མདོ་སྨད་རྔ་ཡུལ་ཉུལ་བའི་ཟིན་བྲིས་ཐུན་གསུམ།__འོད་འཛིན།

1069


སྡེ་སྲིད་ཀྱི་གསང་བ་དང་གྲགས་པ་མེད་པའི་འཚམས་རིང་ཇོ་བོ།


ཉི་མ་ཁ་ཤས་ཤིག་ཡིན་ཏེ།ཁ་འགྲིག་ཞེ་མཐུན་གྱི་མཆེད་གྲོགས་རྙིང་བ་གཉིས་དང་མཉམ་དུ།རང་ཅག་དང་ཁ་ཐག་ཉེ་བའི་རྟེན་གནས་འགའ་རེ་དང་།ཡུལ་ལྗོངས་ཆ་རེར་གནས་སྐོར་དང་སྤྲོ་འཆམ་དུ་སོང་།ལོ་རྒྱུས་ཀྱི་སྙན་པ་ཆེ་བའི་དགོན་གནས་དང་།ཡངས་ཤིང་མཛེས་པའི་ཡུལ་ལྗོངས་མང་དག་ཅིག་བརྒྱུད་མོད།དེ་དག་ནི་སུ་ལའང་ཆ་རྒྱུས་ཡོད་ཡོད་ཙམ་དུ་ཆགས་པས།འདིར་ཡང་བསྐྱར་ཟློས་སུ་སྤྲོས་པའི་འོས་མ་མཆིས།དེས་ན།ད་རེབས་ཀྱི་གནས་སྐོར་དང་སྤྲོ་འཆམ་གྱི་ཁྲོད་ནས།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རྟེན་གྱི་འགངས་ཆེའང་། རྒྱུས་ཡོད་ཀྱི་འགྲོ་བ་ཉུང་ཙམ་དུ་ཆགས་པའི་རྟེན་གནས་འགའ་ངོ་སྤྲོད་ཀྱི་ཚུལ་དུ་ཟིན་ཐོར་གདབ་པར་བྱ།

རང་རེ་བོད་ལ“ཇོ་བོ”ཞེས་བརྗོད་དུས།རྟེན་ཐམས་ཅད་ལས་གཙོ་བོའམ་མཆོག་ཏུ་བརྩིས་པའི་སེམས་ཁམས་ཤིག་ཆགས་ཡོད།དེའང་ལྷ་སའི་ཇོ་བོ་རྣམ་གསུམ་གྱིས་བཞག་པའི་བག་ཆགས་ཤིག་ཡིན་སྲིད། ལྷ་སའི་ཇོ་བོ་དེ་དག་ལས་གཞན། སྙན་པ་ཅུང་ཙམ་ཡོད་པའི་ཇོ་བོ་ནི།ཁྲོ་སྐྱབས་ཇོ་བོ་དང་།ལྷ་སྒང་ཇོ་བོ།ཁྲི་ཀའི་ཇོ་བོ་སོགས།བོད་མི་ཀུན་ལ་རྒྱུས་ཡོད་པའི་ཇོ་བོ་རུ་གྲགས་པ་རེ་འགའ་ཙམ་ལས་མི་འདུག་ནའང་།སྤྱིར་བོད་ལ་ཇོ་བོ་ཞུ་བའི་རྟེན་འགངས་ཆེན་དེ་དག་ལས་མེད་པ་མ་ཡིན་ཏེ།ཡུལ་ལུང་སོ་སོར་ཇོ་བོ་ཞུ་བའི་རྟེན་མང་པོ་བཞུགས།ཨ་མདོ་རྔ་བའི་ཡུལ་ན།འཚམས་རིང་ཇོ་བོ་ཞུ་བ་ཞིག་དང་། ཡག་རིའི་ཇོ་བོ། བྱེའུ་ཚང་ཇོ་བོ་ཟེར་བ་སྟེ། ཇོ་བོའི་མཚན་སྙན་རྒྱས་པའི་རྟེན་འགངས་ཆེན་དུ་བརྩི་བ་གསུམ་ཡོད་པའི་ནང་ནས།ད་རེབས་ང་ཅག་གིས་འཚམས་རིང་དང་ཡག་རི་གཉིས་པོ་མཇལ་སྐལ་བྱུང་ལ།བྱེའུ་ཚང་ཇོ་བོར་མཇལ་མ་ཐུབ།

དེས་ན།འཚམས་རིང་ཇོ་བོ་ཞུ་བ་ནི།ཨ་མདོ་རྔ་བ་རྫོང་སྒོ་མང་ཡུལ་ཤོག་གི་ཤར་ལྷོའི་མཚམས་ཤིག་ཏུ།འཚམས་རིང་སྡེ་བ་ཞེས་པའི་སྒར་བ་འགབ་མ་ཚང་ཞེས་པའི་ཁྱིམ་ཚང་དུ་བཞུགས།ང་ཚོས་ལམ་འགྲོ་བ་དག་ལ་ཡང་ཡང་དྲིས་ཏེ་འཚམས་རིང་སྡེ་བར་འབྱོར།སྡེ་བ་དེའི་དུད་ཚང་ཞིག་གི་སྒོར་ཐོན་ཏེ་འཚམས་རིང་ཇོ་ཁང་གང་ན་བཞུགས་ཞེས་དྲིས་པ་ན།བུ་མོ་ན་ཆུང་ཞིག་གིས་ལམ་སྣེ་དྲངས་ཏེ།ང་ཚོ་ཇོ་ཁང་དེའི་སྒོ་རྩར་བསྐྱལ།ཇོ་བོ་དེ་ནི་དུད་ཚང་ཞིག་གི་རྟེན་ཕུག་ཏུ་བཞུགས་ཤིང་།སྒར་བ་འགབ་མ་ཚང་ཞེས་པའི་དུད་ཚང་དེ་ཡིན་རབས་བཤད་ལ།སྔོན་གྱི་འཚམས་རིང་དཔོན་རྒན་གྱི་ཁྱིམ་རྒྱུད་དེ་ཡིན་ནམ་སྙམ།མདོར་ན་རྒྱུས་ཡོད་ཀྱི་མཇལ་བ་དག་ཀྱང་རྒྱུན་མི་ཆད་པར་ཁྱིམ་ཚང་དེའི་ཇོ་ཁང་དུ་མཇལ་བར་ཕེབས་རབས་འདུག་ལ།ཁོ་ཚོའི་ངག་རྒྱུན་ལ།“ལྷ་སའི་ཇོ་བོར་མ་མཇལ་གོང་།འཚམས་རིང་ཇོ་བོར་མཇལ་དགོས”ཞེས་པའི་བཤད་སྲོལ་ཞིག་ཀྱང་མཆིས།གོ་ཐོས་སུ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ཇོ་བོ་ལའང་དེ་འདྲའི་བཤད་སྲོལ་ཞིག་ཡོད།

ས་དེའི་དམངས་ཀྱི་ངག་རྒྱུན་དུ།འཚམས་རིང་ཇོ་བོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འཚམས་རིང་དཔོན་རྒན་ཟེར་བ་དེར་དངོས་སུ་གནང་བ་ཡིན་ཞེས་ཟེར།སྔོན་ཆད་དེ།དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་ན།རྒྱལ་དབང་ལྔ་པའི་ཡང་སྲིད་འཚོལ་ཕྱིར་སྡེ་སྲིད་མཆོག་མདོ་སྨད་ཕྱོགས་སུ་ཨ་སྐྱོའི་རྣམ་པའི་ཚུལ་དུ་ཕེབས།མཚོ་སྔོན་སོགས་བརྒྱུད་ནས་ཨ་མདོ་རྔ་བའི་འཚམས་རིང་སྡེ་བར་འབྱོར།སྡེ་བ་དེའི་དཔོན་ཚང་དུ་ཕེབས་ཏེ་གནས་ཚང་གཡར་ནས་ཉི་མ་བདུན་ཕྲག་ཅིག་ལ་བཞུགས།དཔོན་ཚང་དེས་ཁོང་ཉིད་སྡེ་སྲིད་མཆོག་ཡིན་པ་མ་ཤེས་ཀྱང་།སྣེ་ལེན་ཟབ་རྒྱས་བྱས་ཤིང་།ཁོང་གི་བཀའ་བཞིན་ཞབས་ཕྱི་ཡང་ཅི་ནུས་ཅི་འཇོན་བྱས་པར་གྲགས།

