མིས་བཟོས་སངས་རྒྱས། __ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

6758



ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཞེས་པ་ནི་འགྲོ་བ་མི་ཡི་སེམས་ཀྱི་རེ་སྨོན་གྱི་རྟོག་རིས་ཞིག་ཡིན་སྲིད། གང་ལྟར་ཀྱང་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་སངས་རྒྱས་ཀྱི་ཁྱད་ཆོས་སུ་འཇོག། སུ་ཞིག་ལ་དེ་ཚང་ན་དེ་ལ་སངས་རྒྱས་ཞེས་འབོད་ཆོག་པ་དང‚ སུ་ཞིག་ལ་ཁྱད་ཆོས་དེ་མ་ཚང་ན་དེ་ལ་སངས་རྒྱས་སུ་འབོད་མི་འོས་པ་རེད། འོ་ན་དོན་ངོ་མར་སུ་ཞིག་ལ་དེ་འདྲ་ཞིག་འབྱུང་ཐུབ་བམ? ཐུབ་ན་དེའི་ཐབས་ཇི་ལྟར་ཡིན་ནམ? མིས་བཟོས་སངས་རྒྱས་ཟེར་བ་ཞིག་ཡོང་སྲིད་དམ?

ད་བར་དུ་གོང་གི་དྲི་བ་དེ་དག་ལ་ལན་རྔོ་ཐོགས་པ་ཞིག་འདེབས་ཐུབ་མཁན་གྱི་འཇིག་རྟེན་པ་ཞིག་བྱུང་མ་མྱོང་། ལན་འདེབས་མཁན་རེ་ཟུང་བྱུང་བ་རྣམས་ནི་ཆོས་ལུགས་ཀྱི་མི་སྣ་རྣམས་ཡིན། ཁོང་རྣམས་ཀྱིས་གསུང་བཞིན་པའི་ཐབས་ལམ་དེ་ནི་འུ་ཅག་ལྟ་བུ་སྐྱེ་བོ་ཕལ་བ་དག་གིས་ནུས་པའི་སྙོབ་ཡུལ་ལས་འགོང་བར་སྣང་། དེས་ན་དྲི་བ་དེ་དག་ལ་ལན་འདེབས་ཐུབ་མཁན་ང་དང་ཁྱོད་ལྟ་བུ་གང་ཟག་དཀྱུས་མ་དག་གི་ནང་དུ་ད་ལྟ་བར་དུ་སུ་ཡང་བྱུང་མེད་པར་སྣང་།

འོན་ཀྱང་དེང་སྐབས་ཚན་རིག་པ་ཁག་ཅིག་གིས་འགྲོ་བ་མི་རྣམས་ཚེ་རིང་ལ། ནད་མེད་ཅིང‚ མདོག་ལེགས་པ་སོགས་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དེ་དག་དང་ཆ་འདྲ་བ་ཞིག་ལ་བཟོ་ཐུབ་སྲིད་པར་བཤད་ཀྱི་ཡོད། ད་དུང་ཁག་ཅིག་གིས་དུས་གཏན་དུ་འཆི་མི་དགོས་པའི་མྱང་འདས་ཀྱི་གོ་འཕང་ངམ་ཚེའི་དངོས་གྲུབ་ཀྱང་བཟོ་ཐུབ་མི་དམ་སྙམ་ཞེས་ཁོང་སློང་གི་རེ་བ་ཡང་བྱེད།

“མིས་བཟོས”་ཞེས་པའི་ཐ་སྙད།

“མིས་བཟོས”་ཞེས་པའི་ཐ་སྙད་འདི་ལ་ལོ་རྒྱུས་མི་ལོ་བརྒྱ་ཙམ་ལས་ཡོད་ཚོད་མི་སྣང་། དུས་རབས་ཉི་ཤུ་པའི་ནང་དུ་ཚན་རིག་པ་དག་གིས་སའི་གོ་ལའི་འཁོར་ཁྱིམ་ནང་དུ་ཟླ་བ་ལྟར་འཛམ་གླིང་ལ་གཞན་འཁོར་བྱེད་མཁན་གྱི་འཕྲུལ་ཆས་བཏང་ནས་དེ་ལ་“མིས་བཟོས་སྲུང་སྐར”་ཞེས་བཏག། འདི་ནི་མི་རྣམས་ཀྱིས་གནམ་གྱི་སྐར་རིགས་ལས་འདྲ་དཔེ་བཤུས་ཤིང་། བར་སྣང་དུ་ལས་ཀ་རླབས་ཆེན་ཁག་ཅིག་བྱེད་པའི་འཕྲུལ་ཆས་ཤིག་ཐོག་མར་བཟོས་པ་ཡིན་པས་མིང་དེ་ལྟར་དུ་བཏག་པ་ཡིན་པ་ལས་དོན་དུ་མིས་བཟོས་ཀྱི་དངོས་པོ་ནི་མིའི་དཔལ་ཐོག་མར་དར་བའི་དུས་སྐབས་ནས་འབྱུང་འགོ་ཚུགས་ཡོད། 

གདོད་མའི་དུས་སུ་གྱོན་པ་ཡང་རང་བྱུང་གི་ལོ་མ་ཡིན་ཞིང‚ དེའི་ཡར་སྔོན་དུ་ཟ་མ་ཡང་རང་བྱུང་གི་རྩི་ཤིང་ཁོ་ན་རེད། ང་ཚོས་མིས་བཟོས་གོན་པ་གྱོན་ནས་ལོ་ཡུན་རིང་པོ་ཕྱིན་ཟིན་ལ‚ མིས་བཟོས་ཟ་མ་ཟོས་ནས་ཀྱང་ལོ་ཡུན་རིང་པོ་ཕྱིན་ཟིན། དེའི་ཕྱིར་དེ་དག་ལ་ནི་ང་ཚོས་“མིས་བཟོས”་ཞེས་འདོགས་པ་ཕར་ཞོགས‚ ཧ་ལམ་བསམ་བློ་གཏོང་རིན་མེད་པ་ལྟ་བུ་ཞིག་ལ་ད་ལྟ་མཐོང་གི་ཡོད། དེང་སྐབས་ང་ཚོར་མིས་བཟོས་ཟ་མ་དང་གོན་པ་ཕར་ཞོགས‚ མིས་བཟོས་སྡོང་པོ་དང་། མིས་བཟོས་སེམས་ཅན་ཡོད་པ་མ་ཟད། མིས་བཟོས་ཟླ་བ་ཡང་བཟོ་འཆར་ཡོད་ཟེར།

