བོད་དུ་བསྐྱོད་པའི་ཡེ་ཤུའི་ཆོས་སྤེལ་བ་དང་བོད་རིག་པ་བ།

4434

རྩོམ་པ་པོ། ཤེས་རབ་དར་རྒྱས།



སྔོན་གྱི་དུས་སུ་ཡེ་ཤུའི་ཆོས་སྤེལ་བ་ཚོ་འགྲོ་ས་ནི་ཡེ་ཤུའི་ཆོས་ལུགས་མ་དར་བའི་ས་ཁུལ་རྣམས་ཡིན་ཞིང་། ཉེ་དུས་ནས་འགྱུར་ལྡོག་བྱུང་སྟེ་ཡུལ་ལུང་སྐྱོ་པོ་རྣམས་ཆོས་ལུགས་སྤེལ་སའི་གནས་གཞིར་བཟུང་ཡོད། ཡེ་ཤུའི་ཆོས་སྤེལ་བ་ཚོས་བོད་ལ་ཆོས་ལུགས་བསྒྱུར་ཐབས་བྱས་པའི་ལོ་རྒྱུས་ནི་ཐུང་ཐུང་ཞིག་མ་རེད་ལ། འབད་པ་བྱས་པའང་ཉུང་ཉུང་ཞིག་མིན་ཚོད་རེད། བོད་ཁུལ་དུ་ཡེ་ཤུའི་ལྷ་ཁང་བཞེངས་པ་དང་། དེའི་ནང་དུ་ཆོས་བྱེད་པ། བོད་སྐད་སོགས་སྐད་རིགས་འདྲེས་མའི་ནང་གསོལ་བ་སྨོན་ལམ་འདེབས་པ་སོགས་ད་ལྟ་ཡང་མཐོང་དུ་ཡོད། འོན་ཀྱང་།བོད་མིའི་སེམས་ཁོང་དུ་ནང་ཆོས་ཀྱིས་གཞི་བཟུང་བ་བརྟན་ཅིང་། བོད་མི་རྣམས་མགོ་མཁྲེགས་པས་འབྲས་བུ་རྒྱ་ཁྱབ་ཏུ་ཐོན་མེད། ཡེ་ཤུ་བ་དེ་དག་རྣམ་རིག་ཧ་ཅང་གྲུང་བས་ཨ་མདོར་འབྱོར་ན་ཨམ་སྐད་དང་། ཁམས་སུ་ཁམས་སྐད། དབུས་གཙང་སྟོད་གསུམ་དུ་དེ་དག་གི་སྐད་སྦྱངས་པར་མ་ཟད། ནང་པའི་ཆོས་དང་གོམས་སྲོལ་རིག་གཞུང་སོགས་ལའང་སྦྱངས་ཏེ་ཡིག་འཇོག་བྱས་པ་ཧ་ཅང་མང་།

ཡེ་ཤུའི་ཆོས་སྤེལ་བ་ཚོས་བོད་དང་འབྲེལ་བའི་གནས་ཚུལ་ཅི་མང་ཡིག་འཇོག་བྱས་པ་ལ་བརྟེན་ནས་བོད་དང་བོད་ཀྱི་ཤེས་རིག་ལ་དོ་སྣང་བྱས་ཏེ་བོད་རིག་པ་བ་འབྱུང་བའི་མགོ་ཚུགས་པར་ཟད། བོད་ལ་མྱུལ་ཞིབ་ཏུ་འབྱོར་བ་ཚོས་ཀྱང་བོད་རིག་པ་བ་འབྱུང་བར་ཤུགས་རྐྱེན་ཆེན་པོ་བྱིན་ཡོད། དེ་དག་གིས་བྲིས་པ་ནི་ཡུལ་སྐོར་ཟིན་ཐོ་ཙམ་མ་ཡིན་པར་བརྡ་སྤྲོད་དང་ཚིག་མཛོད། ས་བཤད། མི་བཤད། ལོ་རྒྱུས། ནང་དོན་རིག་པའི་འགྲེལ་བཤད་སོགས་གཏིང་ཟབ་པའི་རིགས་ཧ་ཅང་མང་།

ཤར་ཕྱོགས་སུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་བ་སྤྱིའི་ངོས་ནས་བཤད་ན། གནའ་སྔ་མོའི་དུས་ནས་ད་ལྟ་ལ་ཐུག་གི་བར་དུ་ཡུལ་ལུང་གང་དུ་སོང་ཡང་མངོན་གསལ་དོད་པོ་མི་བྱེད། འོན་ཀྱང་། ཨ་རི་ལྟ་བུར་མཚོན་ན། ཁྱིམ་ཚང་གི་སྒོ་བརྡུངས་ནས་ཆོས་ཕྱོགས་ཀྱི་ཡིག་ཆ་སྤྲོད་པ་དང་། ཡེ་ཤུའི་ལྷ་ཁང་དུ་མགྲོན་འབོད་བྱེད་པ། ཁྲོམ་གཞུང་དུ་རོལ་དབྱངས་དང་གླུ་གཞས་བཏང་སྟེ་ཞོར་དུ་ཡིག་ཆ་འགྲེམ་སྤེལ་བྱེད་པ་སོགས་ཡོད། ཉིན་ཞིག་བདག་ཨ་རིའི་མངའ་སྡེ་ཁོ་ལོ་ར་བྷྲོ་ཞེས་པའི་ནང་གི་གྲོང་བརྡལ་སྐད་གྲགས་ཅན་བྷོལ་ཌིར་གྱི་ཁྲོམ་སྲང་ཉུལ་སྐབས། རོལ་གཞས་མཉམ་གཏོང་ཚོགས་ཆུང་ཞིག་ལམ་འགྲམ་དུ་བསྡད་ཡོད་པ་མཐོང་བས་གླེང་མོལ་ཕྲན་ཙམ་བྱས། ཡེ་ཤུའི་ཆོས་ལ་དོ་སྣང་ཡོད་དམ་ཟེར། ཡོད་ལབ་པ་ན། འབྲེལ་བ་བྱོས་དང་ཁྱེད་ཀྱི་དགོས་མཁོ་བསྒྲུབས་ཡོང་ཟེར། དཀོན་མཆོག་གི་གསུང་རབ་ཡོད་དམ་ཞེས་དྲིས་པ་ན། ཡོད་ཟེར། བོད་ཡིག་ནང་བསྒྱུར་བ་ཡོད་དམ་ཞེས་པར་དེ་ལ་ཡང་ཡོད་ཟེར། དེ་ནས་ཁ་བྱང་སྤྲོད་དང་སང་གནངས་གང་རུང་ཞིག་ལ་འབྱོར་ཡོང་ཟེར། ཉིན་གཅིག་གི་རྗེས་སུ་ཏག་ཏག་ངའི་ཡིག་སྒམ་ནང་འབྱོར་སོང་བས་བདག་ཧ་ལས། ཉིན་མོ་དེ་ནས་བཟུང་རླངས་འཁོར་ནང་བཞག་སྟེ་གང་དུ་སུ་ལ་སྒུག་དགོས་ཚེ་དེ་མ་ཐག་དེ་ལག་ཏུ་བླངས་ཏེ་བཀླགས།

