ལུས་ཀྱི་སྨན་པ་ཞིག སེམས་ཀྱི་སྨན་པར་གྱུར་པ།_རྩིས་ཆེ་ལེགས་མཐོང་།

4532




དགུང་ལོ་བགྲེས་པའི་ཡབ་ཆེན་རྒྱལ་པོ་དགའ་ཞེས་འབོད་པས་རང་གི་སྲས་དར་མ་སྐྱབས་ཀྱིས་ནད་པ་འགའ་ཞིག་ལ་སྨན་བཅོས་བྱེད་བཞིན་པ་གཟིགས་རྗེེས། “བུ། ཁྱོད་ཀྱིས་སྨན་ཡག་པོ་ཤེེས་འདུག་ལ། ད་ནི་ཁྱོད་རང་ཨ་ཕ་ང་ལས་ཀྱང་མཁས་པར་གྱུར་འདུག ད་ཡིན་ན་ང་ཚོའི་ཁྱིམ་ཚང་གི་རིག་གནས་འདིའི་བརྒྱུད་པ་ཁྱོད་ཀྱིས་འཛིན་ཐུབ་པར་ང་རང་ཡིད་ཆེས་ཡོད་པས་ང་མི་རྒན་ཤི་ན་ཡང་འགྱོད་པ་མེད།” ཅེས་གསུངས་པ་ལ། དར་མ་སྐྱབས་ལ་མཚོན་ན་དེ་ནི་སྤོབས་པ་ཆེན་པོ་བྱ་དགོས་པའི་གཏམ་ཞིག་ལོས་ཡིན། དར་མ་སྐྱབས་ནི་བོད་ལྷོ་ཕྱོགས་སུ་ཡོད་པའི་ལུང་པ་ཆུང་ཆུང་ཞིག་སྟེ་གཉལ་ཞེས་པའི་ས་ཆར་སྨན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། སྤུན་མཆེད་རྒན་གཞོན་གསུམ་ཡོད་པ་ལས་དར་མ་སྐྱབས་ནི་བར་པ་ཡིན་ཅིང་། ཕ་ཤུལ་བུ་འཛིན་གྱིས་གསོ་བ་རིག་པ་སྦྱོང་མཁན་གཙོ་བོ་ཡང་ཡིན་པས་ཡབ་ཡུམ་གཉིས་ཀས་རེ་བ་ཆེ་ཤོས་གནང་ས་ཡིན། དར་མ་སྐྱབས་ཀྱིས་གཞུང་ལུགས་རྙིང་པ་ལ་སྦྱངས་ཤིང་། ཉམས་མྱོང་གསར་པ་བསགས། ལག་ལེན་སྣ་ཚོགས་པ་ཚོད་ལྟ་གནང་སྟེ། རང་གི་ཡབ་མེས་གོང་མ་བཞིན་དུ་གསོ་རིག་ལ་མཁས་པ་བྱ་རྒྱུ་དང་། ད་དུང་རབ་བྱུང་ན་རང་གི་ཕ་ཡུལ་ཙམ་མ་ཡིན་པར་བོད་ལ་སྙན་གྲགས་ཡོད་པའི་ལྷ་རྗེ་ཞིག་ཏུ་འགྱུར་འདོད་པའི་རྨི་ལམ་ཡོད།

དར་མ་སྐྱབས་ནི་དགུང་ལོ་གཞོན་ཀྱང་ཀུན་གྱིས་ལྷ་རྗེ་ཞེས་འབོད་པ་དང་། ལུང་པ་དེའི་ལྷ་རྗེ་གཞན་སུས་ཀྱང་དོ་ཟླ་མི་ནུས་པའི་ཐོག་ཏུ་ད་དུང་མགོ་ན་བ་ནི་ཡོངས་ཁྱབ་ཀྱི་དཀའ་ངལ་ཞིག་ཡིན་པ་ལ། དེའི་སྨན་བཅོས་བྱེད་པར་དར་མ་སྐྱབས་ལས་ལྷག་པ་མེད་པའི་སྙན་གྲགས་ཡོད། དར་མ་སྐྱབས་ནི་སྐྱེ་འབྲས་ལེགས་ཤིང་གཤིས་སྤྱོད་བཟང་བས་ན་ཡུལ་དེར་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་པ་ཙམ་དུ་མ་ཟད་ཡིད་སྨོན་བྱ་ཡུལ་དུ་ཡང་གྱུར། དེར་བརྟེན་དར་མ་སྐྱབས་ཀྱི་སྙིང་གྲོགས་ཀྱང་བུ་མོ་ཕལ་པ་ཞིག་མ་ཡིན་པར་ཡུལ་དེའི་དཔོན་པོ་མཆིམས་པ་ཇོ་སྲས་ཀྱི་སྲས་མོ་ཞིག་ཡིན། རྒྱལ་པོ་དགའ་དང་། མཆིམས་པ་ཇོ་སྲས་གཉིས་ཀྱིས་རང་རང་གི་སྲས་པོ་དང་སྲས་མོ་གཉིས་པོ་ཁྲུང་ས་བསྐྱོན་པ་ནི་འོས་ཤིང་འཚམས་པར་གཟིགས་ཏེ་གཟའ་སྐར་བཟང་བའི་ཉིན་མོ་ཞིག་ཏུ་ཁྲུང་སའི་དགའ་སྟོན་སྤེལ། ཉིན་དེར་དར་མ་སྐྱབས་དང་ཟླ་བ་ལྷ་མོ་གཉིས་ལ་མི་ཚེའི་རྨི་ལམ་མངོན་དུ་གྱུར་པ་ལྟ་བུའི་དགའ་ཚོར་གྱིས་ཁོང་གཉིས་ཀྱིས་མ་འོངས་པའི་ལོ་ཟླའི་ཁྲོད་དུ་སྐྱིད་ཀྱི་ཉི་མ་མཉམ་འདེ། སྡུག་གི་ཁུར་པོ་མཉམ་ཁུར་གྱིས་མཉམ་ཤི་མཉམ་གསོན་བྱེད་པའི་དམ་བཅའ་བྱས། ཁྲུང་ས་བསྐྱོན་ནས་ལོ་ཤས་ཀྱི་ནང་དུ་ཕྲུ་གུ་གཉིས་སྐྱེས་ཤིང་། ཕྲུ་གུ་གཉིས་པོ་ནི་དར་མ་སྐྱབས་དང་ཟླ་བ་ལྷ་མོ་གཉིས་ཀྱི་སྲོག་གི་ཐིག་ལེ་ཡིན་པ་ཙམ་དུ་མ་ཟད་སྤོ་བོ་དང་རྨོ་རྨོ་རྣམས་ཀྱི་མིག་གི་མཛེས་སྡུག་ཀྱང་ཡིན།

