སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་འདས་ལོ་ཚིགས་གང་ཡིན་ནམ།_ར་སེ་དཀོན་རྒྱམ།

3678


 ནང་དོན་གནད་བསྡུས།    བོད་ཀྱི་གསོ་རིག་སྨྲ་བའི་རྒྱལ་པོ་གཡུ་ཐོག་པ་ཆེན་པོ་ཡོན་ཏན་མགོན་པོ་དེ་ཉིད་ཀྱི་འཁྲུངས་ལོ་དང་འདས་ལོ་དངོས་གང་ཡིན་པའི་ཐད་ལ་དཔྱད་འཇུག་བགྱིས་པ་སྟེ།   སྔོན་དང་ཉེ་རབས་མཁས་པས་བཞེད་པའི་ལོ་ཚིགས་དང་།   འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་གཞན་དག་བར་བསྐྱར་ཞིབ་བྱས་ཏེ།   ལོ་རྒྱུས་རིག་པ་དང་མཐུན་པའི་སྒོ་ནས་འཁྲུངས་ལོ་གང་ཡིན་པའི་ཚུལ་ཡིག་རྙིང་ཁག་ལ་བརྟེན་ནས་ཁུངས་སྐྱེལ་བྱས་ཡོད།
 

 བརྡ་ཆད་གཙོ་བོ།   

 གཡུ་ཐོག་ཡོན་ཏན་མགོན་པོ།   འཁྲུངས་ལོ།    འདས་ལོ།    དགུང་གྲངས།    ལོ་རྒྱུས།   


 ༈    གཅིག     སྨན་རྒྱལ་གཡུ་ཐོག་པའི་འཁྲུངས་ལོ་གང་ཡིན་བསྐྱར་དཔྱད་དགོས་དོན།  

 ཁོང་ནི་བོད་གི་གསོ་རིག་གི་བྱ་གཞག་ལ་མཛད་པ་རླབས་ཆེན་བཏོད་པའི་མི་སྣ་འགྲན་ཟླ་བྲལ་བ་ཅིག་ཡིན་ནའང་།    ཁོང་གི་རྣམ་ཐར་སོགས་འབྲེལ་ཡོད་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པའི་ཡིག་ཆ་རྣམས་ལ་ཞིབ་མོར་བརྟགས་ན།    འཁྲུངས་འདས་ལོ་ཚིགས་མ་འཁོད་པའི་ཕྱོགས་གཅིག་དང་།    འཁོད་པའི་ཕྱོགས་གཅིག་སྟེ་གཉིས་ཡོད་པར་རིག་ཐུབ་པ་ལ།    དེ་ཡང་རྗེ་གཡུ་ཐོག་པ་ཉིད་ཀྱི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད་པའི་གཡུ་ཐོག་སྙིང་ཐིག་སོགས་སུ་འཁྲུངས་ལོ་ཁ་གསལ་བཀོད་ཐུབ་མེད་པས་ན།     དེ་རྗེས་སུ་བྱུང་བའི་གསོ་རིག་སྨྲ་བའི་མཁས་པ་དག་གིས་ཀྱང་ཁ་གསལ་ཞིག་གསུངས་ཐུབ་མེད་པ་སྟེ།    དཔེར་ན་བྲང་ཏིའི་ཤེས་བྱ་རབ་གསལ་དང་།    ཟུར་མཁར་བའི་ཤེས་བྱ་སྤྱིའི་ཁོག་དབུབ་གཉིས་སུ་འང་འཁྲུངས་འདས་ཀྱི་ལོ་ཁ་གསལ་བཀོད་མི་འདུག    དེ་བཞིན་དུ་གསོ་དཔྱད་ལ་བཀའ་དྲིན་ཆེ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་སྨན་གྱི་ཁོག་དབུགས་ལས་ཀྱང་འཁྲུངས་འདས་ལོ་ཚིགས་གསལ་ཁ་གང་ཡང་གནང་མེད་ཅིང་།    ཁོང་གིས་བརྩམས་པའི་རྩིས་གཞུང་བེ་དཀར་གྱི་བསྟན་རྩིས་སྐབས་སུའང་ལོ་ཚིགས་ཁ་གསལ་བཀོད་ཐུབ་མེད།     དེ་བཞིན་ཕྱིས་སུ་སུམ་པ་མཁན་ཆེན་(སྤྱི་ལོ་༡༧༠༤ནས་༡༧༨༨བར་)གྱིས་ཆོས་འབྱུང་དཔག་བསམ་ལྗོན་ཤིང་གི་བསྟན་རྩིས་རིའུ་མིག་ཏུ་ཡང་ལོ་ཚིགས་བཀོད་ཐུབ་མེད་པས།   སྐབས་དེ་དག་ཏུ་ཁོང་རྣམས་ལ་གདེང་འཁེལ་བའི་ཡིག་ཆ་ཁུངས་ཐུབ་མ་རྙེད་པ་ཡིན་སྲིད།  

   ཕྱོགས་ཕྱི་མ་ནི་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོའི་བསྟན་རྩིས་སྐབས་སུ་གསལ་བ་སྟེ།   བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་ངོས་༡༠པར།     མེ་ཡོས་རབ་བྱུང་གཉིས་པའི་ཐོག་མ་ཤར།   ༩༣༣།་་་མེ་རྟར་རིགས་འདུས་སྨན་རྒྱལ་གཡུ་ཐོག་པ།   །གསར་མ་ཡོན་ཏན་མགོན་པོ་བལྟམས་ནས་ལོ།   ༨༩༤།(༡)ཞེས་བཀོད་ཡོད་པ་འདི་ཡིན་ལ།    ལོ་ཚིགས་དེ་ཉིད་ནམ་ཞིག་ལ་འགོད་སྲོལ་བྱུང་བ་ཡིན་ནམ།   ཁུངས་གང་ལ་བཅོལ་བ་ཡིན་ནམ་ཞེ་ན།    ད་ལྟ་བློ་དམན་ཁོ་བོས་གསལ་པོར་ཞུ་དཀའ་སྟེ།    ལྷ་ས་སྨན་རྩིས་ཁང་གིས་ལོ་ལྟར་བཏོན་པའི་ལོ་ཐོ་ཡོད་དོ་ཅོག་མཇལ་བའི་གོ་སྐབས་མེད་པའི་ཕྱིར།   ཐོག་མར་འགོད་པ་པོ་སུ་ཡིན་སོགས་ཀྱང་མ་ཤེས་པའི་ཕྱིར་རོ།   །གང་ལྟར་ནའང་དེ་ཕྱིན་གྱི་མཁས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཀོད་གནང་ཡོད་དེ།     མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ངོས་༡༡༨ལས།    གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི།    ་་་་་་རབ་བྱུང་གཉིས་པའི་མེ་རྟ་(སྤྱི་ལོ་༡༡༢༦)ལོ་ལ་འཁྲུངས།    (༢)ཞེས་བཀོད་གནང་ཡོད་ལ།   མཚོ་སྔོན་ཨ་རུ་རའི་ཚོགས་པས་པར་དུ་བཏབ་པའི་གཡུ་ཐོག་སྙིང་ཐིག་གི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས་ལས།   གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི།    རབ་བྱུང་གཉིས་པའི་མེ་རྟ་(སྤྱི་ལོ་༡༡༢༦)ལོར་འཁྲུངས།(༣)ཞེས་བཀོད་འདུག་པ་དང་།    རོང་པ་མིག་དམར་གྱིས་བརྩམས་པའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་ཞེས་པའི་ངོས་༡༨༣ལས།    གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི།    རབ་བྱུང་གཉིས་པའི་མེ་རྟ་སྟེ་སྤྱི་ལོ་༡༡༢༦ལོར།   གཙང་མྱང་སྟོད་སྒོ་བཞི་རེ་ཐང་སྟེ།དེང་གི་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་མྱང་སྟོད་ཤང་སྒོ་བཞི་རེ་ཐང་ཞེས་པའི་གྲོང་དུ་འཁྲུངས།(༤)ཞེས་བཀོད་གནང་མཛད་ཡོད་ལ།    རིན་ཆེན་རྡོ་རྗེས་བོད་ཀྱི་གསོ་བ་རིག་པར་མཛད་རྗེས་ཆེ་བའི་མཁས་ཆེན་བཅུའི་ལོ་རྒྱུས་ཞིབ་འཇུག་ཅེས་པའི་ངོས་༡༣༢ལས་ཀྱང་།   ཁོང་ནི་ཡབ་ཁྱུང་པོ་རྡོ་རྗེ་དང་ཡུམ་ཇོ་མོ་པདྨ་འོད་ལྡན་གཉིས་ཀྱི་སྲས་སུ་གཙང་མྱང་སྟོད་སྒོ་བཞི་རེ་ཐང་སྟེ།   དེང་གི་གཞིས་ཀ་རྩེ་ས་ཁུལ་རྒྱལ་རྩེ་རྫོང་མྱང་སྟོད་ཡུལ་ཚོའི་རེ་ཐང་གྲོང་ཚོར་ཕྱི་ལོ་༡༡༢༦ལོར་འཁྲུངས།    (༥)ཞེས་བཀོད་འདུག་པས་མཚོན།    གང་ལྟར་ཉེ་རབས་སུ་ལོ་ཚིགས་འདི་ཉིད་གཅིག་གྱུར་ལྟ་བུ་ཆགས་ཡོད།     ལོ་རྒྱུས་རིག་པའི་ངོས་ནས་བསམས་ན།    སྔ་མ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མར་ལོ་ཚིགས་བཀོད་མ་ཐུབ་དང་།    ཉེ་རབས་པས་ལོ་ཚིགས་ཁ་གསལ་བཀོད་ཐུབ་པ་ནི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་དོན་ཡིན་པར་ཐེ་ཚོམ་གཏན་ནས་མི་དགོས་ཀྱང་།    སྐབས་འདིར་ལོ་རྒྱུས་ཡིག་ཆ་གཞན་དང་གཞན་དུ་འཁོད་པའི་འབྲེལ་ཡོད་ཁག་དང་གཤིབ་བསྡུར་བྱས་ན།    གོང་གསལ་ལོ་ཚིགས་སོགས་ལ་དོགས་པ་འབྱུང་བའི་གནད་ཡོད་པས།    སྐབས་འདིར་གཟུར་གནས་མཁས་པ་རྣམས་ཀྱི་རྗེས་སུ་གཞོལ་ནས་སྨན་རྒྱལ་གཡུ་ཐོག་པའི་འཁྲུངས་འདས་ལོ་ཚིགས་ལ་བསྐྱར་ཞིབ་ཀྱིས་ལོ་རྒྱུས་ཀྱི་གནད་དོན་ཁ་གསལ་དུ་གཏོང་ཐུབ་པ་དང་།   སྔར་བས་ལེགས་པའི་མཐའ་སྡོམ་འཇོག་ཐུབ་ཆེད་དུ་དཔྱད་པ་ལ་འཇུག་པར་སེམས་བསྐྱེད་པ་ཡིན་ནོ།   །  

