གྲོགས་དམ་པ་ཞིག་གྲོངས་རྗེས་ཀྱི་སེམས་ཚོར།__སྒོ་ཤེར།

40252



ཉིན་འགའི་སྔོན་ཏེ། བོད་ཟླ3པའི་ཚེས15མཚན་མོར་གསེར་རྟའི་གྲོགས་པོ་ཞིག་གིས་ཁ་པར་ཡོང་ནས། “ཨ་ཁུ་ཆོས་རྗེ་འདས་སོང”ཟེར། གཏམ་དེ་ཐོས་པས་སྙིང་ཁམས་འཁྱག་སོབ་བེར་གྱུར། ཨ་ཙི། ཅི་འདྲའི་གློ་བུར་བ་སྙམ་དུ་རང་གི་རྣ་བ་ལ་ཡང་ཡིད་མི་ཆེས་པ་ལྟ་བུ་བྱུང་། རྒྱུ་མཚན་དྲིས་དུས། མཆིན་ནད་ཀྱིས་ཡུན་རིང་བསྙུངས་ཏེ་བཅོས་ཐབས་མ་བྱུང་བ་སོགས་ཀྱང་གཞི་ནས་ཧ་གོ་བར་གྱུར། ཉེ་བའི་ཟླ་འགའི་རིང་ཁོང་ཁ་པར་སོགས་ལས་གྲག་རྒྱུ་མེད་པས་ཅི་ཡིན་ནམ་སྙམ་གྱི་ཡོད་མོད། གནས་ཚུལ་དེ་འདྲར་གྱུར་པ་ཡིད་ལའང་མ་ཤར།

ཆོས་རྗེ་ལགས་དང་ངེད་གཉིས་རྒྱུན་རིང་འདྲིས་གཤིབ་མྱོང་བ་དེ་འདྲ་མིན་ཡང་། ཕན་ཚུན་ངོ་ཤེས་ཤིང་ཡིད་ཆེས་བློ་གཏད་ཆོག་པའི་གྲོགས་སུ་གྱུར་ནས་ལོ་ངོ་མང་པོ་ཕྱིན། བགྲང་བྱ་བཅུ་གྲངས་ཀྱི་ཡར་སྔོན་དུ་ཁོ་བོ་ཉི་དར་རྒྱས་དགོན་པར་སྡོད་སྐབས་ཤིག་ལ་ཁོང་དེར་ཕེབས་པས་ངོ་ཤེས་ཤིང་། དེ་རྗེས་སུ་ཕྲན་གསེར་རྟར་སླེབས་པའི་སྐབས་དུ་མར། ཡུལ་དེར་ཁོང་གིས་གཙོས་པའི་ངོ་ཤེས་གྲོགས་པོ་རེ་ཟུང་ཡོད་པ་དག་དང་ཐུག་ནས་ལྷོད་ལྷོད་ངང་གླེང་མོལ་ལ་རོལ་མྱོང་། ག་ལེར་རྒྱུས་ཡོད་དུ་གྱུར་རྗེས། ཁོང་ནི་ལྷག་བསམ་དག་ཅིང་། བདེན་པར་གཅེས་པ། སྙིང་རུས་བརྟན་པ། རིགས་ལ་ཞེན་པའི་རང་གཤིས་གཙང་མ་གསེར་འདྲ་བ་ཅན་ཞིག་ཡིན་པ་དེས་ངའི་ཡིད་ལ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་སོང་། དེ་བཞིན་རིགས་སྤྱིའི་བདེ་སྡུག་ལ་ཁ་མིན་དོན་གྱི་སེམས་ཁུར་བྱེད་མཁན་ཞིག་ཡིན་འདུག་པ་དང་། བདེན་པའི་དོན་དུ་ཕྱི་ནང་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་བའི་རུས་པ་མཁྲེགས་པོ་ཅན་ཞིག་ཡིན་ཚུལ་ཡང་རྒྱུས་ཅན་དག་ལ་གསལ།

ངེད་གཉིས་ཁ་བརྡ་བྱེད་སྐབས་ཤིག་ཏུ། ཁོང་གཞོན་དུས་སུ་ངེས་དོན་རྣལ་འབྱོར་བ་མཁན་པོ་ཆོས་ཁྱབ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱི་ཞལ་སྔར་གཏུགས་ཤིང་ཟབ་ཆོས་ཀྱི་བདུད་རྩི་སྙིང་དབུས་སུ་ཐོབ་མྱོང་མཁན་ཞིག་ཡིན་པ་དང་། ཕྱིས་སུ་གཙོས་ཀྱི་དགེ་རྒན་དགེ་འདུན་སོགས་ཀྱི་དྲུང་ནས་ལོ་རྒྱུས་སོགས་ཐ་སྙད་རིག་གནས་ལ་སྦྱངས་པ་བྱས་ཚུལ་གླེང་བའང་དྲན། ལྷག་པར་ཡོངས་ཁྱབ་རིན་ཐང་དང་འབྲེལ་བའི་ལྟ་གྲུབ་ལ་སྤྲོ་མོས་ཆེ་ཞིང་། རྩོམ་གསར་ཀློག་རྒྱུར་དགའ་བས། དེའི་སྐོར་ནས་དྲི་བ་སྣ་ཚོགས་འདོན་མཁན་ཞིག་ཀྱང་ཡིན། དེ་ལྟར་ཆོས་རིག་ཡོན་ཏན་ལ་དགའ་ཞིང་། སྣང་བ་སྤྲོ་བོ་ཅན་གྱི་གྲོགས་པོ་ཁོང་ད་ནི་མཐོང་ལམ་ནས་གཏན་དུ་ཡལ་སོང་།
……
2015ལོ་དེར་ཡང། ཁོང་ད་ལན་བཞིན་དུ་སྐད་འཕྲིན་སོགས་ལས་གྲག་འགུལ་མེད་པར་གྱུར་ནས་རྒྱུན་རིང་སོང་བས། ཡུལ་དེ་གའི་མི་ཞིག་ལ་ཁ་པར་བཏང་ནས་རྒྱུ་མཚན་དྲིས་པ་ན། ཁོང་ཁྲི་མུན་དུ་ཚུད་པའི་གཏམ་ངན་དེ་ཡིད་ངོར་ལྗིད་ཏིག་གེར་བབས། དེ་ནས་བཟུང་། བགྲོད་དཀའ་བའི་ལོ་ངོ་མང་པོའི་དཀའ་སྡུག་གི་ཉིན་ཞག་དང་། ཉིན་ཞག་དེ་དག་གི་ཁུག་ན་ཐལ་རྡུལ་བཞིན་སྤུངས་པའི་གཏམ་རྒྱུད་འཇིགས་ཡེར་བ་དག་རེ་རེ་བཞིན་ཁོང་གི་ལུས་སེམས་གཉིས་ཀས་མྱངས་དགོས་བྱུང་བ་རེད།

