐབས་དེའི་བོད་མི་དག་གིས་གཏེར་ཁ་འདོན་པ་ནི་ལྷ་ཀླུའི་ཐུགས་དཀྲིག་པར་བསྒྲགས་ནས་ལས་མཚམས་བཅད་པ་རེད། དེ་བས་གལ་ཏེ་གཏེར་ཁ་ལ་ཞིབ་འཇུག་དང་དེ་འདོན་པའི་ཁོམ་པ་ཡོད་པའི་དབང་དུ་བཏང་རུང་། ལས་དེ་ཉིད་མཐར་ཕྱིན་པ་ཞིག་ཡོང་མི་སྲིད་པ་ཞིག་རེད།

       འདིར་“ཁོ་ཚོའི་དད་པའི་ལྟ་བ་ཡང་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པས། ཚེ་སྲོག་གཞན་ལ་གནོད་པ་བྱེད་དགོས་པའང་ཡིད་ལ་ཡང་འཁོར་བ་རེད་”ཅེས་འབྱུང་མོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་དང་མིན་ནི་བློ་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའི་གནས་སུ་མཐོང་།

ས་བཅད་གསུམ་པ།  མིའི་རིགས་ཀྱི་དཔལ་ཡོན་གྱི་རིགས་དབྱེ་དང་བསམ་གཞིག

        《དཔལ་ཡོན་རྣམ་བཤད་》དུ་“དེས་ན་ང་ཚོ་བོད་པ་དག་གི་མི་རྒྱུད་གང་ནས་མཆེད་པ་རེད་ཅེ་ན། བོད་ཡུལ་གྱི་མི་དེ་དག་ནི་ལ་འདུས་ལུང་འདུས་ཀྱི་མི་ཞིག་རེད།”ཅེས་དང་། “

      ཡོ་རོབ་ནས་རྒྱ་གར་ལ་སླེབས་པའི་མི་དེ་དག་གི་ནང་སྐོར་ཅིག་བོད་ལ་སླེབས།”ཞེས་དང་། “ད་རུང་མ་ལེ་མི་རྒྱུད་ཀྱི་མི་ཁག་ཅིག་བྱང་ཕྱོགས་སུ་སོང་བ་དང་། མི་དེ་དག་བོད་ལ་ཐོན་པ་རེད་”ཅེས་སོགས་བོད་མིའི་འབྱུང་ཁུངས་ཐད་ལ་བཤད་ཚུལ་གསར་བ་ཞིག་འབྱུང་ཞིང་། སྤྱིར་ལོ་རྒྱུས་ནི་ཡིག་རིགས་འདྲ་མིན་དང་ཡིག་ཚང་ཅི་རིགས་ཤིག་ལ་ཁུངས་བཅོལ་ནས་སྨྲ་བ་ལས་ངས་བསམ་ན་འདི་རེད་ཅེས་ལབ་པ་མེད་པས། འདི་ལ་དཔྱད་པ་འཇོག་ཟེར་ན་བློ་ཡིད་ཚིམས་པ་ཞིག་རང་ལ་ཡང་འབྱུང་དཀའ་བས། འདིར་རང་ཉིད་ཀྱིས་སྔོན་ཆད་བོད་མིའི་འབྱུང་ཁུངས་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་པ་འདིར་དཀྱུས་སུ་འགོད་པར་བྱ།

(དཀྱུས།)

          དེ་ཡང་འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》ལས་“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིག་པའི་གནོད་པ་མེད།”ཅེས་གསུངས་པ་འཐད་ལྡན་གྱི་ལེགས་བཤད་དུ་མཐོང་སྟེ། དེ་ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“འཕགས་པའི་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའུ་ཞིག་དང་། འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིས་རི་དྭགས་གཟུགས་བརྙན་བློའི་ཟླ་གཞོན་དྭངས་མའི་ངོས་