སློབ་གཉེར་དཔེ་ཀློག་གི་རབ་བྱེད།(ཞར་བཀོད་གཅིག)

1588


སློབ་གཉེར་དཔེ་ཀློག་གི་རབ་བྱེད།

Francis Baconགྱིས་བརྩམས།
 གནམ་ཕྱུག་རྒྱལ་གྱིས་བསྒྱུར།

      དཔེ་ཀློག་གི་ཕན་ཡོན་ནི་ཡིད་ལ་དགའ་བདེ་སྐྱེད་པ་དང་གཅིག སྒོ་གསུམ་གྱི་མཛེས་རྒྱན་དུ་འགྱུར་བ་དང་གཉིས། ཤེས་རབ་ཀྱི་སྣང་བ་རྒྱས་པ་དང་གསུམ་མོ། ། སོས་དལ་དབེན་པ་བསྟེན་དུས་དཔེ་ཀློག་ལས་དགའ་བདེ་སྐྱེད་པ་དང་། འདུ་ཚོགས་གཏམ་ལ་འཇུག་དུས་དང་བ་འདྲེན་པའི་མཛེས་རྒྱན་དུ་འགྱུར། ལས་མཛད་འཁོར་ལོ་སྐོར་དུས་ཤེས་རབ་ཀྱི་སྣང་བ་རྒྱས། སྤྱིར་ཉམས་མྱོང་ཅན་གྱིས་དོན་བྱ་རེ་ཟུང་ལ་ཁྲུན་ཐག་ལེགས་པར་གཅོད་ནུས་ཀྱང་། སྤྱི་བབ་ལ་དཔགས་ཏེ་འཆར་བཀོད་ལ་འཇུག་དགོས་པའི་ཚེ། དཔེ་མང་བཀླགས་པའི་སྐྱེ་བོ་དེ་ལ་འགྲན་གྱི་དོ་མེད། དཔེ་དེབ་ཡུན་རིང་པོར་ཀློག་པའི་རིགས་ནི་ལེ་ལོ་དང་སྒྱིད་ལུག་གི་འཁོར་དུ་གཏོགས།

སློབ་གཉེར་དཔེ་ཀློག་དེ་ཉིད་ངོམ་འཕྱར་ཐལ་ཆ་ཆེ་རིགས་ནི་ཚུལ་འཆོས་ཟོག་ཟོབ་ཀྱི་གྲལ་ལ་ཚུད། ལས་ཅི་ཡང་དཔེ་དེབ་ཀྱི་ལུང་ཚིག་ཙམ་ལས་འདའ་བ་མེད་པར་སྒྲུབ་རིགས་ནི་རྨོངས་པའི་དབང་གྱུར་བླུན་པོར་རྩི། སོ་སོའི་རང་བཞིན་སྦྱོང་བར་སློབ་གཉེར་དཔེ་ཀློག་ལ་བརྟེན་དགོས་ཀྱང་། དེ་ཡང་ངེས་དོན་ལག་ཏུ་བསྟར་ན་ཆ་རྫོགས་ཀྱི་ཉ་གང་ཟླ་བ་བཞིན་ཕུན་སུམ་ཚོགས་པར་འགྱུར། མ་བཅོས་གཤིས་ལ་གྲུབ་པའི་རང་བཞིན་ནི་རི་ཐང་དུ་སྐྱེ་བའི་རྩི་ཤིང་དང་འདྲ་བས་སློབ་གཉེར་དཔེ་ཀློག་གི་རལ་གྲིས་ཡོ་འཁྱོག་སྲོང་དགོས། འོན་ཀྱང་དཔེ་ཀློག་ནས་བྱུང་བ་ནི་མཐའ་མེད་འོལ་སྤྱི་ཙམ་གྱི་ཤེས་བྱ་ཡིན་ཕྱིར། ལག་ལེན་དང་ཟུང་འཇུག་བྱེད་དགོས། གཡོ་གྲུང་ཅན་གྱིས་སློབ་གཉེར་དཔེ་ཀློག་ལ་ཁྱད་གསོད་བྱེད་ཅིང་། དམུན་པོ་རྣམས་ཀྱིས་སློབ་གཉེར་དཔེ་ཀློག་ལ་ཡིད་སྨོན་བྱེད་ནའང་། རྣམ་དཔྱོད་ཅན་འབའ་ཞིག་གིས་སློབ་གཉེར་དཔེ་ཀློག་དེ་རང་གི་སྡོངས་གྲོགས་སུ་སྒྱུར་ཐུབ། དེ་ཡང་སློབ་གཉེར་དཔེ་ཀློག་རང་ངོས་ནས་སྐྱེ་བོ་སུ་དང་གང་ལའང་བློ་གྲོས་ཀྱི་མིག་སྩོལ་ནུས་པ་མིན་པར། སློབ་གཉེར་དཔེ་ཀློག་གི་ར་བ་ལས་འདས་ཤིང་དེ་ལས་ཡར་འཕགས་པའི་ཤེས་རབ་ཅིག་ཡིན། དེ་ནི་རྩད་གཅོད་རང་མྱོང་གི་མཐུ་སྟོབས་ལས་གཞི་ནས་འཐོབ་བོ། །

