རྒྱལ་ཁམས་སྐོར་བའི་རབ་བྱེད།(འགྱུར་མ)

895

 Francis Baconགྱིས་བརྩམས།
 གནམ་ཕྱུག་རྒྱལ་གྱིས་བསྒྱུར།


      ཡུལ་ཕྱོགས་གཞན་དུ་འགྲུལ་སྐྱོད་བྱེད་པ་ནི་གཞོན་ནུར་མཚོན་ན་སློབ་གསོའི་ཆ་ཤས་ཤིག་ཡིན་ལ། རྒན་པར་མཚོན་ན་མྱོང་བརྒྱུད་ཅིག་ཡིན། རྒྱལ་ཁབ་ཅིག་གི་སྐད་ཡིག་མ་བསླབས་པར་ཡུལ་ལུང་དེ་གར་བསྐྱོད་ན། འགྲུལ་སྐྱོད་དུ་ཕྱིན་ཅེས་སྨྲ་བ་ལས་སློབ་གཉེར་དུ་སོང་ཞེ་ན་དགའ། གཞོན་ནུ་དག་རྒྱལ་ཁམས་གཞན་དུ་འགྲུལ་སྐྱོད་བྱེད་ན་སྒེར་གྱི་སློབ་དཔོན་ཞིག་གམ་ཡང་ན་འཁོར་གཡོག་གོ་ཆོད་བསམ་ཤེས་ཤིག་གམ་དུ་ཡོད་ན་ལེགས། འོན་ཀྱང་ཞབས་འབྲིང་དེ་ཅིས་ཀྱང་རྒྱལ་ཁམས་དེའི་སྐད་ཡིག་རྟོགས་ཁར་ཡུལ་ལུང་དེར་བསྐྱོད་མྱོང་བ་ཞིག་ཡིན་དགོས།

དེ་ལྟ་བུའི་མཐུན་རྐྱེན་འཛོམས་ན་འགྲོ་སའི་རྒྱལ་ཁམས་དེའི་དོན་བྱ་གང་ལ་བལྟ་རིན་ཡོད་པ་དང་། མི་སུ་དག་ལ་འགྲོག་འདྲིས་འོས་པ། ལུས་རྩལ་གང་ཞིག་སྦྱོང་དགོས་པ། རིག་ཚན་ཅི་ཞིག་བསླབ་རིགས་པ་སོགས་ཞུ་ཐུབ། དེ་ལས་ལྡོག་ཚེ། གཞོན་ནུ་དེ་ཝ་སྨུག་པའི་ནང་ལྷུང་བ་ལྟར་གྱུར་ནས་མི་ཡུལ་རྒྱལ་ཁམས་སུ་འགྲིམས་ཀྱང་མཐོང་ཐོས་ཉུང་ངུ་ཙམ་ལས་ཡོད་མི་སྲིད། ཕྱོགས་འགྲུལ་པ་ དག་ལ་སྤྱོད་ངན་ཞིག་ཡོད་པ་ནི་སྔོ་མེར་རྒྱ་མཚོའི་ཀློང་དུ་འགྲུལ་བཞུད་བྱེད་སྐབས་མཚོ་ཆུ་དང་དགུང་སྔོན་ལས་གང་ཡང་མཐོང་རེ་བྲལ་བའི་དུས་ཁོ་ཚོས་རྒྱུན་དུ་ཉིན་ཐོ་འབྲི་ངེས་ནའང་། སྐམ་སར་འགྲིམས་ནས་སྣོད་བཅུད་ཉམས་དགའ་བ་སྟར་ཆགས་སུ་མངོན་དུས་སྣག་ཤོག་དང་རྒྱང་བཀྱེད་ཅིང་། དེ་ནི་སྟེས་དབང་གི་མཐོང་ཐོས་ནི་བསམ་བཞིན་ཞིབ་ལྟ་བྱས་པ་དང་བསྡུར་ན་ཟིན་ཐོར་འགོད་འོས་པ་དང་འདྲ་བས་དགོད་རེ་བྲོ། དེའི་ཕྱིར། ཉིན་ཐོ་བྲི་རྒྱུ་གོམས་འདྲིས་སུ་འཇགས་འོས།