 ༈    གཉིས།   གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ལོ་དངོས་ངོས་འཛིན་ཚུལ་བཤད་པ།   

 ཁ་ཅིག་གིས་ཁྱོད་ཀྱིས་སྨན་པའི་རྒྱལ་པོ་གཡུ་ཐོག་པ་དེ་ཉིད་ཀྱི་འཁྲུངས་ལོ་དངོས་གང་ཡིན་བསྐྱར་དུ་དཔྱད་ན།     དུས་ནམ་ཞིག་ལ་འཁྲུངས་པའི་ཚུལ་གསལ་པོར་བཟོ་ཐུབ་བམ་སྙམ་ན།    ང་ཚོས་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པའི་བསླབ་བྱ་བཞིན་དུ་ཤོད་མཁན་ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་གནས་ལུགས་གང་ཡོད་ལ་གཞི་བཟུང་དགོས་པའི་ཕྱིར་ན།    འབྲེལ་ཡོད་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ལ་དཔྱད་ཞིབ་བྱ་དགོས་ལ།    རྗེ་གཡུ་ཐོག་པ་ཉིད་འཚོ་གཞེས་དང་ཐག་ཉེ་བ་དག་དང་།    ཉིད་ཀྱི་གསུང་དངོས་ཡིན་ངེས་པ་རྣམས་ལ་དཔྱད་པ་ནན་ཏན་བྱ་དགོས་ཤིང་།    དེ་མིན་འབྲེལ་ཡོད་ཁག་ལའང་དཔྱད་པ་ཞིབ་ཙམ་བྱས་ན་གནས་ལུགས་ཡང་དག་ཅིག་རྙེད་སྲིད་པ་ཡིན་ཏེ།    དེ་ཡང་གཡུ་ཐོག་པ་ཆེན་པོ་ཉིད་ཀྱི་གསུང་ཇི་བཞིན་པ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཡིག་གེར་བཀོད་པའི་ཡིག་ཆ་སྟེ།   གཡུ་ཐོག་སྙིང་ཐིག་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་ལོ་རྒྱུས་སུ་གཟིགས་ན་གནས་ལུགས་ཟབ་མོ་ཅིག་རྙེད་ཐུབ་པར་འདུག་སྙམ་སྟེ།   དེ་ཡང་གཡུ་ཐོག་སྙིང་ཐིག་གི་ངོས་༣༦༥ལས།    ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ།   གུ་རུ་པདྨ།   དཔའ་བོ།   ཕ་དམ་པ།   བིར་ཝ་པ།   སྐྱེས་བུ་མེ་ལྷ།   བོད་དུ་སྲོང་བཙན་སྒམ་པོ།    དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་།(༦)ཞེས་འཁོད་པའི་གསུངས་དུམ་བུ་ཅིག་ཡོད་པ་འདི་ལ་ལེགས་པར་གཞིགས་ན།   ཁོང་ཉིད་ནི་མཉམ་མེད་བཀའ་བརྒྱུད་པའི་སྲོལ་འབྱེད་དང་གསོ་དཔྱད་མཁས་པ་དྭགས་པོ་ལྷ་རྗེ་ཞེས་པ་དེ་ཉིད་ཀྱི་སྐྱེ་བ་ཡིན་པར་ཞལ་བཞེས་གནང་ཡོད་པ་འདི་ཡིན་ལ།    སྤྱིར་ན་མི་གཅིག་འཚོ་བཞུགས་གནང་བཞིན་པ་ལ་ང་ནི་ཁོང་གི་སྐྱེ་བ་ཡིན་ཞེས་པ་ནི་གཏན་ནས་སྨྲ་མི་སྲིད་ལ།   གཡུ་ཐོག་པ་མཁས་པ་ཆེན་པོས་དེ་བས་ཀྱང་གསུངས་མི་སྲིད་པ་ཡིན་པས།   རྗེ་གཡུ་ཐོག་པའི་གསུང་དུམ་བུ་འདི་ཡིས་གང་ཞིག་གསལ་བཤད་བྱས་ཡོད་དམ་ཞེ་ན།   ཁོང་ནི་དྭགས་པོ་ལྷ་རྗེ་འདས་པའི་རྗེས་སུ་འཁྲུངས་པ་ཅིག་ཡིན་པར་ཐེ་ཚོམ་བྱ་མི་དགོས་པ་གསལ་པོར་བསྟན་ཡོད།   