ཤགས་འགྱེད་ཚིག་འཁྲིའི་འཁོར་ལོ་བསྐོར་བའི་དོན་དུ་སློབ་གཉེར་དཔེ་ཀློག་བྱེད་མི་འོས་པ་དང་། གྲུབ་མཐའ་རང་ལུགས་གང་ཞིག་ལ་མོས་པའི་དོན་དུའང་སློབ་གཉེར་དཔེ་ཀློག་བྱེད་མི་རིགས། རྩོད་པའི་རྒོལ་བ་ཚར་གཅད་པའི་ཕྱིར་དུའང་སློབ་གཉེར་དཔེ་ཀློག་བྱེད་མི་རུང་བར། དཔྱད་སྟོབས་ཀྱི་སྒོ་འཕར་ཡངས་པོར་འབྱེད་པའི་ཆེད་དུ་སློབ་གཉེར་དཔེ་ཀློག་བྱ་རྒྱུ་ནི་གནད་ཀྱི་མཆོག་གོ ། དཔེ་དེབ་ལ་ལར་ཕྲན་ཙམ་བཀླགས་པས་འཐུས་པ་དང་། དཔེ་དེབ་ལ་ལར་བམ་ཀློག་ཙམ་བྱས་ན་འོས་ཤིང་འཚམ་ནའང་། དཔེ་དེབ་ཉུང་ཤས་ཤིག་ནི་ཅིས་ཀྱང་ཞིབ་པར་བཀླགས་ཏེ་ཡུན་གྱིས་རྒྱུད་ལ་འཇགས་དགོས་ཤིང་། དེ་ཡང་ཁ་གསལ་བར་བཀྲལ་ན། དཔེ་དེབ་ཁ་ཤས་ནི་ས་བཅད་ལེན་སྟངས་ཙམ་བཀླགས་པས་འཐུས་པ་དང་། དཔེ་དེབ་རེ་ཟུང་ནི་སྤྱི་བབ་ནས་བལྟས་པས་ཆོག དཔེ་དེབ་ཉུང་གྲས་ཤིག་ལ་ནི་ཅི་ནས་ཀྱང་མགོ་ནས་མཇུག་བར་ཞིབ་ཅིང་རྒྱས་པར་བཀླགས་ཁར་ཡང་དང་འོར་དུ་བཀླགས་ནས་གོ་བ་ཆགས་པར་བརྩོན་དགོས། དཔེ་དེབ་ཁ་ཅིག་ནི་སོ་སོའི་ཚབ་ཏུ་མི་གཞན་ལ་བཀླག་རྒྱུར་བསྐུལ་ཏེ་ཀློག་མཁན་གཞན་དེས་བཏབ་པའི་ཟིན་བྲིས་དང་མདོ་དོན་ལ་བལྟས་པས་ཆོག