སུ་ཤར་བའི་བྲག་སྲིན་མོ་གཉིས་ཚོགས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུག་གུ་དྲུག་བྱུང་བ་ཡང་། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁོག་གྲིམས་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིང་རོ་གྱོང་བ་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས་”ཞེས་གསུངས་སོ།། གོང་དུ་སོང་ཟིན་པ་ལྟར་སྔོན་རབས་པ་རྣམས་ཀྱིས་བརྩམས་པའི་ཆོས་འབྱུང་དག་ལ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་ནའང་། དེ་ཡང་གདོད་མའི་དུས་ཀྱི་ཕ་ཤུལ་བུས་འཛིན་ནམ་རུས་རྒྱུད་འཚོ་བའི་བྱེད་པ་ལ་བརྟེན་ནས་ངག་ཐོག་གི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་རྗེས་སུ་ཆོས་ལུགས་དར་སྤྲེལ་གྱི་དགོས་དབང་ལ་དམིགས་ནས་ལྷ་སྒྲུང་གི་བསླད་བཏབ་པ་ཡིན་པས། དེ་ལའང་རྩ་བའི་ལོ་རྒྱུས་ཆོས་ཉིད་ཀྱི་ངོ་བོ་ཡོད་སྲིད་པའི་ཆ་ནས་འདིར་བསྟན་པའི་ཆོས་འབྱུང་གི་ལུང་དུམ་ལ་ཡང་མཐའ་དཔྱོད་ཀྱི་ཡུལ་དུ་འཛིན་པའི་རིན་ཐང་ཡོད་ཆོག་པ་ཡིན། འདིར་འཕགས་པ་དང་འཕགས་མ་སྒྲོལ་མ་གཉིས་ཀྱིས་རིགས་བསྒྱུར་བའམ་སྤྲུལ་བ་ཞེས་པ་ནི་ལྷ་སྒྲུང་གི་རྣམ་པ་ཡིན་པས་འདོར་དགོས་པ་ཡིན་ནའང་། དེ་ལས་མིའི་རིགས་ཀྱི་མཆེད་ཁུངས་ནི་བྲག་སྲིན་གྱི་རིགས་དང་སྤྲེལ་རིགས་གཉིས་ཡིན་པར་བསྟན་པའི་གསུངས་ནི་བསྟན་བྱ་དངོས་དང་མཐུན་པའི་ལུགས་སུ་མཐོང་དགོས་པ་ཡིན། ཡང་བྲག་སྲིན་མོ་དང་སྤྲེའུ་གཉིས་ལས་ཕོ་གསུམ་མོ་གསུམ་བྱུང་བ་ལས་བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་ཏུ་བྱུང་བར་བསྟན་པའོ།། དེ་དང་མཐུན་པ་ཞིག་ནི་བོན་གཞུང་《སྤྱི་སྤུངས་》ལས་“སྟོན་པ་ཀུན་ཏུ་བཟང་བོ་དང་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་གཉིས་འགྲོ་བ་བརྟེན་གནས་མེད་པ་རྣམས་། ཐུགས་རྗེས་བཟུང་བའི་ཕྱིར། སྲིད་པ་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལ་བཞེངས་ནས། ཐབས་དང་ཤེས་རབ་སྙོམ་འཇུག་གིས། དགོངས་པ་ལ་བཞུགས་ཏེ། …བསམ་དང་དྲན་གཉིས་རྒྱ་མཚོ་གླིང་དགུར་སྤྲུལ་བ་ལས། ཕྱི་མོ་གནམ་ཕྱི་གུང་རྒྱལ་ཞེས་བྱུང་། ཤེས་དང་རིག་གིས། ཁ་ལེ་སྟོང་འབྱམ་གྱི་བག་ལས་སྤྲུལ་བ་ལས། རིན་པོ་ཆེའི་སྒོ་ང་གཅིག་ཏུ་སྲིད། དེ་རང་གིས་རང་བརྡོལ་བའི་ནང་དུ། སངས་པོ་འབུམ་ཁྲི་ཞེས་བྱ་བྱུང་། ”ཞེས་དང་། 