ཚན་རིག་མཁས་པ་རེ་ཟུང་གིས་བཤད་ན་མིས་བཟོས་མི་ནི་མི་བུ་རང་གི་གཤེད་མ་མི་བུ་རང་ཉིད་ཀྱིས་བཟོས་པ་ཡིན་པར་འདོད། དེས་འབྱུང་འགྱུར་ང་ཚོ་མི་བུ་རང་གི་རིགས་རྒྱུན་གཅོད་སྲིད་པའི་ཞེད་སྣང་བྱེད་བཞིན་ཡོད་པས‚ ད་ནི་མིས་བཟོས་འདྲེ་དང་བདུད་ཀྱང་འབྱུང་ཉེར་ཡོད།

གལ་སྲིད་ཁྱེད་རང་ད་ལྟ་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་དུ་བསྡད་ཡོད་ན‚ དེའི་སྐབས་སུ‚ “ནམ་ཞིག་ཅ་ལག་ཉོ་ཚོང‚ མ་རྐང་ཁྲོམ་རའི་འཕར་ཆག‚ བརྩེ་དུང་གི་དུས་འདེབས‚ ཉེ་རྒྱང་གི་འཕྲིན་ཡིག‚ འགྲུལ་བཞུད‚ རྩེད་མོ‚སོགས་ལ་གློག་ཀླད་ཀྱིས་དབང་སྒྱུར་བར་འགྱུར།”་ཞེས་བཤད་ན་ཁྱེད་རང་ཡིད་མི་ཆེས་ཤིང‚ ད་དུང‚ “མི་དུང་ཕྱུར་མང་པོ་སྲད་དྲ་ཞིག་གིས་བསྒྲེལ་བ་དང‚ ལག་པའི་ནང་དུ་འཛིན་ཐུབ་པའི་ཡོ་ཆས‚ ཁྱད་འཕགས་རྩིས་འཕྲུལ་(དེའི་སྐབས་ཀྱི་རྩིས་འཕྲུལ་གྱི་ཤུགས་ཚད་ད་ལྟའི་ལག་ཐོག་ཁ་པར་གྱི་ཤུགས་ཚད་ལས་ཞན་པ་ཡོད་པའི་དོན)‚ ལས་ཀྱང་ཤུགས་ཆེ་བ་ཞིག་ཡོང་རྒྱུ་ཡིན།”་ཞེས་བཤད་ན་ཁྱེད་རང་གིས་དེ་འདྲ་ཡོང་ཐབས་མེད་པར་བསམ་གྱི་རེད་ལ‚ “དེ་འདྲ་ཡོང་མི་སྲིད།”་ཅེས་མནའ་བསྐྱལ་ནས་དམ་བཅའ་འཇོག་གི་རེད། འོན་ཀྱང་ད་སྐབས་ང་ཚོས་དེ་དག་ལ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་པ་འདི་རེད།

དེའི་སྐབས་སུ་བྲིས་པའི་ཚན་རིག་རྟོག་སྒྲུང་དག་གི་ནང་དོན་མང་པོ་ཞིག་ད་ལྟའི་སྐབས་སུ་དངོས་སུ་འབྱུང་བཞིན་ཡོད། དེའི་སྐབས་སུ་བྲིས་པའི་རྟོག་སྒྲུང་དག་ནི་ཕྱི་དངོས་པོ་ཡར་རྒྱས་ཀྱི་རེ་སྨོན་རྟོག་རིས་རྣམས་ཡིན། ད་ལྟ་དེ་དག་ལས་མང་པོ་ཞིག་མངོན་དུ་གྱུར་ཐུབ་པ་བྱུང་ཡོད། དེས་ན་ད་ལྟ་ཚན་རིག་པས་རིགས་རྫས་འགྱུར་བཅོས་ཀྱིས་རྒ་ན་འཆི་གསུམ་གྱི་གནས་ཚུལ་མི་འབྱུང་བ་བཟོ་ཐུབ་སྲིད་ཅེས་ཟེར་གྱི་ཡོད་པའི་གནས་ཚུལ་འདི་ལ་རྒྱུས་མངའ་མེད་མཁན་དག་གིས་“དེ་འདྲ་འབྱུང་མི་སྲིད།”་ཅེས་ཚིག་ཐག་བཅད་ནས་དམ་བཅའ་འཇོག་ཅིང‚ “གལ་སྲིད་དེ་འདྲ་བྱུང་ན་ངའི་མགོ་ས་ལ་འཇོག་གི་ཡིན”་ཞེས་ཟེར་བཞིན་འདུག ལོ་རྒྱུས་སུ་ཁ་ཕོ་འདི་འདྲ་མང་པོ་རྨང་ནས་ཞིག་སོང་བ་བཞིན་ཁ་ཕོ་འདི་ཡང་དེ་དང་འདྲ་བར་རྒྱུན་སྐྱོང་མི་ཐུབ་ཞིག་ཡིན་ཨེ་སྲིད? ཐུབ་པའི་རྒྱུ་མཚན་གང་གང་ཡོད?

 ད་ལྟ་ཚན་རིག་པས་མིའི་རིགས་རྫས་ལ་འགྱུར་བ་བཏང་ནས་རྒ་ན་འཆི་གསུམ་མི་འབྱུང་བ་བཟོ་ཐུབ་སྲིད་པར་བཤད་པའི་སྐབས་སུ‚ འདིའི་བསམ་བློའི་སྔོན་གྱི་ཚད་གཞི་དང་ད་ལྟ་ང་ཚོའི་བསམ་བློའི་གནས་ཚད་གཉིས་ཀྱི་བར་ཁྱད་ནི་དུས་རབས་སྔོན་མའི་ཚན་རིག་རྟོག་སྒྲུང་དག་ཡོང་སྲིད་ཅེས་བཤད་པའི་བསམ་བློའི་ཚད་གཞི་དང་དེ་དུས་ཀྱི་མི་རྣམས་ཀྱི་བསམ་བློའི་གནས་ཚད་གཉིས་ཀྱི་བར་ཁྱད་གཉིས་འདྲ་མཚུངས་ཤིག་ཆགས་ཡོད། སྔོན་མའི་དུས་སྐབས་དེར་ང་ཚོས་ད་ལྟའི་ཚན་རིག་གི་ལག་རྩལ་འདི་དག་འབྱུང་མི་སྲིད་པར་བཤད་པ་དག་ད་ལྟ་དངོས་སུ་བྱུང་ཡོད་པས་ད་ལྟ་རིགས་རྫས་བཀོད་སྒྲིག་གིས་ལས་དོན་འདི་ཡང་ང་ཚོས་འབྱུང་མི་སྲིད་ཅེས་སྔོན་དཔག་བྱེད་མི་ཐུབ་པའི་དོན་ཞིག་ཡིན་སྲིད།