སྡེ་སྲིད་མཆོག་དཔོན་རྒན་ཚང་དུ་བཞུགས་སྐབས་སུ།ཉིན་ཞིག།འཚམས་རིང་དཔོན་རྒན་གྱིས་སྡེ་སྲིད་ལ“ཡི་གེ་མཁྱེན་ནམ”ཞེས་དྲིས།ཁོང་གིས་ཁེངས་སྐྱུང་གི་རྣམ་པ་འཆང་སྟེ“ཅུང་ཙམ་ཤེས”ཞེས་ལན་བཏབ།དཔོན་ཚང་ལ་གཞན་ལ་ཀློག་པའི་སྐལ་བ་ཕར་ཞོག།མིག་གིས་མཐོང་ཙམ་དང་ལག་པས་རེག་ཙམ་གྱི་སྐལ་བ་ཡང་ཧ་ཅང་ཕྲ་བའི《འཕགས་པ་བསྐལ་བ་བཟང་བོའི》གླེགས་བམ་གསེར་བྲིས་མ་ཞིག་ཡོད་པ་དེ་ཁོང་ལ་ཀློག་ཏུ་བཅུག།ཀློག་པའི་སྐབས་སུ་དཔོན་རྒན་གྱིས་ནན་ཏན་གྱི་ཚུལ་དུ།“གླེགས་བམ་གསེར་བྲིས་མ་འདི་ལག་འཇམ་པོའི་ངང་བཀླག་དགོས་ཤིང་།རལ་སྐྱོན་སོགས་གང་ཅིའང་བྱུང་མི་རུང་།གླེགས་བམ་འདི་ཁྱོད་ཀྱི་ལས་སྐལ་ལེགས་པས་མཇལ་ཞིང་བཀླགས་ཐུབ་པ་ལས།གཞན་གྱིས་གང་འདོད་དུ་མཇལ་ཡང་ཐུབ་པ་ཞིག་མ་རེད་ལ།གཞུག་ཕྱོགས་ཀློག་སྐལ་ལྡན་པ་རེ་བྱོན་ན་བཀླག་དགོས་པས།རལ་སྐྱོན་སོགས་མི་འབྱུང་བར་འབད་དགོས”ཞེས་ཡང་ཡང་བཤད།སྡེ་སྲིད་མཆོག་གིས་ཀུ་རེའི་ཚུལ་དུ།གླེགས་བམ་དེའི་མཇུག་གི་མཐའ་སྟོང་ཞིག་ཏུ།“གཞན་ལ་འདོན་སྐལ་ཡང་མེད་པ་ཞིག་ཡིན་སྲིད་ཀྱང་།ང་ཡང་མི་སྤྱིར་བཏང་བ་ཞིག་མིན་པས།འདོན་དུ་མི་རྙེད་པ་ཞིག་ཡིན་ནམ”ཞེས་བྲིས་འདུག་པ་ལོ་མང་པོའི་རྗེས་སུ་མཐོང་བར་བཤད།གླེགས་བམ་དེ་ད་ལྟའང་ཇོ་ཁང་དེ་རུ་བཞུགས་མོད།གླེགས་ཐག་དཀྲོལ་ཏེ་ཞིབ་ཀྱིས་བཀླགས་པའི་སྐལ་བ་མ་བྱུང་བས།སྡེ་སྲིད་ཀྱི་ཀུ་རེའི་གཏམ་དེ་ཡོད་མེད་ཀྱི་ཁྲུན་ཐག་མ་ཆོད།

སྡེ་སྲིད་ཀྱིས་ཨ་མདོ་རྔ་བ་རུ་རྒྱལ་དབང་ལྔ་བ་ཆེན་མོ་འཁྲུངས་མེད་པ་མཁྱེན་ཅིང་།དཔོན་ཚང་གི་བསྐལ་བཟང་གསེར་བྲིས་མ་དེ་ཡང་བཀླགས་ཚར་བས།ཉིན་ཞིག་ཁོང་ཉིད་རྔ་བ་ནས་བྱོན་གྲབས་བྱས་ཙ་ན།འཚམས་རིང་དཔོན་རྒན་གྱིས་ཁོང་ལ་ཁལ་དྲེལ་ཤ་ཤེད་ཅན་ཞིག་དང་།བྲོ་ཁ་རྒྱས་སྤྲོས་ཆེ་བ་ཞིག་གནང་སྟེ་སྐྱེལ་མ་མཛད།སྡེ་སྲིད་ཀྱིས་དཔོན་རྒན་ཚང་ལ།“དཔོན་པོ་ཁྱེད།ནམ་ཞིག་དབུས་ཉི་མ་ལྷ་སར་ཕེབས་སྐལ་རེ་མཆིས་ཚེ།སྡེ་སྲིད་མགོ་ལེབ་ཅེས་འབོད་དེ་འཚོལ་དང་།ངས་ཀྱང་ཁྱོད་ལ་རོགས་རམ་ཕྲན་བུ་རེ་ཨེ་ཐུབ་བལྟ་ངེས”ཞེས་ནན་ཏན་གྱིས་གསུངས་ཏེ་ཕེབས་སོང་བར་བཤད།

ལོ་ཤས་འདས་མཚམས་སུ།འཚམས་རིང་དཔོན་རྒན་ལྷ་སར་འགྲོ་རྒྱུའི་སྐལ་བ་བྱུང་ཞིང་།ལྷ་ས་ནས་སྔོན་གྱི་ཨ་སྐྱོ་དེ་འཚོལ་དགོས་དགོངས་ཏེ།སེ་རའི་ལྷ་སྒོའི་རྩ་དང་།ལྷ་སའི་ཁྲོམ་ཆེན་སོགས་སུ་སོང་སྟེ།“སྡེ་སྲིད་མགོ་ལེབ་ཤེས་སམ”ཞེས་ཐུག་ཚོད་འཕྲད་ཚོད་ཀུན་ལ་དྲིས།མི་ཚང་མས“ཁྱོད་ཀྱིས་དེ་ལྟར་མ་འབོད་མ་གཏོགས།བོད་གཞུང་གིས་ཁྱོད་རང་ཁྲིམས་ལ་སྦྱོར་ངེས་རེད”ཅེས་བཤད་ཀྱང་།དཔོན་རྒན་གྱིས་ཨ་སྐྱོ་ཞིག་གི་མིང་ནས་བོས་པས་ཅི་སྐྱོན་སྙམ་སྟེ།ཕོ་བྲང་པོ་ཏ་ལའི་ཞོལ་དུ་སོང་ནས།སྐད་མགོ་ཆེན་པོའི་ངང“སྡེ་སྲིད་མགོ་ལེབ་ཤེས་སམ”ཞེས་ཡང་ཡང་དྲིས།ཕོ་བྲང་གི་སྒོ་གཉེར་གྱིས“སྨྱོན་པ་ཞིག་ཐོན་འདུག”ཅེས་ཟེར་ཏེ་ཕྱིར་བདའ་རྩིས་བྱས་པ་ན།དཔོན་རྒན་གྱི་སྐད་མགོ་མཐོ་བས།སྡེ་སྲིད་ཀྱིས་ཐོས་ཏེ།“ཁོ་ནི་མདོ་སྨད་ནས་ཕེབས་པའི་འགྲུལ་བ་གལ་ཆེན་ཞིག་ཡིན”ཞེས་གསུངས་ཏེ།ཕོ་བྲང་དུ་གདན་དྲངས་ཏེ་སྣེ་ལེན་རྒྱ་ཆེན་བྱས་ཤིང་།ཁོང་གཉིས་ཀྱིས་ཡུན་རིང་མ་འཕྲད་པའི་གསུང་མོལ་འབོལ་བོ་གནང་།

སྡེ་སྲིད་ཀྱི་སྣེ་ལེན་འོག་དཔོན་རྒན་གྱིས་དབུས་མཇལ་སོགས་ཡིད་ཚིམས་པ་ཞིག་གྲུབ་རྗེས།ཕྱིར་ཨ་མདོ་རུ་ལོག་གྲབས་བྱས།སྡེ་སྲིད་ཀྱིས་དཔོན་རྒན་ཚང་ཁོང་གི་གཟིམ་སྤྱིལ་དུ་ཁྲིད་དེ།“འདི་རུ་བཞུགས་པའི་རྟེན་རྣམས་ཀྱི་ནང་ནས་ཁྱེད་ཀྱིས་ཅི་འདོད་ཅིག་འདེམས་དང་།ཁྱེད་ལ་རྟེན་སྐལ་དུ་སྦྱིན་ཆོག”ཅེས་གསུངས།དཔོན་རྒན་གྱིས་མཆོད་ཁྲིའི་སྟེང་དུ་བརྩེགས་པའི་སྐུ་བརྗིད་པོ་སོགས་གང་ཡང་མ་བདམ་པར།སྡེ་སྲིད་ཀྱི་གཟིམ་སྔས་སུ་བཞུགས་པའི་ཇོ་སྐུ་དེ་བསླངས་པ་ན།སྡེ་སྲིད་ཀྱིས“སྐུ་དེ་ནི་ལྔ་བ་ཆེན་མོའི་རྟེན་གཙོ་ཡིན་ཞིང་།ཧ་ཅང་བྱིན་ཆེན་ཞིག་ཡིན།འོན་ཀྱང་།ཁྱེད་ནི་རང་ལ་བཀའ་དྲིན་ཆེ་བ་ཡིན་པས།རྟེན་འགངས་ཆེན་དེ་ཁྱེད་ལ་གནང་བར་བྱའོ”ཞེས་གསུངས་ཏེ་གནང་།

དེ་ནས་འཚམས་རིང་དཔོན་རྒན་ཕྱིར་རང་ཡུལ་དུ་ལོག་ཙ་ན།སྡེ་སྲིད་ལ“ཁོ་རང་གཅིག་པུ་ལྷ་སར་མཇལ་དུ་ཡོང་བ་ཡིན་ལ།ལམ་བར་ནས་ཇག་རྐུན་ལ་འཕྲད་སྲིད་ཅིང་།ཇོ་སྐུ་བྱིན་ཅན་འདི་གཞན་གྱི་ལག་ཏུ་ཤོར་ཉེན་ཡོད་པས།སྡེ་སྲིད་ཁྱེད་ཀྱིས་སྲུང་མ་བཙན་པོ་ཞིག་མངགས་རོགས”ཞེས་རེ་བ་ནན་གྱིས་ཞུས་མོད།སྡེ་སྲིད་ཀྱིས་བསེ་ཁྲབ་སྲུང་མར་མངགས་པའི་ལོ་རྒྱུས་མཆིས།རྗེས་སུ་བསེ་ཁྲབ་དེ་འཚམས་རིང་ཡུལ་གྱི་ཆོས་སྐྱོང་སྲུང་མར་མཆོད་པའི་སྲོལ་ཆགས།རིག་གསར་གྱི་རླུང་འཚུབ་སོགས་བསྟན་པའི་འཇིག་སྒོ་སྣ་ཚོགས་བརྒྱུད་ཀྱང་།སྡེ་སྲིད་ཀྱིས་གནང་བའི་ཇོ་བོ་སྟེ།དེང་སང་འཚམས་རིང་ཇོ་བོ་རུ་འབོད་པ་དེ་ད་ལྟའང་འཚམས་རིང་སྡེ་བའི་སྒར་བ་འགབ་མ་ཚང་གི་རྟེན་ཕུག་ཏུ་དངོས་སུ་མཇལ་རྒྱུ་བཞུགས་པ་དེ་བསེ་ཁྲབ་ཅེས་པའི་སྲུང་མ་དེའི་བཀའ་དྲིན་ཡིན་ཚུལ་ཡུལ་དེའི་མི་རྣམས་ཀྱིས་གླེང་ངོ་།།འདིར་སྨྲོས་པའི་བསེ་ཁྲབ་ཅེས་པ་དེ་སྔོན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དམ་ལ་བཏགས་པར་གྲགས་པའི་ཆོས་སྐྱོང་བསེ་ཁྲབ་པ་ཟེར་བ་དེ་ཡིན་ནམ་སྙམ།ཆོས་སྐྱོང་དེའི་གནས་ཁང་ནི་ལྷ་སའི་ལ་མོར་ཞེས་པ་དེར་ཡོད་པས།ཀུན་གྱིས་ལ་མོ་ཆོས་སྐྱོང་དུ་འབོད།དབུའི་ཐོད་ཆིངས་ཀྱི་རྩེར་དུང་དཀར་གྱི་ཏོག་ཡོད་པས།ཚངས་པ་དུང་ཐོད་ཅན་ཞེས་ཀྱང་བྱ།ཚངས་པ་ཞེས་བརྗོད་དོན་ནི།རྔོག་ལོས་དམ་ལ་བཏག་རྗེས་ཚངས་པ་དང་འདྲ་བར་ཞི་དྲག་གཉིས་ཀྱི་བདག་ཉིད་ཅན་གྱི་སྲུང་མ་ཞིག་ཡིན་པར་གྲགས་པས་ཡིན།