འོན་ཀྱང་ཐབས་ལམ་དེ་ནི་དཔེ་དེབ་དཀྱུས་མ་དང་དོ་གལ་དེ་ཙམ་མི་ཆེ་བའི་གྲས་ཁོ་ནར་འོས་པ་ལས། གཞན་དུ་ན་རླངས་ཚགས་ནས་ཐོན་པའི་ཆུ་བཞིན་ཚིག་དོན་གྱི་རོ་བཅུད་གང་ཡང་མེད། དཔེ་ཀློག་གིས་རང་རྒྱུད་དུ་ལེགས་ཚོགས་འདྲེན། བརྒལ་བརྟག་གིས་རིག་པ་གསལ་མྱུར་གྱི་ངར་སྦྱིན། ཟུར་མཆན་གྱིས་ཞིབ་ཚགས་གོམས་སྲོལ་འཇགས་པར་བྱེད། དེའི་ཕྱིར། རྒྱུན་དུ་ཟུར་མཆན་མི་འདེབས་པའི་སྐྱེ་བོར་ཅིས་ཀྱང་མིག་གིས་ལན་གཅིག་མཐོང་བ་ཙམ་གྱིས་མི་བརྗེད་པའི་དྲན་པ་མཁོ། རྒྱུན་དུ་བརྒལ་བརྟག་ལ་མི་བརྩོན་པའི་སྐྱེ་བོར་ནམ་ཡང་སྤྱང་ལ་མྱུར་བའི་བློ་རྩལ་མཁོ། དེར་མ་ཟད། རྒྱུན་དུ་དཔེ་ཀློག་མི་བྱེད་པའི་སྐྱེ་བོར་ངེས་པར་གཡོ་གྲུང་གི་ཐབས་རྩལ་སྣ་དགུ་ཡོད་ཚེ། ད་གཟོད་ཤེས་མེད་རྨོངས་པའི་འཕན་ཟེལ་དེ་ཐོས་པ་རྣམ་དཔྱོད་ཅན་དུ་སྣང་ཐུབ། ལོ་རྒྱུས་ཀྱིས་བླང་དོར་གྱི་བློ་མིག་གསལ་བར་འགྱུར། སྙན་ངག་གིས་སིམ་གདུང་བར་མའི་བདེ་ཚོར་སྩོལ། རྩིས་རིག་གིས་རྩིང་རགས་ཀྱི་གཤིས་སྐྱོན་བསལ་ནས་ཞིབ་ཆའི་དགེ་བོགས་འབྱིན། དངོས་ཁམས་རིག་པས་སྒམ་བརླིང་གི་ནུས་རབ་སྤེལ། མི་ཆོས་རིག་པས་རྔམ་ཟིལ་གྱི་གཟི་དཔལ་སྦྱིན། མཚན་ཉིད་རིག་པ་དང་ཚིག་རྒྱན་རིག་པས་རྩོད་ཟླ་སྤ་བཀོང་བར་བྱེད། དེ་ཡང་སྔོན་བྱོན་སྐྱེས་བུས་ཇི་སྐད་དུ། བསླབ་པ་མཐའ་དག་གཤིས་ལ་འཇགས། གསུངས་པ་བཞིན་ནོ།།

