ཏོག་དབྱིབས་ནད་འབུ་ལས་ཐར་རྗེས་ཀྱི་འཛམ་གླིང་།___རྩིས་ཆེ་ལེགས་མཐོང་གིས་བསྒྱུར།

23373


ཡུ་ཝལ་ནོའ་ཧ་ར་རིས་བརྩམས།
རྩིས་ཆེ་ལེགས་མཐོང་གིས་བསྒྱུར།


འགྲོ་བ་མི་ཡི་རིགས་འདི་ད་ལྟའི་ཆར་གོ་ལའི་གཉན་འཕྲང་ཞིག་ལ་ཐུག་ནས་ཡོད་ཅིང་། དེ་ནི་ཕལ་ཆེར་ང་ཚོའི་མི་རབས་འདི་ལ་འཕྲད་པའི་གཉན་འཕྲང་ཆེ་ཤོས་དེ་ཡིན་སྲིད། སྒེར་པ་དང་གཞུང་པ་གང་ཡིན་ཀྱང་འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་ཀྱི་ནང་དུ་བྱས་པའི་ཐག་གཅོད་ཀྱིས་འབྱུང་འགྱུར་གྱི་ལོ་མང་པོའི་རིང་འཛམ་གླིང་ལ་འཕོ་འགྱུར་གཏོང་སྲིད། དེ་དག་གིས་ང་ཚོའི་འཕྲོད་བསྟེན་མ་ལག་ཙམ་མ་ཡིན་པར་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ལ་འཕོ་འགྱུར་གཏོང་ངེས། ང་ཚོས་ཐག་གཅོད་མགྱོགས་པོ་བྱ་དགོས་ལ་ཐག་ཆོད་པོ་བྱ་དགོས། དེ་དང་མཉམ་དུ་ང་ཚོས་ད་རེས་ང་ཚོས་བྱས་པ་འདི་དག་ལ་བརྟེན་ནས་མ་འོངས་པའི་དུས་ཡུན་རིང་པོར་གང་འབྱུང་མིན་ལ་ཡང་བསམ་གཞིགས་དགོས། གདམ་ག་མི་འདྲ་བ་བྱེད་པར་ཐག་གཅོད་པའི་སྐབས་སུ་ང་ཚོས་ང་རང་ཚོ་ལ་ད་ལྟའི་ཉེན་ཁ་འདི་ལས་ཇི་ལྟར་བྱས་ནས་ཐར་བར་བྱེད་ཅེས་འདྲི་དགོས་པའི་ཐོག་ཏུ་ད་དུང་རླབས་འདི་ཉིད་ཕྱིན་ཚར་བའི་རྗེས་སུ་ང་ཚོ་འཛམ་གླིང་གང་འདྲ་ཞིག་གི་ནང་དུ་གནས་སྡོད་བྱེད་པའི་ཐད་ལ་ཡང་འདྲི་དགོས། རེད། རླུང་འཚུབ་འདི་ནི་འགྲོ་ཡི་རེད་ལ། མི་ཡི་རིགས་ནི་ཐར་གྱི་རེད། ང་ཚོ་ཕལ་མོ་ཆེ་མ་ཤི་གསོན་པོར་འཚོ་ཡི་རེད། འོན་ཀྱང་ང་ཚོ་འཛམ་གླིང་མི་འདྲ་བ་ཞིག་གི་ནང་དུ་འཚོ་སྡོད་བྱེད་ཀྱི་རེད།

གནས་སྐབས་ཀྱི་ཛ་དྲག་ལ་བརྟེན་པའི་ཐབས་ལམ་མང་པོ་ཞིག་འཚོ་གནས་ཀྱི་གཏན་འཇགས་ཀྱི་ཆ་ཤས་སུ་གྱུར་ཡོད། དེ་ནི་ཛ་དྲག་གི་རང་བཞིན་རེད། དེ་དག་གིས་ལོ་རྒྱུས་ཀྱི་བརྒྱུད་རིམ་མགྱོགས་སུ་གཏོང་བར་བྱེད། སྤྱིར་བཏང་གི་སྐབས་སུ་ལོ་མང་པོར་གྲོས་བསྡུར་བྱེད་དགོས་པའི་ཐག་གཅོད་མང་པོ་ཞིག་ཆུ་ཚོད་ཁ་ཤས་ཀྱི་ནང་དུ་ཐག་གཅོད་ཐུབ་པ་ཡོང་གི་ཡོད། ཚད་གཞི་མ་ལོན་པའམ་ཉེན་ཁ་ཡོད་པའི་འཕྲུལ་ཆས་དག་ཀྱང་ཞབས་ཞུའི་ཆེད་དུ་བེད་སྤྱོད་བྱ་དགོས་པ་ནི་གང་ཡང་མི་བྱེད་པ་ནི་དེ་བས་ཀྱང་ཉེན་ཁ་ཆེ་བས་རེད། སྤྱི་ཚོགས་ཀྱི་ཚོད་ལྟ་ཚད་མཐོན་པོའི་ངོས་ནས་བཤད་ན་རྒྱལ་ཁབ་ཧྲིལ་པོ་དག་ཀྱང་ཨ་བྲ་དང་འདྲ། མི་ཚང་མས་ནང་དུ་བསྡད་ནས་ལས་ཀ་བྱེད་ཅིང་ཐག་རིང་པོ་ནས་འབྲེལ་བ་བྱེད་ན་གང་འདྲ་འབྱུང་གི་རེད་དམ། སློབ་གྲྭ་དང་མཐོ་སློབ་ཐམས་ཅད་དྲ་ལམ་གྱི་ཐོག་ནས་འགྲོ་དུས་གང་འདྲ་འབྱུང་གི་རེད་དམ། སྤྱིར་བཏང་གི་དུས་སུ་སྲིད་གཞུང་དང་། ཚོང་ལས། ཤེས་ཡོན་གྱི་ཚོགས་སྡེ་ཁག་གིས་དེ་འདྲའི་ཚོད་ལྟ་ལ་ནམ་ཡང་ངོས་ལེན་མི་བྱེད་ངེས། ཡིན་ན་ཡང་འདི་དག་ནི་སྤྱིར་བཏང་གི་དུས་མ་རེད།

གཉན་འཕྲང་འདིའི་སྐབས་སུ་ང་ཚོ་ལ་དམིགས་བསལ་གལ་ཆེ་བའི་གདམ་ག་གཉིས་ཡོད། དང་པོ་དེ་ནི་སྲིད་དབང་སྒེར་གཅོད་ཀྱི་དོགས་སྲུང་བྱ་ར་དང་མི་སེར་གྱི་དབང་ཚད་གཉིས་ཀྱི་བར་དུ་རེད་ལ། གཉིས་པ་ནི་རྒྱལ་ཞེན་གྱི་ཁ་བྲལ་དང་། གོ་ལའི་ཆིག་སྒྲིག་གཉིས་ཀྱི་བར་དུ་རེད།