དེ་ནི་འཚམས་རིང་ཇོ་བོའི་བྱུང་རབས་ཏེ།ཡིག་ཐོག་ཏུ་ཡོད་པ་མ་མཐོང་ཡང་།ཇོ་བོ་དེར་ཆ་རྒྱུས་ཡོད་པའི་མི་རྣམས་ཀྱི་ངག་ན་བྱང་བྱང་དུ་ཆགས་པས།ངག་རྒྱུན་དེ་བདེན་པ་ཤ་སྟག་ཡིན་པའི་སྒྲུབ་བྱེད་རྙེད་དཀའ་མོད།ཆུ་བཞུར་སར་ཆུ་མགོ་ཞིག་ཡོད་སྲིད་པ་བཞིན།གཏམ་ཡན་ལའང་གཏམ་ཕུག་ཅིག་ཡོད་ངེས་པས།ཡོད་ཚད་རྫུན་རེད་ཅེས་བཤད་པའི་རྔོ་སུས་ཀྱང་མི་ཐོགས་སོ། །

དགོས་མེད་ཀྱི་རྩོད་ཉོག་ལ་དགྱེས་པ་ཁ་ཅིག་གིས།འཚམས་རིང་དཔོན་རྒན་ཞེས་པ་ཞིག་ལོ་རྒྱུས་སུ་མི་སྲིད་པ་ཞིག་ཡིན་ཞེས་ཟེར་ཡང་སྲིད་མོད།གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་།ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»དུ།འཚམས་རིང་དཔོན་རྒྱུད་སོགས་གསལ་བ་དང་།བྲག་དགོན་པའི«མདོ་སྨད་ཆོས་འབྱུང»དང་།དམུ་དགེ་བསམ་གཏན་གྱི«ལོ་རྒྱུས་ཀུན་དགའི་མེ་ལོང»སོགས་སུ་འཚམས་རིང་དཔོན་པོའི་སྐོར་ཅི་རིགས་རེ་གསལ་བས།འཚམས་རིང་དཔོན་རྒན་ཡོད་མེད་ལའང་དོགས་འདྲོགས་བྱེད་མཁན་ཚོས།དེབ་ཐེར་དེ་དག་ལ་གཟིགས་ཏེ་ཡིད་གཉིས་ཀྱི་སྒྲོ་འདོགས་སེལ་བར་གྱིས་ཤིག །

གཞན་ཡང་།གོང་གི་ངག་རྒྱུན་དེ་བདེན་མིན་ཐེ་ཚོམ་སྐྱེ་འོས་པ་ཞིག་ལ།སྡེ་སྲིད་མཆོག་ཨ་མདོ་རྔ་བ་རུ་ཕེབས་ཡོད་མེད་དེ་ག་རེད།ཁོང་གི་རྣམ་ཐར་དང་གསུང་རྩོམ་ཁག་ཏུ།རྔ་བ་རུ་ཕེབས་པའི་མཛད་པ་ཞིག་མ་མཐོང་མོད།ཡིན་ཡང་།སྡེ་སྲིད་མཆོག་གིས་རྒྱལ་དབང་ལྔ་བའི་སྤྲུལ་སྐུ་གསང་བའི་སྒོ་ནས་འཚོལ་བ་ནི་ལོ་རྒྱུས་ཀྱིས་ཁས་བླངས་པ་དང་།གོང་དུ་སྨྲོས་པའི་འཚམས་རིང་ཇོ་བོའི་ངག་རྒྱུན་ལོ་རྒྱུས་དེའང་གཞི་མེད་རྐང་མེད་ཅིག་ཡིན་མི་སྲིད་པ་དང་།གལ་སྲིད་སྡེ་སྲིད་ཀྱིས་བཀླགས་རབས་བཤད་པའི་བསྐལ་བཟང་གསེར་བྲིས་མ་དེའི་བམ་ཁ་ཞིག་ཕྱེ་ཐབས་ལྡན་ཚེ།སྡེ་སྲིད་ཨ་མདོ་རྔ་བར་ཕེབས་པའི་དན་དཔང་ཡག་པོ་ཞིག་ཀྱང་ཡོང་ངེས་པས།སྡེ་སྲིད་མཆོག་ཨ་མདོ་རྔ་བར་གསང་བའི་སྒོ་ནས་ཕེབས་པའི་ངག་རྒྱུན་དེའང་དང་ལེན་བྱེད་མི་ཐུབ་པ་ཞིག་མ་རེད་སྙམ་མོ། །

མདོར་ན།ཨ་མདོ་རྔ་བ་རང་གི་མི་རྣམས་ཀྱི་ནང་ནའང་འཚམས་རིང་ཇོ་བོ་ཞུ་བ་ཞིག་ཤེས་མཁན་དཀོན་ཚོད་དུ་སྣང་མོད།ང་ཅག་ལ་ལས་ཀྱི་སྐལ་བའི་དབང་གིས་མཇལ་སྐལ་བྱུང་ཞིང་།འབག་བཟོའི་རྣམ་པར་གནས་པའི་ཇོ་སྐུ་དེའི་ངག་རྒྱུན་ལོ་རྒྱུས་སྔོན་མ་ནས་ཐོས་མྱོང་བས།དང་བ་འདྲེན་ཞིང་མཇལ་བའི་རེ་བ་ཆེ་མོད།ད་རེབས་རེ་བ་ཡོངས་སུ་བསྐངས་ཐུབ་ཅིང་།ཡིད་དབང་གཏིང་ནས་ཚིམས་པར་གྱུར།

༢༠༢༠/༩/༢༦ཉིན་མཇལ།
༢༠༢༠/༡༠/༢ཉིན་བྲིས།

རྔོག་ལོ་ཆེན་པོའི་སྔས་རྟེན་དུ་གྲགས་པའི་ཡག་རིའི་ཇོ་བོར་མཇལ་བ།


ངེད་ཅག་གསུམ་པོས་རྔ་བའི་ཡུལ་ན་འཚམས་རིང་ཇོ་བོ་ཞུ་བ་ཞིག་ལས་ཡག་རིའི་ཇོ་བོ་ཟེར་བ་ཞིག་ཡོད་པ་མ་ཤེས།ང་ཚོ་དཔལ་ལྡན་ས་སྐྱའི་དགོན་ཆེན་དྷཱི་ཕུ་དགོན་ལ་མཇལ་དུ་སོང་།ཞོར་དུ་དེ་གའི་ཨ་ཁུ་འགའ་ལ་འཚམས་རིང་ཇོ་བོ་གང་ན་བཞུགས་ཞེས་དྲིས་པ་ཡིན་མོད།ཁོང་ཚོས“འཚམས་རིང་ཇོ་བོ་ནི་སྒོ་མང་དགོན་པའི་མར་ཕྱོགས་ཀྱི་ཆུ་འདིའི་ཕར་གའི་གད་ཐོག་གི་སྡེ་བ་དེར་བཞུགས་ཤིང་།ད་རུང་དེའི་ཡན་གྱི་རི་མགོ་མཐོ་ས་ཞིག་ན་ཡག་རིའི་ཇོ་བོ་ཞུ་བ་ཞིག་ཀྱང་མཇལ་དུ་ཡོད”ཅེས་ལན་བཏབ།ཡག་རིའི་ཇོ་བོ་ཞུ་བ་དེ་ང་ཚོ་གསུམ་པོས་ཚོར་བ་ཐེངས་དང་པོ་ཡིན་པས།གང་འདྲ་ཞིག་ལ་ཡག་རིའི་ཇོ་བོ་ཟེར་བ་ཡིན་ནམ་སྙམ་བཞིན་མཇལ་འདོད་ཀྱི་འདུན་པ་འཕྱུར།ཇོ་བོ་དེའི་མཚན་ཐོག་མར་ཚོར་བ་ན་སྒྲ་གོ་ལོག་ཐེབས་ཏེ།གཡག་རྭའི་ཇོ་བོ་ཟེར་བ་ཞིག་ཐོས།ཇོ་མདུན་དུ་སླེབས་ཚེ་གཟོད་ཡག་རིའི་ཇོ་བོ་ཞེས་བརྗོད་པ་ཡིན་པ་ཤེས།