 དེས་ན་རྗེ་དྭགས་པོ་ལྷ་རྗེ་ནི་རབ་བྱུང་གསུམ་པའི་ཆུ་བྱ་(སྤྱི་ལོ་༡༡༥༣)ལོའི་དབྱར་སྨད་ལ་སྐུ་གཤེགས་པ་ཡིན་པས།     དེའི་གནད་ཀྱིས་དེའི་ཕྱི་ལོ་ཤིང་ཁྱི་(སྤྱི་ལོ་༡༡༥༤)ལོའམ་ཡང་ན་ཤིང་ཕག་(སྤྱི་ལོ་༡༡༥༥)ལོ་གང་རུང་ཞིག་ལ་རྗེ་གཡུ་ཐོག་པ་འདི་ཉིད་སྐུ་འཁྲུངས་པར་ཆ་བཞག་ན་ལོ་རྒྱུས་དངོས་དང་མཐུན་པའི་གནས་ལུགས་ཟབ་མོ་ལྡན་ཡོད།    གཅིག    གཡུ་ཐོག་ཉིད་ཀྱི་ཞལ་གསུངས་གོང་གསལ་དྭགས་པོ་ལྷ་རྗེའི་སྐྱེ་བ་ཡིན་པར་ཞལ་བཞེས་པ་དང་མཐུན་པ་དང་།    གཉིས།    དྭགས་པོའི་སློབ་མ་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་(སྤྱི་ལོ་༡༡༡༠ནས་༡༡༧༠བར་)དེ་ཉིད་ཀྱི་སྐུ་ཚེའི་མཇུག་གི་སློབ་མ་དངོས་ཡིན་པའི་ཕྱིར་ཏེ།    ཕག་གྲུའི་སློབ་མ་རྡོག་སེང་གེ་ཁ་བའི་སློབ་མ་ཆོས་དཔལ་ཡེ་ཤེས་ཀྱིས་མཛད་པའི་དཔལ་ཕག་མོ་གྲུ་པའི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་གཟི་བརྗིད་འབར་བའི་སྒྲོན་མེ་ངོས་༥༨ལས།    གཙང་པ་ཇོ་བཙུན་གཡུ་ཐོག་དང་།   དགེ་བཤེས་བཟད་མ་གཉིས་ཀྱིས་ལམ་འབྲས་ཀྱི་ཁྲིད་ནན་གྱིས་ཞུས་པ་ལ།    ཁོ་བོ་ལ་ཆ་བདོག   ཤི་ན་ཁོང་གི་ཆོས་མ་ཚར་གྱིས་དོགས་པ་ཡིན་པས་བགྱི་གསུངས་ནས་མཛད་ནས།(༧)ཞེས་འཁོད་ཅིང་།   དེ་ཡང་སྐུ་གཤེགས་པའི་ལོ་དེའི་དབྱར་མཇུག་ཙམ་ལ་ཡིན་ཚུལ་གསལ་བར་འཁོད་པ་དང་།   དེ་དུས་གཡུ་ཐོག་པ་དགུང་ལོ་བཅོ་ལྔ་ཙམ་ཡིན་པས།   འཁྲུངས་ལོ་དེ་ལས་མི་འཕྱི་བ་འང་ཤེས་ཐུབ་པ་དང་།    དེ་བཞིན་དུ་སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་སྟག་ལུང་ཆོས་འབྱུང་ངོས་༡༨༥ས།   ཕག་གྲུའི་སློབ་མའི་གྲས་སུ།    གཙང་པ་ཇོ་སྲས་གཡུ་ཐོག་པ།(༨)ཞེས་གསལ་པོར་འཁོད་འདུག་པ་འདི་ཀ་ཡིན་ལ།    གཡུ་ཐོག་འཁྲུངས་ལོ་གོང་ལྟར་ཆ་བཞག་ན་སྐབས་དེར་དགུང་གྲངས་བཅོ་ལྔ་ཙམ་ཡིན་པར་གསལ་ཡོད་ཅིང་།    ཇོ་བཙུན་དང་ཇོ་སྲས་ཞེས་པའི་ཐ་སྙད་ཀྱི་ཐོག་ལ་བསམ་ནའང་ཕག་གྲུའི་ཞབས་ལ་གཏུགས་དུས་སྐུ་ན་གཞོན་ནུ་ཡིན་པར་བསྟན་འདུག་པས་ཀྱང་དོན་དང་མཐུན་པར་ཤེས་ཐུབ་བོ།།  

 གསུམ་པ་ནི།    བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་རས་ཆུང་ལུགས་ཀྱི་བརྒྱུད་པའི་བླ་རབས་ཁྲོད་ཀྱི་རྦ་དྷ་ར་ཤྲཱིའམ་དཔལ་འཛིན་གྱིས་གཡུ་ཐོག་ཡོན་ཏན་མགོན་པོའི་ཞབས་ལ་གཏུགས་པའི་ལོ་རྒྱུས་དེ་ཡིན།    རྗེ་རས་ཆུང་པའི་སློབ་མ་ཁྱུང་ཚང་བ་ཡེ་ཤེས་བླ་མ།    དེའི་སློབ་མ་མ་ཅིག་ཨོང་ཇོ།    དེའི་སློབ་མ་ཞང་ལོ་གྲུབ་པ་དཔལ།   དེའི་སློབ་མ་རྦ་དྷ་ར་ཤྲཱི་ཡིན་ཞིང་།    དྷ་ར་ཤྲཱི་དེ་ཡིས་སྐུ་ན་གཞོན་དུས་ལྷ་རྗེ་གཡུ་ཐོག་པར་གཏུགས་པར་གསལ་ཡོད་དེ།    རས་ཆུང་སྙན་བརྒྱུད་སྐོར་གྱི་དེབ་གཉིས་པ།   བརྒྱུད་པ་ཡིད་བཞིན་ནོར་བུ་ཕྲེང་བའི་ངོས་   ༢༥༧ལས།    དེ་ནས་ཕ་སྤུན་ཕུ་བོ་རྦ་ལྷ་རྗེ་ཁོང་ནོར་ཆེ་བས་འབུལ་བ་ཆེན་པོ་ཁྱེར་ནས་དཔོན་གཡུ་ཐོག་མགོན་པོ་ལ་སྨན་སློབ་པའི་ཞབས་ཏོག་ལ་བྱོན་པས་རྒྱུད་ཆེ་ཆུང་དང་སྟོང་ཐུན་སྐོར་དང་།   ཞལ་གདམས་སྐོར།   ཊིཀ་ཆེ་ཆུང་ལ་སོགས་པ་གཡུ་ཐོག་པའི་གདམས་ངག་ཆེ་ཆུང་མ་ལུས་པ་ཆོད་གདའ།   རྦ་ལྷ་རྗེ་ཁོང་རང་ལ་ཡང་གནས་ཆོག་གི་ཊིཀ་ཆེ་ཆུང་དང་།   སྐུ་གསུང་ཐུགས་ཆ་ལག་བཅས་པ་ཞུས།   སྨན་དཔྱད་གདམས་ངག་མ་ལུས་པའང་ཞུས་གསུངས།(༩)ཞེས་བཀོད་འདུག་པས་ན།    ཁོང་གི་བླ་མ་ཞང་ལོ་གྲུབ་པ་དཔལ་ནི་རབ་བྱུང་གསུམ་པའི་ཆུ་ཡོས་(སྤྱི་ལོ་༡༡༨༣)ལོར་འཁྲུངས་ཤིང་རབ་བྱུང་བཞི་པའི་མེ་བྱ་(སྤྱི་ལོ་༡༢༣༧)ལོར་སྐུ་གཤེགས་པ་ཡིན་འདུག་ལ།   དེའི་སློབ་མ་རྦ་དྷ་ར་ཤྲཱི་ནི་རྣམ་ཐར་ན་གཤེགས་ལོ་མ་གཏོགས་འཁྲུངས་ལོ་མི་གསལ་ནའང་།   སྐུ་ཚེ་རིང་པོ་ཅིག་ཡིན་པར་མི་གསལ་བས་ན།   རབ་བྱུང་གསུམ་པའི་ལྕགས་ཁྱི་(སྤྱི་ལོ་༡༡༩༠)ལོ་ཙམ་ལ་འཁྲུངས་པ་དང་།   རབ་བྱུང་བཞི་པའི་མེ་རྟ(སྤྱི་ལོ་༡༢༤༦)ལོར་གཤེགས་པ་ཡིན་པར་གསལ་བས།   དགུང་ལོ་གཞོན་ནུ་ཙམ་ནས་གཡུ་ཐོག་པའི་ཞབས་ལ་གཏུགས་པ་ཅིག་ཡིན་པར་ཐེ་ཚོམ་མི་དགོས་ཏེ།    གོང་གསལ་གྱི་ལོ་ཚིགས་ལ་ཆ་བཞག་པ་ཡིན་ན།    གཡུ་ཐོག་སྐུ་གཤེགས་པའི་ལོ་དེ་(སྤྱི་ལོ་༡༢༣༠)ལོ་ཙམ་ལ་འཁེལ་བས་ན།    རྦ་དྷ་ར་ཤྲཱི་ཡིས་གཡུ་ཐོག་དེ་ཉིད་དགུང་ལོ་དྲུག་ཅུ་ཙམ་ལ་ཞབས་ལ་གཏུགས་པར་ཤེས་ཐུབ་བོ།   །

