རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་བཀླགས་རྗེས་ཀྱི་བསམ་ཚུལ།།_ར་སེ་དཀོན་རྒྱམ།

3366





རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནི་བོད་ཀྱི་ལོ་ཙཱ་བའི་ཁྲོད་དུ་སྙན་གྲགས་ཆེ་བའི་ལོ་ཙཱ་བ་ཅིག་ཡིན་པས། གཉའ་ནང་སྟོད་འབྲོ་ཡུལ་དུ་མེ་འབྲུག་སྤྱི་ལོ་༡༠༡༦ལོར་འཁྲུངས་ཤིང་། སྐྱིད་སྟོད་ལྡན་དུ་ཞི་བར་གཤེགས་པ་ཅིག་རེད། ཁོང་གི་རྣམ་ཐར་འདི་ནི་ཡང་སློབ་རྭ་ཡེ་ཤེས་སེང་གེས་མཛད་པ་ཡིན་ཅིང་། དེ་ཡང་རྭ་ལོ་ཙཱ་བ་དངོས་ཀྱི་སློབ་མ་རྭ་ཆོས་རབ་ཀྱི་ཞལ་གསུངས་ཡིན་པས་བྱུང་བ་རྣམས་ཁུངས་བཙུན་པ་དང་། དོན་དངོས་དང་ཉེ་བའི་ཁྱད་ཆོས་ཡོད་པར་བཞེད་མཁན་ཧ་ཅང་མང་པོ་ཡོད་ནའང་། ཅུང་ཟད་བརྟག་ན་འདིའི་ནང་དུ་ཕྱིས་བྱུང་གི་གཏམ་མང་པོ་བསྲེས་པའམ་འདྲེས་པའམ། བསླད་ཞུགས་པར་དོགས་སོ།།

དེ་ལ་གནད་དོན་མང་དུ་མཆིས་པ་ལས་སྐབས་འདིར་དཔེར་མཚོན་ཙམ་གླེང་ན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་རྭ་ལོ་ཙཱ་བའི་རྣམ་ཐར་གྱི་དེབ་ངོས་༢༦༢ལས། འབྲི་གུང་དུ་དཔལ་ལྡན་ཨ་ཕྱི་མ་དང་། གཞི་བདག་བར་ལྷས་དགེ་བསྙེན་ཞུས། ཞེས་གསལ་བར་འཁོད་འདུག་ལ། ཡུལ་ལྷ་འམ་གནས་བདག་མི་མ་ཡིན་ཅིག་ཡིན་པའི་ངང་ཚུལ་ཡང་བཀོད་འདུག་པས། ཕལ་མོ་ཆེས་དེ་དེ་བཞིན་དུ་ཆ་འཇོག་པར་ཐེ་ཚོམ་མེད་ནའང་། དེ་ཉིད་འབྲི་གུང་བཀའ་བརྒྱུད་ཀྱི་བཀའ་སྲུང་ཨ་ཕྱི་མའི་བྱུང་བའི་ལོ་རྒྱུས་དངོས་དང་འགྲིག་ཐབས་གཏན་ནས་མེད་པ་ཤེས་དགོས། 

འབྲི་གུང་ཨ་ཕྱི་མ་ཆོས་ཀྱི་སྒྲོན་མ་ཞེས་པའི་ཆོས་སྲུང་འདི་ཉིད་ནམ་ཞིག་ལ་བྱུང་བ་ཡིན་ནམ་ཞེ་ན། འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་འཇིག་རྟེན་གསུམ་མགོན་གྱིས་དབུས་སྟོད་གཞོ་ཡི་ལུང་པར་རབ་བྱུང་གསུམ་པའི་ས་ཕག་༡༡༧༩ལོར་འབྲི་གུང་ཐེལ་དགོན་པ་བཏབ་ནས་ཡུན་རིང་སོང་བའི་ཚེ་ན་ཕག་གྲུའི་སློབ་མ་གྲུབ་ཐོབ་ཁམས་པ་རྒྱ་གར་བས་ཞུས་ཏེ། ཁོང་ལ་བཀའ་རྒྱ་དང་བཅས་པས་གནང་བ་ལ་བརྟེན་ནས། ཕྱིས་སུ་རིམ་པས་གྲགས་པ་ཅིག་ཡིན་པ་ཤེས་དགོས། 