པགས་འོག་གི་དོགས་སྲུང་བྱ་ར།

ནད་ཡམས་འགོག་པར་མི་འབོར་ཧྲིལ་པོས་ལམ་སྟོན་གྱི་ལམ་སྟོན་གང་ཡང་རུང་བ་ཞིག་ལ་ངེས་པར་དུ་བསྟུན་དགོས་ཤིང་། དེ་ལྟར་ཡོང་བ་ལ་ཐབས་ལམ་གཉིས་ཡོད། གཅིག་ནི་སྲིད་གཞུང་གིས་མི་རྣམས་ལ་ལྟ་སྲུང་བྱས་ཏེ། སྒྲིག་ཁྲིམས་གཏོར་མཁན་རྣམས་ལ་ཉེས་པ་གཏོང་རྒྱུ་དེ་རེད། ད་ལྟའི་དུས་སུ་མི་ཡི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་འཕྲུལ་ཆས་ཀྱིས་མི་ཐམས་ཅད་ལ་དུས་རྟག་ཏུ་ལྟ་སྲུང་བྱེད་ཐུབ་པ་བཟོས་ཡོད། ལོ་ངོ་ལྔ་བཅུའི་སྔོན་དུ་ KGB ཀེ་རྗི་རྦི་ (རྒྱལ་ཁབ་བདེ་འཇགས་ཚོགས་པ་) གིས་ཨོ་རུ་སིའི་མི་འབོར་ས་ཡ་༢༤༠ པོ་རྣམས་ཉིན་རེའི་ཆུ་ཚོད་ཉེར་བཞི་ཧྲིལ་པོར་རྗེས་འདེད་བྱ་ཐུབ་མེད་ལ། རྒྱལ་ཁབ་བདེ་འཇགས་ཚོགས་པས་ཐོབ་པའི་གནས་ཚུལ་རྣམས་དོ་ནན་ལྡན་པའི་ཐོག་ནས་སྒྲིག་བཀོད་བྱེད་ཐུབ་པའི་རེ་བ་ཡང་མེད། དེ་ཡང་རྒྱལ་ཁབ་བདེ་འཇགས་ཚོགས་པས་གསང་བའི་ལས་བྱེད་དང་རྟོག་ཞིབ་པ་མི་ཡིན་པ་ལ་བརྟེན་གྱི་ཡོད་པ་དེས་མི་སེར་ཡོད་དོ་ཅོག་རྗེས་འདེད་གཏོང་བར་མི་ཡི་གསང་བའི་ལས་བྱེད་པ་བསྐོས་ཐབས་བྲལ་ཡོད། འོན་ཀྱང་ད་ལྟའི་ཆར་སྲིད་གཞུང་གིས་ཤ་ཁྲག་ལས་གྲུབ་པའི་སོ་པའི་ཚབ་ལ་ཀུན་ཁྱབ་ཀྱི་ཚོར་ལེན་བྱེད་པོ་དང་། ཚན་རྩལ་གྱི་སྟངས་འཛིན་དག་བེད་སྤྱོད་ཐུབ་ཀྱི་ཡོད།

ཏོག་དབྱིབས་ནད་འབུའི་ནད་ཡམས་དང་འཐབ་འཛིང་བྱེད་སྐབས་སྲིད་གཞུང་ཁ་ཤས་ཤིག་གིས་དོགས་སྲུང་བྱ་རའི་ལག་ཆ་གསར་པ་རྣམས་བེད་སྤྱད་བྱེད་ཀྱི་ཡོད་ཅིང་། དེའི་དཔེ་མཚོན་གསལ་ཤོས་ནི་རྒྱ་ནག་རེད། མི་རྣམས་ཀྱི་ཁ་པར་ལ་ལྟ་རྟོག་ནན་པོ་བྱེད་པ་དང་། ངོ་གདོང་ངོས་འཛིན་པའི་དཔར་ཆས་ས་ཡ་བརྒྱ་ཕྲག་མང་པོ་བཟོས་ཡོད་པ་དང་། མི་རྣམས་ཀྱིས་དོ་བདག་སོ་སོའི་གཟུགས་པོའི་ཚ་དྲོད་དང་། སྨན་བཅོས་ཀྱི་གནས་བབ་བཅས་བརྟགས་དཔྱད་དང་སྙན་སེང་ཞུ་དགོས་པ་དེས། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་ཏོག་དབྱིབས་ནད་འབུ་ཁྱེར་མཁན་ཡིན་པར་དོགས་གཞི་ཅན་རྣམས་ལམ་སེང་ངོས་འཛིན་ཐུབ་པ་ཙམ་གྱིས་མ་ཚད་དེ་དག་གི་འགྲོ་སྡོད་ཀྱི་རྗེས་འདེད་བཏང་ནས་དེ་དག་དང་འབྲེལ་བ་བྱུང་བ་རྣམས་ཀྱང་ངོས་འཛིན་ཐུབ་ཀྱི་ཡོད་ལ། ཁ་པར་ནང་གི་ཨེབ་ཁ་ཤས་ཀྱིས་མི་སེར་ཚོ་ལ་ནད་འགོས་པའི་མི་དང་ཉེ་བོ་ཡོད་པའི་ཉེན་བརྡ་ཡང་གཏོང་གི་ཡོད།

འཕྲུལ་ཆས་ཀྱི་རིགས་འདི་ནི་ཤར་ཕྱོགས་ཨེ་ཤ་ཡ་གཅིག་པུ་ལ་ཡོད་པ་ཞིག་མ་རེད། ཨི་སི་རིལ་གྱི་སྲིད་བློན་རྦེན་ཡ་མིན་་ནེ་ཏན་ཡ་ཧུ་གིས་ Israel ཨི་སི་རིལ་གྱི་བདེ་འཇགས་ཚོགས་པར་རྒྱུན་དུ་འཇིགས་སྐུལ་རིང་ལུགས་པ་དང་འཐབ་འཛིང་བྱེད་པའི་ཆེད་དུ་ཉར་ཚགས་བྱས་ཡོད་པའི་དོགས་སྲུང་བྱ་རའི་འཕྲུལ་ཆས་རྣམས་ཏོག་དབྱིབས་ནད་འབུའི་ནད་པ་རྣམས་རྗེས་འདེད་གཏོང་བར་བེད་སྤྱོད་པའི་ཐོབ་དབང་སྤྲད་ཡོད། དེ་ལ་གྲོས་ཚོགས་ཀྱི་སྐབས་འབྲེལ་ཚོགས་སྡེ་བྱེ་བྲག་པ་ཞིག་གིས་ཐོབ་དབང་དེ་སྤྲོད་པར་ངོས་ལེན་མ་བྱས་པ་ན། ནེ་ཏན་ཡ་ཧུ་གིས་ཛ་དྲག་གི་བཀའ་ཁྱབ་ཡིན་པར་བཤད་ནས་བཙན་བསྟར་བྱས་ཡོད།