 བཞི་པ།   གུ་རུ་བཀྲ་ཤིས་སམ་ངག་དབང་བློ་གྲོས་ཀྱིས་མཛད་པའི་སྔ་འགྱུར་རྙིང་མའི་ཆོས་འབྱུང་ཐུབ་བསྟན་གསལ་བྱེད་ཅེས་སམ་མིང་ཡོངས་གྲགས་ལ་གུ་བཀྲ་ཆོས་འབྱུང་ངོས་༥༩༦ལས།    རབ་བྱུང་གསུམ་པར།   རྗེ་བཙུན་གྲགས་པ་རྒྱལ་མཚན་དང་།   ས་སྐྱ་པན་ཆེན་སོགས་ཀྱི་དུས་སུ།   གཡུ་ཐོག་པ།   སུམ་སྟོན།    ར་མོ་ཤེལ་སྨན།   སྙེ་མོ་ཞུ་ཡས།    སྟག་ལུང་སངས་རྒྱས་དབོན།   གཉལ་པ་ཉི་མ་ཤེས་རབ།   ་་་་་་་སོགས་བྱོན།(༡༠)ཞེས་བཀོད་འདུག་པ་ལ་ཡང་།     རྒྱབ་བརྟེན་ངེས་པ་ཅན་ཡོད་སྲིད་པ་ཡིན་པས་ཀྱང་དུས་ཚིགས་གསལ་པོར་ཤེས་ཐུབ་པའི་ཕྱིར་རོ།   །

 གལ་ཏེ་གཡུ་ཐོག་པ་དེ་ཉིད་རབ་བྱུང་གཉིས་པའི་མེ་རྟ་ལོར་འཁྲུངས་པ་ཡིན་ན།   དྭགས་པོ་ལྷ་རྗེ་སྐྱེ་བ་ཡིན་པར་བཤད་པ་དང་ཡོངས་སུ་འགལ་ཏེ།   དེ་དུས་དྭགས་པོ་ལྷ་རྗེ་ཞལ་བཞུགས་ཤིང་དགུང་ལོ་ཞེ་བརྒྱད་གཞེས་པའི་སྐབས་ཡིན་པ་དང་།    འགྲོ་མགོན་ཕག་གྲུ་སྐུ་གཤེགས་དུས་གཡུ་ཐོག་པ་དགུང་གྲངས་ཞེ་བཞི་ཟིན་ཡོད་པས་ན།    དེའི་ཚེ་ན་ཇོ་བཙུན་དང་ཇོ་སྲས་ཞེས་པའི་མཚན་དེ་ཐོབ་ཐབས་གཏན་ནས་མེད་པའི་ཕྱིར་དང་།    དེ་བཞིན་དུ་གཡུ་ཐོག་པ་དེ་ཉིད་རབ་བྱུང་གསུམ་པའི་ཆུ་ཕག་(སྤྱི་ལོ་༡༢༠༣)ལོར་གཤེགས་པར་འདོད་དགོས་པ་ཡིན་པས།    དེ་དུས་རྦ་དྷ་ར་ཤྲཱི་ནི་དགུང་ལོ་བཅུ་གསུམ་ཙམ་ཡིན་ལ།    ཕ་ཡུལ་དུ་ཨ་ཕ་ཤི་བ་དང་ཨ་མ་ལ་མི་སྟོང་འཁྲི་ནས་བུ་ལོན་གྱི་ཁྲོད་དུ་དཀའ་ངལ་ཆེན་པོར་བཞུགས་པའི་སྐབས་ཡིན་ཞིང་།   རྣམ་ཐར་རང་ལས་གཡུ་ཐོག་པའི་དྲུང་དུ་ཞབས་ཟིན་པའི་དུས་ཚོད་ལ་སླེབས་ཐུབ་མེད་པའི་གནད་འདི་ཡང་ངེས་པར་དུ་ཤེས་དགོས།  

 ལྔ་པ།    ལོ་རྒྱུས་ཞིབ་འཇུག་པ་གང་ཟག་ལ་ལས་གཡུ་ཐོག་སྙིང་ཐིག་གི་རྣམ་ཐར་ལས།    གནམ་ལོའི་རྒྱལ་པོ་རྟའི་ལོ་སྤྲེའུ་ཟླ་ཞེས་པའི་ལོ་ཚིགས་ཤིག་འབྱུང་བ་དེ་ཉིད་སྐུ་གཤེགས་པའི་ལོ་རྟགས་སུ་རློམ་ནས་དེར་བརྩིས་ཏེ།    དེ་ནས་ལུགས་ལྡོག་གིས་འཁྲུངས་ལོ་གཏན་འཁེལ་བྱེད་སྲིད་ནའང་།    དེར་གསལ་བའི་རྟ་ལོ་དེ་ནི་གཤེགས་ལོ་དང་གཏན་ནས་འབྲེལ་བ་མེད་པ་ཤེས་དགོས་ཏེ།    རྒྱུ་མཚན་ནི་གཡུ་ཐོག་སྙིང་ཐིག་གི་ངོས་༣༨༩ལས།    ཞང་སྙེ་མོ་བའི་ལྷ་ལྕམ་དེ་བ་དཔལ་འདྲེན་ཞེས་བྱ་བ་ལོ་བཅུ་བདུན་ལོན་ཅིང་བུད་མེད་རིན་པོ་ཆེའི་རིགས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་གསང་ཡུམ་དུ་ཕུལ།   གཞན་ཡང་ཚོགས་ཀྱི་མཆོད་པ་དཔག་ཏུ་མེད་པས་མཆོད་ནས།   གསོལ་བ་བཏབ་པས།   གནམ་ལོ་རྒྱལ་པོ་རྟའི་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་གསང་བའི་བཀའ་རྣམས་གནང་།    དེ་ནས་རིམ་གྱིས་གདམས་པ་རྣམས་ལྷག་མ་མ་ལུས་པར་ཉམས་ཁྲིད་དུ་རྫོགས་པར་གནང་བ་ལ་བརྟེན་ནས།   ཉམས་མྱོང་ཕུལ་དུ་བྱུང་བ་སྐྱེས་པ་ནས་བཟུང་སྟེ།    དེ་ནས་ཁོ་བོ་ཛཉ་ན་དྷ་རི་ཡང་བཙན་ས་ཟིན་ནོ།   །(༡༡)ཞེས་གསལ་པོར་བཀོད་འདུག་པས་ན།    དེ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དཀའ་བ་དུ་མ་སྤྱད་དེ་གསེར་མང་དུ་བསྒྲུབས་པ་དང་།    བླ་མ་མཉེས་པར་བྱས་ཏེ་གཡུ་ཐོག་སྙིང་ཐིག་གི་གདགས་གཞི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་སྐོར་རྣམས་གསང་བར་མཛད་པ་དེ་ཉིད་གནང་བར་གསོལ་བ་བཏབ་པ་བཞིན་དུ།     གནང་བའི་སྐལ་བ་བྱུང་བའི་དོན་ཡིན་པ་ནི་རྣམ་ཐར་དེ་ཉིད་བཀླག་པ་ཙམ་གྱིས་ཤེས་ཐུབ་པའི་ཕྱིར་རོ།   །

 གལ་ཏེ་སྔ་མ་དེ་ལྟར་གཤེགས་ལོར་འདོད་ན་དགུང་ལོ་བདུན་ཅུ་དོན་བདུན་ལའང་གསང་ཡུམ་བཞེས་པར་ཁས་ལེན་དགོས་པ་མ་ཟད།    དེ་ནི་སྐུ་གཤེགས་ཁའམ་གཤེགས་ལ་ཉེ་བར་བཙུན་མོ་བཞེས་པར་འདོད་དགོས་པར་ཐལ་ཡོད་པས།    འཇིག་རྟེན་གྲགས་པའི་ངོས་ན་ཧ་ཅང་གིས་མི་འཚམ་པའང་གསལ་ཞིང་།   སྲས་དག་གི་སྐྱེད་ཡུམ་གཞན་པ་ཡིན་པའི་ཁུངས་ཀྱང་བསྟན་དགོས་པར་ཐལ་ལ།    གཤེགས་ལོར་སྦྱོར་ན་གཏན་ནས་མི་འགྲིག་པའི་གནད་འདི་གསལ་པོར་ཤེས་དགོས།   དོན་དངོས་ལ་གཞིགས་ན་རྟ་ལོ་དེ་ཉིད་ནི་སྐུ་ཚེའི་དཀྱིལ་ཙམ་ལ་ཆ་བཞག་ན་དོན་ལ་འབྱོར་བའི་གནད་ཡོད་དེ།    སུམ་སྟོན་གྱིས་རང་གི་བླ་མ་གཡུ་ཐོག་པ་བུ་མོ་དེ་ཉིད་ལ་མཉེས་པོ་ཡོད་པ་ཤེས་ཏེ།   མུ་སྟེགས་པ་ལ་གསེར་བྱིན་ནས་རིག་སྔགས་ཀྱིས་བཀུག་པར་བྱས་ཏེ་ཕུལ་བས་བླ་མ་མཉེས་ཏེ།    བླ་སྒྲུབ་ཀྱི་སྐོར་གྱི་སྨིན་གྲོལ་གྱི་གདམས་པ་རྣམས་གནང་བར་བཤད་པའི་ཚུལ་གྱིས་དུས་ཚོད་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན་ནོ།   །