དེ་ཡང་ཨ་ཕྱིའི་སྒྲུབ་སྐོར་རྒྱན་ཅན་ལྔ་མ་ལས། རྗེ་འབྲི་གུང་པ་དང་གྲུབ་ཐོབ་ཁམས་པ་རྒྱ་གར་དང་མཇལ་འཕྲད་ཀྱིས་ཆོས་ཀྱི་བགྲོ་བ་མཛད་པའི་ཚེ་ན། བར་སྣང་ནས་ཌ་མ་རུའི་སྒྲ་སྙན་པོ་དང་བུད་མེད་ཀྱི་སྐད་ཅིག་བྱུང་བས། གྲུབ་ཐོབ་པས་དེ་ཅི་ཡིན་ཞུས་པས་རྗེ་འབྲི་གུང་པས་ངེད་ཀྱི་མྱེས་མོར་གྱུར་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཅིག་ཡིན་གསུངས་པས། གྲུབ་ཐོབ་ཁམས་པས་འདིའི་སྒྲུབ་ཐབས་ཡོད་ན་གནང་དགོས་ཞེས་ནན་གྱིས་ཞུས་པས་གནང་སྟེ། ཁོང་གིས་རྒྱན་ཅན་ལྔ་མ་ཡི་གེར་བཀོད་ཡོད་པ་རེད། 

རྗེ་འབྲི་གུང་པས་སྐབས་དེར་ཡེ་ཤེས་མགོན་པོ་དང་ལྷ་མོ་སོགས་ཡོངས་གྲགས་རྣམས་གཙིགས་སུ་མཛད་པ་ལས། མ་གཅིག་ཨ་ཕྱིའི་སྐོར་ཡོངས་གྲགས་སུ་སྤེལ་བར་མཛད་མེད་པར་ཤིན་ཏུ་གསལ་བར་སྣང་སྟེ། ཁོང་གིས་དགུང་གྲངས་ང་དགུ་གཞེས་པ་ལྕགས་བྱ་སྤྱི་ལོ་༡༢༠༡ལོར་ཁོང་རང་གིས་འཆར་འགོད་གནང་བའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་བཞེངས་པའི་དབུ་བཙུགས། དགུང་གྲངས་དོན་གཅིག་གཞེས་པ་ཆུ་བྱ་སྤྱི་ལོ་༡༢༡༣ལོར་ལེགས་གྲུབ་བྱུང་ཞིང་། དེར་ལྷ་ཉིས་སྟོང་བརྒྱད་བརྒྱ་བཞུགས་ཡོད་ཅིང་། ཆོས་སྲུང་སྐབས་སུ་མ་མགོན་སོགས་རྒྱ་གར་དུ་གྲགས་པ་དང་། བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ། མགུར་ལྷ་བཅུ་གསུམ། བརྟན་མ་བཅུ་གཉིས། ཚེ་རིང་མཆེད་ལྔ་རྣམས་ཀྱི་སྐུ་བརྙན་བཞེངས་ཡོད་ཀྱང་། དེར་འབྲི་གུང་ཨ་ཕྱི་མའི་སྐུ་བརྙན་བཞེངས་གནང་མེད་པས་མཚོན་ཡོད།།

ཨ་ཕྱི་ནི་ཁམས་སྐད་ཀྱི་མྱེས་མོའི་དོན་ཡིན་ལ། དེ་ནི་རྗེ་འབྲི་གུང་པའི་ཡབ་རྣལ་འབྱོར་པ་རྡོ་རྗེ་ཞེས་པ་དེའི་ཡབ་དཔེ་ཀ་དབང་རྒྱལ་གྱི་ཡུམ་ཡིན་པས་ན། ཁོང་ལ་ཨ་ཕྱི་ཞེས་བོས་པ་འདི་བྱུང་ལ། ཨ་ཕྱི་དེ་ཉིད་དམ་པའི་ཆོས་ཁོ་ན་མཛད་པའི་ངང་འདན་སྟོད་སྐྱུ་ར་བྲག་གི་མཁའ་སྤྱོད་ཕུག་ཏུ་སྐུ་གཤེགས་པས། ཕུག་པར་མཁའ་སྤྱོད་ཕུག་ཏུ་ཐོགས་པ་ཡིན་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པས་རྗེ་འབྲི་གུང་པར་ཞལ་བསྟན། སྐྱུ་ར་རིན་པོ་ཆེ་འབྲི་གུང་དུ་བཞུགས་པ་ལས་འབྲི་གུང་བཀའ་བརྒྱུད་ཅེས་པའི་ཆོས་བརྒྱུད་བྱུང་བ་དང་། ཨ་ཕྱི་མ་དེ་ཡི་སྒྲུབ་ཐབས་ནང་ཁུལ་དུ་སྤེལ་བར་མཛད་པས་རིམ་པས་འབྲི་གུང་ཨ་ཕྱི་མའམ་འབྲི་གུང་ཨ་ཕྱི་ཆོས་སྒྲོན་ཞེས་པའི་མིང་འདི་ཉིད་བོད་ཀྱི་སྤྱི་ཚོགས་ཐོག་གཞི་ནས་ཐོན་པ་ཡིན་པར་ཤེས་ན་གནས་དོན་མང་པོ་བདེ་བླག་ཏུ་རྟོགས་ཐུབ།