ང་ཚོས་དྷཱི་ཕུ་དང་།ཨ་འདུས་དགོན་གོང་འགབ་གཉིས།སྒོ་མང་དགོན་སོགས་ལ་རགས་ཙམ་མཇལ་རྗེས།ཐད་ཀར་ཡག་རིའི་ཇོ་བོའི་མཇལ་ལམ་དྲིས་ཏེ་སོང་བ་ཡིན།སྒོ་མང་ཡུལ་ཚོ་ནས་མར་བལྟས་ན་རི་སྡིངས་ཤིག་ཏུ་ཁང་བ་ཞིག་མཐོང་འདུག་པ་དེ་ཡག་རིའི་ཇོ་ཁང་རེད་ཅེས་ཟེར།སྣ་ཤུལ་སྡེ་བའི་གྲོང་གསེབ་བརྒྱུད་དེ་རི་མགོར་འགོ་དགོས་ལ།རྐང་ཐང་དུ་འགྲོ་དགོས་ན་མཐོ་ས་ཞིག་ན་ཆགས་པས་འགྲོ་ཐུབ་མིན་ཡང་ཆ་མི་འཚལ།འོན་ཀྱང་།ཇོ་ཁང་གི་སྒོ་འགྲམ་བར་དུ་རླངས་འཁོར་ལམ་ཤར་བསྐྱོད་དུ་ཡོད་པས།དཀའ་ཚེགས་ལ་འཇིགས་པའི་ང་ཚོས་རྐང་ཐང་དུ་བསྐྱོད་པའི་ངལ་བ་བསྟེན་མ་དགོས།

ཇོ་ཁང་གི་སྒོ་རྩར་སླེབས་པ་ན།མར་ངོས་ཀྱི་གད་ཐོག་ཏུ་རྒན་པོ་ཞིག་འདུག།ཁོས་ང་ཚོ་མཐོང་བ་ན་ལམ་སང་ཡར་བཅར་ཡོང་།ངས“ཡག་རིའི་ཇོ་བོར་མཇལ་ས་རྙེད་དམ”ཞེས་དྲིས།རྒན་པོ་དེས་རྐེད་ནས་ལྡེ་མིག་ཅིག་ཕྱུང་བཞིན“མཇལ་ཐུབ་པ་རེད།ཁྱེད་ཚོ་གང་ནས་ཡིན”ཞེས་ཟེར་བཞིན་སྒོ་ཕྱེ་སྟེ་ང་ཚོ་ནང་དུ་ཁྲིད།མ་གཞི་རྒན་པོ་དེ་ནི་ཇོ་ཁང་དེའི་ལྷ་གཉེར་བ་རེད་འདུག་ལ།ཤིན་ཏུ་ཁ་གསལ་ཁོག་སངས་ཤིག་རེད།མ་བསྐུལ་དང་བླངས་ངང་ལྷ་ཁྲིད་དཔེ་མེད་ཅིག་གནང་།རྒན་པོ་ཁོང་ལ་བཀའ་དྲིན་ཞུ།

དེས་ན།ཡག་རིའི་ཇོ་བོ་ཞུ་བ་ནི།རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་འཕགས་ཡུལ་ནས་ཆེད་དུ་གདན་དྲངས་ཤིང་།ཁོང་གིས་སྐུ་ཚེ་གང་བོར་འབྲལ་སྤངས་སུ་བཞེས་པའི་བཅོམ་ལྡན་ཐུབ་པའི་དབང་པོའི་སྐུ་བརྙན་བྱིན་རླབས་དང་ལྡན་པ་ཞིག་རེད་ཅེས་ཟེར།ད་ལྟ་རྒྱུས་ཡོད་ཀུན་གྱིས་སྣ་ཤུལ་ཡག་རིའི་ཇོ་བོ་ཞེས་མཚན་ནས་སྨྲོས།

དེང་སྐབས་ཀྱི་ཇོ་སྐུ་དེ་བཞུགས་སའི་རྒྱབ་ངོས་ཤིག་ན་ལབ་རྩེ་འདྲ་བའི་རྡོ་མཁར་སྟེང་དར་ཤིང་སྣ་ཚོགས་སྤུངས་པ་ཞིག་མཆིས།དེ་ནི་གདོད་མའི་ཇོ་ཁང་དེའི་ཤུལ་ཡིན་ཟེར་ལ།དེ་རུ་སྔོན་ཆད་རི་ཁྲོད་ཅིག་ཡོད་ཀྱང་།ཡུན་རིང་པོར་གནས་མ་ཐུབ་པས།དེ་གའི་སྡེ་མི་དག་གིས་གནས་དེའི་ཇོ་སྐུ་བྱིན་ཅན་འདི་དང་།རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞད་འཕེལ་མ་ཞུ་བ་ཞིག་བཞུགས་སའི་ལྷ་ཁང་དེར་བདག་ཉར་ནན་ཏན་བྱས་མོད།མཐར་གནས་སྤར་དགོས་ཐུག་ལ།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་ཆོས་ཀྱི་ཉི་མས་ས་བརྟག་མཛད་དེ།ད་ལྟ་ཇོ་ཁང་བཞུགས་ས་དེ་རུ་གནས་སྤར།ས་དེའི་མིང་ལ་ཡག་ལ་ཐོད་དང་།གསེར་ལེབ་ཐང་།གསེར་མཁར་སྒང་ཞེས་སྣ་ཚོགས་ཤིག་འབོད་སྲོལ་ཡོད་ཀྱང་།ཡོངས་གྲགས་སུ་གསེར་མཁར་སྒང་ཞེས་འབོད་ཀྱིན་འདུག་ཅེས་སྐད།ཡག་རིའི་ཇོ་བོ་དང་།རྗེ་རིན་པོ་ཆེའི་འདྲ་སྐུ་བྱིན་ཅན་དེ་གཉིས་ཇོ་ཁང་དེ་རུ་ད་ལྟ་དངོས་སུ་མཇལ་རྒྱུ་འདུག །

ལྷ་གཉེར་རྒན་པོ་དེས་བཤད་ན།རྔོག་ལོ་ཆེན་པོ་ཁོང་ཉིད་ཀྱིས་ཇོ་སྐུ་དེ་རྒྱ་གར་ནས་སྟོད་མངའ་རིས་སུ་གདན་དྲངས།དེ་ནས་ཨ་མདོ་རྔ་བར་གདན་དྲངས་པ་རེད་ཅེས་ཟེར།ཡིན་ཡང་།གུས་པས་གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱིས་མཛད་པའི«འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར»དང་།ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི«གསང་ཕུའི་དཀར་ཆག»།པཎ་ཆེན་ཤཱཀ་མཆོག་གིས་མཛད་པའི«རྔོག་ལོ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་ཚུལ་ངོ་མཚར་གཏམ་གྱི་རོལ་མོ»།གཞན་ཡང«བཀའ་གདམས་ཆོས་འབྱུང»སོགས་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་འགའ་རེར་རྔོག་ལོ་ཆེན་པོའི་རྣམ་ཐར་ཐོ་རེ་ལོང་ངེ་བ་རེ་མཇལ་མྱོང་མོད།དེ་དག་གི་ཁྲོད་ན་རྔོག་ལོ་ཆེན་པོ་ཨ་མདོར་བྱོན་པའི་མཛད་པ་ཞིག་མཐོང་མ་མྱོང་།གང་ལྟར་རྒན་པོ་དེས་རྔོག་ལོ་ཆེན་པོ་དངོས་སུ་ཕེབས་ཤིང་།ཇོ་སྐུ་དེ་རྔོག་ལོས་གདན་དྲངས་པ་ཡིན་པའི་ཡིད་ཆེས་ཏན་ཏན་བྱེད་ཀྱིན་འདུག་པས།ཁོང་ལ་སོམ་ཉིའི་རྒྱ་རུ་བཙུད་པའི་སྐད་ཆ་ཅིའང་མ་སྨྲ་ལ།ཁོང་གིས་གང་བཤད་ཐམས་ཅད་ཡིན་ངེས་པའི་བདེན་པ་གཏད།

འོན་ཀྱང་།སྔོན་ཆད་ཅིག་ལ་མངའ་རིས་ནས་གནས་བུད་དེ་ཐོན་ཡོང་བའི་མི་རྣམས་ཨ་མདོ་རྔ་བ་རུ་གཞིས་ཆགས་ཤིང་།རྔ་བ་ཞེས་མིང་གིས་འབོད་དོན་ཡང་།མངའ་རིས་ཀྱི་མིང་ནས་དྲས་ཏེ་བདག་སྒྲར་གྱུར་པའི་མངའ་བ་ཞེས་པ་དེ་རིམ་གྱིས་རྔ་བ་ཞེས་སྒྲ་གཟུགས་གཉི་ག་འགྱུར་སོང་བའི་ལོ་རྒྱུས་བཤད་དུ་ཡོད་པས།དེ་བདེན་ཚེ།ཇོ་སྐུ་དེ་རྔོག་ལོ་ཆེན་པོ་ཁོང་ཉིད་ཀྱིས་གདན་དྲངས་པ་མ་ཡིན་ཡང་།མངའ་རིས་པ་ཞིག་གིས་གདན་དྲངས་པ་རེད་ཅེས་བཤད་ན།གཏན་ནས་ཡིད་ཆེས་དཀའ་བའི་གཏམ་ཡན་རླུང་སྤུར་མ་ཞིག་མ་རེད་འདོད།

ད་དུང་དོགས་གནས་ཤིག་ལ།ཇོ་སྐུ་དེ་རྔོག་ལོ་ཆེན་པོས་འབྲལ་སྤངས་སུ་བཞེས་པ་ཞིག་ཡིན་ཚེ།རྔོག་ལོ་རྔ་བ་རུ་ཕེབས་ཡོད་ཀྱང་བླ།སྔོན་གྱི་དམ་པ་ཁོང་ཅག་ནི་ཤིན་ཏུ་ནས་ཐ་ཚིག་ཅན་ཡིན་པས།ཁོང་གིས་ཇི་དགར་རང་གི་འབྲལ་སྤངས་ཀྱི་དམ་བཅའ་དོར་ཏེ།ཇོ་སྐུ་དེ་རྔ་བ་རུ་བཞག་པའི་གནས་མེད་པ་འདྲ།ཡང་ན་རྔོག་ལོ་ཆེན་པོ་ཨ་མདོ་རྔ་བ་རུ་སྐུ་ཡི་འཕེན་པ་རྫོགས་ཡོད་ན་ཅུང་ཙམ་གནས་ལུགས་ལ་ཉེ་བར་བཅར་ཡང་།དེ་ནི་འཆར་ཡན་གྱི་སྣང་བ་ཙམ་ལས།དོན་དངོས་སུ་ཨ་མདོ་རྔ་བ་རུ་སྐུ་གཤེགས་པའི་ལོ་རྒྱུས་ཅི་ཡང་མེད་དོ། །