བོད་ལ་མངོན་གསལ་ཅན་གྱི་ཡེ་ཤུའི་ཆོས་སྤེལ་བ་འབྱོར་བ་ནས་བཟུང་མཁས་པའི་ཁྲོད་དུ་དེ་ལ་ལྟ་སྒོམ་སྤྱོད་གསུམ་ཡོད་མེད་སོགས་ལ་ཐུགས་སྣང་གནང་མཁན་དུ་མ་བྱུང་ཡོད། ཁོ་བོའི་མིག་འོག་ཏུ་ཆུད་པའི་ཁྲོད་ནས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཚུལ་གསུངས་པ་ཆེས་ཐོག་མ་ནི་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོ་རེད། དེ་ཡང་ཁོང་གིས་མཛད་པའི་དུས་འཁོར་ནང་གི་ལེའུའི་འགྲེལ་བཤད་དུ། “དེང་སང་ཕྱི་གླིང་བ་རྣམས་ཀྱིས་ཀྱང་གནམ་གྱི་བདག་པོས་འཇིག་རྟེན་འདི་ཐམས་ཅད་བྱས་པས་དེ་དྲིན་ཆེ་ལ། དེའི་བཀའ་ནི་མི་གསོད་པ་སོགས་སུ་བསྒྲགས་པ་ལྟར་བྱ་ཞིང་དེ་མཉེས་ན་དེའི་གནས་བདེ་སྐྱིད་ཕུན་སུམ་ཚོགས་པར་སྐྱེ་བ་དང་། མི་མཉེས་པར་བྱས་ན་ས་འོག་ཏུ་སྡུག་བསྔལ་མྱོང་བའི་དམྱལ་བར་བཙུད་པར་འགྱུར་ཞེས་ཟེར་བ་འདི་ཡི་ཁུངས་སྟག་གཟིག་པའི་ཆོས་ལུགས་དེ་ཉིད་ཡིན་པར་འདུག་གོ།” ཞེས་གསུངས་ཡོད་པ་ལོ་མང་པོའི་གོང་ནས་མཐོང་།

སྤྱིར་བོད་དུ་འབྱོར་བའི་ཕྱི་རྒྱལ་བ་ཐོག་མ་གླེང་སྐབས། སྲིད་དོན་གྱི་ངོས་ནས་གླེང་ཚུལ་དང་ཆོས་སྤེལ་བའི་ངོས་ནས་གླེང་ཚུལ་མི་འདྲ། སྲིད་དོན་གྱི་ངོས་ནས་གླེང་བ་ནི་ཁོ་བོས་བྲིས་ཟིན་པས་འདིར་མི་འབྲི་ལ། བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་བ་ཐོག་མ་སུ་ཡིན་ནི་ད་དུང་ཡང་རྩོད་གཞིའི་ཚད་དུ་ལུས་ཡོད། འགའ་ཞིག་གིས་ཨི་ཊ་ལིའི་ཡེ་ཤུའི་གྲྭ་པ་ཨོ་དྷོ་རི་ཀོ་མ་ཏིའུ་སི་(Odorico Mattiussi)ཞེས་པ་དེ་སྤྱི་ལོ་ 1325 ནས་ 1327 ལོའི་བར་གྱི་དུས་སྐབས་གང་ཞིག་ལ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཞེས་ཟེར་ཡང་མཁས་པ་མང་པོས་ད་དུང་ཡང་ཐག་ཡོངས་སུ་མ་ཆོད་པར་ལུས་ཡོད། ཉམས་ཞིབ་པ་དག་གི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། ལྷ་སར་འབྱོར་ཡོད་མེད་གང་ལྟར་ཡང་། རྒྱ་ནག་ནས་ཕྱིར་ལོག་པའི་ལམ་བར་ནས་བོད་ཀྱི་ས་གནས་གང་ཞིག་ཏུ་འབྱོར་བ་ནི་དངོས་བདེན་དུ་མངོན།

ད་ལྟ་རྩོད་མེད་དུ་བཤད་པའི་སྔ་གྲས་ནི་པོར་ཊུ་གྷེ་ཤིའི་(Portuguese)ཡེ་ཤུའི་གྲྭ་པ་དྷེ་ཨན་དྷི་ར་དྷེ་(António de Andrade)དང་མར་ཀེ་སི་(Manuel Marques)གཉིས་རེད། ཁོང་གཉིས་སྤྱི་ལོ་ 1624 ལོའི་ཟླ་ 7 པའམ་ 8 པའི་ནང་མངའ་རིས་གུ་གེའི་རྒྱལ་ས་རྩ་བྲང་དུ་འབྱོར། གུ་གེའི་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་སྣེ་ལེན་གང་ལེགས་གནང་ཞིང་ཟླ་བ་གཅིག་ཙམ་བསྡད་དེ་ཕྱིར་རྒྱ་གར་དུ་ལོག །དེའི་ཕྱི་ལོ་སྟེ་སྤྱི་ལོ་ 1625 ལོར་ཁོང་གཉིས་ཕྱིར་བོད་དུ་ཕེབས་ཏེ་གུ་གེའི་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་གུ་གེའི་རྒྱལ་ས་རྩ་བྲང་དུ་ཡེ་ཤུའི་ཆོས་སྤེལ་བ་གཏན་སྡོད་བྱེད་ཆོག་པའི་ཆོག་མཆན་སྩལ། འོན་ཀྱང་། ཁོང་གཉིས་གཏན་སྡོད་མ་བྱས་པར་ཕྱིར་རྒྱ་གར་དུ་སོང་སྟེ་སྤྱི་ལོ་ 1627 ལོར་རྒྱ་གར་ནས་ཆོས་སྤེལ་བ་གཞན་འགའ་ཞིག་གུ་གེར་ཆེད་གཏོང་བྱས།