 ༈    གསུམ།     སྨན་རྒྱལ་གཡུ་ཐོག་པ་མི་ཡུལ་བྱོན་པའི་དུས་ཚིགས་ཀྱི་མཐའ་དཔྱད་པ།   

 སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཛད་པའི་རྒྱུད་བཞིའི་འགྲེལ་བ་བེ་སྔོན་གྱི་ཕྱི་མ་རྒྱུད་ཀྱི་འགྲེལ་བ་ངོས་༡༤༤༥ལས།    ཁྱུང་པོའི་སྲས་ལ་རྗེ་གསར་མ་ཡོན་ཏན་མགོན་པོ་ཞེས་དྲང་སྲོང་མེ་ལྷའི་སློབ་མར་གྱུར་པ་འཕགས་ཡུལ་དུ་ལན་དྲུག་བྱོན་ནས་དྲང་སྲོང་ཙ་ར་ཀ་སོགས་བསྟེན།(༡༢)ཞེས་འཁོད་ཡོད་པ་ལྟར་ན།   ཨོ་རྒྱན་གྱི་སྐྱེས་བུ་མེ་ལྷ་ཕྱག་རྡུམ་ནི་མངའ་བདག་རྩེ་ལྡེའི་དུས་སུ་བྱོན་པར་སྡེ་སྲིད་ཉིད་ཀྱི་གསུངས་ཏེ།    གསོ་རིག་སྨན་གྱི་ཁོག་དབུགས་ངོས་༢༩༠ལས།    གཞན་ཡང་མངའ་བདག་རྩེ་ལྡེའི་སྐབས་ཨོ་རྒྱན་གྱི་སྨན་པ་མིག་བཅོས་སོགས་མཛད་པ་པོ་མི་ཏྲའི་སྲས།   གསོ་རིག་རྒྱ་མཚོའི་ཕ་མཐར་སོན་པ་པས་རྒྱལ་པོའི་སྨན་པ་མཛད།    བཙུན་མོའི་ནད་བཅོས་པའི་ཚེ་མི་ཚངས་སྤྱོད་ཀྱི་ཉེས་པ་ཤོར་བས་གསོད་པར་ཕངས་ཏེ།   ཕྱག་བཅད་པས་བྷ་རོ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷར་གྲགས་པ་བོད་དུ་ཕེབས།(༡༣)ཞེས་བཀོད་འདུག་པས།   གཡུ་ཐོག་ཡོན་ཏན་མགོན་པོ་ཡང་དེ་སྐབས་ཀྱི་མི་སྣ་ཡིན་པར་ཐལ་ཡོད་ལ།    འདིར་མེ་ལྷའི་སློབ་གྲས་སུ་གཡུ་ཐོག་གི་མཚན་བཀོད་གནང་མི་འདུག་པས་སྔ་ཕྱིའང་འགལ་ལོ་སྙམ།    །

 དེ་བཞིན་དུ་གསོ་རིག་སྨན་གྱི་ཁོག་དབུགས་ངོས་༢༢༣ལས།    འདི་ནས་ལྟ་ན་སྡུག་ཏུ་འགྲོ།   །དྲང་སྲོང་རིགས་འཛིན་ཚོགས་དཔོན་བྱེད།    །དེ་ནས་རྒྱ་གར་འཕགས་ཡུལ་དུ།   །མེ་ལྷ་ཕྱག་རྡུམ་ཞེས་བྱར་གྲགས།   །དེ་ནས་བོད་ཡུལ་གངས་ཅན་དུ།   །གཡུ་ཐོག་པ་ཡི་བརྒྱུད་འཛིན་སྲས།   །ཡོན་ཏན་མགོན་པོར་སྐྱེ་བ་ལེན།   །(༡༤)ཞེས་བཀོད་འདུག་པ་དང་ཕྱི་རྒྱུད་དུ་བཀོད་པ་གཉིས་འགལ་བར་གྱུར་པ་སྣང་སྟེ།   འདིར་ནི་སྐྱེ་བུ་མེ་ལྷའི་སྐྱེ་བ་ཡིན་པར་གསལ་བར་བཤད་འདུག་པའི་ཕྱིར་ན།   གོང་འོག་དང་ལོ་ཚིགས་སོགས་འགྲིགས་ཐབས་མེད་པའི་སྐྱོན་གནས་པའི་ཕྱིར་རོ།   །དེས་ན་སྡེ་སྲིད་ཀྱི་ཐུགས་མཉམ་པར་མ་བཞག་པའམ།     དཔྱད་ཡིག་ཕྱོགས་སྒྲིག་གི་སྐྱོན་དུ་གྱུར་པ་ཐེ་ཚོམ་མེད་དོ།   །

 དེ་བཞིན་དུ་རྭ་ལོ་ཙཱ་བའི་རྣམ་ཐར་ངོས་༡༧༣ལས།    དེ་ནས་ཚོང་འདུས་མགུར་མོར་བྱོན་ཏེ་འགྲོ་བའི་དོན་རྒྱ་ཆེར་མཛད།   དེའི་ཚེ་གཡུ་ཐོག་དར་པོ་བྱ་བའི་སྨན་པ་མཁས་པ་གཅིག་ན་རེ།   ངེད་ཀྱི་གཡུ་ཐོག་ཡོན་ཏན་མགོན་པོ་དེས་འདིར་ཨ་རུ་རའི་ཆར་ཕབ་པ་ཡིན།   ཁྱེད་ཀྱིས་ཀྱང་རྒྱ་བལ་གྱི་བླ་མ་མང་པོ་ལ་ཆོས་ཞུས་ནས་གྲུབ་པ་ཐོབ་པ་ཡིན་འདུག་པས།   དེ་རིང་གྲུབ་རྟགས་ཤིག་བསྟན་དགོས་ཟེར་བ་ལ།(༡༥)ཞེས་འཁོད་འདུག་པ་ལྟར་ན་གཡུ་ཐོག་པ་ཡོན་ཏན་མགོན་པོ་ནི་རྭ་ལོ་ཙཱ་བའི་གོང་དུ་ཇོ་བོ་རྗེ་ལས་མི་འཕྱི་བར་བྱོན་པར་གྲུབ་ཡོད་པས།   ལ་ལས་འདི་ཉིད་གཙིགས་པར་འཛིན་སྲིད་མོད།   རྭ་ལོ་ཙཱ་བའི་རྣམ་ཐར་རྒྱས་པ་འདི་ཉིད་ལ་ཆ་འཇོག་དེ་ཙམ་མེད་པར་ཤེས་དགོས་ཏེ།    དེའི་ཕྱིར་ན་ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐའི་གསུང་འབུམ་པོད་བཅུ་གཅིག་པར་བཞུགས་པའི་རྒྱུད་རྒྱལ་གཤིན་རྗེ་གཤེད་ཀྱི་ཆོས་འབྱུང་ངོ་མཚར་གྱི་ངོས་༡༠༡ལས།    བྲང་ཏི་དབང་ཕྱུག་གྲགས་དང་།   གཡུ་ཐོག་དར་པོ་ལ་སོགས་པ་སྨན་པ་ཆེན་པོ་ཐམས་ཅད་ཀྱིས་ཞབས་ལ་གཏུགས།(༡༦)ཞེས་པ་ལས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐོར་ལྒིང་བ་དེ་མ་འཁོད་པ་དང་།    དེའི་ངོས་༡༠༥ལས།   རྣམ་ཐར་གྱི་ཡི་གེ་རྒྱས་པ་གཞན་ཞིག་སྔོན་དུས་བྱུང་ཞེས་ཟེར་ནའང་།   དེང་སང་མེད་པར་མངོན།   སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ།   རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས།    ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ།   །(༡༧)ཞེས་བཀོད་འདུག་པའི་ཕྱིར་དང་།   ད་ཡོད་རྭ་ལོའི་རྣམ་ཐར་རྒྱས་པ་འདི་ཡི་ནང་དུ་གྲུབ་ཆེན་གླིང་རས་པས་(སྤྱི་ལོ་༡༡༢༨ནས་༡༡༨༨བར་)བསྟེན་མྱོང་བའི་རྭ་ལོ་ཙཱ་བའི་རྣམ་ཐར་དང་།    རྭ་ལོ་སྔ་མའི་རྣམ་ཐར་གཉིས་བསྲེས་པའམ་འདྲེས་སོང་བ་ཅིག་ཡིན་འདུག་པ་ལྟ་བུ།   ཡུལ་དུས་ལོ་རྒྱུས་དང་མི་མཐུན་པ་ཕྱིས་བྱུང་གི་གཏམ་མང་དུ་འདུག་པས་ནི་ལོགས་སུ་དཔྱད་པར་འདོད་དོ།   །