དེ་ལྟར་དར་མ་སྐྱབས་ནི་སྨན་ལ་མཁས་པའི་སྙན་གྲགས་ཆེ་ཞིང་། དར་མ་སྐྱབས་རང་ཉིད་ཀྱང་རང་གིས་རང་ལ་སྤོབས་པ་ཆེ་ཙམ་ཡོད་ན་ཡང་། དེ་ཙམ་དུ་ལུང་པ་དེར་ནད་ཡམས་ཆུང་ངུ་ཞིག་བྱུང་སྟེ། མཐོ་དམན་ཚང་མས་དར་མ་སྐྱབས་འཚོལ་བཞིན་པའི་སྐབས་ཡིན་པས་ན་དར་མ་སྐྱབས་ནི་ཉིན་མཚན་མེད་པར་སྨན་བཅོས་གནང་བར་ཕེབས་པ་ལས་ཁྱིམ་དུ་བཞུགས་པའི་གོ་སྐབས་ཀྱང་ཕྲ། འོན་ཀྱང་དེ་ཙམ་དུ་དར་མ་སྐྱབས་རང་གི་བུ་ཕྲུག་གཉིས་ལ་ཡང་ནད་ཡམས་འགོས་ཡོད་པར་ཤེས་རྟོགས་བྱུང་། དར་མ་སྐྱབས་ཐུགས་ཁྲལ་ཆེན་པོ་བྱུང་བས་མུ་མཐུད་ནང་ལ་བཞུགས་གང་ཐུབ་ཀྱིས་སྨན་བཅོས་གནང་ན་ཡང་། བུ་ཕྲུག་གཉིས་པོའི་ན་ཚ་སྡུག་ཏུ་སོང་བ་ཙམ་མ་ཡིན་པར་ད་དུང་རང་གི་ཆུང་མ་ལ་ཡང་ན་ཚ་འགོས་པ་ལ། དར་མ་སྐྱབས་ཀྱིས་རིག་པའི་གཞུང་ལུགས་ནས་གསུངས་པ་དང་། རང་གིས་ཉམས་མྱོང་ལས་ཐོབ་པའི་ཐབས་ཤེས་ཡོད་དགུ་བེད་སྤྱད་ན་ཡང་རང་གི་ཁྱིམ་ཚང་གི་ན་ཚ་ནི་ཉིན་ལྟར་ཇེ་སྡུག་ཏུ་འགྲོ་བ་ལས་ཇེ་དྲག་ཏུ་འགྲོ་བའི་རེ་བ་ཕལ་ཆེར་མེད་པར་གྱུར། སྐབས་དེར་དར་མ་སྐྱབས་ལ་རང་ཉིད་ཀྱི་སྨན་གྱི་ཤེས་ཚད་ལ་དྭོགས་པ་ཟ་མགོ་ཚུགས་ཤིང་། སྤོབས་པ་ཡང་གཏིང་ནས་ཉམས་པར་གྱུར་ཏེ། ད་ཆ་མི་རྣམས་ཀྱིས་དར་མ་སྐྱབས་ཀྱི་སྨན་ནི་མགོ་ན་བ་སོགས་ན་ཚ་སྤྱིར་བཏང་བ་ལ་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ན་ཚ་བཅོས་པར་ཕན་ནུས་དེ་ཙམ་མེད་པའི་ལབ་གླེང་ཡང་བྱུང་།

དེ་ལྟར་ལས་དབང་ཞིག་གིས་དར་མ་སྐྱབས་ལ་ནད་དེ་མ་འགོས་ཀྱང་། བུ་ཕྲུག་གཉིས་པོ་སྔོན་རྗེས་ཀྱིས་གྲོངས་པ་དང་། ཆུང་མའི་ལུས་སྟོབས་ཀྱང་ཇེ་ཞན་དུ་གྱུར་པས་དར་མ་སྐྱབས་ཀྱི་ཁྱིམ་ཚང་སྟོང་ལ་ཉེ་བར་གྱུར། དར་མ་སྐྱབས་ཀྱིས་རང་གི་བུ་ཕྲུག་གཉིས་པོའི་རོ་དུར་ཁྲོད་དུ་བསྐྱལ་རྗེས་ཉིན་ལྟར་ཆུང་མ་ལ་སྨན་བཅོས་གང་དྲག་བྱས་ཀྱང་། བུ་ཕྲུག་ཤི་བའི་སྡུག་བསྔལ་གྱིས་ཆུང་མའི་ལུས་ཁམས་ནི་སྔར་ལས་ཀྱང་སྡུག་ཏུ་སོང་། དེ་ནས་ཉིན་ཞིག་དར་མ་སྐྱབས་ཆུང་མའི་ཉེ་འགྲམ་དུ་བསྡད་ནས་ཡོད་པ་ན་ཆུང་མས་དར་མ་སྐྱབས་ཀྱི་ལག་པ་ནས་བཟུང་སྟེ་བཤད་དོན། “ངས་ངེད་གཉིས་ལོ་མཉམ་རྒས། སྐྱིད་སྡུག་མཉམ་མྱོང་གིས་མི་ཚེ་མཉམ་དུ་བསྐྱལ་ཏེ་ཉིན་ཞིག་ངེད་གཉིས་ཀྱི་ཚ་བོ་ཚོ་མཉམ་དུ་རྩེད་མོ་རྩེ་བའི་རྨི་ལམ་ཡང་གཏོང་མྱོང་ན་ཡང་ད་ཆ་ང་རང་ནད་འདི་ལས་མི་ཐར་བ་གཏན་གཏན་རེད་འདུག སྲོག་ལྟར་གཅེས་པའི་བུ་ཕྲུག་གཉིས་ཀ་གྲོངས་ཟིན་པས་ད་ནི་ང་ལ་འཇིག་རྟེན་འདིར་སེམས་ཆགས་ས་ཡང་ཁྱོད་རང་མ་གཏོགས་མེད། འོན་ཀྱང་ང་ཤི་རྗེས་ཁྱོད་ཀྱིས་སླར་ཡང་བུད་མེད་ཅིག་ཆུང་མར་བླངས་ནས་ནམ་ཞིག་ང་ནི་མདང་དགོང་གི་རྨི་ལམ་ལྟར་བརྗེད་འགྲོ་ངེས་སྙམ་ནས་ང་རང་སེམས་ཁྲལ་འདུག” ཅེས་བཤད།