དེས་ན་འདིར་ཁོ་བོས་གནས་ཚུལ་འདིའི་སྐོར་ལ་བསམ་གཞིགས་འགའ་ཞིག་བྱ། དེ་ལ་འདི་གང་ནས་བྱུང་བ། ད་ལྟ་ང་ཚོས་གང་ལྟར་བྱེད་བཞིན་པ། ལྷག་པར་དུ་ཉེ་ཆར་བྱུང་བའི་འགྱུར་ལྡོག་གསར་བ་དག་གིས་ང་ཚོ‚ ཇི་ལྟར་འཚོ་བ་དང་ཇི་ལྟར་བསམ་པའི་ཚུལ‚ དུས་གཏན་དུ་འགྱུར་བ་གཏོང་སྲིད་པ་བཅས་ཀྱི་སྐོར་ལ་བསམ་གཞིགས་བྱ།

རིགས་རྫས་བཀོད་སྒྲིག

སྤྱིར་ན་ད་སྔོན་ཡང་འགྲོ་བ་མིས་རིགས་རྫས་ལ་བཀོད་སྒྲིག་བྱས་མ་མྱོང་བ་མིན། ཆེས་ཐོག་མ་གདོད་མའི་དུས་སུ་ཞིང་ལས་ཐོག་མར་འདེབས་ཤེས་པ་དེ་ཡང་རིགས་རྫས་ལ་འགྱུར་ལྡོག་གཏོང་བའི་བྱ་བ་ཆ་འདྲ་བ་ཞིག་ལ་ངོས་འཛིན་བྱེད་ཆོག སྤང་རྒོད་དུ་རང་བཞིན་གྱིས་སྐྱེས་པའི་འབྲུ་རིགས་ཀྱི་ས་བོན་བཏོན་ནས་རང་གི་འདོད་པ་ཡོད་པའི་ས་གཞིའི་ཐོག་ཏུ་རང་འདོད་ཀྱིས་སྐྱེ་རུ་བཅུག་པ་དེ་ལ་ཞིང་ལས་བྱེད་པ་ཞེས་ཟེར། ཞིང་ལས་ཀྱི་སྐབས་སུ་སྔར་འབྲུ་དེ་ལ་དགོས་པའི་ལྷན་ཅིག་བྱེད་རྐྱེན་མང་པོ་ཞིག་ཚང་མེད་ལ‚ སྔར་མེད་པའི་རྒྱུ་མང་པོ་ཞིག་གསར་དུ་སྦྱར་ཡོད། དེ་ལ་བརྟེན་ནས་སྔར་སྤང་རྒོད་དུ་སྐྱེས་བའི་འབྲས་བུ་དང་ཅུང་ཟད་མི་འདྲ་སྐྱེས་ཡོད། དེ་ནི་རིགས་རྫས་ལ་འགྱུར་བ་བཏང་བ་ཞིག་རང་རེད། དེང་སྐབས་ནི་རྫས་ལུད་ཀྱིས་སྐྱེད་སྲིང་མ་བྱས་པའི་ཟས་རིགས‚ ཧ་ཅང་དཀོན་པར་གྱུར་བ‚ འདི་ཐམས་ཅད་དོན་གྱིས་སྐྱེ་དངོས་དེ་དག་གི་རིགས་རྫས་ལ་འགྱུར་ལྡོག་གཏོང་བཞིན་ཡོད།

དེ་བཞིན་སེམས་ཅན་ལ་ཡང་རིགས་རྫས་འགྱུར་བཅོས་བྱས་མ་མྱོང་བ་མིན། ཆེས་ཐོག་མ་གདོད་མའི་དུས་སུ་སྒོ་ཕྱུགས་སེམས་ཅན་ཉར་ཚགས་བྱེད་པ་དེ་ཡང་རིགས་རྫས་ལ་ཤུགས་རྐྱེན་སྤྲོད་བྱེད་ཀྱི་བྱ་བ་ཞིག་རེད་ཅེས་ངོས་འཛིན་བྱེད་ཆོག། རྒོད་ལ་གནས་པའི་སེམས་ཅན་མང་པོ་ཞིག་གཡུང་ལ་ཕབ་པ་དེ་ནི་དོན་དུ་སེམས་ཅན་དེ་དག་གི་རིགས་རྫས་ལ་འགྱུར་ལྡོག་བཏང་ནས་ད་སྐབས་སྒོ་ཟོག་སེམས་ཅན་འདི་དག་བྱུང་བ་རེད། སྔ་མོའི་དེ་ཕོ་འཕུར་ནས་འགྲོ་བཞིན་པ་དེང་སྐབས་དེ་དག་གི་འཕུར་རྩལ་ཡོངས་སུ་ཉམས་ཟིན། དེ་ནི་དེ་ཕོ་དེ་དག་གི་རིགས་རྫས་ཀྱི་ནང་ནས་འགྱུར་བ་བྱུང་བ་ལས་དེ་ཕོ་དག་བདག་པོའི་ངག་ལ་ཉན་ནས་མི་འཕུར་བར་སྡོད་བཞིན་པ་མིན། རི་དྭགས་དང་གཡུང་དྭགས་གཉིས་ཀྱི་ཁྱད་པར་དེ་རིགས་རྫས་ཀྱི་ཁྱད་པར་བྱུང་བ་ལས་བྱུང་བ་ཡིན། དེང་སྐབས་འབྲོང་རྒོད་འཛིན་མི་ཐུབ་ཀྱང་གཡག་ལ་ཁལ་བཀལ་ནས་བྲན་དུ་བཀོལ་བཞིན་པ་འདི་རིགས་ཚང་མ་དོན་དུ་རིགས་རྫས་ལ་འགྱུར་བ་བཏང་བ་རེད།