ཁྱོད་ཀྱིས་འདི་དག་ནི་གནད་དོན་གསར་པ་གང་མ་རེད་ཅེས་རྩོད་སྲིད་པ་སྟེ། འདས་པའི་ལོ་ངོ་དག་གི་ནང་དུ་སྲིད་གཞུང་དང་ལྷན་ཚོགས་སྒྲིག་འཛུགས་དག་གིས་མི་ལ་རྗེས་འདེད་གཏོང་བ་དང་། ལྟ་སྲུང་བྱེད་པ། འགྱུར་བཅོས་གཏོང་བ་བཅས་ཀྱི་ཆེད་དུ་འཕྲུལ་ཆས་ཆེས་མགོ་རྙོག་པོ་དག་བེད་སྤྱོད་གཏོང་བཞིན་ཡོད། འོན་ཀྱང་ང་ཚོས་གཟབ་ཙམ་མ་བྱས་ན། དོགས་སྲུང་བྱ་རའི་ལོ་རྒྱུས་ཀྱི་ཐོག་ཏུ་ནད་ཡམས་འདིས་ས་མཚམས་གལ་ཆེན་ཞིག་ཕྱེ་སྲིད། དེ་ཡང་འདི་ལ་བརྟེན་ནས་དེ་སྔོན་དོགས་སྲུང་བྱ་རའི་ལག་ཆ་ཤུགས་ཆེན་བེད་སྤྱོད་གཏོང་བ་ལ་ངོས་ལེན་མི་བྱེད་པའི་རྒྱལ་ཁབ་དག་གི་ནང་དུ་ཡང་འདི་ཉིད་སྤྱིར་བཏང་གི་གནས་ཚུལ་ཙམ་དུ་སྒྱུར་བས་མི་ཚད་ལྷག་པར་དུ་འདིས་ནི་པགས་པའི་ཕྱི་ཡི་དོགས་སྲུང་བྱ་ར་ལས་པགས་པའི་ནང་གི་དོགས་སྲུང་བྱ་ར་ལ་འཕོ་བའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་མཚོན་པས་ཀྱང་རེད།

ད་ལྟའི་བར་དུ་ཁྱོད་ཀྱིས་རང་ཉིད་ཀྱི་ཁ་པར་གྱི་ཤེལ་ངོས་སུ་མཛུབ་མོ་ཐུག་སྟེ་མཛུབ་གནོན་བྱེད་པ་ན་སྲིད་གཞུང་གིས་ཤེས་འདོད་པ་ནི་ཁྱོད་ཀྱིས་གང་ཞིག་ལ་མཛུབ་གནོན་བྱེད་པ་དེ་རེད། འོན་ཀྱང་ཏོག་དབྱིབས་ནད་འབུ་ལ་བརྟེན་ནས་དོ་སྣང་བྱེད་ས་འགྱུར་བ་ཕྱིན་ཡོད། ད་ནི་སྲིད་གཞུང་གིས་ཁྱོད་ཀྱི་མཛུབ་མོའི་ཚ་དྲོད་དང་དེའི་པགས་པའི་ནང་གི་ཁྲག་ཤེད་བཅས་ཤེས་འདོད་ཡོད།

The emergency pudding

ཛ་དྲག་གི་མངར་ཟས།

ང་ཚོས་དོགས་སྲུང་བྱ་རའི་འོག་ཏུ་ལངས་ནས་བྱ་བ་བྱེད་དགོས་པའི་དུས་སུ་འཕྲད་པའི་དཀའ་ངལ་གཅིག་ནི་ང་ཚོ་ལ་གང་འདྲ་བྱས་ནས་དོགས་སྲུང་བྱ་ར་བྱེད་ཀྱིན་ཡོད་པ་དང་དེ་ལ་བརྟེན་ནས་འབྱུང་འགྱུར་གྱི་ལོ་ངོའི་ནང་དུ་གང་འབྱུང་མིན་ཐད་ང་ཚོ་སུས་ཀྱང་ཤེས་ཀྱི་མེད། དོགས་སྲུང་བྱ་རའི་འཕྲུལ་ཆས་ཀྱི་ཡར་རྒྱས་ཀྱི་མགྱོགས་ཚད་ནི་ཧོན་ཐོར་དགོས་པ་ལྟ་བུ་ཡིན་པས་ན་ལོ་ངོ་བཅུ་ཡི་གོང་དུ་ཚན་རིག་གི་རྟོག་བཟོའི་སྒྲུང་ཡིན་པ་ལྟ་བུ་རྣམས་ད་ལྟའི་ཆར་གནས་ཚུལ་རྙིང་པར་གྱུར་ཟིན་ཡོད། བསམ་གཞིགས་ཀྱི་ཚོད་ལྟ་ཙམ་གྱི་ཆེད་དུ་རྣམ་རྟོག་གིས་བཟོས་པའི་རྒྱལ་ཁབ་ཅིག་གིས་མི་སེར་ཐམས་ཅད་ལ་ཉིན་གཅིག་གི་ཆུ་ཚོད་ཉེར་བཞིའི་རིང་དུ་གཟུགས་པོའི་དྲོད་ཚད་དང་སྙིང་གི་འཕར་ཚད་བཅས་གང་འདྲ་ཡིན་པ་རྟོགས་ཐབས་སུ་སྐྱེ་ལྡན་ཚོད་རྩིས་ཀྱི་གདུབ་བུ་ཞིག་གྱོན་དགོས་པའི་བཀའ་ཁྱབ་བསྒྲགས་ཏེ། གྲུབ་འབྲས་ཀྱི་གནས་བསྡུས་རྣམས་བསགས་ཏེ་སྲིད་གཞུང་གི་ཚན་རྩལ་སྟངས་འཛིན་གྱིས་བརྟགས་དཔྱད་བྱེད་པ་ན། ཁྱོད་ཀྱིས་མ་ཤེས་པའི་གོང་ནས་སྲིད་གཞུང་གི་ཚན་རྩལ་སྟངས་འཛིན་གྱིས་ཁྱོད་རང་ལ་ན་ཚ་ཡོད་པ་ཤེས་ཟིན་ཅིང་། དེ་དང་མཉམ་དུ་ཁོ་ཚོས་ཁྱོད་རང་གང་དུ་སོང་བ་དང་། སུ་དང་འཕྲད་པ་ཡང་ཤེས་ཐུབ། ནད་འགོས་པའི་འབྲེལ་བ་ཤུགས་ཆེན་པོས་ཆུང་དུ་གཏོང་ཐུབ་ཅིང་། དེ་དང་མཉམ་དུ་གཅོད་ཐུབ་ཀྱང་སྲིད། མ་ལག་དེ་འདྲས་ཉིན་ཤས་ཀྱི་ནང་དུ་ནད་ཡམས་འགོག་ནུས་པར་ཕལ་ཆེར་རྩོད་པ་དེ་ཙམ་མེད། གོ་ཚོད་ལ་གང་འདྲ་འདུག ཡག་པོ་འདུག་གམ།

ཡིན་དང་ཡིན། དེའི་སྐྱོན་ཆ་ནི་འདི་ལ་བརྟེན་ནས་དོགས་སྲུང་བྱ་རའི་མ་ལག་འཇིགས་སུ་རུང་བ་ཞིག་ལ་ཁྲིམས་དབང་སྤྲོད་པ་དེ་རེད། དཔེར་ན་ངས་ CNN སི་ཨེན་ཨེན་གྱི་གསར་འགྱུར་གྱི་འབྲེལ་ཐག་ཞིག་ལས་ཀྱང་ Fox News ཧྤོཀ་སིའི་གསར་འགྱུར་གྱི་འབྲེལ་ཐག་ཅིག་ལ་མཛུབ་སྣོན་བྱས་པ་ཁྱོད་ཀྱིས་ཤེས་ན་ཁྱོད་ཀྱིས་དེ་ལ་བརྟེན་ནས་ང་ཡི་ཆབ་སྲིད་ཀྱི་ལྟ་གྲུབ་དང་། ཕལ་ཆེར་ང་ཡི་གཤིས་སྤྱོད་ཀྱང་རྟོགས་ཐུབ་སྲིད། འོན་ཀྱང་གལ་སྲིད་ངས་བརྙན་ཐུང་དེར་ལྟ་སྐབས་ཁྱོད་ཀྱིས་ང་ཡི་གཟུགས་པོའི་དྲོད་ཚད་དང་། ཁྲག་ཤེད། སྙིང་གི་འཕར་ཚད་བཅས་ལ་ཡང་ལྟ་སྲུང་བྱེད་ཐུབ་ན། ཁྱོད་ཀྱིས་གང་གིས་ང་ལ་གད་མོ་སློང་བ་དང་། གང་གིས་ང་ངུ་རུ་བཅུག་པ། གང་ཞིག་གིས་ང་ཁོང་ཁྲོ་ཧ་ཅང་ཤུགས་ཆེན་པོ་སློང་བ་བཅས་ཀྱང་རྟོགས་ཐུབ།