དར་མ་སྐྱབས་ཀྱིས་ལག་པས་ཆུང་མའི་སྐྲ་ལ་བྱུག་བྱུག་བྱེད་བཞིན་དུ་བཤད་དོན། “ཁྱོད་དང་ང་གཉིས་ཆུང་དུས་ནས་མཉམ་དུ་གཤིབས་པ་རེད་ལ། མི་ཚེ་མཉམ་དུ་སྐྱེལ་བའི་དམ་བཅའ་ཡང་བྱས་པ་རེད། ཁྱོད་ཀྱིས་ཤེས་གསལ་ལྟར་ངས་ཆུང་དུས་ནས་ད་ལྟའི་བར་ཁྱོད་རང་ལས་བུ་མོ་གཞན་ལ་དགའ་མ་མྱོང་ལ། མ་འོངས་པར་ཡང་དགའ་མི་སྲིད། ཁྱོད་དང་མཉམ་དུ་མི་ཚེ་སྐྱེལ་རྒྱུ་བྱུང་བ་དེས་ངས་མི་ཚེའི་ནང་གི་བདེ་སྐྱིད་ཆེ་ཤོས་མྱོང་རྒྱུ་བྱུང་ལ། ད་ཆ་ཁྱོད་རང་གྲོངས་ལ་ཐུག་དུས་ངས་མི་ཚེའི་ནང་གི་སྡུག་བསྔལ་ཆེ་ཤོས་ཀྱང་མྱོང་རྒྱུ་བྱུང་། ངས་འཇིག་རྟེན་འཁོར་བ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ཤེས་སོང་བས། ད་ནི་གལ་སྲིད་ཁྱོད་རང་ཚེ་མ་བརྟན་ན་ང་ཡང་ཡོད་ཚད་གཡུགས་ནས་ཆོས་བྱེད་ན་བསམ་པ་ལས་བསྐྱར་དུ་བུད་མེད་ཅིག་བཙལ། ཕྲུ་གུ་སྐྱེས་ནས་ད་རེས་ལྟ་བུའི་སྡུག་བསྔལ་བཟོད་དཀའ་བ་འདི་ཡང་བསྐྱར་མྱོང་ཐུབ་ས་མ་རེད། དེས་ན་གལ་སྲིད་ད་རེས་ཁྱོད་རང་ནད་འདི་ལས་མ་ཐར་ན་ངས་ཁྱོད་རང་འཇིག་རྟེན་འདི་ནས་ཕྱིན་ཟིན་པའི་རྗེས་སུ་ངས་ཁྱོད་དང་དམ་ཚིག་འགལ་བའི་བྱ་བ་ཞིག་ནམ་ཡང་མི་བྱེད་པའི་དམ་བཅའ་བྱ་ཆོག” ཅེས་བཤད་པ་ན། ཆུང་མས། “ངས་ཁྱོད་ལ་ཡིད་ཆེས་ཡོད་དེ། ཁྱོད་ཀྱིས་དམ་བཅའ་ཞིག་བྱས་ན་ང་བློ་བདེ་བ་ཡོང་ས་རེད།” ཅེས་བཤད།

དར་མ་སྐྱབས་ཀྱིས་ཆུང་མ་ལ་དམ་བཅའ་བྱས་ནས་ཉིན་ཤས་ཀྱི་རྗེས་སུ་ཆུང་མ་གྲོངས་པ་ལ། དར་མ་སྐྱབས་ལ་འཇིག་རྟེན་འདིའི་ཡོད་ཚད་ཤོར་ནས་རང་ཉིད་གཅིག་པུར་ལུས་པའི་ཚོར་བ་ཟབ་མོ་ཞིག་བྱུང་། དེ་ནས་དར་མ་སྐྱབས་ཀྱིས་སྔར་ཕྲུ་གུ་གཉིས་པོའི་རོ་བསྐྱལ་བའི་དུར་ཁྲོད་དུ་ཆུང་མའི་རོ་ཡང་བསྐྱལ་ནས་ནང་དུ་འཁོར་རྗེས་བསམ་གཞིགས་མང་ཙམ་བྱས་པ་ན། ངས་ད་ལྟའི་བར་སྨན་ཤ་སྟག་སྦྱངས་ནས་དེས་མི་རྣམས་ཀྱི་དཀའ་སྡུག་ཡོངས་རྫོགས་སེལ་བར་བྱེད་སྙམ་མྱོང་ན་ཡང་། དོན་དངོས་སུ་སྨན་གྱིས་བཅོས་ཐུབ་པ་ནི་ལུས་ཀྱི་ནད་ཙམ་ལས་སེམས་ཀྱི་ནད་མ་རེད། ཚེ་འདི་ཙམ་ལས་ཕྱི་མར་ཡང་ཕན་ཐོགས་མེད། མ་ཟད་ད་ཆ་ང་རང་ཡང་ལུས་ནད་པ་མིན་ཀྱང་། སེམས་ནད་པར་གྱུར་ཡོད་པས་ན། སེམས་ཀྱི་ན་ཚ་འདི་ལས་ཐར་བར་ངས་ངེས་པར་དུ་ཆོས་བསྒྲུབ་དགོས་འདུག ད་དུང་གལ་ཆེ་ཤོས་ནི་གཞན་ལ་སྨན་བཅོས་ཅི་ཙམ་བྱས་ཀྱང་རང་ཉིད་ཀྱི་ཉོན་མོངས་བཅོས་མ་ཐུབ་ན་སླར་ཡང་འཁོར་བ་ལ་འཁོར་བས་ད་རེས་ལྟ་བུའི་འཁོར་བའི་ཟློས་གར་གྱི་ནང་དུ་དཀའ་སྡུག་གི་ཁུར་པོ་འཛད་པ་མེད་པ་ཞིག་རྟག་ཏུ་མྱོང་དགོས་ན་སྙིང་པོ་ཅི་ཡང་མི་འདུག་པས་ད་ནི་ངས་ཡོད་ཚད་གཡུགས་ནས་ཆོས་ཤིག་མི་བསྒྲུབ་རེ་བསམ་པ་བྱུང་།