《སྲིད་པའི་མཛོད་ཕུག་》ལས་“ཆུ་ལྕགས་རྒྱལ་མོ་(ཕྱི་མོ་གནམ་ཕྱི་གུང་རྒྱལ།)དང་ཡབ་སངས་པོ་འབུམ་ཁྲི་བཤོས་པ་ལས་མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས་ཞེས་དང་། སྲིད་རྗེ་དྲང་དཀར་སོགས་མིང་པོ་དགུ་རྣམས་སྲིད་པའི་ལྕམ་མོ་མི་འདྲ་བ་དགུ་དང་བཤོས་པ་ལས་སྲས་ཀྱི་རྣམ་གྲངས་དུ་མ་ཞིག་བྱུང་ཡོད། ”ཅེས་གསུངས་ཤིང་། སྐབས་འདིར་བཤོས་ཞེས་པ་ནི་ལུས་འབྲེལ་གྱི་དོན་ཡིན།  དེ་དག་གི་རྒྱུད་རིམ་པར་འཕེལ་ནས་བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་ཏུ་གྱེས་པར་བརྗོད་དོ།། བཤད་ཚུལ་སྔ་མ་ནི་ནང་བསྟན་ཆོས་འབྱུང་དུ་གྲགས་པའི་ལུགས་ཡིན་ཞིང་། ཕྱི་མ་ནི་བོན་གྱི་ཆོས་འབྱུང་གཙུག་ལག་ཏུ་གྲགས་པའི་བཤད་ཚུལ་ཡིན། དེ་གཉིས་ལ་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་ནའང་བོད་ཀྱི་རྩ་བའི་མི་བརྒྱུད་གང་ལས་མཆེད་པའི་ཆོས་ཉིད་གསལ་བོར་སྟོན་པར་ལུགས་གཉིས་ཞལ་མཐུན་ཅིང་། དེ་གཉིས་ནི་བོད་ཀྱི་གདོད་མའི་དུས་ཀྱི་མི་རྒྱུས་ལ་ངེས་ཤེས་འདྲེན་བྱེད་ཀྱི་གཙུག་ལག་འགང་ཆེན་ཞིག་ཏུ་སྣང་། མི་རིགས་ཤིག་རྒྱུད་གང་ལས་མཆེད་པའི་ལོ་རྒྱུས་ལ་དོགས་ཞིབ་བྱེད་དགོས་ན་མི་རིགས་གང་དེའི་གདོད་མའི་ལྷ་སྒྲུང་དང་གནའ་རབས་ཀྱི་གཙུག་ལག་བསྟན་བཅོས་གང་རུང་དུ་ཇི་ལྟར་གསུངས་པ་དེ་ལྟར་དུ་ཐག་གཅོད་པ་ལས། ཆབ་དཔལ་རིག་གསུམ་གྱིས་དུས་ཡུན་ངེས་ཅན་ཞིག་ལ་དབང་བསྒྱུར་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་མི་རིགས་ཕན་ཚུན་གཅིག་འོག་གཅིག་ལ་བསྡུ་བ་ནི་གཏན་ཚིགས་ཀྱིས་འགྲེལ་བཤད་ཐུབ་པ་ཞིག་མ་རེད། གཞན་ཡང་བོད་མི་ནི་སྤྲེལ་དང་བྲག་སྲིན་ལས་མཆེད་པར་བཤད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དེ་ལྷ་སྒྲུང་གི་རྣམ་པར་བཟོས་པའི་གཏམ་རྒྱུད་དེ་ཡང་སྤྱི་ལོ་མ་ཚུགས་གོང་གི་རྒྱ་གར་དང་བོད་ཀྱི་བྲན་གཡོག་རྒྱལ་ཕྲན་གང་རུང་དུ་བྱུང་བའི་ལོ་རྒྱུས་ཤིག་ལ་གཞི་བཅོས་ནས་བརྩམས་པར་སྣང་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་དེས།། བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་ཀུན།། མི་ལུས་ཐོབ་ཏུ་རུང་བའི་དུས་གཟིགས་ནས།། པོ་ཊ་ལ་ཡི་རི་ལ་གནས་པ་ཡི།། སྤྲེའུ་ཞིག་སྤྲུལ་ཡོངས་རྫོགས་དགེ་བསྙེན་བྱིན།།”ཞེས་དང་། “ལྷ་མོ་སྒྲོལ་མས་སྤྲུལ་པ་བྱས་པ་ཡི།། བྲག་སྲིན་མོ་ཞིག་དེར་འོངས་ཆགས་པའི་བརྡ།། ཉིན་ཞག་འགའ་བྱས་སྤྲེའུའི་སེམས་གཡོས།།”ཞེས་དང་། “སྤྲེའུ་སྙིང་རྗེས་བྲལན་གྱུར་ཅི་བྱས་སྙམ།། སྐད་ཅིག་ཙམ་གྱིས་པོ་ཊ་ལ་རུ་སོང་།།…འཕགས་པའི་ཞལ་ནས་དེ་ཡི་ཁྱིམ་ཐབ་གྱིས།། ཁྱོད་ཀྱི་གཞན་དོན་རླངས་ཆེན་འགྱུར་རོ་གསུང་།།”ཞེས་དང་། “སྤྲུལ་བའི་སྤྲེལ་བྲག་སྲིན་འདུས་པ་ལས།། རིས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཞིག་བྱུང་།…ལོ་འགའ་ལོན་ནས་བལྟ་རུ་ཕྱིན་པའི་ཚེ།། དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱར་འཕེལ།། ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད།། ཡི་དྭགས་ལྟ་བུ་སྙིང་རྗེའི་གནས་སུ་མཐོང་།། རང་གིས་གསོས་པས་མ་སོས་རབ་ཏུ་ངལ།། རྫུ་འཕྲུལ་མཐུ་ཡིས་པོ་ཊ་ལ་རུ་སོང་།། འཕགས་པའི་དྲུང་དུ་ཐལ་སྦྱར་གསོལ་བཏབ་པ།། ཀྱེ་མ་ཁྱིམ་ཐབ་འཁོར་བའི་བཙོན་ར་་དང་།། བུད་མེད་བདུད་ཀྱི་ཕོ་ཉར་མ་ཤེས་ལ།། འདོད་པ་དུག་གི་ལོ་མར་མ་རཏོགས་པས།། བུ་ཚ་འཁོར་བའི་འདམ་དུ་བདག་ཚུད་དོ།།…བྱམས་མགོན་བདག་ལ་སྐྱོབ་པར་མཛོད་ཅེས་གསོལ།། སྤྱན་རས་གཟིགས་དབང་ཞལ་ནས་རིགས་ཀྱི་བུ།། སྡུག་བསྔལ་མི་དགོས་ཁྱོད་ཀྱི་སྤྱོད་པ་ལེགས།། ཁྱོད་ཀྱི་རིགས་བརྒྱུད་དེ་རྣམས་མིར་གྱུར་ནས།། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར།། དེ་ཀུན་ང་ཡིས་ཆོས་དང་ཟང་ཟིང་གིས།། ཀུན་ནས་སྐྱོང་ཞེས་བཞེངས་ཏེ་བོད་ཡུལ་གཟིགས་།། རི་རབ་ཟོམ་ནས་འབྲུ་སྣ་ལྔ་བླངས་ཏེ།། བོད་དུ་གཏོར་བས་མ་རྨོས་ལོ་ཏོག་བྱས།།། རིན་ཆེན་སྣ་ལྔ་ཕྱག་གིས་བཅུས་ནས་གཏོར།། སྨོན་ལམ་མཛད་པས་མ་འོངས་སྐབས་སྐབས་སུ།། རིན་ཆེན་གཏེར་ཀུན་ས་ལས་རིམ་གྱིས་འབྱུང་།། བྱང་ཆུབ་སེམས་དཔས་རང་གི་རིགས་རྒྱུད་རྣམས་།། ཁྲིད་དེ་མ་རྨོས་པ་ཡི་ལོ་ཏོག་བསྟན།།”ཞེས་པ་འདིར་སྤྱན་རས་གཟིགས་ཞེས་པ་དང་འཕགས་མ་སྒྲོལ་མ་ཞེས་དང་། སངས་རྒྱས་བསྟན་པ་ཞེས་པ་སོགས་ནི་གནའ་བོའི་ལོ་རྒྱུས་ཀྱི་ངོ་བོ་ཉིད་ལ་རྗེས་སུ་སྟེ་ནང་བསྟན་སྔ་དར་རམ་ནང་བསྟན་བར་དར་གང་རུང་ལ་ནང་བསྟན་གྱི་ཆོས་འབྱུང་རྩོམ་མཁན་རྣམས་ཀྱིས་སྔར་གྱི་ལོ་རྒྱུས་གཙུག་ལག་ལ་བཟོས་བཅོས་སམ་ཚིག་སྣོན་གནང་བ་ཡིན་ངེས་པས་འདོར་བྱ་ཡིན། གཞན་