ཤེས་དགོས་པ་གལ་ཆེན་ཞིག་ལ་ཚ་བ་དང་ཆམ་པ་སོགས་སྐྱེ་དངོས་ཀྱི་ཆོས་ཡིན་པ་བཞིན་དུ་ཁོང་ཁྲོ་དང་། དགའ་བ། ཉོབ་སྣང་། བརྩེ་བ་བཅས་ཀྱང་དེ་བཞིན་རེད། ཆམ་པ་ངོས་འཛིན་ཐུབ་པའི་འཕྲུལ་ཆས་དེ་རང་གིས་གད་མོ་ཡང་ངོས་འཛིན་ཐུབ། གལ་ཏེ་ལྷན་ཚོགས་སྒྲིག་འཛུགས་དང་སྲིད་གཞུང་ཁག་གིས་ང་ཚོའི་ biometric སྐྱེ་ལྡན་རྩིས་སྡོམ་གྱི་ data གནས་བསྡུས་རེའུ་མིག་རྣམས་སྟབས་གཅིག་ཏུ་ཕྱོགས་བསྡུ་བྱེད་ཐུབ་ན། ང་ཚོ་རང་ཉིད་ཀྱིས་རང་ཉིད་ལས་ཀྱང་ཁོ་ཚོ་ང་ཚོའི་སྐོར་ལ་རྒྱུས་མངའ་ཆེ་ཞིང་། དེ་ལྟར་ན་ཁོ་ཚོས་ང་རང་ཚོའི་ཚོར་བ་སྔོན་དཔགས་ཐུབ་པ་ཙམ་མིན་པར་ང་ཚོའི་ཚོར་བ་ལ་བཅོས་སྒྱུར་གཏོང་ཐུབ་ཅིང་། ཐོན་རྫས་དང་ཆབ་སྲིད་པ་ལྟ་བུ་ཁོ་ཚོས་གང་འདོད་ཀྱང་ང་ཚོར་འཚོང་ཐུབ། སྐྱེ་ལྡན་རྩིས་སྡོམ་གྱི་ལྟ་སྲུང་གིས་Cambrdige Analytica ཀེམ་རྦི་རི་རྗི་་ཨེ་ན་ལི་ཏི་ཀས་གནས་བསྡུ་རྐུ་འཕྲོག་བྱས་པའི་ཐབས་ཇུས་༼ངོ་དེབ་སོགས་ནས་ཆབ་སྲིད་ཀྱི་དོན་དུ་མི་སེར་གྱི་སྒེར་གྱི་གནས་ཚུལ་ལེན་པ་སྟེ་༢༠༡༨ ལོ་ཡས་མས་བྱུང་བའི་དོན་རྐྱེན་ཞིག་ སྒྱུར་བ་པོའི་མཆན་༽ནི་རྡོ་ཆས་དུས་རབས་སྐབས་ཀྱི་ཡིན་པ་མཐོང་དུ་བཅུག་ཐུབ། འདི་འདྲ་ཞིག་སོམས་དང་། ༢༠༣༠ ལོར་བྱང་ཀོ་རི་ཡ་ལ་མི་སེར་ཚང་མས་ཉིན་རེའི་ཆུ་ཚོད་ཉེར་བཞིའི་རིང་སྐྱེ་ལྡན་རྩིས་སྡོམ་གྱི་ལག་གདུབ་གྱོན་དགོས་ན། རླབས་ཆེན་གྱི་དབུ་ཁྲིད་མཆོག་གི་གསུང་བཤད་ལ་ཁྱོད་ཀྱིས་ཉན་པ་ན། ཁྱོད་ཀྱིས་ལག་གདུབ་ཀྱིས་ཁྱོད་རང་ཁོང་ཁྲོ་ཟོས་པར་མངོན་པ་དེ་ཚོར་ཐུབ་སོང་ན། ཁྱོད་ནི་ཚར་ཚར་བ་རེད།

ཁྱོད་ཀྱིས་སྐྱེ་ལྡན་རྩིས་སྡོམ་གྱི་དོགས་སྲུང་བྱ་ར་ནི་ཛ་དྲག་གི་གནས་སྟངས་སྐབས་སུ་གནས་སྐབས་ཀྱི་ཐབས་ལམ་ཙམ་དུ་བེད་སྤྱོད་གཏོང་ན་ལོས་ཆོག ཛ་དྲག་དེ་རྫོགས་ན་དེ་ཡང་མེད་པར་འགྱུར་འགྲོ་ཞེས་རྩོད་ཆོག འོན་ཀྱང་གནས་སྐབས་ཀྱི་ཐབས་ལམ་རྣམས་ལ་ཛ་དྲག་ལས་ཀྱང་ཡུན་རིང་པོར་གནས་པའི་གོམས་གཤིས་ངན་པ་ཞིག་ཡོད། དེ་ཡང་ཛ་དྲག་གསར་པ་ཞིག་རྟག་ཏུ་འབྱུང་ཆོག་ཆོག་བྱས་ནས་གབ་ཏེ་ཡོད་པས་རེད། དཔེར་ན་ང་ཡི་ཕ་ཡུལ་ Israel ཨི་སི་རིལ་གྱིས་སྤྱི་ལོ་༡༩༤༨ ལོ་ཡི་རང་བཙན་རྩོད་ལེན་གྱི་དམག་འཁྲུག་གི་ཛ་དྲག་གི་གནས་སྟངས་ཤིག་བཀའ་ཁྱབ་བསྒྲགས་པ་ན་དེས་གསར་ཤོག་ཞིབ་གཤེར་དང་། ས་ཆ་འཕྲོག་བཅོམ། ད་དུང་(ངས་ཁྱོད་ལ་རྩེད་མོ་ལབ་པ་མིན)། ཐ་ན་མངར་ཟས་བཟོ་སྟངས་ལ་ཡང་དམིགས་བསལ་གྱི་སྟངས་འཛིན་བྱས་ཡོད། རང་བཙན་རྩོད་ལེན་གྱི་དམག་ལ་རྒྱལ་ཁ་སྔ་མོ་ནས་ཐོབ་ཟིན་པ་རེད། འོན་ཀྱང་ཨི་རི་སིལ་གྱིས་ཛ་དྲག་དེ་ཉིད་རྫོགས་པའི་ཁྱབ་བསྒྲགས་ནམ་ཡང་སྤེལ་མེད་ལ། ༡༩༤༨ ལོའི་ ‘གནས་སྐབས་’ཀྱི་ཐབས་ལམ་མང་པོ་ཞིག་སྤོང་ཐུབ་མེད(ཛ་དྲག་གི་མངར་ཟས་བཟོ་སྟངས་ཀྱི་བཀའ་ཁྲིམས་དེ་ཉིད་སྙིང་རྗེ་ཆེན་པོས་༢༠༡༡ ལོར་གཞི་ནས་མེད་པ་བཟོས་ཡོད།)