 བྱོན་པའི་དུས་ཚིགས་དངོས་ནི་རང་རེའི་ཡིག་རྙིང་དུ་གཟིགས་ན།    བཀའ་བརྒྱུད་པའི་བླ་མའི་ཁྲོད་དུ་ལོ་རྒྱུས་སྨྲ་བའི་དབང་པོ་ཞྭ་དམར་མཁའ་སྤྱོད་དབང་པོས་(སྤྱི་ལོ་༡༣༥༠ནས་༡༤༠༥བར་)མཛད་པའི་གསོ་རིག་ཁུངས་ཀྱི་ཡིག་ཆུང་ལས།    བི་བྱི་ར་ཡི་བརྒྱུད་པ་དང་།    གཡུ་ཐོག་ཀྱང་དེ་ལས་རྒྱུད་དོ།།གཡུ་ཐོག་མགོན་པོ་ནི་ཆོས་རྗེ་སྒམ་པོ་པའི་ཡང་སློབ་སོ།།(༡༨)ཞེས་གསལ་པོར་བཀོད་གནང་འདུག་པས།   རྗེ་སྒམ་པོ་པའི་སློབ་མའི་སློབ་མ་ཡིན་པར་གསལ་བས།    ཕག་གྲུའི་ཞབས་ལ་གཏུགས་པར་བཤད་པ་དང་དུས་འགྲིགས།   སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་ཁོག་དབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ལས།    ཟླ་འོད་གཞོན་ནུ།   ཞང་སྨན་ནག།   རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ།   དེས་བི་ཇི་སོགས་མ་བརྒྱུད་པར་རོག་སྟོན་དཀོན་མཆོག་སྐྱབས་ཁོ་ནར་གསན་པའི་ལུགས་ཀྱང་མཆིས།(༡༩)ཞེས་བཀོད་གནང་འདུག་པས།   ཞང་སྨན་ནག་གི་དྭགས་པོ་ལྷ་རྗེའི་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་ཞིང་།   དྭགས་པོའི་ཡང་སློབ་རྗེ་འབྲི་གུང་པ་དགུང་ལོ་ང་གཅིག་པ་སྤྱི་ལོ་༡༡༩༣ལོར་དྭགས་པོར་བྱོན་དུས།   དྭགས་པོ་ང་རབ་ཏུ་ཞང་སྨན་ནག་པ་མཇལ་ཚུལ་འཁོད་འདུག   

 དེ་བཞིན་དུ་དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་གསོ་རིག་ཆོས་འབྱུང་ལས་དྭགས་པོ་ལྷ་རྗེའི་མཛད་པའི་མཇུག་དེར་ངོས་༧༡༥ལས།   ཡང་ན་སྒམ་པོ་པ།   ཞང་སྨན་ནག    གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ནས་རིམ་པར་བརྒྱུད་པའོ།   །(༢༠)ཞེས་འཁོད་འདུག་པ་དང་།   ངོས་༧༣༡ལས།   གཏེར་བརྒྱུད་ནི་སྟོན་པ་སྨན་བླ།་་་་་་་སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས།   དབུས་པ་དར་གྲགས།   རོག་སྟོན་དཀོན་མཆོག་སྐྱབས།   བན་ཇི་སྨན་གཞོན།   དྭགས་པོ་ཟླ་འོད་གཞོན་ནུ།   ཞང་སྨན་ནག་པ།   གཡུ་ཐོག་ཡོན་ཏན་མགོན་པོ།   ཡང་ན་རོག་སྟོན་ལ་གཡུ་ཐོག་པས་གསན་པའི་བརྒྱུད་ལུགས་གཅིག་ཀྱང་མཆིས།(༢༡)ཞེས་བཀོད་འདུག་པའི་ཕྱིར་ན།    ཡིག་རྙིང་རང་གི་ངོས་ནས་བྱོན་པའི་དུས་རབས་ཤིན་ཏུ་གསལ་བསྟན་ཡོད་པས།   ཚོད་དཔག་རིགས་གང་ལ་བརྟེན་མི་དགོས་པར་འཁྲུངས་འདས་ཀྱི་ལོ་ཚིགས་ཀྱང་ཤུགས་ལས་རྟོགས་ནུས་པའི་དགེ་མཚན་ལྡན་པའི་ཕྱིར་ན་བསྙོན་དུ་མེད་དོ།།  