དུ་འདིར་བསྟན་དོན་ལ་འཕགས་པ་སྤྱན་རས་གཟིགས་ཞེས་པས་རྗེ་བོ་སྟོན་པ་དང་། དགེ་སྙེན་གྱི་སྤྲེའུ་ཞེས་པས་རྗེ་བོ་གང་དེའི་མངའ་ལ་གཏོགས་པའི་བློན་པོ་ཞིག་སྟོན་པ་དང་། པོ་ཊ་ལ་ཞེས་པས་རྗེ་བོ་གང་དེའི་གནས་སམ་ཕོ་བྲང་སྟོན་པ་དང་། མི་མིན་སྤྲེའུ་མིན་བཞི་བརྒྱ་ཞེས་པས་བློན་པོ་གང་དེའི་མངའ་འབངས་སྟོན་པ་དང་། ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད་ཅེས་གསུངས་པ་ལས་ཤིང་ཐོག་ནི་འབྲུ་རིགས་ལ་གོ་དགོས་ཤིང་། བཀྲེས་པས་འཐབ་ཅིང་རྩོད་ཅེས་པ་ནི་རུས་རྒྱུད་རྒྱལ་ཕྲན་གཅིག་གི་ནང་ཁུལ་གྱི་རྒྱུ་འབྱོར་འཕྲོག་རྩོད་ཀྱི་འཁྲུག་པར་གོ་དགོས་པ་ཡིན། རང་གིས་གསོས་པས་མ་སོས་རབ་ཏུ་ངལ།། ཞེས་པ་ནས། ཀུན་ནས་སྐྱོང་ཞེས་བཞེངས་ཏེ་བོད་ཡུལ་གཟིགས་།། ཞེས་པའི་བར་དུ་རྗེ་བོ་གང་དེ་དང་བློན་པོ་གང་དེའི་བར་གྱི་མངའ་རིས་ཀྱི་འབྲེལ་བ་དང་རྒྱུ་འབྱོར་གྱི་འབྲེལ་བ་སོགས་སྟོན་ཅིང་། རི་རབ་ཟོམ་ནས་ཞེས་པས་རྗེ་བོ་གང་དེའི་རྒྱུ་ནོར་གྱི་མཛོད་ཁང་སྟོན་པ་ཡིན། བླངས་པ་ནི་གནང་བའི་དོན་ཡིན། འབྲུ་སྣ་ལྔ་དང་རིན་ཆེན་སྣ་ལྔ་ཞེས་པ་ལས་རྗེ་བློན་འབངས་གསུམ་གྱི་དངོས་བྱུང་ལོ་རྒྱུས་ཤིག་དང་རིགས་འགྲེལ་ནས་བསྟན་པའི་ལོ་རྒྱུས་དང་ལྷ་སྒྲུང་ངོ་བོ་གཅིག་ཏུ་འདྲེས་པའི་གཏམ་རྒྱུད་དེ་ནི། རུས་རྒྱུད་ཚོ་བའི་དུས་རིམ་འདས་ནས་བྲན་གཡོག་རྒྱལ་ཁབ་ཚུགས་ནས་ཡུན་རིང་འགོར་བའི་དུས་སུ་བྱུང་བའམ། སྤྱི་ལོ་ཚུགས་རྗེས་ཏེ་མིའི་རིགས་ཀྱིས་གསེར་དངུལ་ཟངས་ལྕགས་ཀྱི་རིན་ཐང་ལ་ངེས་ཤེས་ཐོབ་པའི་རྗེས་སུ་བྱུང་བར་མཐོང་ཐུབ་པ་ཡིན། ཆོས་མཁས་དགའ་ལས་བསྟན་པའི་འཕགས་པ་སྤྱན་རས་གཟིགས་དབང་དང་དེས་རིགས་བསྒྱུར་བའི་སྤྲེའུ་གཉིས་ཀྱི་འབྲེལ་བ་དེ་དག་རྗེ་བློན་བར་གྱི་དངོས་བྱུང་གཏམ་རྒྱུད་ཅིག་དང་སྦྱར་ན་འབྱོར་བདེ་བས་དེ་ལྟར་དུ་དོགས་པ་ཡིན། 《ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་》ལུང་ཚིག་དེ་ཡང་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཀྱི་བཤད་ཇི་མ་ཇི་བཞིན་དུ་སྣང་ཞིང་། དཔའ་བོ་གཙུག་ལག་ཕྲེང་བ་དང་ཉང་ཉི་མ་འོད་ཟེར་རྣམ་གཉིས་ཀྱི་བར་དུ་དུས་རབས་གསུམ་ལྷག་གི་བར་རྒྱུགས་པས། དཔའ་བོ་གཙུག་ལག་ཕྲེང་བས་སྔོན་རབས་ཀྱི་ལོ་རྒྱུས་བསྟན་བཅོས་ལ་ལད་ཟློས་བྱས་པར་མཐོང་། འདི་ཡང་གནའ་རབས་ཀྱི་