དེ་ཙམ་དུ་མ་ཟད་ཐ་ན་ནང་སེམས་རྒྱུད་ཀྱི་ཉེས་སྐྱོན་མ་ལུས་ཀྱང་སློབ་གཉེར་དཔེ་ཀློག་གྲ་འགྲིག་པ་དང་གྲུ་རྫོགས་པ་ལས་གེགས་སེལ་བོགས་འདོན་བྱེད་ཐུབ། ཤ་ཁྲག་སྒྱུ་མའི་རང་ལུས་ཀྱི་ནད་བརྒྱ་ཀུན་ཀྱང་འཕྲོད་ལ་རན་པའི་ལུས་སྦྱོང་ལས་གསོ་བཅོས་ཐུབ་སྟེ། བྷོ་ལིན་སྤོ་ལོ་རྩེ་ན་རྡོ་སྐྲན་དང་མཁལ་མར་ཕན། མདའ་རྩལ་སྦྱངས་ན་སྙིང་དང་གློ་བའི་གསོས་སུ་འགྱུར། འཆམ་སྐྱོད་བྱས་ན་ཕོ་ཁ་བདེ་བའི་བཅུད་དུ་སྨན། རྟ་ལ་ཞོན་ན་མི་རྣམས་ཀྱི་ཀླད་པར་ཕན་ཆ་ཆེ་བ་སོགས་བགྲང་གིས་མི་ལང་། དེ་དང་ཆ་མཚུངས་པར། བློ་རྩེ་གཅིག་ཏུ་སྒྲིམ་དཀའ་བའི་མི་ལ་རྩིས་རིག་སྦྱོང་དུ་འཇུག་འོས་པ་དང་། རྩིས་རྒྱག་ཁུངས་སྐྱེལ་སྐབས་སེམས་ཅུང་ཟད་གཡེངས་ཚེ་བསྐྱར་དུ་མགོ་ནས་འོང་དགོས་པའི་ཕྱིར་རོ། ། བརྒལ་བརྟག་རྩོད་པར་མི་མཁས་པའི་རིགས་ལ་བཤད་གྲྭའི་མཚན་ཉིད་རིག་པ་བསླབ་པར་བསྐུལ་འོས་ཏེ། མཚན་ཉིད་པའི་ལུགས་ཀྱི་བརྡར་ཤ་གཅོད་པའི་ལམ་སྲོལ་གྱིས་ཞིབ་གསལ་དག་གསུམ་འོང་། གལ་ཏེ་འབྲས་བུ་ལས་རྒྱུ་རྐྱེན་ལ་བརྟག་པའམ་རྒྱུ་རྐྱེན་ལས་འབྲས་བུར་དཔྱད་པའི་རིགས་སྒྲུབ་ལ་མི་མཁས་པའི་སྐྱེ་བོ་གང་ཞིག་ལ་ཁྲིམས་རྩོད་པའི་གྱོད་ཡིག་བཀླག་ཏུ་བཅུག་ན་ཕན། དེ་ལྟར་ནང་སེམས་རྒྱུད་ཀྱི་ཉེས་སྐྱོན་ཀུན་ལ་བཅོས་ཐབས་བཟང་པོ་རེ་ཡོད་པ་ཡིན་ནོ། །