ཡང་།རྔོག་ལོས་ཇོ་སྐུ་དེ་ཐོག་མར་མངའ་རིས་སུ་གདན་དྲངས་ཤིང་དེར་བཞུགས་པ་རེད་ཅེས་ཟེར་ན།དེའང་འགལ་ཕུང་གི་བཤད་ཡམས་ཤིག་སྟེ།རྔོག་ལོའི་སྐུ་ཚེའི་མང་ཕྱོགས་གསང་ཕུ་ནེའུ་ཐོག་སོགས་སྟོད་ལུང་གོང་འགབ་ཏུ་འཚོ་བཞུགས་གནང་བ་ལས།མངའ་རིས་སུ་རྒྱུན་བཞུགས་ཀྱི་མཛད་པ་ལོ་རྒྱུས་སུ་མ་མཆིས་པས།གལ་སྲིད་ཇོ་སྐུ་དེ་ཁོང་གི་འབྲལ་སྤངས་སུ་གྱུར་པ་ཞིག་ཡིན་ཚེ།ཁོང་དང་མཉམ་དུ་སྟོད་ལུང་དུ་བཞུགས་དགོས་པ་ལས།མངའ་རིས་སུ་བཞུགས་པའི་གནས་མ་མཆིས།ཇོ་སྐུ་དེ་མངའ་རིས་སུ་བཞུགས་ཡོད་ཀྱིན་ན་ཁོང་གི་འབྲལ་སྤངས་ཡིན་པའི་ལོ་རྒྱུས་དེ་རྫུན་གྱི་སྐྱ་བ་ཞིག་རླུང་གིས་སྤུར་བ་ལས་གཞན་ཅི་ཡང་མིན་པ་བློ་ལྡན་སུས་ཀྱང་མཁྱེན་སྲིད།

ཡང་ལྷ་གཉེར་རྒན་པོ་དེས།ཇོ་སྐུ་འདི་ནི།སྔོན་སྟོན་པ་སངས་རྒྱས་མཉན་ཡོད་ན་བཞུགས་ཚེ་བསྙུན་གྱི་དབང་གིས་དགེ་འདུན་གྱི་ཚོགས་དབུར་འབྱོན་མ་ཐུབ་པ་ན།ཉན་ཐོས་རྣམས་ཀྱིས་སྟོན་པ་མཆོག་མ་བཞུགས་ན་གྲལ་གྱི་དབུ་མི་བརྗིད་ཅིང་མི་མཛེས་པའི་ཚུལ་སྟོན་པ་ལ་ཞུས་པས།སྟོན་པ་ཆེན་པོས་ངའི་དོད་དུ་སྐུ་གཟུགས་བཞེངས་ནས་དགེ་འདུན་གྱི་གྲལ་མགོར་ཞོག་ཅིག་ཅེས་བརྗོད་པའི་མཛད་པ་སྟེ།«འདུལ་བའི་གླེང་འབུམ»སོགས་སུ་གསལ་བའི་མཛད་པ་དེ་ཁོ་ནའི་སྐུ་དེ་ཇོ་སྐུ་འདི་རེད་ཅེས་ཡིད་ཆེས་ཆེན་པོས་སྨྲ་ཞིང་།འཇིག་རྟེན་བསྟན་པའི་སྲོལ་འབྱེད་ཀྱི་སྐུ་ཡང་འདི་རེད་ཅེས་སྨྲ།དེ་ཡང་ཅུང་ཙམ་བློ་རུ་མི་ཆུད་པའི་གཏམ་ཆེན་ཞིག་ཏུ་སྣང་།རྒན་པོ་དེས་བཤད་པ་དེ་ལྟ་བུ་ཞིག་ཡིན་གྱིན་ན།སྙན་པའི་གྲགས་པ་ས་སྟེང་དུ་ཁྱབ་པའི་ལྷ་སའི་ཇོ་སྐུ་དེ་དག་ཀྱང་ཅི་ཡང་མ་རེད་ལ།སྟོན་པ་སངས་རྒྱས་ཀྱི་ཚབ་ཏུ་འོས་ཞེས་སྟོན་པ་ཁོང་ཉིད་ཀྱི་ཞལ་ནས་གསུངས་པའི་ཇོ་སྐུ་འདི་ཡི་སྙན་གྲགས་མ་རྒྱས་པར།རྒྱ་ནག་ནས་ཡར་གདན་དྲངས་པའི་ཇོ་སྐུ་ཞིག་ལ་དེ་འདྲའི་མཐོང་ཆེན་གནང་དགོས་དོན་ཞིག་མེད་སྙམ་མོ། །

ཡང་གཅིག་བཤད་ན།ཇོ་སྐུ་དེ་རྒྱ་གར་གྱི་སྐུ་ཚུགས་ཤིག་གཏན་དུ་མ་རེད་ལ།བོད་རང་གི་བཟོ་ལུགས་ཇི་བཞིན་ཏེ།སྤྱི་གཙུག་དང་ཞལ་ཚུགས་སོགས་གང་ལ་བལྟས་ཀྱང་།རྒྱ་གར་གྱི་སྟོན་པའི་སྐུ་བརྙན་ཞིག་ཡིན་པའི་གནས་མ་མཆིས།ཕྲན་གྱིས་སྐུ་ཚུགས་སོགས་བཟོ་རིག་གི་སྐོར་ཅི་ཡང་མི་ཤེས་ཀྱང་།སྐྱེས་ཏེ་དྲན་པ་སོས་ནས་ད་རག་བར་དུ་སྟོན་པའི་སྐུ་བརྙན་ཉིན་རེར་མ་མཐའང་ཐེངས་རེར་མཇལ་མྱོང་སྨྲ་ཡང་ཐལ་མི་ཆེ་བའི་ཚོད་དུ་འདུག་པས།སྤོབས་པ་གཟེངས་སུ་བཏེགས་ཏེ་རྒྱ་གར་གྱི་བཟོ་ལུགས་ཤིག་མ་རེད་ལ།བོད་རང་གི་སྐུ་བརྙན་ཞིག་རེད་ཅེས་སྨྲ་བ་ཡིན།

ངས་འདི་འདྲ་དག་སྨྲ་ཡོང་དུས།ཁྱོད་ཀྱིས་ཇོ་སྐུ་དེར་དད་པ་དང་དག་སྣང་སྤུ་ཙམ་ཡང་མ་བསྒོམས་པར།ལྷ་གཉེར་རྒན་པོ་དེའི་ལྷ་ཁྲིད་ལ་དོགས་པ་ཤ་སྟག་བྱས་ཏེ་མཇལ་བ་ཡིན་ནམ་ཞེས་ཟེར་ཡོང་སྲིད་མོད།དོན་དངོས་ནི་དོན་དངོས་ཡིན་པས།དོན་དངོས་ལ་གཡོལ་བའི་ཆིག་ལབ་ཅི་ཡང་སྨྲ་མ་སྤོབས་ལ།རང་གི་བློ་ཁོག་ཏུ་ཤར་བ་མ་གསང་དྲང་པོར་བྲིས་པ་ལས།དགོས་མེད་ཀྱི་གསེག་འབྲུ་བ་སོགས་ནི་གང་ཡང་མ་ཡིན་པས།གོ་ལོག་ཐེབས་ཏེ་ཐུགས་ལ་ཕོག་ཐུག་ཏུ་མི་འགྲོ་བར་རེ།དེ་མིན་གོང་དུ་དོགས་སློང་གི་ཞད་ཙམ་སྨྲ་བ་དེ་རིགས་ལ་དོགས་སེལ་གྱི་ཤེས་རབ་རལ་གྲི་རེ་གཡུག་ཏུ་ཡོད་ན་གཡུགས་ཤིག་ཅེས་ཡིད་ཁོང་གཏིང་ནས་རེ་བ་ཞུ་ཡིན་ཡོད།

མདོར་ན།སྔོན་ཆད་གཏན་ནས་ཐོས་ཙམ་ཡང་མ་མྱོང་བའི་ཇོ་སྐུ་བྱིན་རླབས་ཀྱི་ཚན་ཁ་འབར་བ་འདི་སྟབས་ལེགས་སྟེས་དབང་ཞིག་གིས་མ་བསམ་སར་མཇལ་ཐུབ་པ་དེས།རང་སེམས་དགའ་ཡལ་ལེ་བར་གྱུར་ལ།ང་དང་འདྲ་བར་ཇོ་སྐུ་འདིའི་མཚན་ཙམ་ཡང་ཐོས་མ་མྱོང་ཞིང་།ནམ་ཡང་ཇོ་མཇལ་ལ་དགྱེས་མཁན་ཚོར“འདི་ན།འདི་འདྲའི་ཇོ་སྐུ་བྱིན་ཅན་ཞིག་བཞུགས”ཞེས་གསར་བརྡ་ཙམ་གཏོང་འདོད་ཀྱི་འདུན་པ་སྐྱེས་པས།གནས་མཇལ་ཟིན་བྲིས་འདི་བཏབ་པ་ཡིན།