ལོ་རྒྱུས་སམ་གཏམ་རྒྱུད་གཤའ་མ་དག་རྗེས་སུ་ལྷ་སྒྲུང་དང་གཏམ་རྒྱུད་གཞན་པར་བསྒྱུར་བའི་སྐྱོན་ཅུང་ཙམ་རེ་མཆིས་ནའང་། དེ་ཡང་རྩ་བའི་ཆ་ནས་བོད་མི་ནི་གདོད་མའི་དུས་ནས་བཟུང་མདོ་དབུས་མཐོ་སྒང་འདི་རུ་གནས་ཆགས་པར་བསྟན་པའོ།། ཡང་དེ་ཉིད་ལས་“ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི།། ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།།”ཞེས་པའི་ལུང་ཚིག་ལས་ས་དབུས་མཐོ་སྒང་འདིར་གནས་པའི་གདོད་མའི་མི་རྣམས་ཐོག་མར་དུད་འགྲོ་ལས་རིམ་འགྱུར་བྱུང་སྟེ་ཟས་སུ་ལོ་ཏོག་ཟ་བ་དང་། དེ་ནས་དུས་རིམ་ངེས་ཅན་ཞིག་འདས་རྗེས་སུ་རྡོས་བཟོས་ཀྱི་ལག་ཆའི་རིགས་ལམ་ལ་བརྟེན་ནས་རི་དྭགས་རྨོན་པའི་དུས་རིམ་དུ་བར་བརྒལ་བྱུང་ཞིང་།  དེ་ནས་ས་རྒོད་ཞིང་དུ་རྨོས་ནས་འབྲུ་རིགས་འདེབས་པའི་འཚོ་སྒྲུབ་ཀྱི་དུས་རབས་སུ་ཞུགས་པ་བཅས་མཐོང་ཐུབ་པ་ཡིན། འདི་དག་ཀྱང་གདོད་མ་ནས་བརྒྱུད་པའི་ངག་རྒྱུན་གྱི་ལོ་རྒྱུས་ལ་རྗེས་སུ་སླད་སྐྱོན་གང་ཡང་མ་ཐེབས་པའི་གཙུག་ལག་ཅིག་རེད། སྐབས་འདིའི་ལུང་ཚིག་སྔ་ཕྱི་གཉིས་སུ་“བོད་ཡུལ་གཟིགས་”ཞེས་པ་དང་“བོད་ཡུལ་གང་”ཞེས་པས་དུད་འགྲོ་ལས་རིམ་འགྱུར་བྱུང་བའི་བོད་མིའི་རུས་ཆེན་བཞིའམ་རུས་ཚན་དྲུག་གི་གདོད་མའི་མེས་རབས་རྣམས་གནས་ཆགས་ཡུལ་ནི་མིའམ་ཡུལ་བྱེ་བྲག་པའི་མིང་སྤྱི་མིང་དུ་ཆགས་པའི་བོད་ཀྱི་ཡུལ་འདིའི་གནས་གང་ཞིག་ཡིན་པ་ཚིག་ལས་རྟོགས་ཐུབ་པ་ཡིན། ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“རྒྱལ་པོ་རུ་ཏ་ཏི་དཔུང་བཅས། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ལས་འཕེལ་བའི་རིགས་ཀྱང་ཡོད་སྲིད་”ཅེས་གསུངས་པ་ནི་ལེགས་པར་ངེས་པའི་གཏམ་དུ་གོ་དགོས་ཏེ། མདོ་འདུས་ཀྱི་ལུང་ཚིག་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས་“ནུབ་ཕྱོགས་དམུ་ཡི་ཡུལ།། ཤར་ཕྱོགས་རྒྱ་ཡིས་ཡུལ།། ལྷོ་ཕྱོགས་མུན་མི་ཡུལ།། ཤར་ལྷོ་འཇང་གི་ཡུལ།། བྱང་ཕྱོགས་ས་ལེ་དལ་ཕྲལ།། བྱང་ཤར་ཧོར་གྱི་ཡུལ།། གངས་ཅན་བོད་ཀྱི་ཡུལ།། མི་རིགས་སུམ་བརྒྱ་དྲུག་ཅུ་གནས།། ཡུལ་ཆེན་བཅུ་དྲུག་དང་།། ཡུལ་ཕྲན་སྟོང་དང་བཅས།”ཞེས་དང་། ཡང་《ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུད་》ལས་“ཡུལ་ཕྲན་སྟོང་དང་། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་། སྐད་རིགས་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་སྐད་དོ། རི་རྒྱུད་ཆེན་པོ་བཞི་ཡོད་དེ།”ཞེས་པ་ལས་བདུན་བརྒྱ་ཉི་ཤུ་དང་སུམ་རྒྱབ་དྲུག་ཅུ་གསུངས་པ་ནི་ཚིག་ཉམས་སྟོན་པ་དང་གྲངས་མང་པའི་དོན་སྟོན་པའི་ཆེད་དུ་གོ་དགོས་ནའང་། བོད་ཀྱི་ཡུལ་འདིར་ཡང་གནའ་དུས་སུ་ཕྱི་ཕྱོགས་ནས་ཡུལ་བྱོལ་དུ་འོང་བའི་མི་རིགས་གཞན་དག་འདུས་སྡོད་བྱས་པ་ནི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་གྱི་ལུང་ཚིག་དེས་ཤུགས་ལས་དཔོག་ནུས་པ་ཡིན། ཡིན་ཡང་། བོད་ཀྱི་གདོད་མའི་མེས་རབས་རྣམས་དང་རྒྱལ་པོ་རུ་པ་ཏི་དཔུང་ཚོགས་ཀྱི་བར་དུ་དུས་རབས་དུ་མ་འདས་ཡོད་པ་ཚིག་སྒྲོས་ལས་མཐོང་ཐུབ་སྟེ། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན་ཞེས་པས་ཆེས་གདོད་མའི་དུས་རབས་ཀྱི་མི་རྣམས་སྟོན་པ་དང་། རྒྱལ་པོ་རུ་པ་ཏི་དཔུང་ཚོགས་ཞེས་པས་རུས་རྒྱུད་ཚོ་བའི་དུས་རིམ་འདས་ནས་བྲན་གཡོག་རྒྱལ་ཁབ་ཚུགས་རྗེས་ཀྱི་དུས་རབས་སྟོན་པ་ཡིན་པས། དེ་གཉིས་ཀྱི་བར་ལ་མ་མཐའ་ཡང་ལོ་གྲངས་སྟོང་ཕྲག་དུ་མའི་ཁྱད་པར་ཞིག་ཡོད་སྲིད་པ་ཡིན་ནོ།། གནའ་དུས་སུ་བོད་དུ་འཁྱལ་བའི་མི་རིགས་གཞན་དག་ཀྱང་རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་སྐད་དང་ཡི་གེ་ཉམས་ནས་བོད་ཀྱི་མི་དང་རིག་གནས་ཀྱི་ཁུངས་སུ་འདྲེས་ནས་རྗེས་ཤུལ་ཕྲ་མོ་ཙམ་ཡང་མེད་གྱུར་ཡོད། རུས་རྒྱུད་ཚོ་བའི་དུས་རབས་དང་བྲན་གཡོག་རྒྱལ་ཕྲན་གྱི་དུས་རབས་སུ་གཅིག་གྱུར་གྱི་རྗེ་བོ་དང་ངེས་གཏན་གྱི་ཁྲིམས་ལུགས་ཤིག་མེད་པས། རུས་རྒྱུད་ཚོ་བ་དང་བྲན་གཡོག་རྒྱལ་ཕྲན་དེ་དག་གིས་ཐུན་མོང་དུ་སྤྱོད་པའི་སྐད་ཆས་ཁྱབ་ཚོད་ཀྱིས་སྤྱི་ཡོངས་ཀྱི་ས་ཁོངས་གཏན་འབེབས་བྱེད་དགོས་པ་ཡིན་པས། ད་སྐབས་མདོ་དབུས་ཁམས་གསུམ་དུ་གྲགས་པའི་ས་ཆ་ཁྱོན་ཆེ་བ་འདི་གདོད་མའི་དུས་ནས་བོད་སྐད་སྨྲ་བ་དག་གིས་བདག་གིར་བཟུང་བ་ནི་གནའ་བོའི་ལོ་རྒྱུས་གཙུག་ལག་ལས་ཤེས་ནུས་ཏེ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ།”ཞེས་གསུངས་ཤིང་། དེ་ཡང་གཙོ་བོ་བོད་ཀྱི་རྩ་བའི་རུས་ཆེན་བཞི་ལས་ཆད་པའི་རུས་རྒྱུན་ཚོ་བ་རྣམས་ཀྱི་ཁྱབ་ཚད་ཀྱི་ས་ཁོངས་སྟོན་པ་ཡིན་ཞིང་། གནའ་བོའི་ཡིག་རྙིང་དག་ལས་སྤྲེའུ་རིགས་ཞེས་པས་ཕོ་