སྐྱེ་བ་གཅིག་གི་གསུང་རབ།__ཐེའུ་རང་གིས་བསྒྱུར།

5764

                        

                                              

གཅིག   རྩོམ་རིག་དང་བློ་ཉེ་བ།


རང་ཉིད་མཆོག་དང་ཕུལ་དུ་འགྱུར་བར་རེ་བའི་སྐྱེ་བོ་ཞིག་ཡིན་ན། རྩོམ་རིག་ལ་བློ་ཉེ་མཁན་ཞིག་ཡིན་ངེས། རྩོམ་རིག་ལ་བློ་ཉེ་བའི་ཐབས་དམ་པ་ནི་དཔེ་ཀློག་ཡིན། ཕུལ་བྱུང་གི་གསུང་རབ་ཀློག་པའི་ཚེ་ན། གཏམ་རྒྱུད་དང་སྐད་ཆའི་བར་སོ་རེ་རེ་ནས་ཐུན་མོང་མ་ཡིན་པའི་ངོ་མཚར་སྲིད་པའི་རྣམ་པ་གཞན་ཞིག་མཐོང་ངེས། བག་བྲོ་བའི་སེམས་ཁམས་དང་ཚོར་བ་ཡང་དེ་དང་ལྷན་གཅིག་ཏུ་སྐྱེའོ།།

ཤེས་བྱ་དང་ལྟ་ཚུལ་མང་པོ་ཞིག་ནི་ཚོགས་ཐོག་སློབ་ཁྲིད་དང་དཔེ་དེབ་གཞན་དང་གཞན་ལས། གསོན་ཉམས་ལྡན་ཞིང་སྤྲོ་སྣང་འཕེལ་བའི་ངང་ནས་འཐོབ་དཀའ། གུས་རྟག་བརྩོན་པའི་དཔེ་ཀློག་ལ་བརྟེན་ནས་ཁྱོད་རང་བཟང་སྤྱོད་དང་། ཐུན་མིན་གྱི་མིག་དབང་ལྡན་པར་འགྱུར། དོན་དུ། སྐྱེ་བོ་ཚང་མས་རང་ཉིད་རྩོམ་རིག་ཆེད་མཁས་པ་ཞིག་ཏུ་འགྱུར་མི་ཐུབ་པ་རྟོགས་ཤིང་། ལྡོག་སྟེ་རྩིས་འཁོར་བཟོ་སྐྲུན་པ་ཞིག་གམ། འཛུགས་སྐྲུན་འཆར་འགོད་པ་ཞིག་བྱེད་ཀྱང་སྲིད། ཡིན་ནའང་། རྩོམ་རིག་དང་བློ་ཉེ་བ་ནི་རྩོམ་རིག་ཆེད་མཁས་པའམ། བརྩམས་སྒྲུང་རྩོམ་པ་པོ་ཞིག་ལ་འགྱུར་བའི་ཆེད་དུ་མ་ཡིན། རྩོམ་རིག་གིས་སྐྱེ་བོ་མཐའ་དག་གི་རྣམ་ཤེས་ལ་བྱབས་ཁྲུས་གནང་ཐུབ། གལ་ཏེ་དངོས་གནས“རྣམ་ཤེས”ཞེས་པའི་རྫས་དངོས་ཤིག་ཡོད་ན། རྩོམ་རིག་ནི་ཏག་ཏག་རྣམ་ཤེས་ལྟ་བུའི་སྒྲོན་མེ་ཞིག་ཡིན། ཁྱོད་རང་དེ་དང་གློ་ཉེ་བར་གྱུར་ཚེ། དཀའ་ཁག་ག་འདྲ་ཞིག་ལ་འཕྲད་ཀྱང་ཆོག ཉི་མ་རེ་རེར་ལས་ཅི་ཞིག་བསྒྲུབ་ཀྱང་རུང་། ཁང་ཁྱིམ་འཆར་འགོད་དང་ཁྱིམ་ཆས་བཟོ་སྐྲུན་སོགས་གང་ཞིག་ཡིན་ཡང་། རྩོམ་རིག་གིས་ཁ་རོག་གེར་ཁྱོད་ལ་འོད་སྣང་སྟེར་ངེས། ཁྱོད་ཀྱིས་གྲོང་ཁྱེར་དང་ཁྱིམ་ཚང་ག་གེ་མོ་ཞིག་གི་དཔེ་སྒྲོམ་ནང་དུ་གསུང་རབ་ཀྱི་རྩིག་པ་ཁ་སྣོན་དང་། ཡང་ན་མི་རབས་ཕྲེང་རྒྱུད་ལ་མྱོང་དུ་ཡོད་པའི་མཛེས་སྡུག་གི་ལོངས་སྤྱོད་བསྩལ་ནུས་པས།  ལོ་ངོ་ཁ་ཤས་འགོར་རྗེས། མི་རྣམས་ཀྱིས་དེབ་འདི་ཡག་པོ་མི་འདུག་ཅེས་སྨྲ་བའི་དཔེ་ནི་སྲིད་ན་དཀོན་ནོ། །