འོན་ཀྱང་གནས་སྐབས་རིང་བྱ་བ་འགའ་ཞིག་མ་གྲུབ་པས་དར་མ་སྐྱབས་ཀྱིས་ཁྱིམ་དང་ས་ཞིང་སོགས་ཉེ་འབྲེལ་རྣམས་ལ་རྩིས་སྤྲད་དེ་ཐག་རིང་ཞིག་ལ་ཕྱིན་ནས་རབ་ཏུ་བྱུང་སྟེ་མི་ཚེ་ལྷག་མ་ཆོས་ལ་སྐྱེལ་བའི་བསམ་བློ་དང་བཅས། ཉིན་ཞིག་ཞིང་རྨོ་བཞིན་པ་ན་འཇིག་རྟེན་གྱི་བྱ་བ་ནི་འདི་འདྲ་སྟེ་གཅིག་གྲུབ་ན་གཅིག་གསར་དུ་ཐོན་ཡོང་བས་ཡོད་ཚད་གཙང་སེལ་བཟོ་ཐུབ་པ་ཞིག་ག་ལ་ཡོད། ཆོས་བསྒྲུབ་འདོད་པའི་མི་མང་པོ་ཡོད་ཀྱང་རྫོགས་རྒྱུ་མེད་པའི་བྱ་བ་འདི་འདྲས་བསླུས་ནས་ཆོས་བསྒྲུབ་མ་ཐུབ་པར་འཇིག་རྟེན་ཕྱི་མར་འགྲོ་དགོས་བྱུང་ཡོད་ངེས་པས་ད་ནི་ངས་ཀྱང་དེ་རིང་ནས་བཟུང་སྟེ་ལས་ཀ་འདི་དག་ཡོད་ཚད་མཚམས་བཞག་ནས་སང་ཉིན་སྔ་མོ་ནས་ཆོས་བྱེད་དུ་འགྲོ་བར་བསམས། དེ་ནས་ཞིང་རྨོ་མཚམས་བཞག་ནས་རང་ཁྱིམ་དུ་ལོག་ཕེབས། ཕྱི་ཉིན་ཞོགས་པ་ནམ་ལང་པ་ན་དར་མ་སྐྱབས་ཀྱིས་ལྷ་དང་བླ་མ་ལ་གསོལ་བ་བཏབ་སྟེ་འཚོ་བ་གསར་པ་སྐྱེལ་བའི་ཆོད་སེམས་བརྟན་པོ་དང་བཅས་ཏེ་རང་ཁྱིམ་ནས་གཏན་དུ་ཐོན། ལུང་པ་དེ་ནས་ཐག་མི་རིང་བའི་ས་ཆ་དྭགས་པོ་ཞེས་པ་དེར་ཕེབས་ནས་བླ་མ་མངའ་རིས་པ་ཞེས་གྲགས་པའི་མདུན་ནས་རབ་ཏུ་བྱུང་བ་ན། མཚན་ལ་བསོད་ནམས་རིན་ཆེན་ཞེས་གནང་། དེ་ནས་བཟུང་ཁོང་གི་མཚན་ལ་བསོད་ནམས་རིན་ཆེན་ཞེས་འབོད་སྲོལ་བྱུང་།

དེ་རུ་བསོད་ནམས་རིན་ཆེན་གྱིས་གསང་སྔགས་ཀྱི་དབང་ལ་སོགས་པ་ཞུས་རྗེས་སྔོན་ཚུད་ནས་འཕན་པོའི་ཕྱོགས་སུ་ཡོད་པའི་བླ་མ་རྣམས་ཀྱི་སྙན་པ་མང་དུ་ཐོས་མྱོང་བས་ན་འཕན་ཡུལ་དུ་ཕྱིན་ཏེ་སྙུག་རུམ་པ་གཙོ་བོར་གྱུར་པའི་བླ་མ་རྣམས་ཀྱི་མདུན་ནས་ཆོས་མང་དུ་ཞུས། སྙུག་རུམ་པས་བསོད་ནམས་རིན་ཆེན་ལ་འཁོར་བའི་སྡུག་བསྔལ་དང་སྙིང་རྗེ་སོགས་རྩལ་དུ་བཏོན་ནས་ཆོས་གསུངས་པས་ན་དེས་བསོད་ནམས་རིན་ཆེན་ལ་སྐྱོ་ཤས་དང་ངེས་འབྱུང་ལ་སོགས་པ་འཕེལ་ནས་རང་ཉིད་ཙམ་མིན་པར་སེམས་ཅན་ཐམས་ཅད་ལ་བཟོད་དུ་མེད་པའི་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས། སྡུག་བསྔལ་གྱི་འཁོར་བ་དེ་ལས་ཐར་བའི་ཐབས་ནི་གནས་ལུགས་རྟོགས་པ་ལས་ཐབས་གཞན་མེད་པར་མཐོང་ནས།  བསོད་ནམས་རིན་ཆེན་གྱིས་བླ་མ་རྒྱ་ཡོན་བདག་ཅེས་པའི་མདུན་ནས་ཤེས་རབ་སྐྱེ་བར་བྱེད་པའི་མན་ངག་ཞུས་ན་ཡང་། དེས་ལྟ་བ་ཡང་དག་པ་ཞིག་རྙེད་སོང་སྙམ་པ་ཙམ་ལས་ལྟ་བ་དེ་མངོན་སུམ་དུ་རྟོགས་སོང་སྙམ་པའི་གདེངས་ཚོད་གཏན་ནས་མ་བྱུང་། དེར་བརྟེན་བསོད་ནམས་རིན་ཆེན་གྱིས་ངས་ཅི་འདྲ་ཞིག་བྱས་ནས་གནས་ལུགས་མངོན་སུམ་དུ་རྟོགས་ཐུབ་པའི་ཤེས་རབ་ཅིག་བསྐྱེད་ཐུབ་ན་སྙམ་པའི་འདོད་པ་དྲག་པོ་སྐྱེས་པས་ཉིན་དང་མཚན་མེད་པར་དེ་ལས་ཐུགས་བསམ་གཞན་འཁོར་རྒྱུ་མེད་པ་ལྟར་གྱུར།