 ༈   བཞི།    གཡུ་ཐོག་པ་དེ་ཉིད་སྐུ་བདེ་བར་གཤེགས་པའི་ལོ་ཚིགས་དཔྱད་པ།   

 རང་རེས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་ཚེའི་དགུང་གྲངས་ཀྱི་ཐོག་ལ་དཔྱད་གཞིགས་ནན་མོ་མཛད་ན།    དེ་སྔའི་འདས་ལོ་བསྟན་པ་རྣམས་ལ་དོན་དངོས་དང་འགལ་བའི་སྐྱོན་ཆ་ཚབས་ཆེན་ཅིག་གནས་ཡོད་པ་ཤེས་ཐུབ་པ་ཡིན་ཏེ།    སྤྱིར་ན་ལོ་རྒྱུས་ཁག་ལ་བརྟགས་ན་དགུང་གྲངས་ཐད་ལ་དོན་ལྔ་དང་དོན་དྲུག་དང་དོན་བདུན་གསུམ་དུ་བཞེད་ཡོད་དེ།    ཀོང་པོ་རིག་འཛིན་འཇའ་ཚོན་སྙིང་པོས་བརྩམས་པའི་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་ཉུང་བསྡུས་ཡོད་པའི་ངོས་༤༣༥ལས།    རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས།   །ད་ནི་མཁའ་སྤྱོད་གནས་སུ་འགྲོ།   །དེ་སོགས་མང་དུ་གསུངས་ཤིང་།   དགུང་ལོ་བདུན་ཅུ་རྩ་དྲུག་ལ་་་་་་་་་མཐར་ནམ་མཁའི་དབྱིངས་ལ་དངོས་སུ་ཐིམ་པ་ཀུན་གྱིས་རིག་གོ    །(༢༢)ཅེས་བཀོད་འདུག་ལ།    དར་མོ་སྨན་རམས་པས་མཛད་པའི་གཡུ་ཐོག་གསར་མའི་རྣམ་ཐར་ངོས་༣༣༩ལས།    དེ་ནས་མཁས་གྲུབ་ཆེན་པོ་དེ་ཉིད་དགུང་ལོ་བདུན་ཅུ་རྩ་དྲུག་ཏུ་ཕེབས་པའི་ཚེ།(༢༣)ཞེས་སོགས་ནས་སྐུ་གཤེགས་ཚུལ་བཀོད་པས་ན་གུང་གྲངས་དེ་ཉིད་དུ་འདོད་པ་དང་།   སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་ཁོག་དབུགས་ཀྱི་ངོས་༢༨༤ལས།    བདག་འདྲ་གཡུ་ཐོག་མགོན་པོ་ཡིས།   །མི་ལོ་བདུན་ཅུ་རྩ་དྲུག་ཏུ།   །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས།   །ཞེས་པ་ལྟར་དགུང་གྲངས་བདུན་ཅུ་དོན་དྲུག་གི་རིང་ལ་འགྲོ་དོན་ལེགས་པར་མཛད་དེ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་ཚུལ་ཡང་།(༢༤)ཞེས་བཀོད་འདུག    ཕྱིས་སུ་བྱོན་པའི་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་ཀྱང་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ངོས་༡༡༩ལས།    ཡང་རྣམ་ཐར་ལས།   གཡུ་ཐོག་མགོན་པོ་བདག་གིས་ནི།   །མི་ལོ་བདུན་ཅུ་རྩ་བདུན་དུ།   །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས།   །ཞེས་གསུངས་པ་བཅས་མདོར་ན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུ་ཚེ་ཧྲིལ་པོ་ནི་ནད་པའི་འགྲོ་དོན་བསྐྱངས་ནས་བཞུགས་པའི་ཁར་་་་་(༢༥)ཞེས་བཀོད་འདུག་པས་ན།    སྡེ་སྲིད་དང་ཁོང་གཉིས་ཀྱི་ལུང་ཚིག་ཅུང་ཟད་མི་འདྲ་བར་སྣང་ལ།   དགུང་གྲངས་ཐད་ཀྱང་ལོ་གཅིག་གི་ཁྱད་པར་ཞུགས་འདུག་པས།    གང་ཞིག་ཁུངས་དག་མིན་དཔྱད་དགོས་པ་ནི་གནད་དོན་གལ་ཆེན་པོ་ཞིག་ཡིན་ལ།    རང་རེས་ངེས་པར་དུ་དཔྱད་དགོས་པའི་གནད་དོན་ཆེན་པོ་ཞིག་ལ་ད་བར་སུས་ཀྱང་སྣང་འཇོག་མཛད་མྱོང་མེད་པ་སྟེ།    གཡུ་ཐོག་པའི་གསུངས་ལས།    མི་ལོ་བདུན་ཅུ་རྩ་དྲུག་ཏུ།   །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས།   །ཞེས་པ་འདིས་ནི་སྐུ་ཚེའི་ཚད་བསྟན་པ་མ་ཡིན་པའི་གནད་འདི་ཡིན་ལ།    འདི་ནི་སྐུ་ཚེ་འདིའི་ནང་དུ་གསོ་རིག་གི་བསྟན་པ་ལ་བྱ་བ་མཛད་པའི་དུས་ཡུན་གྱི་ལོ་གྲངས་བསྟན་པ་དེ་ཡིན་ལ།    གཞན་དུ་སྐུ་ཚེ་ཧྲིལ་པོའི་ལོ་གྲངས་ཡིན་པའི་དབང་དུ་བཏང་ན།    རྗེ་གཡུ་ཐོག་པ་ནི་སྐྱེས་མ་ཐག་ནས་སྨན་པའི་བྱ་བ་བྱེད་ནུས་པ་ཅིག་སྟེ།    དགེ་རྒན་ཡང་མི་དགོས།    མ་ཡིས་གསོ་སྐྱོང་ཡང་མི་དགོས་པར།   སྨན་སྒྲོ་ཐོགས་པ་ཅིག་ཡིན་དགོས་པར་ཐལ་བའི་སྐྱོན་ཚབས་པོ་ཅིག་གནས་ཡོད་པ་ནི་མངོན་སུམ་ཚད་གྲུབ་ཡིན་ལ།    ང་ཚོས་གཡུ་ཐོག་སྙིང་ཐིག་གི་ཡིག་རྙིང་ལ་ལེགས་པར་བརྟགས་ན།    དགུང་ལོ་བརྒྱད་ལ་སོན་དུས་སྨན་དཔྱད་བསླབ་པར་གསལ་པོར་བཀོད་འདུག་པ་ནི་མིའི་འཚོ་བ་དངོས་དང་ཆེས་མཐུན་པས།    ལོ་གྲངས་ཀྱི་མགོ་ནི་དེ་ནས་རྩི་དགོས་པར་སྣང་སྟེ།   སྡེ་སྲིད་ཀྱིས་གསོ་རིག་སྨན་གྱི་ཁོག་དབུགས་ངོས་༢༢༥ལས།    གསུང་ལས།   ཁོ་བོ་གཡུ་ཐོག་མགོན་པོ་ཡིས།   །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས།   །ཞེས་གསུངས་པ་ལྟར་དགུང་ལོ་བརྒྱད་པའི་ཐོག་མགོན་པོ་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་སྤྱི་དང་།   ཁྱད་པར་གསོ་བ་རིག་པ་ལ་མཁས་པར་གྱུར་ཏེ་འགྲོ་ཕན་གྱི་སྤྱོད་ཡུལ་བསྐྱངས།(༢༦)ཞེས་འཁོད་པ་ལྟར་གོ་བ་རྣལ་མ་རྙེད་ཐུབ་ན།   དགུང་ལོ་བརྒྱད་ནས་བཟུང་སྟེ་མི་ལོ་བདུན་ཅུ་རྩ་དྲུག་བར་དུ་སྨན་དཔྱད་མཛད་པ་ཡིན་པའི་དོན་དུ་གོ་བ་ལེན་དགོས།    ད་བར་ལོ་རྒྱུས་སྨྲ་བ་ཚོས་གནད་འདི་མ་མཁྱེན་པས་སྐུ་ཚེའི་གྲངས་སུ་འདོད་པའི་ནོར་བ་ཚབས་ཆེན་འདི་བསུས་ཡོད་ལ།   གལ་ཏེ་སྙིང་ཐིག་གི་དགོངས་པ་མི་ལོ་བདུན་ཅུ་རྩ་དྲུག་དེ་ཉིད་སྐུ་ཚེ་ཧྲིལ་པོའི་ལོ་གྲངས་ལ་གོ་དགོས་པར་འདོད་ན།   ཁོ་བོ་གཡུ་ཐོག་མགོན་པོ་ཡིས།    །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས།   །ཞེས་པའི་གསུངས་པ་འདི་ལ་ཚིག་ནུས་གང་ཡང་མེད་པར་ཐལ་བར་འགྱུར་རོ།།

 གཞན་ཡང་།   མི་ལོ་བདུན་ཅུ་རྩ་དྲུག་ཏུ།   །རིན་ཆེན་གསོ་སྤྱད་སྲོག་བཞིན་བསྐྱངས།།ཞེས་པ་འདི་ཉིད་སྐུ་གཤེགས་ཀའི་གསུང་ཡིན་པའི་དབང་དུ་བཏང་ན།    དགུང་གྲངས་གྱ་བཞི་འཚོ་གཞེས་གནང་བ་ནི་ཐེ་ཚོམ་གང་ཡང་མི་དགོས་པ་ཅིག་ཆགས་ཡོད་པའི་གནད་འདི་ཡིན་ལ།    གཞན་ཡང་གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་ལ་བསྐྱར་དུ་ཞིབ་འཇུག་བགྱིས་ཐུབ་ན།   ཁོང་གི་རྣམ་ཐར་གསལ་པོ་ཡང་དག་ཅིག་འོང་སྲིད་པར་སྣང་མོད་།   འདིར་དེ་ཙམ་གྱིས་འབྲེལ་བ་མེད་པས་མི་ལྒིང་ངོ་།   །   

 ༈   ལྔ།     སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་རྣམ་ཐར་བསྐྱར་ཞིབ་མཐའ་སྡོམ།   