དེ་བས་ན།   འདི་ལྟ་བུའི་འོད་གསལ་སྒྲོན་མེ་མི་འདོད་སྐྱེ་བོ་སུ་ཞིག་མཆིས་སམ།

  གཉིས།     ཕུལ་བྱུང་གི་དཔེ་ཀློག

རྩོམ་རིག་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་། རྩོམ་རིག་ལའང་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་ཡོད། གལ་ཏེ། ང་ཚོ་དུས་རབས་གསུམ་ལ་འཚོ་བཞུགས་ཐུབ་པའི་དབང་དུ་བཏང་ན། དུས་ཚོད་ནི་འདང་ངེས་པ་ཞིག་ཡོད་པས། དཔེ་ཆ་རབ་ལས་ཐ་མའི་རིགས་ཀློག་པར་མི་བྱ་བའི་གནས་ལུགས་ཡོད། དེ་བས། རྒན་པ་ཚོས་མི་རབས་ནས་མི་རབས་སུ།  “ཕུལ་བྱུང་གི་གསུང་རབ་ཀློགས་ཤིག”ཅེས་གཞོན་ནུའི་ཚོགས་ལ་ཡང་ཡང་བསྐུལ་ཞིང་གདམས།  འདི་ནི་ཁོ་པ་ཚོའི་ཕ་མེས་ཡང་མེས་ཀྱིས་ཁོ་ཚོར་གདམས་པའི་བསླབ་བྱ་ནོར་བུ་ཡིན་ལ། ཁོ་ཚོར་མྱོང་རྟོགས་ཟབ་མོ་ཡོད་པས།  ཁོ་ཚོས་སླར་ཡང་རང་རང་གི་བུ་རབས་ཚ་རྒྱུད་རྣམས་ལ་འདི་ལྟར་གདམས་ཤིང་བསྐུལ་པ་རེད།

འདི་ནི་མིའི་རིགས་ཀྱི་ཚེ་སྲོག་ལ་བཅངས་པའི་བརྩེ་བ་ཞིག་སྟེ།
ཨ་རིའི་སྙན་ངག་པ་ཝེ་ཐྲི་མཱན་གྱི་སྙན་ངག  <བྱིས་པ་ཞིག་མདུན་དུ་སྐྱོད།>ཅེས་པར་འདི་ལྟར་བྲིས་ཡོད།
བྱིས་པ་ཞིག་ཉིན་རྟག་པར་མདུན་དུ་སྐྱོད།
ཁོས་ཆེས་ཐོག་མའི་དངོས་པོ་མཐོང་བས། 
ཁོ་རང་དངོས་པོ་དེར་གྱུར།
དངོས་པོ་དེ་ཁོའི་ཆ་ཤས་ཤིག་ཏུ་གྱུར།
…  …