དེ་ཙམ་དུ་བསོད་ནམས་རིན་ཆེན་གྱིས་ད་ནི་གསང་སྔགས་ཀྱི་མན་ངག་ལ་བརྟེན་པ་ལས་ཐབས་གཞན་མེད་པར་དགོངས་ན་ཡང་། བསོད་ནམས་རིན་ཆེན་གྱི་བླ་མ་རྣམས་ཀྱིས་གསང་སྔགས་ལ་དམ་བསྒྲགས་དང་། གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ལ་གཟིགས་སྟངས་ཡག་པོ་མེད་པའི་རྐྱེན་གྱིས། བསོད་ནམས་རིན་ཆེན་གྱིས་དགོངས་པར་གསང་སྔགས་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་ཡོད་པར་གྲགས་ན་དེ་འདྲ་ཞིག་ཡོད་ན་ངེས་པར་དུ་ཉམས་སུ་བླང་ན་བཟང་བ་འདྲ། འོན་ཀྱང་ང་རབ་བྱུང་ཞིག་དགོན་པ་གཡུགས་ནས་རྣལ་འབྱོར་པའི་སར་འགྲོ་དགོས་བྱུང་ན་ཞབས་འདྲེན་དུ་འགྲོ་ཡང་སྲིད་པས་ཅི་འདྲ་བྱས་ན་བཟང་ངམ་སྙམ་ནས་ཐུགས་བསམ་མང་དུ་བཞེས། ཉིན་ཞིག་བསོད་ནམས་རིན་ཆེན་གྱིས་འགྲིམ་འགྲུལ་པ་འགའ་ཞིག་གི་ས་ནས་ད་ལྟའི་དུས་སུ་བོད་ལ་མི་ལ་རས་པ་ལས་ལྷག་པའི་རྣལ་འབྱོར་པ་མེད་པ་དང་། དེ་ཡང་དགུང་ལོ་མཐོན་པོ་ཡིན་པར་གསན་པ་ན། བསོད་ནམས་རིན་ཆེན་གྱིས་གཞན་གྱིས་ཅི་ཟེར་ཡང་རང་ཉིད་ཀྱིས་སྔར་ཡང་ཆོས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བ་ཡིན་ལ། ད་དུང་ཡང་དེའི་ཆེད་དུ་གང་ཞིག་བློས་གཏོང་དགོས་བྱུང་ཡང་གཏོང་རྐྱང་ལས་ཕངས་སེམས་མེད་པར་དགོངས་ནས་བླ་མ་རྣམས་ལ་དགོངས་སྐོར་ཞུས་ཏེ་མི་ལ་རས་པ་འཚོལ་བར་གཙང་ཕྱོགས་སུ་ཕེབས།

གཙང་གི་ས་ཆ་ཞིག་ཏུ་བསོད་ནམས་རིན་ཆེན་གྱིས་རྗེ་བཙུན་མི་ལ་རས་པ་ཕ་བོང་དཀར་པོ་ཞིག་གི་ཐོག་ཏུ་ན་བཟའ་རས་རྐྱང་དཀར་པོ་གསོལ་བ། དབུ་སྐྲ་རིང་པོ་ཡོད་པ། འཁོར་ཁྱིམ་པ་ཕོ་མོ་མི་ཉུང་བས་བསྐོར་ནས་བཞུགས་ཡོད་པ་ཐོག་མར་མཇལ་བ་ན་དད་གུས་ཆེན་པོས་ཕྱག་མང་དུ་བཙལ། མི་ལ་རས་པས་ཁྱོད་ཀྱི་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་ལགས་ཞུས་པས། བསོད་ནམས། བསོད་ནམས། ཞེས་ལན་གསུམ་གསུངས་རྗེས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་།། སེམས་ཅན་ཀུན་གྱི་རིན་པོ་ཆེ།། ཞེས་གསུངས་པས་བསོད་ནམས་རིན་ཆེན་ལ་དགའ་ཚོར་དང་སྤོབས་པ་ཆེན་པོ་བྱུང་། དེ་ནས་བསོད་ནམས་རིན་ཆེན་གྱིས་སྔར་རང་ཉིད་ཀྱི་ཁྱིམ་པའི་སྐབས་ཀྱི་མི་ཚེའི་སྐྱོ་གར་དང་། དེ་ནས་རབ་ཏུ་བྱུང་སྟེ་བླ་མ་མང་པོའི་མདུན་ནས་མན་ངག་རྣམས་ཐོབ་ཚུལ། འོན་ཀྱང་མན་ངག་དེ་དག་ལ་བརྟེན་ནས་རང་གི་སེམས་རྒྱུད་ད་དུང་ཡང་ཉོན་མོངས་པ་དང་། སྡུག་བསྔལ་ལས་གྲོལ་མ་ཐུབ་ཅིང་། གནས་ལུགས་རྟོགས་མ་ཐུབ་པའི་སྐོར་རྣམས་ཞིབ་ཕྲ་ཞུས་པ་ལ། རྗེ་བཙུན་གྱིས་རྟོགས་པ་སྐྱེ་བར་མན་ངག་དགོས་ཤིང་། དེ་ཡང་གསང་སྔགས་ཀྱི་མན་ངག་དགོས། གསང་སྔགས་ཀྱི་མན་ངག་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གཏུམ་མོ་ཡིན་པར་གསུངས་ནས་དབང་བསྐུར་ཞིང་གཏུམ་མོའི་མན་ངག་གནང་།