འཁོར་བ།         

ཞུའེ་ཕེ་ཀྲེང་གིས་བརྩམས། གནམ་ཕྱུག་རྒྱལ་གྱིས་བསྒྱུར།
   

ལོ་མང་པོའི་སྔོན། ཞོགས་པ་རེ་རེར་མོས་ཁོ་རང་བུ་བཅོལ་ཁང་དུ་སྐྱེལ་དགོས་ཀྱིན་ཡོད་ཅིང་། ཁོས་ནམ་རྒྱུན་མོ་ལ། “ཨ་མ། ངས་ཡུལ་ནས་ཁྱེད་ཀྱི་ཁ་ལེན་ཚིག་རྩི་བྱེད་པ་ལས་སེམས་ཁྲལ་ལ་མི་གཏད་ཐག་ཆོད་ཡིན། ང་བུ་བཅོལ་ཁང་ལ་མ་སྐྱེལ། ང་ཁྱེད་དང་མཉམ་དུ་འདུག་ན་འདོད”ཅེས་ངུ་བཞིན་ཞུ་བ་བྱེད། ལས་ཀ་ལ་འགྲོ་རྒྱུར་བྲེལ་བའི་མོས་མ་གོ་བ་དང་འདྲ་བར་ཁོའི་སྐད་ཆར་གཏན་ནས་ཉན་མི་སྲིད། ཁོས་ཀྱང་ཨ་མས་རང་གི་བསམ་ཐོག་ལ་འཇོག་མི་སྲིད་པ་ཤེས་པས་ཉིན་རྒྱུན་མཆུ་ཏོ་སྣར་བཞིན། “ང་བུ་བཅོལ་ཁང་ལ་འགྲོ་རྒྱུ་མིན……”ཞེས་ངུ་ཤུབ་བྱེད་ཞོར་མོའི་རྗེས་འབྲངས་ནས་ཐོག་ཁང་གི་ཐེམ་སྐས་ལས་འབབ།
   ལོ་མང་པོའི་རྗེས། མོ་རྒ་བས་ཁུར་གྱིས་ནོན་ཁར་བགྲེས་པའི་བརྗེད་ནད་བྱུང་། ཁོ་ལྟོ་གོས་དང་འཚོ་གནས་ཀྱི་ཆེད་དུ་སྤྱང་ལྟོགས་བཞིན་འདུར་དགོས་པས་སྙོར་སྐྱོང་བྱེད་ཁོམ་མེད་ལ་ཁྱིམ་དུ་མོ་གཅིག་པུ་འདུག་ཏུ་བཅུག་ཚེ་དེ་བས་ཀྱང་ཡིད་སེམས་མི་བདེ་ཐབས་མེད།
བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་ཁོས་ཡིད་ལ་གནས་ཤིག་དྲན་སོང་།
སེམས་ཐག་མ་བཅད་པའི་སྔ་ནུབ་ཏུ། ཁོ་རང་འདུག་མི་ཚུགས་པར་ཕར་འགྲོ་ཚུར་འོང་བྱེད་པ་དང་སྐད་ཆ་ཅི་ཞིག་བཤད་དཀའ་བའི་བཟོ་ལྟ་མཐོང་ཞིང་། མོའི་རིག་པ་སྔོན་གྱི་དུས་གང་དང་ཡང་མི་འདྲ་བར་ཧ་ཅང་ཇེ་གསལ་དུ་སོང་བར་སྣང་། “བུ། ཨ་མས་ཁྱོད་སེམས་ཁྲལ་ལ་མི་གཏད་ཐག་ཆོད་ཡིན། ཨ་མར་སྙོར་སྐྱོང་བྱེད་མི་དགོས། རྒན་གསོ་ཁང་དུ་མ་སྐྱེལ། ང་ཁྱོད་དང་མཉམ་དུ་འདུག་ན་འདོད།”
   ཉམ་ཐག་པའི་ཞུ་འབོད་དེ་རྒྱང་རིང་ནས་མཆེད་འོངས་པ་དང་འདྲ་ཞིང་། རིམ་བཞིན་ཇེ་གཉོམ་དུ་གྱུར་པ་དང་མཐར་ངུ་ཤུབ་ཏུ་གྱུར། སྐད་ཆ་ཚིག་གཅིག་ཀྱང་ངག་ནས་མ་ཐོན་པར་ཁོ་རང་ཁུ་སིམ་མེར་གྱུར་པ་དང་། མོའི་བློ་ལ་འགྲོ་བའི་རྒྱུ་མཚན་ཞིག་བཤད་རྒྱུར་བསམ་བློ་ཡང་ཡང་བཏང་།
   མཐར། ཁོ་གཉིས་ཀྱི་གཟུགས་རིས་གང་ལྟར་གྲོང་ཁྱེར་འདབས་ཀྱི་རྒན་གསོ་ཁང་དུ་མངོན་བྱུང་།
འགྲོ་ལུགས་བསྒྲུབས་ནས་དེ་གར་ཕར་ཚུར་རྩིས་སྤྲོད་ལེན་བྱས་རྗེས། ཁོས་མོ་ལ། “ཨ་མ། ང……ང་ད་འགྲོ་རྒྱུ་ཡིན”ཞེས་བཤད།
    མོས་ག་ལེར་མགོ་བོ་ལྡེམ་བཞིན་སོ་གཅིག་ཀྱང་མེད་པའི་ཁ་ཤ་འགུལ་བཞིན “བུ། སྔ་མོ་ནས་ང་བསུ་རུ་ཡོང་རྒྱུ་མ་རྗེད་ཨ……”ཞེས་འབྲུ་མི་གསལ་བར་དིག་པོའི་ངང་སྨྲས།
   སྐད་ཅིག་མ་དེར། ཁོས་གློ་བུར་དུ་ལོ་དེར་བུ་བཅོལ་ཁང་གི་སྒོ་ཁར་རང་གིས་ཀྱང་མིག་ཟུང་མཆི་མ་ཉིལ་ལེར། “ཨ་མ། སྔ་མོ་ནས་ང་བསུ་རུ་ཡོང་རྒྱུ་མ་རྗེད་ཨ……”ཞེས་ཞུ་བ་འཐེན་མྱོང་བ་ཡིད་ལ་འཁོར།
   སྐབས་དེར། མིག་ཆུས་མཐོང་ལམ་རབ་རིབ་ཏུ་བསྒྲིབས་པའི་ཁོ་ལ་བཤད་མི་ཤེས་པའི་སྐྱོ་སྣང་ཞིག་སྙིང་ག་ནས་འཕྱུར་སོང་།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།