རྒྱ་གར་གྱི་སྤྱི་ཚོགས་ནང་དུ་རིགས་བཞི་རུ་དབྱེ་རྒྱུ་ཡོད་པ་དང་། དེང་སྐབས་ལས་རིགས་སྣ་གཅིག་ལ་མཁས་པའི་ཆེད་མཁས་མི་དག་གི་རྒྱུད་པ་དག་ཕྱི་མ་ཀྱང་ལས་རིགས་དེར་གཞན་ལས་མཁས་པ་ཡོང་གི་ཡོད་པ་འདི་དག‚ མིའི་རིགས་ཀྱི‚ རིགས་རྫས་ལ་འགྱུར་ལྡོག་ཐེབས་ནས་བྱུང་བ་རེད། ལོ་འགའ་ཞིག་གིས་གོང་དུ‚ རྒྱལ་ཁབ་རེ་འགའ་ཞིག་གིས‚ ཨོལིམཕིག་གི་རྩེད་འགྲན་སྐབས་རྒྱལ་ཁབ་རང་ཉིད་ལ་གསེར་གྱི་རྟགས་མའི་ཁ་གྲངས་མང་དུ་གཏོང་ཆེད་དུ་རིགས་རྫས་ལ་ཐེ་ཇུས་བྱས་ནས་རྩེད་འགྲན་པ་བཀོད་སྒྲིག་བྱེད་ཀྱི་ཡིན་ལུགས་ཀྱི་སྐད་ཆ་ཡང་བྱུང་། འོན་ཀྱང་དེ་ལྟར་བྱས་ན་རྒྱལ་ཁབ་ཚང་མས་དེ་ལྟར་བྱ་ངེས་ཡིན་པས་བྱ་བ་དེ་ནི་རྩེད་འགྲན་རང་ཉིད་རྨག་མེད་དུ་གཏོང་བྱེད་ཅིག་ལ་ངོས་ཟིན་ནས་ད་ཆ་དེ་ཁྲིམས་འགལ་ཆགས་ཡོད།

མ་གཞི་ཌརཝིན་གྱི་འཕེལ་འགྱུར་རིག་པ་རང་ཉིད་མཐར་དེ་ན་སྲོག་ལྡན་གྱི་རིགས་རྫས་ལ་འགྱུར་ལྡོག་ཐེབས་པའི་རྒྱུད་རིམ་དེ་འཆད་པའི་རིགས་རྫས་འགྱུར་ལྡོག་རིག་པ་ཞིག་རེད། སྲོག་ལྡན་ཐམས་ཅད་ཐོག་མའི་མེས་པོ་གཅིག་ལས་མཆེད་ནས་ད་ལྟ་གྲངས་མེད་པའི་རིགས་མང་པོར་གྱེས་ཡོད་པ་འདི་ཐམས་ཅད་རིགས་རྫས་ལ་འགྱུར་ཐེབས་ནས་བྱུང་བ་རེད་དོ།

མི་ལུས་འཆར་འགོད།

ད་ལྟའི་སྐབས་སུ་མི་རྣམས་ཀྱི་སེམས་སུ་ཡིད་སྨོན་འཆོར་སའི་སེམས་ཅན་རིགས་གཅིག་ཡོད་པ་ནི་འདབ་ཆགས་རྣམས་རེད། མི་རྣམས་རང་ཉིད་ཀྱི་ལུས་པོའི་འགྲུབ་ལུགས་ཀྱིས་འཕུར་ཐུབ་ཀྱི་མེད་ན་ཡང་འཕུར་བྱེད་ཀྱི་ཡོ་བྱད་གསར་གཏོད་བྱས་ནས‚ མི་བརྒྱ་ཕྲག་འགའ་རེ་སྡེབ་གཅིག་ལ‚ འཕུར་ཐུབ་པ་བཟོས་ཡོད། འཕུར་བྱེད་ཀྱི་ཡོ་ཆས་དེ་ལ་གནམ་གྲུ་ཞེས་འབོད། རེ་ཟུང་གིས་ལྕགས་བྱ་ཞེས་འབོད། འོན་ཀྱང་ལྕགས་བྱ་འདི་ཧ་ཅང་གདོས་ཤིང་གོང་ཆེ་ལ་སྟབས་མི་བདེ་བས་དེ་ལ་ཡར་རྒྱས་གཏོང་བའི་ལམ་ཁ་མང་པོ་བཙལ་ཡོད། རེ་སྙེག་འདིའི་འོག་ནས་ད་སྐབས་མཚོན་ཁུར་གནམ་གྲུ་དང‚ ཐད་འཕུར་གནམ་གྲུ་བཟོས་ཡོད། དེང་སྐབས་ཕྱུག་བདག་རྣམས་ཀྱིས་སྒེར་གྱི་ཐད་འཕུར་གནམ་གྲུ་བདག་ཉར་བྱེད་བཞིན་ཡོད། འོན་ཀྱང་ད་དུང་ཡང་ནམ་མཁའི་མཐོངས་ཀྱི་འདབ་རྣམས་ཇི་བཞིན་བར་སྣང་གི་དབྱིངས་སུ་རང་དབང་གིས་གར་རྩེན་ལ་རོལ་ཐུབ་པ་ཞིག་མེད་པས་མི་རྣམས་ཀྱི་འདོད་པ་ཡོངས་སུ་ཚིམ་པ་ཞིག་བྱུང་མེད།

དེའི་ཕྱིར་ཅི་སྟེ་རིགས་རྫས་ལ་བཀོད་སྒྲིག་བྱས་ནས་མི་ལུས་འཆར་འགོད་ཀྱི་དུས་སྐབས་ཤིག་ཤར་ན་མི་རྣམས་ཀྱིས་ཐོག་མར་བྱ་བ་ནི་རང་ལུས་ལ་འཕུར་བྱེད་ཀྱི་གཤོག་པ་ཐོགས་སུ་འཇུག་རྒྱུ་དེ་ཡིན་ངེས།