གཞན།ཇོ་སྐུ་འདིའི་ལྷ་གཉེར་རྒན་པོས་གསལ་ཁ་དང་ལྡན་པའི་ལྷ་ཁྲིད་གནང་བ་སྟེ།ཇོ་སྐུ་དེར་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱིས་རབ་གནས་མཛད་ཚུལ་དང་།ཀུན་མཁྱེན་ཕེབས་ཚེ་རྗེ་ཙོང་ཁ་པའི་སྐུ་དེས་དབུ་ཞྭ་ཐེངས་གཉིས་སུ་ཕུད་ཚུལ།རྒྱལ་དབང་གཙོས་སྐྱེས་ཆེན་མང་པོས་ཇོ་སྐུ་དེར་ཐུགས་གཙིགས་ཆེ་ཚུལ།ཇོ་སྐུའི་གཡས་ཕྱོགས་སུ་བཞུགས་པའི་རྒྱལ་དབང་མཆོག་གི་སྐུ་དཔར་དེ་རྒྱལ་དབང་ཁོང་ཉིད་ཀྱིས་གྱ་སྟོན་གྱི་སྐབས་སུ་ཆེད་དུ་འདིར་ཞོག་ཅེས་གསུངས་ཏེ་བསྐུར་ཚུལ།རྒྱ་གར་ནས་དགེ་བཤེས་དགུང་ལོ་ཤིན་ཏུ་བགྲེས་པ་ཞིག་ཆེད་དུ་རྒྱ་གར་གྱི་ཇོ་སྐུ་དངོས་མ་ཞིག་ཡིན་མིན་བདར་ཤ་གཅོད་དུ་ཕེབས་ཚུལ།ཀཱིརྟི་དགོན་དང་།སྤྲོ་ཚིགས་དགོན།དྷཱི་ཕུ་དགོན་སོགས་ཀྱིས་ཇོ་སྐུ་འདི་སོ་སོའི་དགོན་པ་རུ་གདན་དྲངས་ཀྱང་མ་བཞུགས་པར་ཕྱིར་འཕུར་ཡོང་ཚུལ།གྲོགས་པོ་ཕྱོགས་རྒྱལ་གྱིས་ལྷ་གཉེར་རྒན་པོ་ལ་བསྟོད་པ་འཐེན་པའི་སྟོབས་ཀྱིས་ཁོང་གིས་ང་ཚོ་ལ་རྒྱལ་དབང་རིན་པོ་ཆེའི་སྐུ་ཚེའི་མཛད་རིམ་ཐང་རིས་སུ་ཕབ་པ་དེ་མཇལ་ཁ་གནང་བ་སོགས་བཀའ་དྲིན་ཆེ་རབ་ཅིག་བསྩལ་བས།འདིར་ཆེད་དུ་ལྷ་གཉེར་རྒན་པོ་ཁོང་ལ་བཀའ་དྲིན་ཞུ་བ་ལགས་སོ། །

༢༠༢༠/༩/༢༦ཉིན་མཇལ།
༢༠༢༠/༡༠/༣ཉིན་བྲིས།

ཚ་ཆེན་ངག་དབང་གྲགས་པ་དང་ཨ་འདུས་ཡག་མགོ་དགོན་གྱི་མཐོང་སྣང་།


ཨ་འདུས་ཡག་མགོ་དགོན་ཞེས་པ་ནི།ཨ་མདོ་རྔ་བའི་ཡུལ་དུ་ནང་བསྟན་གྱི་དགོན་པ་དར་སྔ་ཤོས་ཤིག་ཡིན་པ་སྔོན་ཆད་ནས་ཚོར་མྱོང་ལ།ལོ་ངོ་ཁ་ཤས་ཀྱི་ཡར་སྔོན།རང་ཉིད་མཁས་རློམ་ཅན་ཞིག་གིས་མ་ཤེས་ཤེས་མདོག་བསྟན་ཏེ།དགོན་པའི་ལོ་རྒྱུས་བཤད་ཉེས་ཤིག་གིས་དགོན་གོང་འགབ་གཉིས་པོར་དཀྲུག་ཤིང་ཞིག་འཐེན་པའི་གཏམ་ངན་ཡང་བོད་གངས་ཅན་ལྗོངས་སུ་ཁྱབ་པས།དགོན་པ་འདིའི་མཚན་གྱི་སྙན་པ་ཡང་ཡང་ཐོས་ཤིང་།མཇལ་འདོད་ཀྱི་འདུན་པའང་ལྷོག་ལྷོག་ཏུ་འཕྱུར་མོད།སྒོས་སུ་དགོན་པ་འདིའི་ཕྱག་འདེབས་པ་རྗེ་རིན་པོ་ཆེའི་ཐུགས་སྲས་ཚ་ཁོ་དབོན་ངག་དབང་གྲགས་པ་མཆོག་གི་མཛད་ཆེན་དག་དྲན་པའི་གཏིང་རིམ་ནས་གསེད་དུས།ཁོང་གི་འཕྲིན་ལས་ཀྱི་གདུལ་ཞིང་དུ་གྱུར་པ།མདོ་སྨད་ཡུལ་གྱི་དགོན་མ་ལག་བརྒྱ་རྩ་བརྒྱད་པོར་གནས་མཇལ་ཞིག་བྱེད་འདོད་ཚ་བས།སྔོན་མ་ཞིག་ལ་བཙན་ལྷ་རུ་འགྲོ་བའི་ལམ་བར་དུ་ཁོང་གི་གདུང་རུས་བཞུགས་སའི་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་ལ་ཞོར་མཇལ་ཞིག་བྱས་མྱོང་བ་ལས་གཅིག་ཀྱང་མཇལ་མ་ཐུབ་མོད།ད་ཐེངས་ཀྱི་གོ་སྐབས་བརྒྱུད་དེ་ཨ་འདུས་ཡག་མགོ་དགོན་ལ་ལན་གཅིག་མཇལ་བ་ཡིན།

ང་ཚོས་ཁ་མཚར་དང་ཀུ་རེ་རྩེད་བཞིན།རྔ་ཁོག་གི་སྲིབ་ངོས་བརྒྱུད་དེ་རྔ་སྟོད་ཕྱོགས་སུ་ཁ་གཏད་ཏེ་ཆས།སྤྲོ་ཚིགས་དགོན་དང་དྷཱི་ཕུ་དགོན་བརྒལ་བ་ན་ཨ་འདུས་དགོན་འགབ་མ་རུ་འབྱོར།དེ་རུ་བླ་ཆེན་ཞིག་གི་ནང་ཆེན་མིན་ནམ་སྙམ་པ་ཞིག་གི་སྒོ་རྩར་མི་མང་པོ་འདུས་འདུག་ལ།བལྟས་ཚོད་ལ་རིམ་གྲོ་ཞིག་སྒྲུབ་ཀྱིན་པ་འདྲ།ང་ཚོས་ཐད་ཀར་ཚོགས་ཆེན་འདུ་ཁང་ལ་གཏད་དེ་ཕྱིན་མོད།ཉིན་དེར་འདུ་ཁང་གི་སྒོ་ཕྱེ་མི་འདུག་པས་ནང་དུ་མཇལ་སྐལ་ཟད།འདུ་ཁང་དེ་ནི་དགོན་པའི་གད་ཁ་རུ་བཞེངས་འདུག་ཅིང་།འཆམ་ར་ནས་བལྟས་ན་ཡུལ་དེའི་ཁོར་ཡུག་ཉམས་དགའ་བ་ཞིག་མྱོང་རོལ་ཐུབ་པས།ང་ཚོས་དེ་ནས་འདྲ་པར་རེ་འགའ་སྒྲོན་ཞོར།དགོན་པའི་ཁོར་ཡུག་ལ་རྒྱང་མཇལ་བྱས་པ་ཡིན།

དགོན་པ་འདི་ནི་ཚ་ཁོ་དབོན་ངག་དབང་གྲགས་མཆོག་གིས་ཐོག་མར་བཏབ་པའི་དགོན་གཞི་ཡིན་འདུག་ལ།ཁོང་ཉིད་དབུས་ནས་མར་ཕེབས་པ་ན།ཐོག་མར་དེང་སང་གི་དགོན་གོང་མ་ཆགས་སའི་སྡིངས་དཀྱིལ་ཞིག་ཏུ།འདུལ་བ་གཞི་གསུམ་གྱི་ཆོ་གར་ཉམས་ལེན་བགྱིས་ནས་བཞུགས་མོད།སྐབས་དེར་དགོན་པ་འདི་ནི་བོན་གྱི་བསྟན་པའི་གནས་གཞི་ཞིག་ཡིན་ལ།ཁོང་དང་མཐུ་ཁ་ཐུག་སྟེ་མཐར་བོན་པོ་རྣམས་གནས་བུད་དེ་སོང་ཤུལ།ཁོང་གིས་རབ་བྱུང་བདུན་པའི་ཆུ་མོ་བྱ་སྟེ།ཕྱི་ལོ༡༣༩༣ལོར་དགོན་པ་འདི་བཏབ་པར་གྲགས།ད་ལྟའི་བར་དགོན་པ་འདི་བཏབ་ནས་ལོ་ཡི་འཁོར་མོ༦༢༨ཙམ་འདས་པས།རྔ་ཡུལ་གྱི་དགོན་པ་དག་ལས་ཆེས་སྔ་ཤོས་ཤིག་ཏུ་བགྲང་སྲོལ་འདུག་ཅིང་།ཁོང་གིས་དགོན་གཞི་བརྒྱ་རྩ་བརྒྱད་བཞེངས་པའི་ཐོག་མའང་འདི་ཡིན་པར་གྲགས།