འགྲུལ་སྐྱོད་པས་འགྲོ་སའི་རྒྱལ་ཁམས་དེའི་རྒྱལ་པོའི་ཕོ་བྲང་དང་སྒོས་སུ་རྗེ་བོ་རྣམས་ཀྱིས་རྒྱལ་ཁབ་ཁག་གི་ེཕོ་ཉར་མཇལ་འཕྲད་གནང་སྐབས་དང་། ཞུ་གཏུག་གི་ཁྲིམས་ཁང་དང་སྒོས་སུ་ཁྲིམས་དཔོན་གྱིས་ཁྲིམས་ར་བསྐོངས་ནས་གྱོད་ཞིབ་བྱེད་དུས། ད་དུང་ཆོས་རྒྱུད་ཁག་གི་ཆོས་ཚོགས་ཀྱིས་གཉེར་བའི་ཆོས་ཕྱོགས་ཀྱི་མཛད་རིམ། དགོན་པ་ཆོས་སྡེ་ཁག་དང་དེ་བཞིན་དེ་དག་གི་ལོ་རྒྱུས་གནའ་ཤུལ། གྲོང་ཁྱེར་དང་གྲོང་རྡལ་ཁག་གི་ལྕགས་རི་དང་བཙན་རྫོང་། ཚོང་འདུས་དང་གྲུ་ཁ། སྔོན་གྱི་བཟོ་བཀོད། ཞིག་རོ། དཔེ་མཛོད་ཁང་། གཙུག་ལག་སློབ་གླིང་། སྟབས་ལེགས་ཀྱི་རིག་གཞུང་བགྲོ་གླེང་དང་གཏམ་བཤད། དེ་བཞིན་རྒྱལ་ཁབ་དེའི་སྐྱེལ་འདྲེན་གྲུ་གཟིངས་དང་མཚོ་དམག་གི་རུ་དཔུང་། གྲོང་ཁྱེར་འདབས་རོལ་གྱི་མཛེས་ཤིང་བརྗིད་པའི་བཟོ་བཀོད་དང་སྐྱེད་ཚལ། གོ་མཚོན་གྱི་མཛོད་ཁང་། རྒྱལ་ཁབ་ཀྱི་གན་མཛོད། ཉོ་ཚོང་འདུ་གནས། ཐེབས་རྩ་ཚོགས་པར་ལྟ་རོལ། རྟ་རྩལ་དང་། གྲི་རྩེད། དམག་སྦྱོང་བཅས་དེ་ལྟ་བུའིི་རིགས་ཀྱི་རྩལ་སྣར་ལྟ་རོལ། ཡུལ་ལུང་དེའི་མི་ཆེན་སྐུ་དྲག་གི་དགའ་མོས་བྱ་ཡུལ་གྱི་ཟློས་གར་ལ་ལྟ་རོལ། རིན་ཆེན་རྒྱན་གོས་དང་དམར་དཔེ་རྩ་ཆེན་སྣ་ཚོགས་ལ་ལྟ་རོལ་བཅས་བྱེད་འོས།

ཚིག་བརྒྱ་མདོར་དྲིལ་ན། རང་ཉིད་སླེབས་སའི་ཡུལ་ལུང་དེའི་གནས་བཟང་ལྗོངས་བཀོད་དང་ཡུལ་སྲོལ་གུས་ལུགས་མཐའ་དག་ལ་ལྟ་རོལ་བྱེད་དགོས། གོང་དུ་བཤད་པའི་འགྲོ་ཡུལ་དག་རྩད་གཅད་རྒྱུ་ནི་ལྷན་ཕེབས་སྒེར་གྱི་སློབ་དཔོན་ནམ་ཡང་ན་དྲུང་བཅར་འཁོར་གཡོག་གི་ལས་ཡིན། རྟེན་འབྲེལ་མཛད་སྒོ་དང་། ལྷ་མོ་ཟློས་གར། དགའ་སྟོན་སྤྲོ་ཚོགས། གཉེན་སྟོན་ཤིད་ཆོག སྲོག་ཁྲིམས་ཉེས་ཆད་སོགས་འདུ་ལོང་ཆེ་བའི་ཐད། འགྲུལ་སྐྱོད་པས་ཞིབ་ཏུ་དཔྱད་དགོས་དོན་མེད་ནའང་། སྣང་ལ་མ་ངེས་པར་བསྐྱུར་ཡང་མི་འོས། གཞོན་ནུ་ཞིག་ལ་ཡུན་ཐུང་ཐུང་རིང་ཡུལ་ཁམས་ཆུང་ངུ་བསྐོར་ནས་མཐོང་ཐོས་ཆེན་པོ་འབྱུང་བར་བྱེད་ན། ཁོས་ཅི་ནས་ཀྱང་འདི་ལྟར་བྱ་དགོས་ཏེ། ཐོག་མར་གོང་དུ་སྨྲས་པ་བཞིན་ལམ་དུ་མ་ཆས་སྔོན་ལ་ཁོས་རྒྱལ་ཁམས་དེའི་སྐད་ཡིག་རོབ་ཙམ་རྟོགས་དགོས། དེ་ནས་གོང་བརྗོད་ལྟར་ཁོ་ལ་ཡུལ་ལུང་དེར་རྒྱུས་མངའ་ཡོད་པའི་འཁོར་གཡོག་གམ་ཡང་ན་སྒེར་གྱི་སློབ་དཔོན་དགོས། གསུམ་ནི་ཁོ་རང་གིས་རྒྱལ་ཁམས་དེ་ཉིད་ངོ་སྤྲོད་པའི་དཔེ་དེབ་དང་ས་བཀྲ་རེ་འགའ་ཁྱེར་ནས་སོང་ན། དོགས་གནད་སེལ་བའི་ལམ་སྟོན་སྣེ་ཤན་དུ་འགྱུར་ངེས་ཡིན། ད་དུང་ཉི་མ་རེར་ཁོས་ཅིས་ཀྱང་ཉིན་ཐོ་འབྲི་བའི་རྒྱུན་ཡང་སྐྱོང་དགོས།