དེ་ལྟར་ཡོ་རོབ་པ་དུ་མ་བོད་དུ་བསྐྱོད་པའི་མགོ་བཙུགས་ཏེ་སྤྱི་ལོ་ 1712 ལོར་ཨི་ཊ་ལིའི་ཡེ་ཤུའི་ཆོས་སྤེལ་བ་ཨི་པོ་ལི་ཏོ་དྷེ་གཟེ་དྷེ་རི་(Ippolito Desideri)ཞེས་པ་ཁོང་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ཐོན་ཏེ་སྤྱི་ལོ་ 1716 ཟླ་ 3 ཚེས་ 18 ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། ཁོང་ཨི་ཊ་ལིའི་རྒྱལ་ས་རོམ་ནས་མ་ཐོན་གོང་ཡེ་ཤུའི་བླ་ཆེན་པོབ་ཀྱིས་དངོས་སུ་མཇལ་ཁ་གནང་སྐབས། བོད་དུ་ཆོས་སྤེལ་བར་འགྲོ་འཆར་ཡོད་ཚུལ་ཞུས་པས་བླ་ཆེན་པོབ་ཐུགས་དགྱེས་ཏེ་བསྔགས་བརྗོད་དང་ཐུགས་སྨོན་གནང་བ་སོགས་གལ་ཆེའི་ལོ་རྒྱུས་མང་དུ་སྣང་།

ཨི་པོ་ལི་ཏོ་ལགས་བོད་དུ་ལོ་ངོ་དུ་མ་བསྡད་པའི་རིང་བོད་ཀྱི་སྐད་ཡིག་དང་ཚད་མ་རིག་པ་དང་དབུ་ཕར། ལམ་རིམ་སོགས་སྦྱངས་ཤིང་བོད་ཀྱི་དགེ་འདུན་པ་རྣམས་ལ་རྟགས་གསལ་མང་དུ་བཏང་བའི་ལོ་རྒྱུས་ཡོད། ཁོང་གིས་ཉིན་མཚན་སྦྲེལ་ནས་སློབ་གཉེར་བྱེད་ས་གཙོ་བོ་ནི་སེ་ར་དགོན་པ་རེད་ཟེར། བོད་དུ་སློབ་གཉེར་བྱེད་ཞོར། སྤྱི་ལོ་ 1718 ནས་ 1721 བར་དུ་ནང་པའི་ཆོས་ཀྱི་ལྟ་བར་རྒོལ་སླད་མཐའ་དཔྱོད་འབྲི་ལུགས་སྤྱད་དེ་ཐལ་འགྱུར་དང་སྦྱོར་བ་བཀོད་ནས་དགག་གཞག་སྤོང་གསུམ་བྱས་པའི་(1) <<ཐོ་རེངས་མུན་སེལ་ཉི་མ་ཤར་བའི་བརྡ།>>ཞེས་པ་དང་། (2) <<མགོ་དཀར་བླ་མ་ཨི་པོ་ལི་དོ་ཞེས་བྱ་བ་ཡིས་ཕུལ་བའི་བོད་ཀྱི་མཁས་པ་རྣམས་ལ་སྐྱེ་བ་སྔ་མ་དང་སྟོང་ཉིད་ཀྱི་ལྟ་བའི་སྒོ་ནས་ཞུ་བ།>> (3) <<སེམས་ཅན་དང་ཆོས་ལ་སོགས་པ་རྣམས་ཀྱི་འབྱུང་ཁུངས།>> (4) <<མཐར་ཐུག་གི་འཐོབ་བྱ་ངེས་ལེགས།>> ཞེས་པ་(དཔེ་དེབ་མཐའ་མ་འདིའི་མཚན་བྱང་ལ་བརྟག་དགོས་པ་ཅུང་ཟད་ཡོད་)བཅས་དང་། (5) བོད་མི་རྣམས་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་སྤྱོད་སོགས་སྟོན་སླད་<<ཀེ་རི་སེ་སྟེ་འན་གྱི་ཆོས་ལུགས་ཀྱི་སྙིང་པོ་>>ཞེས་པ་ཞིག་ཀྱང་བྲིས་འདུག་ལ། དེ་དག་ཐམས་ཅད་ཐོག་མར་ཨི་ཊ་ལིའི་སྐད་དུ་སྒྲོམ་གཞི་བསླངས་ཏེ་དེ་ནས་བོད་ཡིག་ཏུ་ཕབ་པ་རེད་ཟེར།

གཞན་ཡང་། ཨི་པོ་ལི་ཏོ་ཡིས་སློབ་གཉེར་གྱི་ཞོར་དུ་རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ་ཨི་ཊ་ལིའི་སྐད་དུ་བསྒྱུར་མགོ་བཙུགས་ཏེ་བོད་ནས་མ་ཐོན་གོང་མཇུག་ཡོངས་སུ་གྲུབ་པར་བྱས། དེ་ནི་བོད་ཀྱི་བསྟན་བཅོས་ཡོ་རོབ་ཀྱི་སྐད་དུ་བསྒྱུར་བ་ཆེས་ཐོག་མ་དང་ཁོང་ནི་བོད་རིག་པ་བ་ཆེས་ཐོག་མ་དེ་རེད་ཅེས་ཀུན་ལ་ཡོངས་སུ་གྲགས་ཡོད། ད་དུང་ཁོང་གིས་ཡུལ་སྐོར་ཟིན་ཐོ་རྒྱས་པ་ཞིག་ཀྱང་བྲིས་ཏེ་སྙན་གྲགས་ཆེན་པོ་བྱུང་ཡོད།