རིགས་སྟོན་པ་དང་བྲག་སྲིན་ཞེས་པས་མོ་རིགས་སྟོན་པ་ཡིན་ཞིང་། དེ་ཡང་གཙོ་བོ་གནའ་བོའི་རུས་རྒྱུད་ཚོ་བའམ་བྲན་གཡོག་རྒྱལ་ཕྲན་དག་གི་མེས་རབས་རྣམས་སྟོན་པ་ཡིན། དེ་བས་ལུང་ཚིག་འདི་ལས་བོད་ཡུལ་གྱི་ཆེས་གདོད་མའི་དུས་རབས་ཀྱི་མེས་པོ་རྣམས་ད་ལྟའི་གྲགས་ཚོད་ཀྱི་མདོ་དབུས་ཁམས་གསུམ་ཀུན་ཏུ་གནས་ཆགས་ནས་དབང་བསྒྱུར་བར་རྟོགས་ནུས་པ་ཡིན། འདིར་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཀྱི་གསུངས་སྒྲོས་ཕལ་མོ་ཆེ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལུང་ཚིག་དག་ལ་བཟོ་བཅོས་མ་གནང་རང་སོར་དུ་བཞག་ཅིང་། རྩོམ་མཁན་རང་ཉིད་ཀྱི་ལོ་རྒྱུས་ཀྱི་ལྟ་སྟངས་གསར་བ་འདི་ཡིན་ཟེར་བ་ཞིག་མི་སྣང་བ་བཅས་ཀྱི་སྐྱོན་ཆ་ཤིན་ཏུ་མང་དྲགས་པས། འདི་ཉིད་ལ་ཆོས་འབྱུང་མཁས་དགའི་རྗེས་སུ་བྱུང་བ་ལ་ལྷག་དོན་གྱི་ཁྱད་ཆོས་གང་ཡང་མེད་དོ།།

མཇུག་བསྡུ་བ།

   འདིར་གཟའ་འཁོར་གཉིས་ཀྱི་དུས་ཡུན་སྤྱད་ནས་《དཔལ་ཡོན་རྣམ་བཤད་》ཚར་གཉིས་བཀླགས་ནས་བསམ་ཚུལ་འདི་བྲིས་པ་ཡིན། ཐེངས་དང་པོར་ལོ་ཙཱ་པས་བསྒྱུར་བ་ལ་རྣམ་དབྱེའི་ཕྲད་ཀྱི་ཆད་ལྷག་དང་ཚིག་གི་སྦྱོར་སྟངས་སོགས་སྐྱོན་རེ་སྐབས་དང་སྐབས་སུ་འཕྲད་འདུག་པས། དེ་དག་ལ་དག་བཅོས་ཀྱི་ཚུལ་དུ་དྲ་ལམ་དུ་རྩོམ་ཡིག་ཅིག་འབྲི་འདོད་སྐྱེས་ཀྱང་། དཔེ་ཆ་འདི་ཉིད་འགྲེམ་སྤེལ་ཐད་ལ་བར་ཆད་རེ་བཟོ་མི་འགྲོ་བསམ་ནས་བསྐྱུར་བཞག དེ་རྗེས་དཔེ་ཆ་འདིའི་ཚིག་གི་ཆ་ལ་ཟུར་ཙམ་དང་ནང་དོན་གྱི་ཆ་ལ་གཙོ་བོར་དམིགས་པའི་རྩོམ་ཡིག་ཐུང་ཐུང་ཞིག་འདོད་ཀྱི་ཀུན་སློང་ཞིག་སྐྱེས་པས། ད་ཐེངས་དཔེ་ཆའི་ཀླད་ཀྱི་གཏམ་དང་། མ་རྩོམ་གྱི་ས་བཅད་དང་པོ་ལ་དོགས་སློང་ཅུང་ཙམ་དང་། ས་གཉིས་པ་ལ་རྩོམ་པ་པོས་བཤད་པའི་བོད་མིའི་འབྱུང་ཁུངས་དང་དེའི་རང་གིས་བྲིས་པའི་ལོ་རྒྱུས་བརྩམས་ཆོས་ཤིག་དཀྱུས་སུ་དྲངས་ནས་འབྲི་ཁུལ་བྱས་པ་ཡིན། འདིར་ཚིག་གི་སྦྱོར་སྟངས་སོགས་ཀྱིས་ལོ་ཙཱ་པ་དང་རྩོམ་མཁན་རྣམས་གཉིས་ལ་མ་གུས་པའི་ཚུལ་འདྲ་ཡོད་ན་གུས་པོས་དགོངས་འགལ་མེད་པར་ཞུ། འདིར་རང་གི་བསམ་ཚུལ་ཙམ་གླེང་བ་དང་དཔེ་ཆ་འདི་ལ་དམིགས་ཀྱིས་དོ་སྣང་བྱས་པ་ཙམ་ལས་ཀུན་སློང་གཞན་པ་གང་ཡང་མེད།།

རླབས་སྒྲའི་རྩོམ་དབང་གཞན་གྱིས་བཀོལ་མི་རུང་།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།