གྲོང་ཁྱེར་རམ་གྲོང་རྡལ་གཅིག་ཏུ་ཡུན་རིང་པོར་འདུག་མི་ཉན། དུས་ཀྱི་རིང་ཐུང་ཡུལ་ལུང་གི་རིན་ཐང་ལ་བསམས་ཏེ་གཏན་ཁེལ་ཆོག་མོད་ཡུན་རིང་ན་མི་བཟང་། དེར་མ་ཟད། གྲོང་ཁྱེར་རམ་གྲོང་རྡལ་ཞིག་ཏུ་འདུག་པའི་ཚེ་ན། འདུག་གནས་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་བརྗེ་དགོས་ཏེ་སྐྱེ་བོ་སྔར་བས་མང་བ་ངོ་ཤེས་པའི་དགེ་མཚན་ཡོད། ཁོ་རང་གིས་རང་ཡུལ་ལུང་པའི་རིགས་མཐུན་དག་ལ་འགྲོག་འདྲིས་མི་བྱ་བར་ཡུལ་ཁམས་དེ་གའི་མི་དང་འབྲེལ་འདྲིས་ཐུབ་པའི་ས་ཆར་བཟའ་བཏུང་ལ་རོལ་འོས། གནས་གཅིག་ནས་གནས་གཞན་དུ་སྤོ་དུས། གང་ཐུབ་ཅི་ནུས་ཀྱིས་གནས་གཞན་དེའི་ཁ་དྲག་མི་དཔོན་ལ་སྤྲིངས་པའི་འོས་སྦྱོར་ཡི་གེ་རེ་འཐོབ་ཐབས་བྱས་ན་ལེགས། དེ་ལྟར་བྱུང་ཚེ་སོ་སོ་རང་གིས་ཐུག་འདོད་ཤེས་འདོད་ཀྱི་དོན་བྱར་ཐུག་དུས་མི་དེའི་ཕྱག་རོགས་འཐོབ་པ་ཡིན། གོང་དུ་ཞུས་པའི་གནད་དེ་དག་སྒྲུབ་ནུས་ཚེ། དུས་ཐུང་གི་འགྲུལ་བཞུད་ཁྲོད་ཁོ་རང་ལ་ཕན་ཆེན་པོ་ཐོགས་ངེས། ཡུལ་ཁམས་སྐོར་བའི་རིང་མི་ཅི་འདྲ་བ་ལ་འགྲོག་འདྲིས་བྱེད་པའི་ཐད། ངས་བསམས་ན་རྒྱལ་ཁབ་ཁག་གི་ཕོ་ཉའི་དྲུང་ཡིག་ངོ་ཤེས་ཞལ་འདྲིས་བྱུང་བ་ལས་ལྷག་པ་མེད།