 གངས་ཅན་གསོ་རིག་སྨྲ་བའི་ཉི་མ་ཆེན་པོ་གཡུ་ཐོག་པ་ཡོན་ཏན་མགོན་པོའི་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་དེ་ཉིད་གཏམ་རྒྱུད་དང་ལྷ་སྒྲུང་ཙམ་དུ་མ་གྱུར་པར།    ལོ་རྒྱུས་དངོས་ཀྱི་འགྲོས་དང་མཐུན་པ་ཅིག་གསལ་པོར་ལྒིང་དགོས་པ་ནི།    བོད་ཀྱི་ལོ་རྒྱུས་སྨྲ་བ་དང་།   གསོ་རིག་འཛིན་པ་རྣམས་ཀྱི་གཡོལ་མེད་ཀྱི་འགན་འཁྲི་ཡིན་ནའང་།    ད་བར་གཡུ་ཐོག་སྙིང་ཐིག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་དག་སྣང་ལུགས་ཁོ་ན་གཙོ་བ་ཙམ་མ་གཏོགས།   ལོ་རྒྱུས་ཀྱི་མི་སྣ་ཞིག་གི་རང་བཞིན་དང་མཐུན་པ་ཅིག་བྱུང་མྱོང་མེད་པ་འདི་ནི་རང་རེའི་ངོ་ཚ་ཆེན་པོ་ཅིག་ཡིན་པ་དང་།    ལྷག་པར་དུ་སྐབས་སུ་བབས་པར་ཁོང་གི་འཁྲུངས་ལོ་འདས་ལོ་དངོས་དེ་གང་ཡིན་པ་ལོ་རྒྱུས་དངོས་དང་མཐུན་པ་ད་དུང་བྱུང་མེད་པའི་ཆོད་དུ་སྣང་བ་ལ།    ཁོ་བོས་དཔེ་ཀློག་སྐབས་སུ་དོ་སྣང་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ།    གསོ་རིག་སྨྲ་བ་དང་གསོ་རིག་ལོ་རྒྱུས་སྨྲ་བའི་སྤྱན་སྔར་བཤམས་པ་ཡིན་ལ།    ཁོ་བོས་ཅུང་ཟད་དཔྱད་པའི་ཚུལ་ལས་བྱུང་བའི་ལོ་ཚིགས་འདི་ཉིད་མཐའ་གཅིག་ཏུ་ཡིན་ནོ་ཞེས་ཐག་བཅད་པ་མིན་ལ།    འདི་ཉིད་ཁོ་ན་ཡིན་དགོས་པའི་ཨུ་ཚུགས་ནི་དེ་བས་ཀྱང་ཞུ་གི་མེད།    གཡུ་ཐོག་ཁོང་ཉིད་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པའི་གནད་ཀྱིས་ལོ་རྒྱུས་དང་མཐུན་པ་ཅིག་ཡོད་དགོས་པའི་ཕྱིར།   འདིར་ཞིབ་འཇུག་གི་ལུགས་བཞིན་དུ་དཔྱད་པ་བྱས་ཤིང་།   དགུང་གྲངས་ལས་བརྩམས་ཏེ་འདས་ལོའི་ཐད་ལའང་ད་དུང་དཔྱད་དགོས་པའི་དོགས་སློང་ཞུས་པ་ཡིན་ལ།   གཞན་ཡང་སྡེ་སྲིད་ཀྱི་ཕྱི་རྒྱུད་ཀྱི་བཞེད་པ་དང་།    ར་ལོའི་རྣམ་ཐར་དུ་གསལ་བ་ལ་མཐའ་གཅིག་ཏུ་རྒྱུ་མཚན་མེད་དོ་ཅེས་ཀྱང་ཞུས་ཀྱི་མེད།   འདིར་གུ་དོགས་པའི་ལྷ་རྗེ་དག་གིས་ཁོ་བོར་སྡེ་སྲིད་སོགས་ལ་གུས་བཀུར་མི་ཞུ་བའི་རིགས་ཅན་དུ་བརྩི་སྲིད་ནའང་།    ཁོ་བོས་ནི་སྔོན་བྱོན་དག་ལ་གུས་བཀུར་དང་ཞེན་ཆེ་བའི་དབང་གིས་དེ་དག་གི་སྐབས་སུ་གསལ་ཁ་མ་བྱུང་བའི་ཁ་སྐོང་དུ་དམིགས་ནས་ཞུས་པ་ཁོ་ན་ཡིན་མོད།   གཡུ་ཐོག་ནི་རུས་མིང་ཡིན་པའི་ཕྱིར་ན།   འདི་དག་གིས་ཀྱང་གཡུ་ཐོག་པ་ག་གེ་མོ་ཅིག་གི་ལོ་རྒྱུས་ཀྱི་ཁུངས་སྣེ་སྟོན་པའི་ལྡེ་མིག་ཏུ་མི་འགྱུར་བའི་ངེས་པ་མེད་ན།   བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཀྱང་བཤད་སྒྲོས་ཙམ་ལ་ཆ་བཞག་པ་ཉིད་དུ་མ་གྱུར་པར་ལོ་རྒྱུས་ཡང་དག་ཉིད་དུ་འགྱུར་བའི་ས་བོན་དུའང་སྨོན་པ་བཅས།    རེ་ཞིག་ཡི་གེའི་རིས་སུ་སྤྲོས་པའི་ཚུལ་སྔ་མ་ལ་ཁུངས་ལྡན་ཡིག་ཆ་འགའ་ཞིག་གི་དགོངས་དོན་བཀོད་དེ།   ཅུང་ཟད་རྒྱས་ཙམ་སྤེལ་བ་འདིའི་མཇུག་བསྡུད་པར་བྱས་སོ།  །

དཔྱད་ཡིག་མཚམས་སྦྱོར། 

(༡)སྟོབས་རྒྱལ་དང་ཐུབ་བསྟན་ཚེ་རིང་།  ཕུར་བུ་བསམ་གྲུབ་ཀྱིས་བརྩམས་པའི་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ།  (ལྕགས་བྱི་ལོ་)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཀྲམ། ༢༠༡༩ལོའི་ཟླ་༡༡པར། 
(༢)(༢༡)(༢༥)དེལ་དམར་དགེ་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པ་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   
ཡོན་ཀྲང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།  མི་རིགས་དཔེ་སྐྲུན་ཁང་།༡༩༩༠ལོའི་ཟླ་༡༡པར། 
(༣)(༦)(༡༡)སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་བརྩམས་པའི་གཡུ་ཐོག་སྙིང་ཐིག མཚོ་སྔོན་ཨ་རུ་རའི་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༧ལོའི་ཟླ་༣་པར། 
(༤) རོང་་པ་མིག་དམར་གྱིས་བརྩམས་པའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་དྭངས་གཙང་ཆུ་བོའི་རྒྱུན་བཟང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༡ལོའི་ཟླ་༡༢པར།
(༥)རིན་ཆེན་རྡོ་རྗེས་བརྩམས་པའི་བོད་ཀྱི་གསོ་བར་རིག་པར་མཛད་རྗེས་ཆེ་བའི་མཁས་ཆེན་བཅུའི་ལོ་རྒྱུས་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ་༣པར། 
(༧)ཆོས་དཔལ་ཡེ་ཤེས་ཀྱིས་བརྩམས་པའི་འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་དང་བསྟོད་ཚོགས་བཞུགས་སོ།  །དཔལ་ཕག་གྲུའི་རིག་གཞུང་ཉམས་གསོ་ཁང་ནས་བསྒྲིགས། ནང་ཁུལ་ཡིག་ཆ། ༢༠༢༠་ཟླ་༨པར།
(༨)སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་བརྩམས་པའི་སྟག་ལུང་ཆོས་འབྱུང་། གངས་ཅན་རིག་མཛོད། ༢༢པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  ༡༩༩༢ལོའི་ཟླ་༡༢པར། 
(༩)མཁས་བཙུན་གཟི་བརྗིད་རྒྱལ་མཚན་སོགས་ཀྱིས་བརྩམས་པའི་རས་ཆུང་སྙན་བརྒྱུད་སྐོར་བཞུགས་སོ། །དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༡༢་པར།
(༡༠)གུ་རུ་བཀྲ་ཤིས་སམ་ངག་དབང་བློ་གྲོས་ཀྱིས་བརྩམས་པའི་གུ་བཀྲའི་ཆོས་འབྱུང་། གངས་ལྗོངས་ཤེས་རིག་གི་ཉིང་བཅུད།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ༡༩༩༠ལོའི་ཟླ་༡༠པར། 
(༡༢)སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་བེ་དུརྱ་སྔོན་པོ།  སྨད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ༡༩༨༢ལོའི་ཟླ་༣པར།
(༡༣)(༡༤) (༡༩)(༢༢)(༢༤)(༢༦) སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་གསོ་རིག་སྨན་གྱི་ཁོག་དབུགས།    ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོའི་ཟླ་༡༡པར།   
(༡༥)རྭ་དབོན་ཡེ་ཤེས་སེང་གེས་བརྩམས་པའི་རྭ་ལོ་ཙཱ་བའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༨པར།
(༡༦)(༡༧)ཇོ་ནང་ཏཱ་ན་ནཱ་ཐས་བརྩམས་པའི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༤་པར།
(༡༨)ཞྭ་དམར་བཞི་པ་མཁའ་སྤྱོད་དབང་པོས་མཛད་པའི་གསོ་རིག་ཁུངས་ཀྱི་ཡིག་ཆུང་།  བྲིས་མ་དཔེ་གཟུགས་ཉུང་ངུ།
(༢༠)(༢༡) དེལ་དམར་དགེ་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པ་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༤ལོའི་ཟླ་བ་༥པར།  
(༢༢)ཀོང་པོ་འཇའ་ཚོན་སྙིང་པོས་བརྩམས་པའི་རིག་འཛིན་འཇའ་ཚོན་སྙིང་པོའི་གསུང་་འབུམ།  སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོམ་སྒྲིག་ཁང་ནས་བསྒྲིགས།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༣པར།
(༢༣)ཇོ་བོ་ལྷུན་གྲུབ་བཀྲ་ཤིས་དང་དར་མོ་སྨན་རམས་པས་བརྩམས་པའི་གཡུ་ཐོག་གསར་རྙིང་གི་རྣམ་ཐར།  མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོའི་ཟལ་༩པར། 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།