ནད་འབུ་འགོ་བ་བརྒྱ་ཆ་ཀླད་ཀོར་ལ་མར་ཟག་པའི་སྐབས་སུ་ཡང་། གནས་བསྡུས་ལ་ལྟོགས་རྔམ་བྱེད་པའི་སྲིད་གཞུང་འགའ་ཤས་ཀྱིས་སྐྱེ་ལྡན་རྩིས་སྡོམ་དོགས་སྲུང་བྱ་ར་ནི་མུ་མཐུད་རང་སོར་འཇོག་དགོས་ཞེས་རྩོད་པ་བྱེད་སྲིད་པ་ཡང་ཏོག་དབྱིབས་ནད་འབུའི་རླབས་གཉིས་པ་ཞིག་འབྱུང་བའི་ཞེད་སྣང་ཡོད་པའམ། ཡང་ན་དབུས་ཨ་ཧྥི་རི་ཀར་ Ebola ཨེ་རྦོ་ལའི་རིགས་གསར་པ་ཞིག་འཕེལ་བཞིན་ཡོད་པ། ཡང་ན་་་གང་ལྟར་ཁྱོད་ཀྱིས་ཧ་གོ། ཉེ་བའི་ལོ་འདི་དག་གི་ནང་དུ་འཐབ་འཛིང་ཆེན་པོ་བྱེད་ས་གཙོ་བོ་ནི་སྒེར་གསང་རེད། ཏོག་དབྱིབས་ནད་འབུའི་གཉན་འཕྲང་ནི་འཐབ་འཛིང་དེའི་འགྱུར་ལྡོག་གི་ས་མཚམས་སྐྱེན་ཤོས་སུ་འགྱུར་སྲིད་པ་སྟེ། མི་རྣམས་ལ་སྒེར་གསང་དང་འཕྲོད་བསྟེན་གཉིས་ཀྱི་ནང་ནས་གདམ་ག་བྱེད་དུ་བཅུག་དུས་ཁོ་ཚོས་ནམ་རྒྱུན་འཕྲོད་བསྟེན་འདེམ་གྱི་ཡོད་པ་རེད།

The soap police

འདག་རྫས་ཀྱི་ཉེན་རྟོག་པ།

དོན་དངོས་སུ་མི་རྣམས་ལ་སྒེར་གསང་དང་འཕྲོད་བསྟེན་གྱི་བར་དུ་གདམ་ག་བྱེད་དུ་བཅུག་པ་ནི་དཀའ་ངལ་གྱི་རྩ་བ་དངོས་རེད། རྒྱུ་མཚན་གདམ་ག་དེ་ནི་ནོར་བ་རེད། ང་ཚོས་སྒེར་གསང་དང་འཕྲོད་བསྟེན་གཉིས་ཀ་ལོངས་སྤྱོད་ཆོག་ལ་སྤྱོད་ཀྱང་དགོས། ང་ཚོས་ང་རང་ཚོའི་འཕྲོད་བསྟེན་སྲུང་སྐྱོབ་བྱས་པ་དང་འབྲེལ་ཏོག་དབྱིབས་ནད་འབུའི་ནད་ཡམས་ནི་བཙན་དབང་སྲིད་གཞུང་གི་དོགས་སྲུང་བྱ་རའི་སྲིད་ལུགས་འཛུགས་པའི་སྒོ་ནས་མ་ཡིན་པར་མི་སེར་གྱི་ནུས་པ་གོང་འཕེལ་གཏོང་བའི་སྒོ་ནས་འགོག་དགོས། ཉེ་བའི་གཟའ་འཁོར་གྱི་ནང་དུ་ཏོག་དབྱིབས་ནད་འབུའི་ནད་ཡམས་ཚད་བཀག་བྱེད་པ་ལ་ལག་བསྟར་ལམ་ལྷོང་ཆེ་ཤོས་བྱེད་མཁན་ནི་ལྷོ་ཀོ་རི་ཡ། ཐེ་ཝན། སིན་གྷ་པོར་བཅས་རེད། ཡུལ་གྲུ་འདི་དག་གིས་རྗེས་འདེད་གཏོང་བར་མཉེན་ཆས་ཁ་ཤས་བེད་སྤྱད་ཡོད་ན་ཡང་། ཁོ་ཚོས་དེ་ལས་ཀྱང་ལྷག་པར་གཞི་རྒྱ་ཆེ་བའི་བརྟགས་དཔྱད་དང་། དྲང་པོ་དྲང་གཞག་གི་སྙན་སེང་། ད་དུང་གནས་ཚུལ་གོ་རྟོགས་ཡག་པོ་ཡོད་པའི་མི་དམངས་རྣམས་ཀྱི་མཉམ་འབྲེལ་གྱི་འདོད་མོས་ལ་གཙོ་བོ་བརྟེན་ཡོད།

དབུས་གཞུང་གི་ལྟ་སྲུང་དང་། ཉེས་ཆད་དྲག་པོ་བཅས་ནི་ཕན་ཐོགས་ཡོད་པའི་ཐབས་ཇུས་ལ་མི་རྣམས་འཇུག་པར་བྱེད་པའི་ཐབས་ལམ་གཅིག་པུ་དེ་མ་རེད། ནམ་ཞིག་མི་རྣམས་ལ་ཚན་རིག་རང་བཞིན་གྱི་དངོས་པོའི་གནས་ཚུལ་བཤད་པ་དང་། མི་རྣམས་ཀྱིས་མི་དམངས་ཀྱི་དབང་འཛིན་པ་རྣམས་ལ་དངོས་པོའི་གནས་ཚུལ་དེ་དག་བཤད་པའི་ཡིད་ཆེས་ཡོད་ན། མི་སེར་རྣམས་ལ་ཅོ་ཅོ་རྒན་པས་དེ་དག་གི་དཔུང་པའི་ཐོག་ནས་ལྟ་བཞིན་མེད་ན་ཡང་དེ་དག་གིས་འགྲིག་པའི་བྱ་བ་བྱེད་ནུས། དེ་ཡང་རང་ངོས་ནས་འདོད་པ་ཡོད་པ་དང་། གནས་ཚུལ་གོ་རྟོགས་ཡག་པོ་ཡོད་པའི་མི་འབོར་ནི་ནམ་རྒྱུན་ཉེན་རྟོག་གིས་བསྲུངས་ཤིང་བླུན་རྨོངས་ཡིན་པའི་མི་འབོར་ལས་ཀྱང་ནུས་པ་དང་འཇོན་ཐང་ཆེ་བ་ཡོད།