འོ་དེ་ཡིན་གྱི་མ་རེད། སྔར་ནས་ད་བར་དུ་ཆོས་ལུགས་པ་དག་གིས་འགྲོ་བ་མི་ཡི་ཡུལ་ཁམས་འདི་ལ་དམའ་འབེབས་འདི་བྱས་དང་དེ་མ་བྱས་ཤིག་མེད། མི་ཡུལ་འདི་དུག་སྦྲུལ་གྱི་ཚང་ལྟ་བུ་ཞིག་ཡིན་པས་འདི་ནས་སྐད་ཅིག་གཅིག་ལ་སྡོད་འདོད་མེད་པའི་བློ་སྐྱེས་དགོས་པར་ཡང་ནས་ཡང་དུ་ཤུགས་སྣོན་བརྒྱབས་ནས་བཤད་ཀྱི་ཡོད། (མ་གཞི་དུག་སྦྲུལ་གྱི་ཚང་ནི་དེ་འདྲའི་སྐད་ཅིག་ཙམ་ཡང་སྡོད་གཟོད་མེད་པ་ཞིག་ཨེ་ཡིན་སུས་ཤེས། དྲིན་མ་ལོའི་རྩིབ་ན་ཡོད་དུས། སྐྱིད་མེད་རུང་སྐྱོ་བ་སངས་ཀི་ཟེར་སྲོལ་ཡོད།) གང་ལྟར་དེའི་བསྟན་བྱ་གཙོ་བོ་ནི་འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་དང‚ དེ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟོད་རླགས་མེད་པ་ཞིག་གིས་བར་མ་ཆད་པར་བཙས་ནས་ཡོད་པར་ཡང་ཡང་འགྲེལ་བ་རེད། དེ་ཡང་གཙོ་བོ་ན་བའི་སྡུག་བསྔལ་འདིའི་ཐོག་ལ་ཤུགས་སྣོན་བྱས་ནས་ལྟ་གྲུབ་དེ་ངོས་སྤྲོད་ཐབས་བྱེད་ཀྱི་ཡོད། མདོར་ན་འཇིག་རྟེན་པ་ཐམས་ཅད་ན་བཞིན་ཡོད་པ་དང‚ བདེ་ཐང་གི་གང་ཟག་ཅིག་ཀྱང་སྡུག་བསྔལ་གྱི་མནར་ནས་ཡོད་རབས་དང‚ ཉོན་མོང་གིས་ནད་ཀྱིས་ཟིན་ནས་ཡོད་རབས། ཐ་ན་འཇིག་རྟེན་གྱི་བདེ་སྐྱིད་འདི་ཡང་སྡུག་བསྔལ་ཡིན་རབས་སོགས‚ ཨུ་ཚུགས་མི་བཙུམ་གྱིས‚ ཤུགས་བསྣན་ནས་བཤད་བཞིན་ཡོད། ངོ་མ་བསམ་ན་ང་ཚོས་འཇིག་རྟེན་འདི་ལ་ཡོད་པའི་སྡུག་བསྔལ་ཞིག་བཙལ་ནས་རྙེད་རྒྱུ་ཞིག་ཅི་སྟེ་ཡོད་ན་དེ་ནི་ན་བའི་སྡུག་བསྔལ་འདི་ལས་གཞན་ཞིག་འཇོག་རྒྱུ་མེད་ངེས།

དེའི་ཕྱིར་ཅི་སྟེ་རིགས་རྫས་ལ་བཀོད་སྒྲིག་བྱས་ནས་མི་ལུས་འཆར་འགོད་ཀྱི་དུས་སྐབས་ཤིག་ཤར་ན་མི་རྣམས་ཀྱིས་ཆེས་ཐོག་མར་བྱ་བ་ནི་ནད་རིགས་སྣ་ཚོགས་འགོག་པའི་ནུས་པ་བསྐྱེད་ནས་ནད་ཀྱིས་མི་ཚུགས་པའི་གཟུགས་པོ་ཞིག་འགྲུབ་ཏུ་འཇུག་རྒྱུ་དེ་ཡིན་ངེས།

ཨོ་དེ་ཡང་ཡིན་གྱི་མ་རེད། ལོ་རྒྱུས་ཐོག་འཇིག་རྟེན་ན་ཡོད་པའི་དབང་གྲགས་མི་སྣ་དག་གིས་རང་ཉིད་ཀྱི་དབང་ཚད་དེ་འཛམ་གླིང་ཧྲིལ་བོར་ཁྱབ་ཐུབ་པའི་འབད་བརྩོན་དཔག་མེད་ཅིག་བྱས་ཡོད་ལ‚ ད་དུང་ཡང་བྱེད་བཞིན་པ་རེད། དོན་དག་འདིའི་ཆེད་དུ་སྲོག་ཆགས་གྲངས་མི་ཐེབས་པ་ཞིག་གི་ཚེ་སྲོག་ཕྲོག་ཡོད། འགྲོ་བ་མི་རྣམས་ཀྱིས་རང་ཉིད་ཀྱི་འདོད་དོན་ཞིག་འགྲུབ་དགོས་ན་དེའི་འགལ་རྐྱེན་སེལ་དགོས། འགལ་རྐྱེན་དེ‚ ལྟ་ཚུལ་མི་མཐུན་པ་སོགས་ལས‚ རང་དང་རིགས་གཅིག་པའི་འགྲོ་བ་མིའི་རིགས་ལ་བརྟེན་ནས་འབྱུང་གི་ཡོད་ན‚ དེ་སེལ་བར་བྱེད་པའི་བྱ་བ་ཆེས་མཐར་ཐུག་པ་དེ་ནི་འགལ་རྐྱེན་བྱེད་མཁན་དེའི་སྲོག་འཕྲོག་རྒྱུ་དེ་རེད། དེ་ལྟར་རང་རིགས་གཅིག་པའི་འགྲོ་བ་མི་རྣམས་ཀྱིས་ནང་ཕན་ཚུན་གཅིག་སྲོག་གཅིག་གིས་བཅད་པ་གྲངས་ཀྱི་མི་ཐེབས། མདོར་ན་གཞན་བྲན་དུ་འགེལ་ན‚ ཉེས་ཅན་ཁྲིམས་ལ་སྦྱོར་ན‚ ཐ་ན་ཇག་པ་ཞིག་གིས་ཊམ་ཀ་ལྔ་ཡི་དོན་དུ་ཡང‚ ཐ་ན་ཆོས་ལུགས་པས་ཀྱང་འཆི་བ་ཞེས་པའི་འཇིགས་སུ་རུང་བ་དེ་བེད་སྦྱད་ནས་རང་ཉིད་ཀྱི་བརྡ་ལན་དེ་འཕྲོད་ཐབས་བྱས་དང་བྱེད་བཞིན་ཡོད། དེས་ན་འགྲོ་བ་མི་རྣམས་ལ་ཆེས་མི་འདོད་པ་དང་འཇིགས་སུ་རུང་བའི་དོན་དག་གཅིག་འབྱུང་ངེས་སུ་ཡོད་པ་དེ་ནི་འཆི་བའི་འཇིགས་པ་དེ་རེད།