ཡང་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་(1844-1848)ལ། ཧྥ་རཱན་སིའི་ཡེ་ཤུའི་ཆོས་སྤེལ་བ་མཁན་པོ་ E. Huc ཞེས་བྱ་བ་ཞིག་གྲོགས་དང་བཅས་ཏེ་མདོ་སྨད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་འབྱོར་བའི་གནས་ཚུལ་ཡ་མཚན་ཅན་ཞིག་ཡོད། ལོ་རྒྱུས་དེ་ཉིད་ཁོ་བོས་གཞན་དུ་་བྲིས་ཟིན་ཀྱང་འདིར་སླར་ཡང་བྲིས་ན་ཀློག་མཁན་ལ་སྤྲོ་བ་དང་ངེས་ཤེས་གཉིས་ཀ་སྦྱིན་ངེས་ཡིན། གང་ལྟར། རང་གི་ཆོས་གཞུང་དུ་མ་གསུངས་པའི་ཆོས་ཕྱོགས་ཀྱི་དོན་གནད་གང་ཞིག་ཡིན་ཡང་ཆུ་བུར་མིག་གིས་མ་མཐོང་ན་རང་དགར་ཡིད་ཆེས་པར་མི་བྱེད་པའི་ཡེ་ཤུའི་ཆོས་པ་དེ་དག་ཉིན་ཞིག་དོགས་སྣང་དང་སོམ་ཉིའི་ངང་དུ་སྐུ་འབུམ་དགོན་པའི་ཙན་དན་ལྗོན་པར་ལྟ་རུ་བསྐྱོད། ཁོ་པ་ཅག་ལ་མཚོན་ན། སྔོན་དུ་བོད་མིའི་ངག་ལས་ཙན་དན་སྤྲུལ་བའི་ལྗོན་པ་དེ་ཉིད་ཀྱི་ངོ་མཚར་བའི་གཏམ་གང་ཐོས་པ་དག་ནི། ལྷ་སྒྲུང་ལྟ་བུ་ཞིག་གམ་ཆེས་ལྐོག་གྱུར་ཆེན་པོ་ཞིག་སྟེ་ཡིད་ཆེས་པའི་གནས་སུ་གཞར་ཡང་མ་གྱུར་ལ།བོད་འབངས་ལས་སྐལ་ཅན་རྣམས་དང་མཚུངས་པར་དད་པས་མཇལ་འདོད་ནི་དེ་བས་ཀྱང་ག་ལ་ཡོད། དེ་ལྟ་ནའང། ཁོ་པ་ཅག་གི་མིག་ལམ་དུ་རང་ཉིད་ཀྱང་ཡིད་ཆེས་པར་དཀའ་བའི་སྣང་བ་ངོ་མཚར་བ་སྣ་ཚོགས་མངོན་སུམ་དུ་བྱུང་སྟེ། ཚུལ་དེ་དག་<<ཊཱར་ཊཱ་རེའེ་དང་། བོད། རྒྱ་ནག་བཅས་སུ་བསྐྱོད་པ།>> ཞེས་པའི་ལྗོངས་རྒྱུ་ཟིན་ཐོར་བཀོད་ཅིང་འགྲེམ་སྤེལ་བྱས་པ་འདི་ལྟར།