གཏུམ་མོ་ཞེས་པ་ནི་ཤེས་རབ་ཀྱི་མེ་ཡིས་ཉོན་མོངས་པའི་བུད་ཤིང་སྲེག་པར་བྱེད་པ་སྟེ། གསང་སྔགས་ཀྱི་སྒོམ་ཧ་ཅང་དམིགས་བསལ་བ་ཞིག་ཡིན་པ་ལ། མི་ལ་རས་པས་སྐུ་ཚེ་གང་པོར་དེ་བསྒོམས་ཤིང་གཞན་ལ་ཡང་ཁྲིད་བཏབ་པས་མི་ལ་རས་པ་ནི་སྒོམ་ཁྲིད་དེ་ལ་དབང་ཐོབ་ཅིང་རྩལ་རྫོགས་པའི་གྲགས་པ་ཆེ་བ་ཞིག་ཡིན། བསོད་ནམས་རིན་ཆེན་གྱིས་ལོ་གཅིག་ལྷག་གི་རིང་མི་ལ་རས་པ་འབྲལ་མེད་དུ་བསྟེན་ནས་གཏུམ་མོ་གཙོ་བོར་གྱུར་པའི་མན་ངག་རྣམས་ཞུས་ཤིང་ནན་ཏན་དུ་བསྒོམས། དེ་ནས་བསོད་ནམས་རིན་ཆེན་ལ་གཏུམ་མོའི་ནུས་པ་གང་འཚམས་ཐོན་པས་ན་བཟའ་རས་རྐྱང་ལས་མི་དགོས་པར་གྱུར་པར། རྗེ་བཙུན་གྱིས་ཧ་ཅང་ཐུགས་མཉེས་པོས་བསྔགས་བརྗོད་གནང་སྟེ། ད་ནི་ངས་ཁྱོད་ལ་དགོས་པའི་མན་ངག་རྣམས་སྟེར་ཟིན་པ་ཡིན་ལ། ཁྱོད་ཀྱིས་རང་མགོ་ཡང་ཐོན་ཟིན་པས་ང་ཡི་སར་སྡོད་དགོས་པ་མེད། འདི་ནས་རང་ཡུལ་དུ་ལོག་སྟེ་དབེན་པའི་རི་ཁྲོད་རྣམས་སུ་མུ་མཐུད་བསྒོམས་ན་གནས་ལུགས་མཐར་ཐུག་པ་དེ་གཞི་ནས་རྟོགས་ཡོང་ལ། སྐབས་དེ་དུས་ཁྱོད་ཀྱིས་མི་རྒན་ང་ལ་ཡང་སྔར་ལས་ལྷག་པའི་མཐོང་ཞིག་སྐྱེ་ཡོང་ཞེས་ཞལ་འཛུམ་པ་དང་བཅས་ཕྱག་གིས་བྱིན་རླབས་མཛད་ཅིང་། དེ་དུས་ཁྱོད་ལ་སློབ་མ་མང་པོ་འདུ་ཞིང་། ཁྱོད་ཀྱི་སྙན་གྲགས་ཀྱིས་བོད་ཁམས་ཁྱབ་པ་ཡོང་བས་ང་རྣལ་འབྱོར་པ་ཡིན་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཅུང་ཞུ་ཐོབ་པ་འདྲ་ཞེས་དགྱེས་ཚོར་ཆེན་པོ་གནང་།

སྐབས་དེར་བསོད་ནམས་རིན་ཆེན་ལ་ངས་ཚེ་བློས་གཏོང་གིས་ཆོས་ལ་ཞུགས་པའི་དོན་གོ་ད་རེས་ཆོད་སོང་ལ། ད་ནི་ངས་བླ་མ་གཞན་དག་ཀྱང་བསྟེན་མི་དགོས་ལ། གདམས་ངག་གཞན་དག་ཅིག་ཞུ་མི་དགོས། རྗེ་བཙུན་གྱིས་གང་གསུངས་པ་དེ་རང་ཉམས་སུ་བླངས་པས་ཆོག་པར་འདུག་སྙམ་པའི་དགའ་ཚོར་དྲག་པོ་ཞིག་བྱུང་བ་དང་ལྷན་དུ་རྗེ་བཙུན་དགུང་ལོ་མཐོ་ཞིང་ཞལ་ཏ་རྣམས་ཀྱང་སླན་ཆད་མི་མཇལ་བ་ལྟ་བུ་བྱོན་པས་འབྲལ་མི་ཕོད་པའི་སྐྱོ་སྣང་དྲག་པོ་ཞིག་ཀྱང་སྐྱེས། དེ་ལྟར་དགའ་སྐྱོ་འདྲེས་མའི་ཚོར་བ་ཟབ་མོ་ཞིག་གིས་བླ་སློབ་གཉིས་པོ་ཞལ་བྲལ། དེ་ནས་བསོད་ནམས་རིན་ཆེན་དབུས་སུ་ལོག་ཕེབས་ནས་སྔར་གྱི་བླ་མ་རྣམས་ཀྱི་སར་གུས་ཕྱག་འབུལ་བ་སོགས་མཛད་རྗེས། རྗེ་བཙུན་གྱི་བཀའ་བཞིན་རང་ཡུལ་གྱི་ཉེ་སྐོར་དུ་ཡོད་པའི་དབེན་པའི་གནས་རྣམས་སུ་སྒོམ་སྒྲུབ་མཛད། ཐོག་མའི་ཆར་བསོད་ནམས་རིན་ཆེན་གྱིས་ང་ལ་བླ་མས་ལུང་བསྟན་ཡོད་པས་ད་ནི་གནས་ལུགས་རྟོགས་པ་ལ་དཀའ་ངལ་མེད་སྙམ་སྟེ་དཀའ་བ་དྲག་པོ་སྤྱད་ནས་བསྒོམས། ལོ་ངོ་གསུམ་གྱི་རིང་དུ་བརྩོན་འགྲུས་དྲག་པོས་བསྒོམས་ན་ཡང་ཏིང་ངེ་འཛིན་ཅུང་བཟང་དུ་སོང་བ་ཙམ་ལས་རྟོགས་པ་མ་འཁྲུངས་པ་དེས་ཐུགས་ཧ་ཅང་སྐྱོ་བར་གྱུར། སྐབས་དེར་རྗེ་བཙུན་མི་ལ་རས་པ་ནི་ཞིང་ལ་གཤེགས་ཟིན་པས་ད་ཆ་བསོད་ནམས་རིན་ཆེན་ལ་མུ་མཐུད་བརྩོན་འགྲུས་རྩོམ་པ་ལས་གདམས་ག་བཞིན་མེད་པ་ཡིན།