 རབ་བྱུང་གསུམ་པའི་མེ་གླང་སྤྱི་ལོ་༡༢༡༧ལོར་རྗེ་འབྲི་གུང་པ་དགོངས་པ་རྫོགས་མ་ཐག་སྤྱན་སྔ་ཤེས་རབ་འབྱུང་གནས་བརྩམས་པར་མཛད་པའི་རྣམ་ཐར་རྡོ་རྗེ་རིན་པོ་ཆེ་འབར་བ་ལས། ཨ་ཕྱི་སྣ་ནམ་བཟའ་དབང་ཕྱུག་སྒྲོན་མ་ཞེས་བོས་པ་ཙམ་གྱིས་དགྲ་ཁ་ཕུང་དུ་འགྲོ་བ་དེ་ལྟ་བུ་ཡིན་ནོ།།ཞེས་གསལ་བར་བཀོད་འདུག་པར་བརྟགས་ན། དུས་དེར་ཨ་ཕྱི་ཞེས་པ་ལས་འབྲི་གུང་ཨ་ཕྱི་ཞེས་ཡུལ་གྱི་མིང་འདི་ཉིད་མ་སྦྱར་བར་སྣང་བས་ན། སྐབས་དེར་འབྲི་གུང་ཨ་ཕྱི་ཞེས་པ་གནས་སམ་ཡུལ་མིང་འབྲེལ་བའི་ཐ་སྙད་དེ་ཉིད་ད་དུང་ཐོན་མེད་པར་གསལ་བཤད་བྱས་འདུག་སྙམ། 

རྭ་ལོའི་རྣམ་ཐར་དེའི་ཤོག་ངོས་༡༦༧ལས། འདི་རང་སྟོང་མིན་ཏེ་བདག་འཛིན་ཡུལ་ལས་འདས།། འདི་གཞན་སྟོང་མིན་ཏེ་ཤེས་འཛིན་དྲི་མ་མེད།། ཅེས་བཀོད་འདུག་མོད། ཡོངས་གྲགས་སུ་རང་སྟོང་གཞན་སྟོང་གི་ཐ་སྙད་འདི་ཉིད་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་སློབ་མ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ཐོག་མར་སྤེལ་བར་གྲགས་པར་དཔྱད་འོས་ལ། རྭ་སྒྲེང་གི་ནུབ་ཏུ་གནས་པའི་བཀའ་བརྒྱུད་པའི་གདན་ས་སྟག་ལུང་དགོན་དང་བླ་ཁག་དགེ་འདུན་སྐོར་དང་། རབ་བྱུང་ལྔ་པའི་ཤིང་གླང་སྤྱི་ལོ་༡༣༢༥ལོར་འཁྲུངས་པའི་རིག་འཛིན་རྒོད་ལྡེམ་སྐོར་ཟུར་ཙམ་དང་། ངོས་༡༦༧ལ། རྒོད་ལྡེམ་ཁོང་ལ་རི་བོ་བཀྲ་བཟང་གི་གཏེར་གྱི་ཁ་བྱང་གནང་མཁན་གཏེར་སྟོན་བཟང་པོ་གྲགས་པའི་སློབ་མ་ལ་རྭ་ལོས་གདམས་པ་གནང་ནས་གྲོལ་རབས་དང་། དེ་དུས་རྭ་ལོ་དགུང་གྲངས་དྲུག་ཅུ་ཟིན་མེད་ཚུལ་གསལ་འདུག་པས་ན། ཕྱིས་སུ་བཙན་པོ་སྲོང་བཙན་གྱི་དབུ་ལ་འོད་དཔག་མེད་དང་བཙན་པོ་དར་མའི་དབུ་ལ་རྭ་ཅོ་ཡོད་རབས་སྨྲ་བའི་ལུགས་བཞིན་རྣམ་ཐར་འདིར་ཕྱིས་སུ་རིམ་པས་བསྣན་པ་ཅི་རིགས་བྱས་ཡོད་པར་མངོན་པས། རང་བློ་ཚད་འཛིན་ཙམ་མ་ཡིན་པར་ལོ་རྒྱུས་རིག་པའི་འགྲོས་བཞིན་ཞིབ་དཔྱོད་གནང་ན་ཀུན་ལ་སྨན་པར་འགྱུར་ངེས་སོ།། ཞིབ་འཇུག་གི་འབྲས་བུ་ཞིབ་ཆ་ནི་ལོགས་སུ་ཡོད་དོ།། ༢༠༢༠/༡༠/༢༠

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།