“དེ་ལྟ་བུའི་ལྗོན་པ་ཞིག་ཡོད་དམ་ཞེས་དང། ཁྱེད་ཅག་གིས་དེ་དངོས་སུ་མཐོང་ངམ། དེ་ལ་ཁྱད་ཆོས་དམིགས་བསལ་བ་ཅི་ཞིག་ཡོད་དམ། ཡ་མཚན་ཅན་གྱི་ལོ་མ་དེ་དག་ཇི་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་བ་རྣམས་ཀློག་མཁན་དག་ལ་རང་བཞིན་གྱིས་འབྱུང་ངེས་ཤིང་འདྲི་འོས་པ་ཞིག་ཀྱང་ཡིན། དེ་ལ་ང་ཚོས་གང་ནུས་ཀྱིས་ཚན་པ་རེ་རེ་བཞིན་ལན་འདེབས་བྱ་ངེས་ཡིན། ་་་ ཐོག་མར་ང་ཚོས་གཟབ་ནན་ཆེན་པོས་མིག་གཉིས་ཐད་ཀར་ཙན་དན་ལྗོན་པའི་ལོ་མར་གཏད། དོན་དངོས་སུ། ལོ་མ་རེ་རེའི་སྟེང་དུ་བོད་ཡིག་རང་བྱོན་དུ་གསལ་ལེར་ཡོད་པ་མཐོང་བས་ང་ཚོ་དངོས་གནས་ཧ་ལས་པར་གྱུར། ཡི་གེ་རྣམས་ལྗང་ཁུ་ཡིན་ཞིང། འགའ་ཞིག་ནི་ལོ་མའི་རང་མདོག་ལས་ཀྱང་ཅུང་ཟད་ནག་ལ། ཁག་གཅིག་ནི་དཀར་ཤས་ཆེ་བར་སྣང། དེ་དག་མཐོང་མ་ཐག་ངེད་ཅག་གི་སེམས་སུ་དེ་ནི་བླ་མ་ཚོའི་གཡོ་ཐབས་ཤིག་མིན་ནམ་སྙམ་སྟེ་དོགས་པའི་དྲ་བར་ཚུད། དེ་ནས་ལོ་མའི་ངོས་ཀྱི་ཡི་གེའི་ཆ་ཤས་རེ་རེར་ཞིབ་ཏུ་བརྟགས་པ་ན། གཡོ་ཐབས་ཀྱི་ཆ་ཕྲ་མོ་ཙམ་ཡང་མ་རྙེད། ངེད་ཅག་ལ་སྣང་བའི་ཡིག་འབྲུ་དེ་རྣམས་ལོ་མའི་རང་བཞིན་ཉིད་ལས་ལོགས་སུ་མེད་ཅིང་། ཡི་གེ་རྣམས་ལོ་མའི་རྩ་རྒྱུས་དང་བཅས་ཏེ་གསལ་ལེར་མངོན། ཡི་གེ་དེ་རྣམས་ལོ་མ་སོ་སོའི་ཕྱོགས་འདྲ་མིན་ནས་མངོན་འདུག་སྟེ། འགའ་ཞིག་ནི་ལོ་མའི་རྩེ་དང། འགའ་ཞིག་ནི་དཀྱིལ། གཞན་དག་ནི་གཤམ་ངོས་དང་ཟུར་དག་ལས་མངོན། ལོ་མ་ཆུང་ངུ་དག་ལས་ཤར་བའི་ཡིག་འབྲུ་རྣམས་དེ་ཙམ་མི་གསལ། ཤུན་པ་དང་ཡལ་གའི་ཆ་ནས་བཤད་ན། ལྗོན་པ་དེ་ཉིད་ plane tree ཞེས་པ་དང་མཚུངས་ལ། ཡལ་ག་དང་གཞུང་རྟའི་ཕྱི་ཤུན་གྱི་སྟེང་ནས་ཀྱང་ཡིག་འབྲུ་མང་པོ་ཕྱིར་མངོན། ང་ཚོས་ཕྱི་ཤུན་རྙིང་པའི་ཆ་ཤས་ཆུང་ངུ་དག་བཀོག་སྟེ་བརྟགས་པ་ན་དེའི་ནང་རིམ་གྱི་ཤིང་ཤུན་གསར་པའི་ངོས་ནས་ཀྱང་ཡིག་འབྲུའི་མཐའ་རིས་རྣམས་གསལ་ལ་མི་གསལ་བའི་ངང་དུ་ཕྱིར་མངོན་པ་མཐོང། ཡ་མཚན་པའམ་ཐུན་མོང་མ་ཡིན་པ་ཞིག་ལ། ཤིང་ཤུན་གྱི་ཕྱི་རིམ་དང་ནང་རིམ་གཉིས་ཀྱི་ཐད་ཀའི་ཡིག་འབྲུ་གསར་རྙིང་གཉིས་ཕལ་ཆེར་ཡིག་འབྲུ་གཅིག་མཚུངས་སུ་སྣང། དེ་ལ་གཡོ་ཐབས་ཤིག་འདྲེས་མེད་དམ་སྙམ་སྟེ་གཟབ་ནན་ཆེན་པོས་བརྟག་དཔྱད་བྱས་ཀྱང་གཡོ་ཐབས་ཀྱི་རྣམ་པ་གང་ཡང་མ་རྙེད། དེ་ལྟ་བུའི་ངོ་མཚར་ཅན་གྱི་མཐོང་སྣང་དེའི་རྐྱེན་པས་ངེད་ཅག་ལ་བརྗོད་དཀའ་བའི་ཚོར་སྣང་ཆེན་པོ་བྱུང་ཞིང། ཚོར་ཤུགས་དེའི་དབང་གིས་ངེད་ཅག་གི་ལུས་པོ་ཡང་ཚ་ལམ་ལམ་དུ་གྱུར། ངེད་ཅག་ལས་བློ་གྲོས་ཆེ་ཞིང་སྤྱང་གྲུང་འཛོམས་པ་ཞིག་ཡིན་ན། ལྗོན་པ་ངོ་མཚར་ཅན་འདིའི་གསང་བའི་གནད་དག་ལ་འགྲེལ་བཤད་ཡིད་ཚིམ་པ་ཞིག་རྒྱག་ཐུབ་སྲིད་ཀྱང་ངེད་ཅག་གིས་འདི་ཙམ་ལས་བཤད་མ་ནུས། ཀློག་མཁན་འགས་ངེད་ཅག་གི་གླེན་རྟགས་ལ་འཕྱ་དགོད་བྱེད་སྲིད་ཀྱང་སྐྱོན་ཅི་ཡང་མེད། གང་ལྟར། ང་ཚོའི་དྲང་ཚུགས་དང་བདེན་པ་ཅན་གྱི་འགྲེལ་བཤད་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་དགོས་དོན་མེད།”   ཅེས་སོགས་བྱང་ཆུབ་ཙན་དན་ལྗོན་པ་དེ་ཉིད་ཀྱི་རྣམ་པ་གཞན་དང་གཞན་ཡང་ཞིབ་འགྲེལ་བྱས་འདུག་ཀྱང་འདིར་མ་བྲིས།

མཚམས་འདིར་ཨ་རིའི་བོད་རིག་པ་བ་ཐོག་མ་སྐུ་ཞབས་རོ་ཁི་ཧིལ་(William Woodville Rockhill, 1854-1914)ལགས་དང་འབྲེལ་བའི་གནས་ཚུལ་འགའ་བཤད་ན། ཁོང་ནི་བོད་ལ་མཚོན་ན་བོད་རིག་པ་བ་ཙམ་དུ་མ་ཟད། ལོ་རྒྱུས་མི་སྣ་ཧ་ཅང་གལ་ཆེན་ཞིག་ཀྱང་རེད། དོན་དངོས་བཤད་ན། ཁོང་ནི་བོད་དང་ཨ་རི་གཉིས་ཀྱི་བར་དུ་འབྲེལ་བ་ཐོག་མར་འཛིན་མཁན་དེ་རེད། དེ་ཡང་བོད་དང་ཨ་རིའི་འབྲེལ་བ་དེ་རྒྱལ་དབང་བཅུ་གསུམ་པ་དང་རོ་ཁི་ཧིལ་རྣམ་གཉིས་ཀྱི་འབྲེལ་བ་ནས་དབུ་ཚུགས་པ་ཞིག་ཡིན་པ་ལོ་རྒྱུས་བཀླགས་ན་ཤེས། <<བོད་ཀྱི་རྒྱལ་རབས་>>དེབ་ཕྱི་མའི་ཤོག་ངོས་ ༡༤༦ ན། རོ་ཁི་ཧིལ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ་རྒྱལ་དབང་མཆོག་ལ་མཇལ་འཕྲད་ཞུས་པ་དེ་“ནི་ཨ་མི་རི་ཀའི་གཞུང་དང་བོད་གཞུང་འབྲེལ་བ་ཐོག་མ་དེ་ཡིན།” ཞེས་བྲིས་ཀྱང་།ཡིན་རྒྱུ་ནི་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་སོག་ཡུལ་དུ་བཞུགས་པའི་སྐབས་དེ་རེད།