དེ་ནས་ང་ཚོ་ལམ་ལ་ཆས་ཏེ་དགོན་གོང་མ་རུ་སོང་།དགོན་པ་དེའི་ཚོགས་ཆེན་འདུ་ཁང་གི་སྒོ་འགྲམ་དུ“༄༅། །ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་རྗེས་དྲན་རྡོ་རིང་ཆེན་མོ”བྱ་བའི་ཁ་བྱང་ཅན་གྱི་རྡོ་དཀར་གྱིས་གྲུབ་པའི་རྡོ་རིང་ཞིག་བཞེངས་འདུག།རྡོ་རིང་དེར་མཇལ་ཞོར་འདྲ་པར་རེ་འགའ་བསྒྲོན་ནས།འདུ་ཁང་གི་གཡོན་ཕྱོགས་སུ་དགོན་པའི་ཚོང་ཁང་ཡོད་པ་དེར་སོང་ནས།གྲོགས་པོ་ཕྱོགས་རྒྱལ་གྱིས“ལྷ་ཁང་སོགས་ལ་མཇལ་ཐུབ་བམ”ཞེས་དྲིས།རྒན་པོ་ལོ་ལོན་ཞིག་གིས“དེ་རིང་དཀོན་གཉེར་བ་རྫོང་ཁྲོམ་དུ་ཕྱིན་པས།ཕལ་ཆེར་མཇལ་ཐུབ་པ་མ་རེད”ཅེས་བཤད།ང་ཚོ་མདོ་སྨད་ཕྱོགས་ཀྱི་དགོན་པ་མང་ཆེ་བ་ཞིག་གིས་ཚོགས་དུས་མཆོད་རེ་ཡི་སྐབས་མ་ཡིན་པར་ནམ་རྒྱུན་ལྷ་ཁང་སོགས་ཀྱི་སྒོ་རྒྱུན་གཏན་ཡིན་པས།མཇལ་བ་མང་པོ་ཞིག་ལ་མཇལ་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱིན་པ་ཚོར་མྱོང་།དགོན་པ་འདི་གོང་འགབ་གཉིས་ཀྱང་དེ་བཞིན་ཏེ།ང་ཚོ་ཆེད་དུ་མཇལ་བར་སོང་ཡང་དགོན་འདབས་ནས་སྨོན་ལམ་རེ་བཏབ་པ་ལས་ཕར་ཟད།ལྷ་ཁང་གཅིག་ཀྱང་མཇལ་བའི་སྐལ་བ་མ་ལྡན།

འོན་ཀྱང་།ལས་ཡག་པ་ཞིག་ལ།ཚོང་ཁང་དེར་ཞི་དུལ་བག་ཡོད་ལྡན་ཅིང་།ཕལ་ཆེར་དགུང་གྲངས་བཞི་བཅུ་ཡས་མས་ཤིག་མིན་ནམ་སྙམ་པའི་གྲྭ་བ་ཞིག་བཞུགས།ཁོང་ལ་གྲོགས་པོ་བསྟན་བཟང་གིས“ཚ་ཁོ་དབོན་ངག་དབང་གྲགས་པ་མཆོག་གི་བཞུགས་ཤུལ་ལམ།ཁོང་དང་འབྲེལ་ཡོད་ཀྱི་རྟེན་གསུམ་རེ་མཇལ་དུ་ཡོད་དམ”ཞེས་དྲིས་པ་ན།གྲྭ་བ་དེས“ཚ་ཁོ་དབོན་གྱི་བཞུགས་ཤུལ་དགོན་པའི་ཡར་རྒྱབ་གན་ན་ཡོད”ཅེས་ཟེར་བཞིན་ཚོང་ཁང་ནས་ཕྱིར་བཏོན།དེ་ནས་ཁོས་ང་ཚོ་ཁྲིད་དེ་ཚ་ཁོ་དབོན་ངག་དབང་གྲགས་པའི་བཞུགས་ཤུལ་དུ་ཆས་པ་ཡིན།ཤིན་ཏུ་ལྷིང་འཇགས་ལྡན་པའི་སྡིངས་དཀྱིལ་ཞིག་ན་གྱང་རོ་ཆག་པོ།ནང་དུ་ཤིང་ཕུང་རེ་འགའ་སྐྱེས་ཤིང་།དེར་ཁ་བཏགས་འགའ་རེ་འཕེན་པ་ཞིག་འདུག།གྲྭ་བ་དེས“འདི་ནི་སྔོན་ཆད་ཚ་ཁོ་དབོན་མདོ་སྨད་དུ་བྱོན་དུས་ཐོག་མར་བཞུགས་སའི་གནས་ཡིན་ལ།དེང་སང་མཇལ་བ་མང་པོ་ཡོང་སྟེ་འདིར་སྨོན་ལམ་རེ་འདེབས་བཞིན་འདུག”ཅེས་གསུངས།ང་ཚོས་ཀྱང་རང་རང་ས་ནས་སྨོན་ལམ་རེ་འདེབས་ཞོར་ཕྱག་སྐོར་རེ་འགའ་བྱས་པ་ཡིན།གྲྭ་བ་དེས་ད་དུང་ཚ་ཁོ་དབོན་པོ་མཆོག་གིས་འདིར་ཐོག་མར་གཞི་གསུམ་ལ་ཉམས་ལེན་བགྱིས་རབས་དང་།དགོན་འགབ་མ་ཆགས་སའི་བོན་པོ་དག་དང་མཐུ་ཁ་ཐུག་རབས་དང་།ཐོག་མར་ཕྱག་འདེབས་པའི་དགོན་པ་ནི་དགོན་འགབ་མ་ཡིན་ཞིང་ཚ་ཁོ་མཆོག་ཐོག་མར་བཞུགས་ས་ནི་དགོན་འདི་རུ་ཡིན་རབས་དང་།དགོན་འགབ་མ་ཚང་ལ་གྲྭ་གྲངས་ཉིས་བརྒྱ་ལྷག་ཅིག་དང་དགོན་གོང་མ་ཚང་ལ་གྲྭ་གྲངས་བརྒྱ་རྩ་ལྔ་བཅུ་ཡས་མས་ཤིག་བཞུགས་རབས་སོགས་མང་པོ་གསུངས་ཤིང་།ང་ཚོ་ལ་ཁོང་གི་གྲྭ་སྤྱིལ་འདུ་ཁང་གི་ཉེ་སར་ཡོད་པས་དེར་ཇ་འཐུང་དུ་འགྲོ་ཞེས་གསུངས་ཏེ་སྣེ་ལེན་ཡིད་ཚིམས་པ་ཞིག་གནང་།ཐུགས་རྗེ་ཆེ།

དེས་ན་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ཞུ་བ་དེ་སུ་རེད་ཅེ་ན།ཁོང་ནི་བོད་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་སྟེ།ཕྱི་ལོ༡༣༦༠ཡས་མས་ཤིག་ཏུ།ཤར་རྒྱལ་མོ་རོང་གི་སོ་མང་རྒྱལ་པོའི་མངའ་ཁོངས་བཙན་ལྷའི་སུམ་མདོའི་ཁུ་འཇོ་སྡེ་བ་རུ་སྐུ་འཁྲུངས།ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་འདི་རེད་ཅེས་པའི་གཏན་ཁེལ་ཞིག་མེད་ཀྱང་།ལོ་ཚིགས་འདི་ནི«རྗེའི་རྣམ་ཐར་དད་པའི་འཇུག་ངོགས»སོགས་ལ་བལྟས་ཏེ་རོབ་ཙམ་བྲིས་པ་ཡིན་པས།དཔྱད་གཞི་ཙམ་ལས་ཡིན་ངེས་པའི་གཏན་ཚིགས་གང་ཡང་མེད།

ཁོང་གི་མཚན་ལ་ཚ་ཁོ་དབོན་པོ་ཞེས་བརྗོད་དོན་ནི།ཁོང་ཉིད་རྒྱལ་རོང་ཕྱོགས་ཀྱི་དཔོན་པོ་ཞིག་གི་རྒྱུད་ཡིན་པས་དབོན་པོ་ཞེས་བཏགས་སམ་སྙམ།རྗེ་ཡབ་སྲས་ཀྱི་སྐུ་དུས་ན་ཚ་ཁོ་དཔོན་པོ་དང་། ཚ་ཁོ་དབོན་པོ་ཞེས་གཉི་ག་རེས་མོས་སུ་འབོད་སྲོལ་འདུག།གཞན་ཡང་ཚ་ཆེན་ངག་དབང་གྲགས་པ་དང་།ཚ་ཁོ་བ་ངག་དབང་གྲགས་པ།རྗེ་རིན་པོ་ཆེའི་ཐུགས་སྲས་ཚ་ཁོ་དབོན་ངག་དབང་གྲགས་པ་སོགས་མཚན་གྱི་རྣམ་གྲངས་ཀྱང་རེ་འགའ་མཆིས་ལ།ལྷག་ཏུ་རྗེ་རིན་པོ་ཆེའི་སྐབས་སུ་མཁན་ཆེན་ཞེས་པའི་མཚན་གྱི་ཆོ་ལོ་གནང་ས་ཉུང་ཙམ་དུ་མཆིས་ཀྱང་།ཁོང་ལ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་ཞེས་པའི་མཚན་ཡང་སྦྱར་བར་གྲགས།

ཁོང་ཉིད་དུས་ཚེས་ནམ་ཞིག་ལ་དབུས་སུ་ཕེབས་པ་མ་ཤེས་ཀྱང་།རྗེ་ཙོང་ཁ་བ་ཆེན་པོས་དགུང་གྲངས་ཉི་ཤུ་རྩ་བཞི་བཞེས་པ།རབ་བྱུང་དྲུག་པའི་ལྕགས་ཕོ་སྤྲེལ་ཏེ།ཕྱི་ལོ༡༣༨༠ལོར་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་སོགས་ཀྱི་མདུན་ནས་བསྙེན་རྫོགས་བཞེས་པའི་རྗེས་ཙམ་ན།རྗེ་རིན་པོ་ཆེས་ལྷོ་ཁ་ཀེ་རུར་དབུ་ཕར་ཚད་གསུམ་སོགས་ཀྱི་བཀའ་ཆོས་བསྩལ་དུས།ཚ་ཁོ་དབོན་པོ་མཆོག་དེར་བཞུགས་རབས་མཆིས་པས།ཕལ་ཆེར་ཚ་ཁོ་དབོན་པོ་དགུང་གྲངས་ཉི་ཤུ་ཡས་མས་ཤིག་གི་ཐོག་ཏུ་དབུས་སུ་ཕེབས་འདུག་པ་འདྲ།