བསོད་ནམས་རིན་ཆེན་གྱིས་སྔར་ང་རང་རྗེ་བཙུན་གྱི་སར་ཡོད་དུས་ཉམས་རྟོགས་ལ་དཀའ་ངལ་མེད་པར་གོང་འཕེལ་ཐོན་ཀྱང་ད་ཆ་གོང་འཕེལ་ཅི་ཡང་མེད་པ་དེ་ཅི་ཞིག་གིས་ལན་པ་ཡིན་ནམ་སྙམ་ནས་ཐུགས་བསམ་བཞེས་པ་ན་སྔར་རྗེ་བཙུན་དང་ཐོག་མར་མཇལ་སྐབས་རྗེ་བཙུན་གྱིས་གསུངས་པའི་མན་ངག་གལ་ཆེན་ཞིག་ཕྱིར་དྲན་བྱུང་བ་དེས་གཉིད་སད་པ་ལྟར་གྱུར། དེ་ཡང་རྗེ་བཙུན་གྱིས་བྱེ་མ་བཙིར་བ་ལས་མར་མི་འབྱུང་བ་ལྟར་ལུས་ལ་སྟོབས་ཤུགས་མེད་པར་ཉམས་རྟོགས་མི་ཡོང་གསུངས་པས་ན་བསོད་ནམས་རིན་ཆེན་གྱིས་རང་ཡུལ་དུ་ཕེབས་ཏེ་ཟས་བཅུད་ལྡན་མི་ཉུང་བ་བསྣམས་ནས་སླར་ཡང་འོལ་ཁ་སོགས་སུ་ཕེབས་ཏེ་རྗེ་བཙུན་གྱིས་གནང་བའི་མན་ངག་གཏུམ་མོ་མུ་མཐུད་བསྒོམས་པས། རྗེ་བཙུན་དང་བྲལ་ནས་ལོ་བདུན་ཧྲིལ་པོ་འཁོར་བའི་རྗེས་སུ་བསོད་ནམས་རིན་ཆེན་ལ་རྨི་ལམ་བཟང་པོ་འགའ་ཞིག་བྱུང། དེ་རྗེས་ཉིན་ཞིག་བསོད་ནམས་རིན་ཆེན་ལ་འཇིག་རྟེན་གྱི་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་འཁྲུལ་སྣང་ཙམ་ཡིན་པ་ལ། སེམས་ལ་ནི་སྐྱེ་འགག་དང་གནས་པ་སོགས་གང་ཡང་མེད་པ་བཞིན་འཇིག་རྟེན་ཐམས་ཅད་ཀྱང་དེ་ལྟར་ཡིན་པར་མངོན་སུམ་དུ་རྟོགས། དེ་རྟོགས་པ་ན་བསོད་ནམས་རིན་ཆེན་ལ་རྗེ་བཙུན་ནི་རྣལ་འབྱོར་པ་དཀྱུས་མ་ཞིག་མིན་པར་སངས་རྒྱས་དངོས་ཡིན་པའི་འདུ་ཤེས་འགྱུར་བ་མེད་པ་ཞིག་འཁྲུངས་ཏེ་བཀའ་དྲིན་ཆེའོ་སྙམ་པའི་དགའ་ཚོར་གྱིས་སྤྱན་ཆབ་ཤོར་བཞིན་དུ་རྗེ་བཙུན་ལ་གསོལ་འདེབས་མང་དུ་མཛད།

སྐབས་དེ་ནས་བཟུང་འཇིག་རྟེན་ན་བསོད་ནམས་རིན་ཆེན་གྱིས་གྲུབ་པ་བརྙེས་ཤིང་སངས་རྒྱས་པར་གྲགས་ལ། བསོད་ནམས་རིན་ཆེན་རང་ཉིད་ཀྱིས་ཀྱང་སྔར་དགེ་བཤེས་ཆོས་ལ་མཁས་པ་རེ་ཐུག་ན་ཡང་ཉམས་ང་བ་ལ། ད་ནི་སངས་རྒྱས་དངོས་སུ་བྱོན་ཀྱང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་ཅེས་གསུངས། དེ་ནས་བསོད་ནམས་རིན་ཆེན་དྭགས་ལྷ་སྒམ་པོར་ཕེབས་ཏེ་སླར་ཡང་སྒོམ་སྒྲུབ་མཛད་ན་ཡང་། ད་ལྟའི་ཆར་བསོད་ནམས་རིན་ཆེན་གྱི་ཉམས་རྟོགས་ཀྱི་རྩལ་རྫོགས་ཟིན་པས་སྒོམ་པ་དང་མ་བསྒོམས་པ་ལ་ཁྱད་པར་མེད་པར་གཟིགས། དེ་ཙམ་དུ་བསོད་ནམས་རིན་ཆེན་ལ་སློབ་མ་འདུ་མགོ་ཚུགས་པ་ལ། ཁོང་གིས་ཆོས་སྒྲུབ་པ་ལ་སྒོམ་ཉམས་ལེན་ལས་གལ་ཆེ་བ་མེད་ཅིང་། སྒོམ་ཉམས་ལེན་གྱི་སྐབས་སུ་གནས་ལུགས་རྟོགས་པའི་ཤེས་རབ་སྐྱེ་བ་ལས་དཀའ་བ་མེད་པར་གཟིགས་ཏེ། ཧ་ཅང་ཐབས་ལ་མཁས་པོས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་གནས་ལུགས་རྟོགས་པ་ཡང་སེམས་ཀྱི་གནས་ལུགས་རྟོགས་པ་གལ་ཆེ་བ། སེམས་ཀྱི་གནས་ལུགས་རྟོགས་ཐབས་གཙོ་བོ་ནི་ཨུ་ཚུགས་ཀྱིས་བཅས་བཅོས་འདྲ་མིན་བྱེད་པ་དེ་མ་ཡིན་པར་རང་བཞིན་གྱིས་མ་བཅོས་པར་བཞག་སྟེ་སེམས་ཀྱི་ངོ་བོ་ལ་ཐད་ཀར་མ་ཡེངས་པར་ལྟ་བ་ཉིད་ཡིན་པར་གསུངས་ཏེ་སྒོམ་ཁྲིད་ཤ་སྟག་མཛད་པ་ན་ལོ་ན་རྒན་གཞོན་གྱི་ཁྱད་མེད་པའི་སློབ་མ་མང་པོར་དཀའ་ཚེགས་མང་པོར་ཉམས་རྟོགས་འཁྲུངས་ཏེ་བསོད་ནམས་རིན་ཆེན་གྱི་མཚན་སྙན་གྱིས་བོད་ཁམས་ཁྱབ་པར་གྱུར།