ལོ་རྒྱུས་ཀྱི་མགོ་ནས་བཤད་ན། སྤྱི་ལོ་ 1901 ལོར་འཇར་མན་པ་ཞིག་དང་ཨ་རི་བ་རོ་ཁི་ཧིལ་གཉིས་ཀྱིས་རྒྱལ་དབང་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད། ཕྱག་བྲིས་དེ་འབྲི་མཁན་ནི་རྒྱ་གར་འབེང་འགོལ་(Bengal)གྱི་མི་ཡིན་པ་ས་ར་ཅན་དྷར་རྡཱ་སེ་(Sarat Chandra Das)ཞེས་པ་ཁོང་རེད། ཡི་གེ་དེའི་གཤམ་དུ་དབྱིན་ཡིག་ནང་ཡི་གེའི་ནང་དོན་གསལ་བཤད་དང་བཅས་ས་ར་ཅན་དྷར་རྡཱ་སེ་ཡི་མཚན་རྟགས་དང་སྤྱི་ལོ་ 1901 ཟླ་ 10 ཚེས་ 9 ཉིན་བྲིས་ཚུལ་བཀོད་ཡོད། ཡི་གེའི་ནང་དོན་གཙོ་བོ་ནི།“སྔོན་རྒྱ་གར་ནས་བོད་དུ་ལོ་ཙཱ་བ་མཁས་གྲུབ་རྣམས་ཀྱིས་བསྒྱུར་བར་མཛད་པའི་བཀའ་དང་བསྟན་བཅོས་དེར་མ་ཚུད་པའི་ཐོར་བུ་དེང་སང་ལྷ་ལྡན་དང་སེ་འབྲས་དགའ་གསུམ་བཀྲས་ལྷུན་རྭ་སྒྲེང་པུ་རང་གི་མཐོ་ལྡིང་གསེར་གྱི་ལྷ་ཁང་བསམ་ཡས་ས་སྐྱ་སོགས་སུ་ཡོད་པའི་དཀར་ཆག་ཅིག་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོས་ཅི་ནས་སྩོལ་གནང་ཡོད་པ་ཞུ།” ཞེས་པ་འདི་རེད། འོན་ཀྱང་། ཡི་གེ་དེར་ལམ་ལྷོངས་མ་བྱུང་བས་འབྲེལ་བ་ཏག་ཏག་མཐུད་མ་ཐུབ།

རྒྱལ་དབང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དུ་བཞུགས་ཤིང་རོ་ཁི་ཧིལ་རྒྱ་ནག་པེ་ཅིན་དུ་བཞུགས་པའི་སྐབས་དེར་རྒྱལ་དབང་མཆོག་གིས་སོག་ཡུལ་ནས་ཨ་རི་གཞུང་ལ་འབྲེལ་བ་འཛིན་སླད། ཤིང་སྦྲུལ་ཟླ་ ༦ ཚེས་ ༢༢ སྤྱི་ལོ་ 1905 ཟླ་ 8 ཚེས་ 22 ཉིན་ཨུ་རུ་སུའི་སློབ་དཔོན་ཤིར་བྷ་ཙི་ཀོའེ་(F. I. Shcherbatskoy)ཞེས་པ་བརྒྱུད་ནས་པེ་ཅིན་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་རོ་ཁི་ཧིལ་ལ་ཕྱག་བྲིས་ཤིག་སྩལ། ཕྱག་བྲིས་ཀྱི་ནང་དོན་གཙོ་བོ་ཞིག་ནི། ཕྱི་རྒྱལ་བའམ་ནུབ་ཕྱོགས་པའི་ཁོངས་སུ་བོད་སྐད་ཤེས་ཤིང་ནང་པའི་ཆོས་ལ་དོ་སྣང་ཅན་སུ་ཡོད་མེད་བཀའ་འདྲི་གནང་བ་དེ་རེད། དེའི་གོང་དུ་རྒྱལ་དབང་ཚང་ནས་ཨ་རི་ཞེས་པ་ཞིག་འཇིག་རྟེན་འདིར་ཡོད་མེད་དང་ཡོད་ན་གང་དུ་ཡོད་པ་ཙམ་ཡང་མི་མཁྱེན་ཟེར། དེར་བལྟས་ན། དེའི་གོང་དུ་བོད་དང་ཨ་རིའི་བར་ལ་འབྲེལ་བ་གཏན་ནས་བྱུང་མེད་པ་གསལ་པོ་རེད། རྒྱལ་དབང་མཆོག་གིས་རོ་ཁི་ཧིལ་ལ་འབྲེལ་བ་གནང་བའི་རྒྱུ་མཚན་ནི་ཤེས་དཀའ་བ་ཞིག་མ་རེད། རྩ་བ་ངོ་མ་ནི་བོད་དེ་ཉིད་ཁེར་རྐྱང་དུ་བསྡད་བསྡད་པའི་མཐར་ཕྱིའི་བཙན་འཛུལ་ཡོང་སྐབས་འགོག་རྒོལ་གྱི་ཆ་རྐྱེན་དང་ནུས་པ་ཅི་ཡང་མེད་པ་དེ་རེད། སྲིད་ཀྱི་སྐད་ཆ་མང་པོ་ཤོད་མི་འདོད་ཀྱང་། མདོར་བསྡུས་ན་དེ་ལས་གཞན་མིན།

རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་བཞུགས་སྐབས་རོ་ཁི་ཧིལ་གྱིས་ཉིན་དུ་མར་རི་འཛེག་གོམ་བགྲོད་གནང་སྟེ་སྤྱི་ལོ་ 1908 ཟླ་ 6 ཚེས་ 19 ཉིན་རྒྱལ་དབང་རིན་པོ་ཆེར་དངོས་མཇལ་ཐོག་མ་དེ་ཞུས་ཤིང་ཚེས་ 21 ཉིན་སླར་ཡང་མཇལ་འཕྲད་ཐེངས་གཅིག་ཞུས། སྤྱི་ལོ་ 1908 ཟླ་ 10 ཚེས་ 6 ཉིན་པེ་ཅིན་དུ་རོ་ཁི་ཧིལ་གྱིས་རྒྱལ་དབང་ཚང་ལ་མཇལ་འཕྲད་ཞུས། དེའི་རྗེས་ཟླ་ 11 ཚེས་ 2 དང་ཟླ་ 12 ཚེས་ 17 གཉིས་ལ་ཡང་མཇལ་འཕྲད་ཞུས། མཇལ་འཕྲད་སྐབས་ཀྱི་གནས་ཚུལ་རྣམས་རོ་ཁི་ཧིལ་གྱིས་ཨ་རི་གཞུང་ལ་སྙན་གསེང་ཞུས་ཡོད་ལ། ནང་དོན་ནི་ཀུན་གྱིས་ཚོད་དཔག་ཐུབ་པ་དེ་རེད།

སྤྱི་ལོ་ 1910 ཟླ་ 10 ཚེས་ 4 ཉིན་རྒྱལ་དབང་མཆོག་གིས་རྒྱ་གར་རྡོ་རྗེ་གླིང་ནས་རོ་ཁི་ཧིལ་ལ་དབྱིན་བོད་ལྷན་སྦྱར་གྱི་ཕྱག་བྲིས་ཤིག་སྩལ། དེའི་གོང་དུ་ཡང་རོ་ཁི་ཧིལ་གྱིས་དབྱིན་ཇི་བ་རོ་སི་(Edward Denison Ross, 1871-1940)བརྒྱུད་ནས་གསུང་འཕྲིན་ཞིག་ཕུལ། དེ་ནས་སྐུ་ཞབས་རོ་ཁི་ཧིལ་གྱིས་རྒྱལ་དབང་མཆོག་ལ་སྦྲགས་ཁང་བརྒྱུད་ནས་ཕྱག་བྲིས་ཤིག་ཕུལ་བ་ལྕགས་ཁྱི་ཟླ་ ༩ ཚེས་ ༢༨སྤྱི་ལོ་ 1910 ཟླ་ 11 ཚེས་ 29 ཉིན་རྒྱལ་བའི་ཕྱག་ཏུ་འབྱོར། ཕྱག་བྲིས་དེ་ཉིད་རྒྱལ་བའི་ཕྱག་ཏུ་མ་འབྱོར་གོང་། འབྲས་སྤྱི་བློན་ཆེན་སྐུ་ཞབས་སྦེལ་(Sir Charles Bell)ལགས་ཀྱིས་ཡིག་སྐོགས་ཀྱི་ཁ་ཕྱེ་ཞིང་སླར་ཡང་སྦྱར་ཏེ་རྒྱལ་དབང་མཆོག་ལ་ཕུལ། དབྱིན་ཇིས་བོད་ཀྱི་རྒྱལ་པོར་མཐོང་ཆུང་དང་དོགས་ཟོན་གཉིས་ཀ་དེ་ལྟར་བྱས། དེའི་བཀའ་ལན་ལྕགས་ཁྱི་ཟླ་ ༡༠ ཚེས་ ༢༥ སྤྱི་ལོ་ 1910 ཟླ་ 12 ཚེས་ 26 ཉིན་རྡོ་རྗེ་གླིང་ནས་དབྱིན་ཇི་བ་རོ་སི་ཞེས་པ་བརྒྱུད་དེ་སྩལ།

མདོར་ན། ཨ་རི་བ་སྐུ་ཞབས་རོ་ཁི་ཧིལ་ནི་ནང་བསྟན་དང་བོད་ཀྱི་ཤེས་རིག་ལ་ཐུགས་སྣང་ཟབ་ཅིང་། ཨ་རིའི་བོད་རིག་པ་བ་ཐོག་མ་དེ་ཡང་རེད། ཁོང་གིས་བོད་ཀྱི་དཔེ་རྙིང་མང་པོ་ཨ་རིར་གདན་འདྲེན་ཞུས་པ་སོགས་ཨ་རིའི་བོད་རིག་པ་བ་རྣམས་བོད་རིག་པའི་ལམ་དུ་བསྐྱོད་པའི་གཞུང་ལམ་ཐོག་མ་དེ་བསྐྲུན། རོ་ཁི་ཧིལ་གྱི་གཞུང་དོན་ཕྱི་འབྲེལ་གྱི་ཕྱག་ལས་གཙོ་བོ་ནི་རྒྱལ་ཁབ་དུ་མའི་ནང་ཨ་རིའི་གཞུང་ཚབ་ཆེན་མོ་གནང་བ་དེ་རེད་ལ། བོད་དང་འབྲེལ་བའི་དཔེ་དེབ་སོགས་བྲིས་པ་དེས་བོད་ཀྱི་གནས་བབ་འཛམ་གླིང་དུ་སྒྲོག་པ་ལ་ཕན་ཐོགས་རྒྱ་ཆེར་བྱུང་ཡོད།