རབ་བྱུང་བདུན་པའི་ས་ཕོ་འབྲུག་སྟེ།ཕྱི་ལོ༡༣༨༨ལོ་ཙམ་ན་རྗེ་རིན་པོ་ཆེ་སྐྱིད་ཤོད་ཚལ་དུ་བཞུགས་ཤིང་།«ལེགས་བཤད་གསེར་ཕྲེང»མཛད་སྐབས་ཤིག་ན།རྗེ་བླ་མ་མཆོག་དང་ཚ་ཁོ་དབོན་པོ་མཆོག་སྟེ་ཁོང་དཔོན་སློབ་གཉིས་ལྷ་སར་ཕེབས་ཏེ།ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་སྨྱུང་གནས་མང་དུ་མཛད་པར་གྲགས།སྐབས་དེའི་ནུབ་ཅིག་ཚ་ཁོ་དབོན་པོ་མཆོག་གི་མནལ་ལམ་དུ།དུང་དཀར་ཆེན་པོ་གཉིས་ནམ་མཁའ་ནས་ཁོང་གི་ཐུ་བར་ལྷུང་ཞིང་དེ་གཉིས་གཅིག་ཏུ་གྱུར།ཕྱག་ཏུ་བླངས་ནས་བུས་པ་ན་སྒྲ་ཆེན་པོ་ཞིག་གྲགས་པ་རྨིས།མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མནལ་རྟགས་དེ་ནི་ཚ་ཁོ་དབོན་གྱིས་རྒྱལ་རོང་སོགས་མདོ་སྨད་དུ་སངས་རྒྱས་ཀྱི་བསྟན་པ་ལ་འཕྲིན་ལས་རྒྱ་ཆེན་པོ་འབྱུང་བའི་སྔ་ལྟས་ཡིན་ཞེས་གསུངས།

ཁོང་ཉིད་དབུས་ནས་མར་མདོ་སྨད་དུ་ནམ་ཕེབས་ཀྱི་ལོ་ཚིགས་གསལ་བོ་མེད་ཀྱང་།ཨ་འདུས་ཡག་མགོ་དགོན་ཕྱི་ལོ༡༣༩༣ལོར་བཏབ་པར་གྲགས་ཤིང་།རྒྱལ་རོང་ད་ཚང་དགོན་ཕྱི་ལོ༡༤༡༤ལོར་བཏབ་པར་ད་ཚང་དགོན་པའི་ལོ་རྒྱུས་ལས་གསལ་བས།དེ་ལྟ་ན་ཁོང་ཉིད་ཕྱི་ལོ༡༣༩༢ཡས་མས་ཤིག་ཏུ་ཕྱིར་ཕེབས་པ་ཡིན་ནམ་སྙམ།རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱི་རྣམ་ཐར«དཔག་བསམ་ཡོངས་འདུའི་ལྗོན་པ»རུ།“ཚ་ཁོའི་དཔོན་ནི་སྟག་ལོའི་ལོ་འགོར་རང་ཡུལ་དུ་བྱོན”ཞེས་གསུངས་ཀྱང་།འབྱུང་ཁམས་གང་གི་སྟག་ཡིན་པ་མི་གསལ་བས་བཤད་ཚོད་ཁག།ཡང་ལ་ལས་རབ་བྱུང་བདུན་པའི་ལྕགས་ཕོ་སྟག་སྟེ།ཕྱི་ལོ༡༤༡༠ལོར་དབུས་ནས་མར་ཕེབས་རབས་བཤད་ཀྱང་།ཨ་འདུས་དགོན་གྱི་བཏབ་ལོ་ཕྱི་ལོ༡༣༩༣ལོ་ཡིན་ཚེ།བགྲང་བྱ་བཅོ་བརྒྱད་ཙམ་གྱི་ཧེ་བག་མཆིས་པས་བརྟག་པའི་གཞིའོ། །

ཁོང་ཉིད་སྐུ་ན་བགྲེས་པའི་དུས་ཤིག་ནའང་དབུས་སུ་ཕེབས་རབས་མཆིས་ཏེ།མཁས་གྲུབ་རྗེ་དང་རྗེ་བློ་གྲོས་བསྟན་པ་ལས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རྒྱུན་མང་པོ་གསན་པའི་ལོ་རྒྱུས་ཡོད་ཀྱང་། འདིར་ཚང་མ་སྨྲོས་ན་ཉོབ་ཏུ་གྱུར་པས་རེ་ཞིག་བསྐྱུར་བར་བྱ།

ཁོང་གིས་དགོན་གཞི་བརྒྱ་རྩ་བརྒྱད་བཞེངས་པའི་དམ་བཅའ་རྗེ་རིན་པོ་ཆེའི་མདུན་ནས་བཞག་རབས་གྲགས་ཤིང་།སྤྱིར་ཇ་ཕུའི་སྟོད་སྨད་བར་གསུམ་སོགས་མདོ་སྨད་ཀྱི་ཡུལ་གྲུ་དུ་མར་དགོན་གཞི་བརྒྱ་རྩ་བརྒྱད་བཏབ་པར་སྐད་མོད།ད་ལྟ་ཁོང་གིས་བཏབ་པའི་དགོན་པ་ལས།ཨ་འདུས་ཡག་མགོ་དགོན་དང་།བཙན་ལྷ་སུམ་མདོ་དགོན།ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་།མཆོད་རྟེན་ཅོག་དགོན་པ།ས་མགོ་དགོན།གདོང་རི་དགེ་ལྡན་དམ་ཆོས་གླིང་།ཀླུ་བཟོའི་དགོན།མིས་ཐོ་དགོན།མཁར་ཡག་རི་ཁྲོད།ད་ཚང་དགོན།དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན།མཆོད་རྟེན་ས་དགོན།ཞང་དུར་ཕུ་ཏོའི་དགོན།ཏམ་མགོ་དགོན།ས་དམར་དགོན།གྲུབ་ནོས་དགོན།ཁང་དམར་དགོན་སོགས་འགའ་རེ་ལས་མཇལ་དུ་མི་འདུག་ཅེས་དེང་གི་མཁས་པ་མང་པོས་གསུང་གིན་འདུག །

ཁོང་གི་རྗེས་སུ་འཛིན་པའི་སློབ་མ་ནི། རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་དང་།དབོན་ཚ་ཁོ་ཆོས་ཀྱི་གྲགས་པ་སོགས་སྐྱེས་ཆེན་མང་པོ་བྱོན་རབས་མཆིས།གསུང་རྩོམ་ལ།«རྗེ་བཙུན་བློ་གྲོས་བསྟན་པའི་གསུང་རྒྱུན་ཟིན་བྲིས»སོགས་མང་པོ་བཞུགས།

རྗེ་རིན་པོ་ཆེའི«བྱང་ཆུབ་ལམ་རིམ་ཆེན་མོ»དང་།«ལམ་གཙོ་རྣམ་གསུམ»དག་ཀྱང་ཚ་ཁོ་དབོན་གྱི་ཆེད་དུ་ཡི་གེར་ཕབ་པ་ཡིན་ལ།རྗེ་རིན་པོ་ཆེས«འཕགས་པ་རྟག་ཏུ་ངུའི་རྟོགས་བརྗོད»མཛད་སྐབས།ཚ་ཁོ་དབོན་པོ་མཆོག་ནི་ཡི་གེ་བ་སྟེ།མཛད་བྱང་དུ“སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ།ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ”ཞེས་གསུངས་ཡོད་པས། ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུད་པའི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་པ་མ་ཟད།རང་རེའི་བསྟན་པ་རིན་པོ་ཆེར་མཛད་རྗེས་རླབས་ཆེན་འཇོག་མཁན་ཞིག་སྟེ།ལྷག་ཏུ་རི་བོ་དགེ་ལྡན་པའི་བསྟན་པ་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་སྐྱེས་ཆེན་ཞིག་ཡིན་པ་གསལ་ལྷང་ངེར་ཤེས་ཐུབ།

ཤར་རྒྱལ་བ་ཙོང་ཁ་ཆེན་པོས་ཀྱང་།“ཡངས་པའི་རྣལ་འབྱོར་མཁའ་ལྟར་རྒྱ་ཆེ་ཞིང་།།ཕུལ་བྱུང་དང་བ་རི་དབང་ལྟར་བརྟན་ལ།།བསྟན་པའི་ཁུར་གྱིས་ནམ་ཡང་མི་ངལ་བའི།།བཤེས་གཉེན་ངག་དབང་གྲགས་པ་ཞེས་གྲགས་པའི”ཞེས་གསུངས་ཏེ།ཚ་ཁོ་དབོན་ངག་དབང་གྲགས་པ་མཆོག་ལ་ཐུགས་གཙིགས་ཆེན་པོ་མཛད་པར་གྲགས།

ཁོང་གི་འདས་ཚིགས་གསལ་བའི་ཡིག་ཚང་ཅི་ཡང་ཕྲན་གྱིས་མ་མཐོང་བས།ནམ་ཞིག་ལ་འདས་པ་སོགས་འདིར་ཧོབ་ཀྱིས་བྲིས་པའི་སྤོབས་པ་སྐྱེས་མ་ནུས།

མདོར་ན།ད་ཐེངས་ཀྱི་འགྲུལ་བཞུད་ལས་ཚ་ཁོ་དབོན་ངག་དབང་གྲགས་པ་མཆོག་གི་འཕྲིན་ལས་ཀྱི་ཆེ་བ་རྒྱས་པའི་བསྟི་གནས།མདོ་སྨད་རྔ་ཡུལ་ཕྱོགས་ཀྱི་དགེ་ལྡན་བསྟན་པའི་ཆུ་མགོ།ཨ་འདུས་ཡག་མགོ་དགོན་གོང་འགབ་གཉིས་པོར་མཇལ་བའི་སྐལ་བ་སྨིན་པས།རྗེ་ཚ་ཁོ་བ་མཆོག་ལ་སྔར་ལས་ཨ་འདྲེས་ཆ་འདྲེས་སུ་གྱུར་ཅིང་།ཁོང་གི་མཛད་པ་དག་སྔར་ལས་འཐུས་ཚང་ཞིག་ཤེས་པའི་བློ་རྒྱ་བསྐྱེད་སོང་བའི་སྣང་བ་སྐྱེས་སོ། །

༢༠༢༠/༩/༢༦ཉིན་མཇལ།
༢༠༢༠/༡༠/༤ཉིན་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།