དཔེར་ན་ཁྱོད་ཀྱིས་རང་ཉིད་ཀྱི་ལག་པ་འདག་རྫས་བེད་སྤྱད་ནས་བཀྲུ་བ་ལ་བསམ་བློ་ཐོངས་དང་། འདི་ནི་ང་ཚོ་འགྲོ་བ་མི་ཡི་གཙང་སྦྲའི་ཆ་ནས་ཡར་ཐོན་རླབས་ཆེ་ཤོས་དེ་རེད། ལས་ཀ་སྟབས་བདེ་འདི་ཉིད་ཀྱིས་ལོ་རེ་ལ་ཚེ་སྲོག་ས་ཡ་མང་པོ་སྐྱོབ་ཐུབ། ང་ཚོས་དེ་ཉིད་ཡིན་ཤག་ཤག་བྱེད་ན་ཡང་། ཚན་རིག་པ་རྣམས་ཀྱིས་དུས་རབས་བཅུ་དགུ་པའི་ནང་དུ་གཞི་ནས་འདག་རྫས་བེད་སྤྱད་ནས་ལག་པ་བཀྲུ་བ་གལ་ཆེ་ཚུལ་ཤེས་རྟོགས་བྱུང་ཡོད། དེའི་སྔོན་དུ་སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་བཤགས་བཅོས་གཅིག་བྱས་རྗེས་ལག་པ་མ་བཀྲུས་པར་བཤག་བཅོས་རྗེས་མ་བྱེད་སྲོལ་ཡོད། ད་ལྟའི་ཆར་མི་གྲངས་ཐེར་འབུམ་ཙམ་གྱིས་ཉིན་ལྟར་ལག་པ་འཁྲུ་ཡི་ཡོད་ལ། དེ་ནི་ཁོ་ཚོ་འདག་རྫས་ཀྱི་ཉེན་རྟོག་པ་ལ་སྐྲགས་ནས་མ་ཡིན་པར་ཁོ་ཚོས་དངོས་པོའི་གནས་ཚུལ་ཤེས་པས་རེད། ངས་ཀྱང་འདག་རྫས་བེད་སྤྱད་ནས་ལག་པ་འཁྲུ་ཡི་ཡོད་ཅིང་། དེ་ནི་ངས་དུག་འབུ་དང་འབྲུ་སྲིན་གྱི་སྐོར་ཐོས་མྱོང་བ་དང་། སྐྱེ་ལྡན་གྱི་དངོས་པོ་ཕྲ་མོ་འདི་དག་གིས་ན་ཚ་བཟོ་བ་ངས་ཧ་གོ་ཡི་ཡོད་ལ། འདག་རྫས་ཀྱིས་དེ་དག་སེལ་བ་ངས་ཤེས་ཀྱི་ཡོད་པས་ཡིན།

འོན་ཀྱང་སྒྲིག་ཁྲིམས་བརྩི་སྲུང་དང་མཉམ་འབྲེལ་གྱི་ཚད་གཞི་དེ་ཙམ་ལོན་པར་ཁྱོད་ལ་ཡིད་ཆེས་དགོས། མི་རྣམས་ཀྱིས་ཚན་རིག་ལ་ཡིད་ཆེས་དགོས་ཤིང་། མི་དམངས་ཀྱི་དབང་འཛིན་པ་རྣམས་ལ་ཡིད་ཆེས་དགོས། དེ་བཞིན་མི་ཌི་ཡ་(དྲ་ལམ་དང་ཚགས་པར་སོགས་ཐུན་མོང་ལ་གོ་ སྒྱུར་བ་པོའི་མཆན་)ལ་ཡིད་ཆེས་དགོས། འདས་པའི་ལོ་ཤས་ཀྱི་ནང་དུ་འགན་མ་ཁུར་བའི་ཆབ་སྲིད་པ་ཁ་ཤས་ཀྱིས་རྐང་བཙུགས་ནས་ཚན་རིག་དང་། མི་དམངས་ཀྱི་དབང་འཛིན། མི་ཌི་ཡ་བཅས་ལ་ཡིད་ཆེས་ཆུང་དུ་བཏང་ཡོད། ད་ནི་འགན་མི་ཁུར་བའི་ཆབ་སྲིད་པ་དེ་དག་རང་གིས་མི་དམངས་ཀྱིས་འགྲིག་པའི་བྱ་བ་བྱེད་པའི་རེ་བ་མེད་ཅེས་བཤད་ནས་དབང་གཙོ་སྨྲ་བའི་རིང་ལུགས་ཀྱི་ལམ་ལ་ཐད་ཀར་འགྲོ་བར་རྔམས་སྲིད།

སྤྱིར་བཏང་ཡིན་ན་ལོ་ངོ་མང་པོར་ཉམས་བཅུག་པའི་ཡིད་ཆེས་ནི་དགོང་མོ་རེ་ཙམ་ལ་བསྐྱར་གསོ་མི་ཐུབ་ཀྱང་། འདི་དག་ནི་སྤྱིར་བཏང་གི་དུས་ཚོད་མ་རེད། གཉན་འཕྲང་གི་དུས་སུ་སེམས་ཀྱང་དེ་མ་ཐག་ཏུ་འགྱུར་སྲིད། ཁྱོད་ཀྱིས་རང་གི་གཉེན་ཚན་དང་ལྷན་དུ་ལོ་ངོ་མང་པོར་རྩོད་པ་དྲག་པོ་བྱས་ན་ཡང་། ཛ་དྲག་ཅིག་བྱུང་བ་ན་ཁྱོད་ཀྱིས་གློ་བུར་དུ་ཡིད་ཆེས་དང་མཛའ་མཐུན་གྱི་ཐོན་ཁུངས་ཤིག་སྦས་པའི་ཚུལ་དུ་ཡོད་པ་རྙེད་ནས། ཕན་ཚུན་རོགས་རམ་བྱེད་པར་བྲེལ་རྒྱུགས་བྱ་ངེས། དེས་ན་དོགས་སྲུང་བྱ་རའི་སྲིད་ལུགས་འཛུགས་སྐྲུན་བྱེད་པའི་ཚབ་ལ་མི་རྣམས་ཀྱིས་ཚན་རིག་དང་། མི་དམངས་ཀྱི་དབང་འཛིན། མི་ཌི་ཡ་བཅས་ལ་ཡོད་པའི་ཡིད་ཆེས་བསྐྱར་གསོ་བྱེད་པར་ད་དུང་འཕྱིས་མེད། ང་ཚོས་འཕྲུལ་ཆས་གསར་པ་འདི་དག་བེད་སྤྱོད་ལོས་གཏོང་སྟེ། འཕྲུལ་ཆས་འདི་དག་གིས་མི་སེར་གྱི་དབང་ཤུགས་ཆེ་རུ་གཏོང་དགོས། ངས་ང་རང་གི་གཟུགས་པོའི་ཚ་དྲོད་དང་། ཁྲག་ཤེད་བཅས་བརྟགས་དཔྱད་གཏོང་བར་མོས་མཐུན་ཡོད་ཀྱང་། གནས་བསྡུས་དེ་ཉིད་དབང་ཤུགས་ཀུན་ཆེའི་སྲིད་གཞུང་བཟོ་བར་བེད་སྤྱོད་བྱས་ན་མི་འགྲིག དེ་ལས་ཀྱང་གནས་བསྡུས་དེ་ཉིད་ཀྱིས་ང་རང་སྒེར་ལ་གོ་རྟོགས་ཡོད་པའི་སྒེར་གྱི་གདམ་ག་བྱེད་པ་དང་། སྲིད་གཞུང་ལ་ཡང་ཁག་ཡོད་པའི་ཐག་གཅོད་བྱེད་པར་ཕན་ཐོགས་ཡོང་བ་བྱ་དགོས།

གལ་སྲིད་ངས་ང་རང་གི་ཉིན་རེའི་ཆུ་ཚོད་ཉེར་བཞིའི་རིང་གི་སྨན་བཅོས་ཀྱི་གནས་བབ་ལྟ་སྲུང་ཐུབ་ན་ངས་ང་རང་མི་གཞན་དག་གི་འཕྲོད་བསྟེན་ལ་གནོད་ཉེན་ཅན་བྱུང་འདུག་གམ་མི་འདུག་ཤེས་ཀྱི་རེད་ལ། གོམས་གཤིས་གང་དེ་ང་རང་གི་འཕྲོད་བསྟེན་ལ་ཕན་པ་འདུག་མིན་ཡང་ཤེས་ཀྱི་རེད། དེ་བཞིན་ངས་གལ་སྲིད་ཏོག་དབྱིབས་ནད་འབུ་ཁྱབ་བརྡལ་འགྲོ་བཞིན་པའི་ཚད་གཞི་ཡིད་རྟོན་རུང་བ་ཞིག་ལ་གོ་རྟོགས་ལེན་ཆོག་ཅིང་བརྟགས་དཔྱད་བྱ་ཆོག་ན། ངས་སྲིད་གཞུང་གིས་ང་ལ་སྐད་ཆ་བདེན་པ་བཤད་ཀྱི་ཡོད་མེད་དང་། ནད་ཡམས་དེ་ལ་གདོང་ལེན་བྱེད་པར་སྲིད་ཇུས་ཡག་པོ་ལག་བསྟར་བྱེད་ཀྱི་ཡོད་མེད་ཀྱང་ཤེས་ཐུབ། མི་རྣམས་ཀྱིས་དོགས་སྲུང་བྱ་རའི་སྐོར་ལ་ནམ་གླེང་སློང་བྱེད་པ་ན།བརྗེད་མི་རུང་བ་ཞིག་ལ་དོགས་སྲུང་བྱ་རའི་འཕྲུལ་ཆས་གཅིག་མཚུངས་ཡིན་ཀྱང་ནམ་རྒྱུན་དེ་ཉིད་སྲིད་གཞུང་གིས་མི་སྒེར་པར་ལྟ་སྲུང་བྱེད་པར་བེད་སྤྱོད་གཏོང་ཆོག་པ་ཙམ་མིན་པར་མི་སྒེར་པས་སྲིད་གཞུང་ལ་ལྟ་སྲུང་བྱེད་པར་བེད་སྤྱོད་ཆོག་པ་ཞིག་ཀྱང་རེད།

དེ་འདྲ་ཡིན་པས་ཏོག་དབྱིབས་ནད་འབུའི་ནད་ཡམས་ནི་མི་སེར་རང་བཞིན་ལ་ཚོད་ལྟ་ཆེན་པོ་ཞིག་རེད། འབྱུང་འགྱུར་གྱི་ཉི་མའི་ནང་དུ་ང་ཚོ་མི་རེ་ངོ་རེ་ནས་གཞི་མེད་ཀྱི་ལྐོག་ཇུས་ལྟ་གྲུབ་དང་སྒེར་དོན་སྒྲུབ་པའི་ཆབ་སྲིད་པ་རྣམས་ལས་ཀྱང་ཚན་རིག་གི་གནས་བསྡུས་དང་། འཕྲོད་བསྟེན་ལྟ་སྐྱོང་མཁས་པ་ལ་ཡིད་ཆེས་བྱེད་པར་འདེམས་ཀ་བྱ་དགོས། གལ་སྲིད་ང་ཚོས་འདམ་ག་ནོར་ན་ང་ཚོས་རང་ཉིད་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ནི་འདི་ཁོ་ན་རེད་སྙམ་པས་ང་ཚོ་རང་ཉིད་ཀྱི་རང་དབང་རྩ་ཆེ་ཤོས་རྣམས་ལ་བདག་དབང་མེད་པའི་མིང་རྟགས་འགོད་ཀྱིན་ཡོད་སྲིད།

We need a global plan

ང་ཚོ་ལ་གོ་ལའི་རང་བཞིན་གྱི་འཆར་གཞི་དགོས།

ང་ཚོས་གདོང་གཏུག་དགོས་པའི་གལ་ཆེའི་འདམ་ག་གཉིས་པ་ནི་རྒྱལ་ཞེན་གྱི་ཁེར་རྐྱང་དང་གོ་ལའི་ཆིག་སྒྲིལ་གཉིས་ཀྱི་བར་དུ་རེད། ནད་ཡམས་དང་དེ་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་གྱི་གཉན་འཕྲང་གཉིས་ཀ་གོ་ལའི་དཀའ་ངལ་ཡིན་པ་རེད། དེ་དག་ནི་གོ་ལའི་མཉམ་ལས་ཁོ་ནའི་ནུས་པ་ལས་སེལ་ཐུབ། དང་པོ་དང་གལ་ཆེ་ཤོས་ནི་ནད་འབུ་ཚར་གཅོད་པ་ལ་ང་ཚོས་གནས་ཚུལ་རྣམས་གོ་ལ་ཧྲིལ་པོར་བརྒྱུད་སྤྲོད་བྱ་དགོས། དེ་ནི་ནད་འབུ་ལ་མེད་ཅིང་མི་རྣམས་ལ་ཡོད་པའི་ཁེ་བཟང་ཆེན་པོ་ཞིག་རེད། རྒྱ་ནག་ལ་ཡོད་པའི་ཏོག་དབྱིབས་ནད་འབུ་དང་། US ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལ་ཡོད་པའི་ནད་འབུ་གཉིས་པོས་མི་རྣམས་ལ་ན་ཚ་ཇི་ལྟར་བྱས་ནས་ཕོག་བཅུག་ཐབས་ཀྱི་ཐབས་ལམ་བརྗེ་སྤྲོད་བྱེད་མི་ཐུབ། འོན་ཀྱང་རྒྱ་ནག་གིས་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ལ་ཏོག་དབྱིབས་ནད་འབུའི་སྐོར་ལ་རྩ་ཆེའི་བསླབ་བྱ་མང་པོ་སྤྲོད་རྒྱུ་ཡོད་ཅིང་དེ་ལ་གང་བྱ་དགོས་མིན་ཐད་སློབ་སྟོན་བྱ་ཆོག ཞོགས་པ་སྔ་མོར་ Italy དབྱི་ཊ་ལིའི་སྨན་པ་ཞིག་གིས་ Milan མི་ལན་ནས་གང་ཞིག་ཤེས་རྟོགས་བྱུང་བ་དེས་དགོང་མོ་ Tehran ཏེཧ་རན་ (ཨི་རན་གྱི་རྒྱལ་ས་སྒྱུར་བ་པོའི་མཆན) གྱི་མི་མང་པོའི་ཚེ་སྲོག་སྐྱོབ་ཐུབ་སྲིད། UK མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་ཇུས་མི་འདྲ་བ་ཁ་ཤས་ལས་གང་ཤིག་ལག་བསྟར་བྱ་དགོས་མིན་ཐད་ཐེ་ཚོམ་གྱི་ངང་དུ་ཡོད་པ་ན་ཟླ་བ་གཅིག་གི་གོང་དུ་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་གཅིག་མཚུངས་འཕྲད་མྱོང་བའི་ཀོ་རི་ཡ་ནས་སློབ་སྟོན་ལེན་ཆོག འོན་ཀྱང་དེ་འདྲ་ཡོང་བར་ང་ཚོ་ལ་གོ་ལའི་རང་བཞིན་གྱི་མཉམ་ལས་དང་ཡིད་ཆེས་ཀྱི་བླ་སྲོག་དགོས།