སྔར་བོད་ན་གྲགས་པའི་བླ་མ་སུ་ཆེ་བསྟེན་མྱོང་ཞིང་། གདམས་ངག་གང་ཟབ་ཞུས་མྱོང་ན་ཡང་ད་དུང་ཉམས་རྟོགས་མ་སྐྱེས་པའམ། སྐྱེས་ཀྱང་གོང་འཕེལ་མ་ཕྱིན་པའི་དགེ་བཤེས་དག་ཀྱང་། བསོད་ནམས་རིན་ཆེན་མཇལ་བར་འཚང་ཁ་ཤིག་ཤིག་གིས་ཡོང་བ་ལ། བསོད་ནམས་རིན་ཆེན་དང་མཇལ་རྗེས་དུས་ཐུང་ངུའི་ནང་དུ་དེ་དག་གི་ཉམས་རྟོགས་ཀྱི་རྩལ་རྫོགས་པས། བསོད་ནམས་རིན་ཆེན་གྱིས་ཁྲིད་བཏབ་ན་མི་མ་ཟད་བྱ་ལ་ཡང་སྒོམ་སྐྱེ་བའི་གྲགས་པ་བྱུང་། དེ་ནས་བཟུང་བསོད་ནམས་རིན་ཆེན་གྱི་མཚན་ལ་དྭགས་པོ་རིན་པོ་ཆེའམ། སྒམ་པོ་པ་ཞེས་ཀྱང་གྲགས་ཤིང་། སྔར་དར་མ་སྐྱབས་ནི་ཕྱི་ལུས་ཀྱི་སྨན་པ་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན་པ་ལ། ད་ལྟ་བསོད་ནམས་རིན་ཆེན་ནི་ནང་སེམས་ཀྱི་སྨན་པ་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པས་ན་ཡོངས་གྲགས་སུ་ཁོང་གི་མཚན་ལ་དྭགས་པོ་ལྷ་རྗེ་ཞེས་གྲགས་པ་དང་།  ཁོང་གི་སྒོམ་ཁྲིད་དེ་ནི་བཀའ་མདོ་རྒྱུད་རྣམས་སུ་ཁུངས་ཡོད་ཀྱང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་པས་ན་དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་གྲགས། བསོད་ནམས་རིན་ཆེན་གྱིས་སྐུ་ཚེ་ཧྲིལ་པོར་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་བས་ཐ་ན་སྐུ་གཤེགས་ལ་ཁད་ཡོད་པ་ན་ཡང་གསར་དུ་འབྱོར་བའི་སློབ་མ་འགར་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་གྲུབ་པའི་རྗེས་སུ་ད་གཟོད་སྐུ་གཤེགས། སློབ་བརྒྱུད་རྣམས་ཀྱིས་སྒོམ་ཁྲིད་ཀྱི་ཐབས་ལམ་དམིགས་བསལ་བ་དེ་ཉིད་འདས་པའི་ལོ་ངོ་གཅིག་སྟོང་ལྷག་གི་རིང་དུ་རྒྱུན་འཛིན་དང་དར་སྤེལ་གནང་བ་ད་ལྟའི་བར་མ་ཉམས་པར་ཡོད་ཅིང་། དེའི་བརྒྱུད་པ་འཛིན་མཁན་རྣམས་ལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས།

འདི་ཡང་བོད་ཀྱི་ས་ཆ་ཆུང་ངུ་ཞིག་ནས་འཚར་ལོངས་བྱུང་བའི་སྨན་པ་དཀྱུས་མ་ཞིག་ད་ལྟའི་ཆར་འཛམ་གླིང་ན་ཡོངས་སུ་གྲགས་པའི་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རེད་ལ། ཡོད་ཚད་ཤོར་བ་ལ་བརྟེན་ནས་ཡོད་ཚད་རྙེད་པའི་ལེགས་འགྲུབ་ཀྱི་རྣམ་ཐར་ཞིག་ཀྱང་རེད། མ་ཟད་གལ་ཆེ་ཤོས་གནས་ལུགས་ཟེར་བའི་གཡེར་པོ་ཆེ་དེ་དཀའ་བ་སྤྱད་ན་ནམ་ཞིག་རྟོགས་ཐུབ་པའི་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་ཀྱང་རེད་ལ། གནས་ལུགས་རྟོགས་པར་ལོ་ནས་ལོ་བྱས་ཏེ་མི་ཚེ་ཧྲིལ་པོར་དཀའ་བ་སྤྱད་དགོས་པ་ལས། སུ་ཞིག་གིས་ཕྱག་མགོ་ལ་བཞག་པ་ཙམ་དང་། བུམ་པ་མགོ་ལ་བཞག་པ་ཙམ་དང་། རང་ཉིད་ཀྱིས་གསོལ་བ་སྨོན་ལམ་བཏབས་པ་ཙམ་གྱིས་རྟོགས་ཐུབ་པ་ཞིག་མིན་པར་སྟོན་པའི་བསླབ་བྱ་ཞིག་ཀྱང་རེད་སྙམ། ད་དུང་དྭགས་པོ་ལྷ་རྗེ་ལ་བརྟེན་ནས་ཧི་མ་ལ་ཡ་ས་ཁུལ་མང་པོ་གྲུབ་ཐོབ་ཀྱིས་ཁྱབ་པས་ན་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་གླེང་བ་ན་མ་གླེངས་ཐབས་མེད་ཀྱི་མི་སྣ་གལ་ཆེ་ཤོས་ཤིག་སྟེ། སྒམ་པོ་པ་བསོད་ནམས་རིན་ཆེན་གྱི་ལོ་རྒྱུས་ཀྱང་ཡིན་པས་ན། ནང་དོན་རྣམས་གཙོ་བོ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་གཞིར་བཟུང་ལ། དེང་རབས་ཀྱི་སྒྲུང་རྩོམ་གྱི་རྣམ་པས་ཅུང་ཟད་ཟུར་བརྒྱན་ཏེ། རྩིས་ཆེ་ལེགས་མཐོང་དུ་འབོད་པས་སྤྱི་ལོ་༢༠༢༠ ཟླ་༡༠  ཚེས་ ༢༣ ཉིན་མོར་མཇུག་གྲུབ་པར་བྱས་པའོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།