བགྲང་བྱ་བཞི་འགོར་བའི་རྗེས་སུ། ངེད་གཉིས་སླར་ཡང་ངོ་འཛོམས་བྱུང་། དེ་དུས་ཁོང་ཁྲི་མུན་ལས་གྲོལ་རྗེས། རྔ་ཡུལ་བསེ་དགོན་པར་བྱབས་ཁྲུས་ཤིག་ཞུ་རུ་ཡོང་བའི་ཞོར་ལ་ཕྲན་གྱི་སར་སླེབས་པ་ཡིན་འདུག ། གློ་བུར་ཕྲད་པ་དེས་ངེད་གཉིས་སེམས་རབ་ཏུ་སྤྲོ་བཞིན་ལབ་གླེང་རྒྱུན་རིང་བྱས་པ་རྣམས་ད་རུང་གཟུགས་ཅན་བཞིན་དུ་མིག་ལ་འཆར་ཡོང་། ད་ནི་ཡོད་ཚད་ཕྱིར་དྲན་ཙམ་དུ་ལུས་སོང་ལ། སྔར་བཞིན་གློ་བུར་དུ་འཕྲད་རྒྱུ་ཡང་ཡོད་མི་སྲིད་ཨང་།

གྲོགས་པོ་ཁོང་གི་ཕུ་བོ་མཁན་གུ་དྲག་ལགས་ཀྱིས་གསུངས་ན། ཁོང་ཡུན་རིང་ནད་ཀྱིས་མནར་པས་ལུས་ཟུངས་ཟད་ཅིང་སྐམ་པར་གྱུར་ན་ཡང་། ཚེ་འཕོ་བའི་དུས་ལ་ཤིན་ཏུ་ཐག་ཉེ་བ་རང་གིས་ཚོར་རྗེས། ཁོག་སྟོད་ཡར་འགྱོག་ཏུ་བཅུག་སྟེ། འཇིགས་སྣང་སྤུ་ཙམ་ཡང་མེད་པར་ངོ་མདངས་ལྷོད་ཤིག་གེར་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་དག་ལ་གསོལ་བ་བཏབ་པར་མ་ཟད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལས“མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང་། ། ཆོས་ཀུན་སྙིང་པོ་སྟོབས་ལྔའི་ཉམས་ལེན་གྱིས། ། བྱང་ཆུབ་སེམས་གཉིས་འཕེལ་བའི་ལམ་བསྒྱུར་ཏེ། ། ཡིད་བདེ་འབའ་ཞིག་སྒོམ་པར་བྱིན་གྱིས་རློབས། །”ཞེས་པ་དེ་སྒྲ་དག་མོ་ཞིག་བཀླགས་རྗེས། ཞི་ལྷོད་ཀྱི་ངང་ནས་གཟིམ་སོང་ཟེར། གཏན་དུ……

ཁོང་ནི་དྲ་རྒྱ་སོགས་གཞན་མིའི་མཐོང་ལམ་དག་ཏུ་ཡོང་ནས་ཆོས་རྫུའི་ཁྲབ་སྟོན་བྱེད་མཁན་ཞིག་ལར་ནས་མིན་ཡང་། གནད་འགག་ལ་སླེབས་དུས། རང་གི་སེམས་ཀྱི་འབབ་སྟེགས་དངོས་དང་། ཚེ་སྲོག་གི་ཕུགས་གཏད་ས་ངོ་མ་བོ་དེ་ལྟར་ལྷང་ངེར་ཕྱིར་མངོན་པ་ཐོས་པས། ཡིད་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་དུང་དུང་ངེ་བ་ཞིག་ཀྱང་སྐྱེས།

གང་ལྟར་རང་ལོ་ཞེ་གསུམ་ལས་མ་སོན་པའི་གྲོགས་པོ་ཁོང་དེ་ལྟར་ཕེབས་ཟིན་པ་རེད། ད་ནི་ཁོང་རང་གིས་འདའ་ཁར་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་འགྲུབ་པར་ཤོག་ཅིག་ཅེས་ལྷག་བསམ་གཙང་མས་མཚམས་སྦྱོར་ཞུ་རྒྱུ་ཙམ་ལས་བྱ་ཐབས་གཞན་ཅི་ཡང་མི་རྙེད་ལ། ཚེ་རབས་ཀུན་ཏུ་མགོན་པོ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་སྨོན་ལམ་ཞིག་སྙིང་ཐག་པ་ནས་འདེབས་སོ། །

ཕྱི་ལོ2020ལོའི་ཟླ5ཚེས12དང་། བོད་ཟླ3པའི་ཚེས20ཉིན་བྲིས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།