ཡང་སྤྱི་ལོ་ 1951 ལོར་སྟག་མཚེར་རིན་པོ་ཆེ་མཆོག་ཨ་རིར་ཕེབས་སྐབས་ཀྱི་གནས་ཚུལ་གལ་ཆེན་ཞིག་ཡོད། དེ་ཡང་སྟག་མཚེར་རིན་པོ་ཆེ་ཨ་རིར་ཕེབས་གཏན་ཡོངས་སུ་ཁེལ་བ་ན། རྒྱ་གར་གཞུང་གིས་སྐྱབས་བཅོལ་ཡིག་ཆ་དང་ཨ་རིའི་གཞུང་གིས་དེའི་ཐོག་ཐོངས་མཆན་ཆོག་མཆན་ཕུལ། ཨ་རིའི་འབྲེལ་ཡོད་ཚོགས་སྡེ་ནས་ཕེབས་བཞུགས་ཀྱི་གོ་སྒྲིག་དང་བཞུགས་གནས་སོགས་གྲ་སྒྲིག་གནང་། སྟག་མཚེར་རིན་པོ་ཆེ་ཨ་མདོ་བ་ཡིན་པས་ཨམ་སྐད་ཤེས་པའི་གསུང་སྒྱུར་ཞིག་དགོས་སྙམ་སྟེ། ཨེ་ཁི་ཝལ་(Rober EKvall)ཞེས་པ་དེ་ཨ་རིའི་ཤར་ཕྱོགས་རང་དབང་མཐུན་ཚོགས་ཀྱི་ཁོངས་སུ་བླངས་ཏེ་གསུང་སྒྱུར་གྱི་ལས་ཀ་སྤྲད། ཨེ་ཁི་ཝལ་ནི་རྒྱ་སྐད་དང་ཨམ་སྐད་གཉིས་ཀ་ཤེས་མཁན་ཞིག་སྟེ། ཁོང་གི་ཕ་མ་གཉིས་ཀྱིས་བོད་རྒྱའི་ས་མཚམས་ཁུལ་དུ་ཡུན་རིང་ཡེ་ཤུའི་ཆོས་ལུགས་སྤེལ་བའི་ལས་དོན་བསྒྲུབས་ཤིང་།ཕྱིས་སུ་ཁོང་ཡང་ཡེ་ཤུའི་ཆོས་སྤེལ་བར་གྱུར། ཨེ་ཁི་ཝལ་གྱི་མིང་ལ་ཤེས་རབ་བརྩོན་འགྲུས་དང་བཟའ་ཟླ་བྷེ་ཊེ་(Betty)ཡི་མིང་ལ་རྡོ་རྗེ་མཚོ། ཁོང་གཉིས་ཀྱི་བུ་ཌ་ཝེ་ཌི་(David W. Ekvall)ཡི་མིང་ལ་ཟླ་འོད་ཅེས་བོད་མིང་བཏགས་ཡོད། སྤྱི་ལོ་ 1929 ནས་ 1935 ཡི་བར་དུ་ཁོང་བཟའ་མི་གསུམ་མདོ་སྨད་སྟག་ཚང་ལྷ་མོའི་ཁུལ་དུ་བཞུགས། དེ་ནས་ཕྱིར་ཨ་རིར་ཕེབས་ཏེ་སྤྱི་ལོ་ 1939 ལོར་སླར་ཡང་སྟག་ཚང་ལྷ་མོར་ཕེབས་ཏེ་ལོ་ཤས་བཞུགས། ཁོང་ནི་ཆོས་ལ་དད་ཅིང་སྐད་རིགས་དུ་མ་ཤེས་པར་མ་ཟད། བརྩམས་ཆོས་ཀྱང་མང་དུ་ཡོད་པའི་སྐྱེས་བུ་བྱས་རྗེས་ཅན་ཞིག་རེད།

དེ་ལྟར་སྟག་མཚེར་རིན་པོ་ཆེ་དང་དོན་འགྲུབ་རྒྱལ་མཚན་གཉིས་རྒྱ་གར་ནས་ཐོན་ཏེ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་བརྒྱུད་སྤྱི་ལོ་ 1951 ཟླ་ 7 ཚེས་ 8 ཉིན་ཨ་རིའི་ནེའུ་ཡོཀ་ཏུ་འབྱོར་བར་ཨ་རིའི་ཤར་ཕྱོགས་རང་དབང་མཐུན་ཚོགས་ཀྱིས་ཕེབས་བསུ་ཞུས། ཚོགས་པ་དེས་ཕེབས་བསུར་ཁྲིད་ཡོང་བའི་སྐད་སྒྱུར་ཨེ་ཁི་ཝལ་གྱིས་སྟག་མཚེར་རིན་པོ་ཆེ་དཔོན་སློབ་གཉིས་མཇལ་མ་ཐག །“ཨ་ལགས་ཚང་། ཁྱེད་རྣམ་པ་བདེ་མོ་ཡིན་ནམ།” ཞེས་ཨམ་སྐད་བརྒྱབས་ཏེ་འཚམས་འདྲི་ཞུས་པར་སྟག་མཚེར་རིན་པོ་ཆེ་ཧ་ལས། གོང་དུ་བྲིས་པ་ལྟར་ཨེ་ཁི་ཝལ་མདོ་སྨད་སྟག་ཚང་ལྷ་མོ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱོགས་སུ་ཡུན་རིང་སྡོད་མྱོང་མཁན་ཞིག་ཡིན་པས་ཨམ་སྐད་ལ་ཐོགས་པ་མེད།

ད་དུང་བརྩམས་ཆོས་ཅན་གྱི་ཡེ་ཤུའི་ཆོས་སྤེལ་བ་དང་བོད་རིག་པ་བ་སྙན་གྲགས་ཅན་འགའ་ཞིག་འབྲི་རྒྱུ་ཡོད་ཀྱང་། གཅིག་ནས་རང་ཉིད་འཚོ་ལས་ཀྱི་བྲེལ་ཟིང་ཆེ་བ་དང་། གཉིས་ནས་མི་རྣམས་དྲ་ཐོག་གི་གླེང་མོལ་ལ་ཞུགས་ཆེས་ཏེ་ཡིག་མང་ཀློག་པའི་འདུན་པ་ཆུངས་པས་འདི་ཙམ་ལས་མ་བྲིས། དེ་ཡང་རང་ཉིད་འཚོ་ལས་ལ་གཡོལ་ནས་ངལ་གསོ་བའི་ཆེད་དེ། སྔོན་གྱི་མཁས་པ་དག་གིས་ཀྱང་བསྟན་བཅོས་རྩོམ་པའི་ཚེ་བར་སྐབས་ཚིགས་བཅད་ཡང་ཡང་བྲིས་ནས་ངལ་གསོ་བར་མཛད་པ་བཞིན་ནོ།།

ཤེས་རབ་དར་རྒྱས་ཀྱིས། སྤྱི་ལོ་ 2020 ཟླ་ 10 ཚེས་ 11 ཉིན་མགྱོགས་སྟབས་སུ་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།