དེའི་ཕྱིར་ཅི་སྟེ་རིགས་རྫས་ལ་བཀོད་སྒྲིག་བྱས་ནས་མི་ལུས་འཆར་འགོད་ཀྱི་དུས་སྐབས་ཤིག་ཤར་ན་མི་རྣམས་ཀྱིས་ཐོག་མར་རང་ཉིད་དུས་གཏན་དུ་མི་འཆི་བར་གནས་པའི་འཆི་མེད་ཚེ་ཡི་དངོས་གྲུབ་དེ་འགྲུབ་ཏུ་འཇུག་རྒྱུ་དེ་ཡིན་ངེས།

མི་ལུས་འཆར་འགོད་བྱེད་སྟངས།

འོ་ན་འདི་དག་ནི་སེམས་ཀྱི་རེ་སྨོན་ཙམ་དང་དེ་ལས་བྱུང་བའི་རྟོག་རིས་ཙམ་ཞིག་མིན་ན་དེ་ལག་ལེན་གྱི་ཐོག་ལ་ཇི་ལྟར་ཡོང་ཐུབ་བམ? དྲི་བ་འདི་ལན་གྱིས་ལྡོན་པར་མི་ནུས་པའི་དྲི་བ་ཞིག་ཡིན་དགོས་ཀྱང་ད་སྐབས་དེ་ལྟར་གྱུར་མེད། ཉེ་ཆར་རྒྱ་རིགས་སྨན་པ་ཞིག་གིས་ཕ་མ་ཨེཊས་ནད་པ་གཉིས་ཀྱི་བུ་ཕྲུག་མཚེ་མ་ཞིག་གི་རིགས་རྫས་ལ་ཐེ་ཇུས་བྱས་ནས་ཨེཊས་འགོ་མི་ཐུབ་པར་བཟོས་ཡོད་པའི་ཁྱབ་བསྒྲགས་བྱས་པ་དེ་རེད། ལར་ནས་ད་ལྟའི་དུས་སུ་ཚན་རིག་པ་རྣམས་ཀྱིས་འགྲོ་བ་མིའི་སྐྲ་མདོག་ཇི་ལྟར་བྱེད་པ་དང‚ ཤ་རྒོད་ཇི་ཙམ་སྤྲོད་པ‚ ལྷུ་ལག་རིང་ཐུང་སོགས་ཇི་ལྟར་འདོད་པ་ལྟར་དུ་བཟོ་བཀོད་བྱེད་པའི་ལག་རྩལ་རྙེད་ཟིན་པ་རེད། རྒྱ་མི་སྨན་པ་དེས་རྒྱལ་སྤྱིའི་ཁྲིམས་ལ་རྩི་བཀུར་མ་ཞུས་པ་ཙམ་ལས་བྱེད་ཐུབ་པ་མང་པོ་ཞིག‚ ཁྲིམས་ཀྱིས་བསྡམས་ནས་བྱེད་ཀྱིན་མེད་པ་མ་གཏོགས‚ སྔོན་ནས་ཤེས་ཟིན་ཡོད།

རིགས་རྫས་འགྱུར་བཅོས་བྱས་པའི་བྱུང་བ།

གོང་དུ་ཞུས་པ་བཞིན་འགྲོ་མི་རྣམས་ཀྱིས་སྲོག་ལྡན་གྱི་རིགས་རྫས་ལ་འགྱུར་བཅོས་བྱས་ནས་ལོ་མང་པོ་ཕྱིན་ཡོད་ན་ཡང་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་ནང་དུ་ཚན་རིག་པ་དག་གིས་རིགས་རྫས་ཀྱི་རྣམ་བཞག་འདི་ཐོག་མར་མ་རྙེད་པའི་བར་དུ་འགྱུར་ལྡོག་ཡོང་གི་ཡོད་པ་དེ་དག་ཇི་ལྟར་ཡོང་གི་ཡོད་པ་ངོས་འཛིན་གང་ཡང་ཐུབ་མེད། ༡༩༦༠་ཡི་ནང་དུ་འོད་རླབས་བཏང་ནས་སྐྱེ་དངོས་མང་པོའི་རིགས་རྫས་མུ་འགྱུར་བྱེད་དུ་བཅུག དེ་ནི་སྐྱེ་དངོས་དག་གི་རིགས་རྫས་མུ་འགྱུར་ཆགས་ནས་སྐྱེ་དངོས་དེ་དག་བེད་སྤྱོད་སྔར་བས་ཆེ་བ་ཞིག་འབྱུང་བའི་རེ་བ་བྱས་པ་རེད། དེ་དུས་རིགས་རྫས་མུ་འགྱུར་དེ་དག་ནི་སྟབས་ཁེལ་ཙམ་ལ་སྒུག་རྒྱུ་ལས་མི་རྣམས་ཀྱི་འདོད་པ་ལྟར་དུ་སྐྱེ་དངོས་འཆར་འགོད་བྱེད་ཐུབ་ཀྱི་མེད། སྐབས་རེ་འབྲས་བུ་ཕན་ཐོགས་ཅན་བྱུང་ཡོད་ལ་སྐབས་རེ་ཕན་མེད་པ་ཡང་བྱུང་ཡོད།

ལོ་རབས་༧༠་བའི་ནང་དུ་བྷག་ཕྲ་དང‚ སེམས་ཅན‚ རྩི་ཤིང་བཅས་ཀྱི་རིགས་རྫས་ཀྱི་ནང་དུ་རིགས་རྫས་སྣོན་འཕྲི་བྱས། དེ་ནི་གསོ་བ་རིག་པ་དང‚ ཞིང་ལས་གོང་འཕེལ་དུ་འགྲོ་བ‚ སྐྱེ་དངོས་ལ་ཞིབ་འཇུག‚ བཟོ་བཅོས‚ རྩེད་མཚར་བཅས་ཀྱི་ཆེད་དུ་ཡང་ཡིན།