གལ་ཏེ། བཞད་སྔ་བའི་ལི་ཤི་ཞིག་ཡིན་ན།  
བྱིས་པ་དེའི་ཆ་ཤས་ཤིག་ཏུ་འགྱུར་ངེས། 
གལ་ཏེ། འཇག་མ་ཐོར་བུ་ཞིག་ཡིན་ནའང་།
སྔར་བཞིན་བྱིས་པ་དེའི་ཆ་ཤས་ཤིག་ཏུ་འགྱུར་ངེས།
ང་ཚོ་ཚང་མས་བྱིས་པ་ཚོའི་གོམ་ཆུང་གི་སྟངས་སྟབས་རེ་རེ་གསུང་རབ་ཀློང་དུ་བསྒྱུར་བར་རེ་ལྟོས་འཆང་ཡོད།

ཕུལ་དུ་བྱུང་བའི་གསུང་རབ་ནི། མི་ལོ་མང་པོའི་སྔོན་གྱི་ཨཱན་རྡིར་སིན་དང་། ཐོལ་སི་ཏོ། ལུའུ་ཞུན་ཁོ་ན་མ་ཡིན་པར།  དེང་རབས་སུའང་མང་པོ་ཡོད་མོད། ང་ཚོ་མ་རིག་པའི་དབང་དུ་སོང་བས། དེ་དག་ཁྱོད་ལ་མ་བཤད་པ་རེད།  ཁྱོད་ཀྱི་ཕ་མ་མ་རིག་པའི་དབང་དུ་སོང་བས། དེ་དག་ཁྱོད་ལ་མ་བཤད་པ་དང་།   ཡང་ན། ཁྱོད་ཀྱི་དགེ་རྒན་མ་རིག་པའི་དབང་དུ་སོང་བས།  དེ་དག་ཁྱོད་ལ་མ་བཤད་པ་རེད།

ང་ཚོའི་རྒྱུད་ཀྱི“མ་རིག་པ”མང་པོས་དཔེ་ཀློག་རྨེག་མེད་བཟོས་དང་བཟོ་བཞིན་ཡོད་པ་མཐོང་ཆོས་མངོན་སུམ་ཡིན། ང་ཚོ་ཞེ་འཚབ་ཆེན་པོ་སྐྱེ་ཡི་ཡོད། དེ་བས། ང་ཚོས་རྟག་པར་ཁ་སེམས་དཀར་པོའི་སྒོ་ནས། གསུང་རབ་དེ་དག་ཡུལ་གང་དུ་ཡོད་པ་དང་། དེ་དག་གི་མཚན་བྱང་ལ་ཅི་ཟེར། དེ་དག་གནས་གང་ནས་བླུ་ཐུབ་མིན་ཁྱོད་ཚོར་བཤད་ཀྱིན་ཡོད། བདག་ནི་དེབ་བྱང་རིང་མོ་ཞིག་བྲི་བའི་ལས་ལ་རབ་ཏུ་མོས་ཏེ། འདི་ཡིས་ཁྱོད་ཚོས་དཔེ་དེབ་རེ་རེ་འཚོལ་ཞིང་རྙེད་པར་མཐུན་རྐྱེན་རམ་འདེགས་ཉན་ངེས། དབྱིན་ཇིའི་རྩོམ་པ་པོ་སཱི་ཐྲི་ཝུམ་གྱིས་བྲིས་པའི་ལེ་ལུར་ནང་བཞིན།  ནམ་རྒྱུན་ས་རུབ་ལ་ཉེ་བའི་དུས་སུ།  ཁོས་སྒྲོན་མེ་དང་སྐས་ཆུང་བཟུང་ནས་འོང་ཞིང་། ཁྱིམ་ཚང་རེ་རེའི་སྒོ་སྔུན་གྱི་ལམ་སྒྲོན་བཀར།  ང་ཚོའང་སྒྲོན་མེ་བཀར་མཁན་ཞིག་བྱེད་འདོད་ལ། འོད་གསལ་སྣང་བའི་ཁྲོད་དུ་ཁྱོད་ཅག་ངོ་མཚར་སྟོང་གིས་བྲིས་པའི་གླེགས་བམ་རེ་རེར་མཇལ་དུ་འཇུག་འདོད།  དགོང་མོར་གླེགས་བབ་ནང་གི་གཏམ་རྒྱུད་དག་རྨི་ལམ་དུ་རྨི་ཞིང་། ཉིན་མོར་དེ་དག་དྲན་པའི་ཉེ་བར་གཞག་ཅིང་བརྗེད་པར་མི་བྱའོ། །