དེ་བརྒྱུད་ནས་རྒྱལ་ཁམས་གཅིག་ཏུ་འགྲུལ་སྐྱོད་བྱེད་མཁན་ལའང་རྒྱལ་ཁམས་མང་པོ་བསྐོར་བའི་ཕུན་ཚོགས་སྣང་བ་སྦྱིན་ཐུབ། འགྲུལ་སྐྱོད་པས་འགྲོ་སའི་ལུང་པ་དེའི་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་སྐྱེས་བུ་རྣམས་ཀྱི་དྲུང་དུ་ཞལ་མཇལ་འཚམས་ཞུར་བཅར་འོས་ཤིང་། ཁོང་རྣམ་པའི་སྙན་གྲགས་ཅི་ཙམ་དོན་ལྡན་ཡིན་ཚུལ་གྱི་ངེས་ཤེས་སྐྱེ་སྲིད་པ་ཡིན། ལམ་འགྲུལ་གྱི་སྐབས་ཀུན་ཏུ་རང་གི་སྤྱོད་ལམ་དང་སྐད་ཆའི་ཐད་མཉམ་བཞག་ནས་འཁོན་རྩོད་མི་ཡོང་བར་བྱེད་དགོས། སྤྱིར་ཡང་འཁོན་རྩོད་ཡོང་གཞི་ཕལ་ཆེ་བ་ནི་མཛའ་མོ་དང་། ཆང་རག འདུག་གྲལ། ཡང་ན་ཚིག་རྩུབ་ཀྱི་རྐྱེན་ལ་རག་ལས། ཁྱོད་དང་ལྷན་དུ་སྐྱོད་པའི་ཁྲོ་སླ་ཞིང་རྩོད་ལ་དགའ་བའི་རོགས་པ་ཚོར་ཅི་བས་ཀྱང་གཟབ་གལ་ཆེ་སྟེ། སྟབས་ཉེས་ན་ཁོ་ཚོས་ཁྱོད་རང་ཡང་འཁོན་རྩོད་ཀྱི་མི་སྐྱིད་པའི་འཚུབ་མའི་ནང་འདྲུད་ན་ཐང་། ཕྱོགས་འགྲུལ་པ་རང་ཡུལ་ལུང་བར་ཕྱིར་ལོག་རྗེས་རང་ཉིད་འགྲིམས་མྱོང་བའི་རྒྱལ་ཁམས་དེ་དག་དྲན་ཡུལ་ནས་གཏིང་བརྗེད་དུ་འབོར་མི་ཉན་པར། ཞལ་འདྲིས་ངོ་ཤེས་བྱུང་བའི་གྲོགས་པོའི་ཚོགས་ལ་འཕྲིན་ཡིག་གཏོང་བའི་རྒྱུན་སྐྱོང་འོས།

ད་རུང་ཐུགས་སྣང་མཛད་འོས་པ་ཞིག་ལ་རང་ཉིད་ཀྱི་འགྲུལ་སྐྱོད་ཉམས་སྣང་དག་གྱོན་གོས་སམ་སྤྱོད་ལམ་ནས་མངོན་པ་ལས་སྨྲ་བརྗོད་ཁྲོད་ཚོར་དུ་བཅུག་ན་མཛེས། ཡིན་ནའང་སོ་སོའི་འགྲུལ་བཞུད་ཀྱི་སྐོར་གླེང་དུས། རབ་ན་དྲིས་པའི་ལན་གཟབ་ནན་ངང་འདེབས་པ་མ་གཏོགས་ཡ་མཚན་གྱི་སྒྲུང་གཏམ་བཤད་རྒྱུར་བྲེལ་མི་རུང་། དེ་མིན་པ་ད་རུང་མཉམ་འཇོག་དགོས་པ་གཅིག་ནི། གཞན་ཡུལ་ལུང་བར་འགྲིམས་པ་རྒྱུ་མཚན་དུ་བྱས་ནས་རང་གི་རྒྱལ་ཁམས་ཀྱི་སྲོལ་ལུགས་ཁ་ཅིག་བསྒྱུར་བའི་སྣང་བ་མི་སྐྱེད་པར། རང་ཉིད་ཀྱིས་མི་ཡུལ་ལུང་བ་ནས་བསླབས་པའི་ལེགས་ཆ་རྒྱན་དུ་འགྱུར་བ་ཁ་ཅིག་རང་ཡུལ་ལུང་བའི་སྲོལ་ལུགས་ནང་དྲངས་འདུག་སྙམ་པའི་སྣང་བ་མི་རྣམས་ལ་སྦྱིན་དགོས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།