ཕྱི་ལོ་༡༩༧༤་ལོར་རིགས་རྫས་ལ་འགྱུར་བ་བཏང་བའི་སེམས་ཅན་བྱི་ལ་ཞིག་ཐོག་མར་སྐྱེས་པ་རེད། དེ་ནི་སྐྱེ་དངོས་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་བསྐྲུན་པ་ཞིག་ཡིན་ཞིང‚ དེ་ལ་བརྟེན་ནས་ཚེ་སྲོག་ས་ཡ་མང་པོ་སྐྱོབ་པའི་ཤེས་རབ་བྱུང་ཡོད། འདི་ལོ་རབས་བརྒྱད་ཅུའི་ནང་དུ་སླེབས་སྐབས་ལག་རྩལ་དེ་ཚོང་ལམ་དུ་ཕྱིན་པ་རེད། དེང་སྐབས་ང་ཚོས་སྲོག་ལྡན་ལ་བཟོ་བཀོད་བྱས་པ་བརྒྱུད་ནས་ཚེ་སྲོག་སྐྱོབ་བྱེད་ཀྱི་འགྱུར་རྫས་མང་པོ་བཟོས་ཡོད་དེ‚ དཔེར་ན‚ ཁྲག་འགོགས་འགྱུར་རྫས‚ མངར་གཉེར་འགྱུར་རྫས‚ ཟགས་རྫས་སྐྱེད་བྱེད་འགྱུར་རྫས་སོགས་ལྟ་བུ་རེད།

ལོ་རབས་༩༠་བའི་སྟོད་དུ་ཚན་རིག་རིགས་བརྟག་དཔྱད་ཁང་ནས་བཟོ་བཅོས་བྱས་པའི་ཟས་རིགས་ཐོག་མ་ཁྲོམ་ལ་སླེབས་པ་རེད། དམར་ལུམ་གྱི་རིགས་རྫས་ལ་འགྱུར་བཅོས་བྱས་ནས་རུལ་བ་འགོར་བའི་དམར་ལུམ་ཐོག་མ་ཁྲོམ་ལ་བྱུང་། ད་དུང་དེ་ལས་ཀྱང་ངོ་མཚར་བ་ཞིག་ལ་འགྲོ་བ་མིའི་རིགས་རྫས་ལ་བཟོ་བཅོས་བྱས་ནས་ཕ་མ་གསུམ་ཡོད་པའི་བུ་ཕྲུག་ཐོག་མ་དེ་ཡང་ལོ་རབས་༩༠་ནང་བྱུང་བ་རེད། དེ་ནི་ཕ་མ་གང་རུང་གཅིག་ནས་བྱུང་བའི་ཕྲ་ཕུང་ནང་དུ་འཕྲོ་རླགས་ཕྱིན་ཡོད་པའི་ཆ་དེ་བླངས་ནས་ཕ་མ་གཞན་ཞིག་གི་ཕྲ་ཕུང་ནང་གི་ཆ་ཤས་དེ་བླངས་ནས་ཁ་བསབས་བྱས་སྟབས་ཕྲུ་གུ་དེའི་རིགས་རྫས་ཀྱི་ནང་དུ་ཕ་མ་གསུམ་གྱི་རིགས་རྫས་ཁྱེར་ཡོད་པ་ལ་ཟེར་བ་རེད།

དེང་སྐབས་ང་ཚོས་ཤ་རྒོད་ཅན་གྱི་ཕག་པ་དང‚ འཚར་མགྱོགས་པའི་སན་ཉ‚ སྤུ་མེད་ཀྱི་དེ་ཕོ‚ ཕྱི་གསལ་ནང་གསལ་གྱི་སྦལ་བ་སོགས་བཟོས་ཟིན་པ་མ་ཟད‚ མཚན་མོ་གློག་འོད་སྲི་ཚགས་བྱེད་པའི་ཆེད་དུ་འོད་ཟེར་འཕྲོ་བའི་གསོས་ཉ་ཡང་རིན་གོང་ཧ་ཅང་ཆུང་བའི་ཐོག་ནས་ཉོ་རྒྱུ་ཡོད། མ་གཞི་རིགས་རྫས་ལ་འགྱུར་བཅོས་ཀྱིས་བཟོས་པ་འདི་དག་རིན་གོང་ཆེན་པོ་ཡིན་ཀྱང་ཉེ་ཆར་གྱི་ Clustered Regularly Interspaced Short Palindromic Repeats ཞེས་པ་སྡུས་མིང་ལ་CRISPR་ཁྲིསཔྲ་ཞེས་པའི་ལག་རྩལ་འདིས་རིགས་རྫས་འགྱུར་བཅོས་བྱེད་པའི་གོང་ཚད་བརྒྱ་དགུ་བཅུ་གོ་དགུའི་ཚད་དུ་མར་ཕབས་ཡོད་པ་མ་ཟད‚ ལོ་གཅིག་ཙམ་འགོར་བའི་རིགས་རྫས་འགྱུར་གཏོང་གི་བྱ་བ་དེ་ད་སྐབས་བདུན་ཕྲག་འགའ་ཞིག་གི་ནང་བཟོ་ཐུབ་དང‚ ཚན་རིག་བརྟག་དཔྱད་ཁང་ཞིག་ཡོད་ན་ཧ་ལམ་གང་ཟག་སུ་འདྲ་ཞིག་གིས་ཀྱང་བཟོ་ཐུབ་པ་ཞིག་ཆགས་ཡོད།