བྱིས་པ་ཞིག་ཉིན་རྟག་པར་མདུན་ནས་མདུན་དུ་བསྐྱོད་ན། ནར་སོན་པའི་ཚེ་ན་ཤེས་བྱ་འཛོམས་པོ། འཇོན་ནུས་སྐྱེན་པོ། བརྩེ་བའི་སེམས་ལྡན་ཞིང་། སྙན་ངག་གི་ཉམས་རྫོགས་པ། སྐད་ཆའི་རྩལ་བྱང་བ་ཞིག་འབྱུང་ངེས།   …  …

མི་ཚང་མ་ནར་སོན་གྱིན་ཡོད་པ་འདྲ་ནའང་།  དེ་ནི་ཐུན་མིན་དམིགས་སུ་ཐོན་པ་ཞིག་མ་ཡིན་ནམ།

གསུམ།      རང་ཉིད་ཀྱི་དེབ།

ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ལའང་མི་འདྲ་ས་མང་པོ་ཡོད། དེབ་མང་པོ་ཞིག་ནི་དར་མ་ཚོར་དམིགས་ནས་བྲིས་ཡོད། གཞན་ཡང་། ཆེད་དུ་བྱིས་པ་དང་གཞོན་ནུ་རྣམས་ལ་དམིགས་ནས་བྲིས་པའི་རྩོམ་རིག་གི་དེབ་ཀྱང་ཡོད། དེ་ནི་གནའ་སྔ་མོ་ཞིག་ནས་དར་པ་མ་ཡིན་པས་ལོ་རྒྱུས་ཀྱི་རྒྱུན་མི་རིང་། ཡིན་ནའང་། འོད་སྟོང་འབར་བའི་བརྩམས་ཆོས་ཧ་ཅང་མང་པོ་བྱུང་ཡོད། འདི་ནི་ཉེ་བའི་མི་ལོ་སུམ་བརྒྱའི་སྔ་གཞུག་ཏུ་མིའི་རིགས་ཀྱི་རྩོམ་སྟེགས་སུ་བྱུང་བའི་གཟི་བྱིན་འབར་པའི་དོན་བཟང་ཉག་གཅིག་ཏུ་བགྲངས་ཆོག དུས་རབས་རིམ་བྱུང་གི་རྩོམ་རིག་གྲུབ་འབྲས་ཕྱོགས་བསྡུས་ཀྱི་གླེགས་བམ་འགངས་ཆེན་གང་དུའང་། གནས་ཚུལ་འདི་ཅིས་ཀྱང་བྲི་ངེས་ཡིན་ལ། དེབ་མཆོག་རེ་རེའི་མཚན་བྱང་ཀྱང་དགོད་ངེས་སོ། །

དེ་དག་ནི་འུ་ཚོར་དབང་བའི་གསུང་རབ་ཡིན།  དུས་རབས་ཀྱི་གོམ་འགྲོས་དང་འཚམ་ཞིང་། མིའི་བློ་ཁ་དང་མཐུན་པ།  བག་ཕེབས་ཀྱིས་གད་མོ་དགོད་པ་དང་། གཟབ་ནན་གྱིས་བསམ་གཞིག་གཏོང་བ། ཡོད་ཚད་ང་ཚོའི་ཚེ་སྲོག་གཙུག་ཏུ་བཀུར་པའི་མཐོང་སྣེ་རུ་བཞེངས་པ་ཤ་སྟག་ལས།  ཚུལ་འཆོས་གྱི་རང་བཞིན་རྣམ་དག་ལ་བརྫུས་པའམ། ཡང་ན། བསམ་གཟས་ནས་གོ་དཀའ་གཏིང་ཟབ་ཅན་དུ་བྲིས་པའི་རིགས་སུ་མི་གཏོགས་སོ། །

དེ་དག་ནི་ནར་སོན་པའི་སྐྱེ་བོ་ཞིག་གིས་སྐྱེ་བ་གཅིག་ལ་བརྗེད་མི་ཐུབ་པའི་གསུང་རབ་ཡིན། ནར་སོན་རྗེས། ཁོ་ཚོས་གསུང་རབ་འདི་རིགས་དང་། གསུང་རབ་འདི་རིགས་ཀྱི་ནང་དུ་བྲིས་པའི་གཏམ་རྒྱུད་དང་མཛེས་པ་ནི། དུས་ཕྱིས་བཀླགས་པའི་དཔེ་དེབ་གཞན་དག་ལས་ནམ་ཡང་རྙེད་དུ་མེད་པ་ཚོར་ངེས། ཡིན་ནའང་། ཁོ་ཚོས་གསུང་རབ་འདི་དག་ཀློག་མྱོང་བས་ན།  ཁོ་ཚོ་ནོངས་འགྱོད་སྐྱེ་མི་སྲིད། ཁོ་ཚོས་འདི་ལྟར་སྨྲ་སྟེ། གསུང་རབ་འདི་དག་ལྟ་ཀློག་མ་བྱས་ན། ཕྱིས་སུ་འགྱོད་པ་སྐྱེ་བ་གདོན་མི་ཟའོ། །

ང་ཚོ་ཨཱན་རྡིར་སིན་གྱིས་བྲིས་པའི་ཨ་འབྲས་ཤིང་ལྟ་བུ་ཞིག་ཏུ་བྱེད་མི་འདོད། དེ་ནི་རྟག་པར་འཚར་ལོངས་འབྱུང་བར་བྲེལ་ཞིང་། རྟག་པར་རང་ཉིད་འཚར་ལོངས་བྱུང་ཡོད་པར་འདོད། དེས་རང་ལུས་ལ་འཕྲོ་བའི་དྲོད་འཇམ་གྱི་ཉི་འོད་དང་། དྭངས་གཙང་གི་མཁའ་དབུགས་གསར་པར་ཁ་ཡ་མི་བྱེད་ལ།  ཐ་ན་འཕུར་ལྡིང་རྩེན་པའི་བྱེའུ་ཆུང་དང་། ནངས་དགོང་བག་གིས་རྒྱུ་བའི་མཚམས་སྤྲིན་ལའང་སྤྲོ་སྣང་ཨེན་ཙམ་མེད་པར། རྟག་པར་ང་རང་ནར་སོན་ཡོད་སྙམ་ཞིང་སྡོད་དོ། །

ཉི་མ་ན་རེ། “ཁྱོད་ཀྱིས་ངེད་ཅག་དང་མཉམ་དུ་རང་གི་འཚོ་བ་ལོངས་སུ་སྤྱོད་ཅིག ”

མཁའ་དབུགས་ན་རེ།“ཁྱོད་ཀྱིས་རང་དབང་གིས་གསར་སྐྱེས་ཀྱི་ལང་ཚོ་ངོམས་རོགས། ”

མེའུ་ཙི་ཧཱན་ན་རེ།“ཁྱོད་ཀྱིས་རང་གི་ན་ཚོད་དང་འཚམ་པའི་རྩོམ་རིག་གི་གསུང་རབ་ཀློགས་ཤིག”