CRISPR་འམ་ཁྲིསྤར་ཟེར་བ་འདི་ཅི་རེད།

གོང་གི་ཨིན་ཇིའི་ཚིག་འདི་ནི་(Clustered regularly interspaced short palindromic repeats)་ཞེས་པའི་ཚིག་བསྡུས་ཡིན་ཞིང‚ དེ་བོད་ཡིག་ཐོག་ཏུ་འདི་འདྲ་ཞིག་ཏུ་འགྱུར་ཏེ‚ སྟར་ཆགས་ཀྱིས་ས་བགོས་བྱས་ཡོད་པའི་ལྡོག་ལུགས་ཀློག་རུང་གི་བསྐྱར་ལྡབ་ཐུང་བའི་ཚོམ། གོ་རྒྱུ་འདྲ་བྱུང་སོང་ངམ། ཧ་ལམ་བྱུང་མེད། དེ་གང་ཟེར་ཅེ་ན་འདི་ལྟ་སྟེཿ ང་ཚོའི་ཡི་གེའི་ནང་དུ་ཡི་གེ་འགའ་ཞིག‚ སྐབས་རེ་བརྗོད་པ་ཡང‚ ལུགས་འགྲོས་ཀྱིས་ཀློག་པ་ཇི་བཞིན་ལུགས་ལྡོག་ཀྱིས་ཀྱང་ཀློག་ཆོག་པ་དེ་འདྲ་ཡོང་གི་ཡོད། འདི་ལ་ཁོ་བོས་“ལྡོག་ལུགས་ཀློག་རུང”་ཞེས་འབོད་ཀྱི་ཡིན། ཨིན་ཇིའི་ནང་དུ་དེ་འདྲ་ཡོང་གི་ཡོད་པ་མ་ཟད‚ བོད་ཡིག་ནང་དུ་ཡང་དེ་འདྲ་མང་པོ་འདུག།

དེའི་དཔེར་མཚོན་ཁག་གཅིག་བཀོད་ནཿ “གཅིག”་ཅེས་པའི་ཚིག་འདི་རེད། འདི་གཡས་ནས་འབྲུ་དེད་བྱས་ན་གཅིག་རེད་ལ་གཡོན་ནས་འབྲུ་དེད་བྱས་ན་ཡང་དེ་རང་རེད། དེ་བཞིན་“གསོག”‚ “བསབ”‚ “མདོམ”་ཞེས་པ་སོགས་ཡིན་ལ‚ ད་དུང་“དམ་དམད”‚ “བསོགས་གསོབ”‚ “འབའ་འབའ”‚ “གནམ་ངམ་ནག”‚ “དེ་དང་དེ”་ཞེས་སོགས་ཀྱང་འདིའི་དཔེར་མཚོན་ལ་འཇོག་ཆོག་གི་འདུག། འདིའི་སྐབས་ཚེག་བརྗེ་ཆོག། ད་དུང་བརྗོད་པ་ཧྲིལ་བོ་འདི་འདྲའི་དཔེར་མཚོན་ལ་འགྲོ་བ་ཡང་ཡོད་འདུག དེ་དག་ནི་སྙན་གཞུང་ནང་གི་བྱ་བའི་རྒྱན་དང་འདྲ་བ་རེད།

རིགས་རྫས་ནི་བཀའ་བསྟན་འགྱུར་ལས་ཀྱང་ཕོན་ཆེ་བའི་ཡི་གེའི་ཚོམས་ཤིག་རེད། དེའི་ནང་དུ་ཡིག་འབྲུ་བཞི་མ་གཏོགས་མེད་ན་ཡང་དེ་དག་སྒྲིག་སྟངས་ཀྱི་གྲངས་དེ་འཇིག་རྟེན་ཁམས་ཀྱི་སྲོག་ཆགས་ཀྱི་གྲངས་དང་མཉམ་པ་རེད། དེ་དག་སྒྲིག་སྟངས་མ་འདྲ་བ་རེ་ལས་སྲོག་ཆགས་མ་འདྲ་བ་རེ་བྱུང་བ་རེད། དེ་དག་སྒྲིག་པའི་ཚུལ་ནི་ཆིག་སྒྲིག‚ ཉིས་སྒྲིག‚ སུམ་སྒྲིག‚ བཞི་སྒྲིག‚ དེ་དག་ལུགས་སྒྲིག‚ ལྡོག་སྒྲིག‚ དེ་དག་གི་བར་གྱི་ས་ཆ་བགོ་སྟངས་སོགས་སྒྱུ་མའི་མིག་འཁྲུལ་ཇི་བཞིན་ཡོད་འདུག

སྒྱུ་མའི་འཁྲུལ་དེ་དག་གི་ནང་དུ་གོང་དུ་བཤད་པའི་“སྟར་ཆགས་ཀྱིས་ས་བགོས་བྱས་ཡོད་པའི་ལྡོག་ལུགས་ཀློག་རུང་གི་བསྐྱར་ལྡབ་ཐུང་བའི་ཚོམ”་ཁྲིསྤར་(ལེགས་སྦྱར་ལྟར་ཀློག)་ཞེས་པ་དེ་ཡོད་པ་རེད། ཁྲིསྤར་ཞེས་པ་འདི་ལ་བཟོ་བཅོས་སམ་ལས་སྣོན་བྱས་ནས་རིགས་རྫས་བཀོད་སྒྲིག་ཅེས་པ་བྱེད་ཐུབ་ཀྱི་ཡོད། ཁྲིསྤར་ཞེས་པ་འདི་ལ་བཟོ་བཅོས་བྱས་ནས་མི་ལུས་འཆར་འགོད་ཐུབ་པར་ཁ་ཕོ་སྒྲོག་གི་ཡོད། དེ་ནི་དོན་ལ་མི་གནས་པ་ཡང་མིན། ད་ཆ་ཚན་རིག་པ་ལ་དེའི་དཔེར་མཚོན་འགའ་ཞིག་འཇོག་རྒྱུ་ཡང་ཡོད།

དེས་ན་ཁྲིསྤར་ཞེས་པ་འདི་ལ་བཟོ་བཅོས་བྱས་ནས་མིས་བཟོས་སངས་རྒྱས་ཀྱང་འབྱུང་སྲིད་པར་འཆར་སྣང་བྱེད་མི་ཆོག་གམ? མི་ཆོག་པའི་རྒྱུ་མཚན་དོན་མཐུན་སྣ་གཅིག་ཀྱང་འཇོག་རྒྱུ་མེད་ཚོད། མདོར་ན་ལག་རྩལ་འདིས་འགྲོ་བ་མིའི་རིགས་འདི་དུས་གཏན་དུ་ནས་གཏན་དུ་འགྱུར་བ་གཏོང་བའི་ཉེན་ཁ་དང་རེ་བ་ཡོད་འདུག


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།