ད་ལྟའི “རྒྱལ་སྤྱིའི་གཟེངས་རྟགས་མཐོ་ཤོས་ཀྱི་བརྩམས་སྒྲུང”དག་ནི་དེ་ལྟ་བུའི་དཔེ་ཆ་ཤ་སྟག་རེད། དེ་དག་ཧ་ཅང་ཤིན་ཏུ་ཡག་པོ་འདུག  དཔེ་དེབ་དེ་དག་བཀླགས་ཚར་རྗེས་རང་གི་དཔེ་སྒྲོམ་ནང་དུ་ཞོག་དང་། ཁྱོད་ཀྱིས་ནམ་ཡང་རྒྱང་དུ་འདོར་མི་སྲིད།

ལོ་ངོ་མང་པོའི་རྗེས་སུ།  ཁྱོད་རང་ཕའམ་མ་རུ་གྱུར་པའི་ཚེ་ན། ཁྱོད་ཀྱིས་རང་གི་བུ་དང་བུ་མོར། “བདག་གི་གཅེས་ཕྲུག་ལགས།  དཔེ་དེབ་འདི་དག་ཀློགས་ཤིག”ཅེས་སྨྲ་ངེས།

ཡང་ལོ་ངོ་མང་པོ་མང་པོའི་རྗེས་སུ། ཁྱོད་རང་ཨ་མྱེ་དང་ཨ་ཕྱི།  སྒྱུག་པོ་དང་སྒྱུག་མོར་གྱུར་པའི་ཚེ་ན། ཁྱོད་ཀྱིས་རང་གི་བུ་རབས་ཚ་ཐོག་རྣམས་ལ།“དཔེ་དེབ་འདི་དག་ཀློགས་དང་། འདི་དག་ནི་ངས་སྐྱེ་བ་གཅིག་ལ་ཉར་ཚགས་བྱས་པ་ཡིན།”ཞེས་སྨྲ་སྲིད།

རེད་དེ།  འདི་ནི་སྐྱེ་བ་གཅིག་གི་གསུང་རབ་ཡིན་ནོ། །


མཆན།  རྩོམ་ཐུང་འདི་ནི་བྱིས་པའི་རྩོམ་རིག་སྨྲ་བ་རྒྱ་མི་མེའུ་ཙི་ཧཱན(梅子涵)ལགས་ཀྱིས“རྒྱལ་སྤྱིའི་གཟེངས་རྟགས་མཐོ་ཤོས”ཐོབ་པའི་བརྩམས་སྒྲུང་དཔེ་ཚོགས་རྒྱ་འགྱུར་མའི་སྔོན་འགྲོའི་གཏམ་དུ་མཛད་འདུག་ཅིང་།  གུས་པས་མི་ལོ་གཉིས་ཀྱི་དུས་ཚོད་ཀྱི་བར་གསེང་ལ་བསྒྱུར་གྲུབ་པའི་བྱིས་སྒྲུང་གྲགས་ཅན《ཨཱེ་ཐོལ་ཌིའི་ངོ་མཚར་འགྲུལ་བཞུད།》 ཅེས་པ་ནི་དཔེ་ཚོགས་འདིའི་ཁོངས་སུ་གཏོགས་ཤིང་། སྒྲུང་གང་དེའི་སྔོན་ཞུའི་རྩོམ་ཐུང་འདི་ཉིད་ཚིག་དོན་གཉིས་ཆ་ནས་ཤིན་ཏུ་ལེགས་པར་འདོད་དེ་ཞོར་དུ་བསྒྱུར་པ་ལགས་ན། འདི་ཡང་གཙུག་ལག་སློབ་གཉེར་གྱི་ལམ་ཁར་ཞུགས་དང་འཇུག་མཁན་ན་ཆུང་ཚོས།  དཔེ་ཀློག་གི་ལམ་ཡག་པོ་ཞིག་རྙེད་པའི་ལེགས་ཚོགས་ཀྱི་རྒྱུ་རུ་འགྱུར་ཅིག་གུ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།