ཡུལ་གྲུ་ཁག་གིས་ཕན་ཚུན་མངོན་གསལ་དོད་པོས་གནས་ཚུལ་བརྒྱུད་སྤྲོད་བྱེད་པ་དང་། ཁེངས་སྐྱུངས་དང་ལྡན་པའི་ཐོག་ནས་སློབ་སྟོན་ཞུ་བར་འདོད་པ་དགོས་ལ། ཁོ་ཚོས་གང་ཐོབ་པའི་གནས་བསྡུས་དང་གོ་རྟོགས་ལ་ཡིད་ཆེས་ཐུབ་པ་དགོས། དེ་བཞིན་དུ་ང་ཚོས་གོ་ལའི་རང་བཞིན་གྱི་འབད་རྩོལ་ཡང་བྱ་དགོས་པ་སྟེ། སྨན་བཅོས་ཀྱི་ཡོ་ཆས་ཏེ། གལ་ཆེ་ཤོས་བརྟགས་དཔྱད་བྱ་བྱེད་དང་དབུགས་གཏོང་ལེན་གྱི་འཕྲུལ་ཆས་སོགས་བཟོ་སྐྲུན་དང་མཁོ་འདོན་བྱ་དགོས། ལུང་པ་ཚང་མས་དེ་ཉིད་ས་གནས་རང་ལ་སྒྲུབ་ཐབས་དང་། ཡོ་ཆས་གང་རྙེད་གསོག་ཐབས་བྱེད་པ་ལས་ཀྱང་གོ་ལའི་རང་བཞིན་གྱི་མཉམ་ལས་འབད་བརྩོན་བྱས་ན་བཟོ་སྐྲུན་མགྱོགས་པོ་བྱེད་ཐུབ་ཅིང་། ཚེ་སྲོག་སྐྱོབ་པའི་ཡོ་ཆས་རྣམས་མཁོ་སྤྲོད་འོས་ཤིང་འཚམས་པ་བྱེད་ཐུབ། ཡུལ་གྲུ་ཁག་གིས་དམག་འཁྲུག་གི་སྐབས་སུ་བཟོ་ལས་གལ་ཆེན་རྣམས་རྒྱལ་ཁབ་ཀྱི་ཡིན་པར་བཟོ་བ་བཞིན་དུ་འགྲོ་བ་མི་དང་ཏོག་དབྱིབས་ནད་འབུའི་དམག་འཁྲུག་ལ་ཐུག་པ་ན་ང་ཚོས་ཐོན་བསྐྱེད་ཀྱི་རིགས་ཚན་གལ་ཆེན་ཁ་ཤས་ ‘འགྲོ་བ་མི་ཡི་ཡིན་པར་’ བཟོ་དགོས་སྲིད། ཏོག་དབྱིབས་ནད་འབུའི་གནས་ཚུལ་ཉུང་ཤས་ལས་མེད་པའི་ཡུལ་གྲུ་འབྱོར་ལྡན་དག་གིས་གལ་སྲིད་དམ་ནམ་ཞིག་རང་ཉིད་ལ་རོགས་རམ་དགོས་ན་ཡུལ་གྲུ་གཞན་དག་གིས་རོགས་རམ་བྱེད་དུ་ཡོང་བའི་ཡིད་ཆེས་ཀྱིས་རང་ཉིད་ཀྱི་རྩ་ཆེའི་ཡོ་ཆས་རྣམས་འབྱོར་པ་སྐྱོ་ལ་ནད་པའི་གནས་ཚུལ་མང་ཙམ་ཡོད་པ་ལ་གཏོང་འདོད་ཡོད་པ་དགོས།

དེ་བཞིན་ང་ཚོས་སྨན་བཅོས་ཀྱི་ལས་བྱེད་མཉམ་འདོན་བྱེད་པ་ལ་ཡང་གོ་ལའི་རང་བཞིན་གྱི་འབད་རྩོལ་དེ་འདྲ་བྱེད་པར་བསམ་བློ་གཏོང་དགོས་པ་འདྲ། ད་ལྟའི་དུས་སུ་སྐྱོན་དེ་ཙམ་མ་ཕོག་པའི་ཡུལ་གྲུ་ཁག་གིས་དགོས་པའི་དུས་སུ་རོགས་རམ་བྱེད་པ་དང་འབྲེལ་གལ་ཆེའི་ཉམས་མྱོང་གསོག་ཐུབ་པ་བཅས་ཀྱི་ཆེད་དུ་སྨན་བཅོས་ཀྱི་ལས་མི་རྣམས་སྐྱོན་ཆེ་ཤོས་ཕོག་པའི་འཛམ་གླིང་གི་ས་གནས་ཁག་ཏུ་བཏང་ན་བཟང་། རྗེས་སོར་ནད་ཡམས་ཀྱི་ཁ་ཕྱོགས་འགྱུར་ན་རོགས་རམ་གྱི་ཁ་ཕྱོགས་ཀྱང་ལྡོག་ནས་ཚུར་འབབ་མགོ་ཚུགས་ཡོང་།

གོ་ལའི་མཉམ་ལས་ནི་དཔལ་འབྱོར་གྱི་གནད་དོན་ལ་ཆ་མཚོན་ན་ཡང་གནད་འགག་ཆེ་བའི་དགོས་མཁོ་ཞིག་རེད། དཔལ་འབྱོར་དང་མཁོ་འདོན་གྱི་འབྲེལ་ཐག་བཅས་ཀྱི་གོ་ལའི་རང་བཞིན་ལ་བསམས་ན་སྲིད་གཞུང་ཚང་མས་རང་རང་གི་ལས་ཀ་བྱས་ཏེ་ཕ་རོལ་པོ་ལ་རྩ་བ་ནས་བསམ་བློ་མ་བཏང་ཚེ་དེའི་འབྲས་བུ་ནི་ཟིང་ཆ་དང་གཉན་འཕྲང་ཆེ་རུ་འགྲོ་བ་ཉིད་རེད། དེས་ན་ང་ཚོར་གོ་ལའི་ལག་བསྟར་གྱི་འཆར་གཞི་དགོས་ལ་ང་ཚོ་ལ་དེ་མགྱོགས་པོ་དགོས།

ད་དུང་དགོས་པ་ཞིག་ནི་འགྲིམས་འགྲུལ་གྱི་ཐད་ལ་གོ་ལའི་མོས་མཐུན་དགོས་པ་དེ་རེད། ཟླ་བ་ནས་ཟླ་བ་བྱས་ཏེ་རྒྱལ་སྤྱིའི་འགྲིམས་འགྲུལ་ཡོངས་རྫོགས་འགོག་པ་དེས་དཀའ་ངལ་ཚད་མེད་པ་བཟོ་ཞིང་། དེས་ཏོག་དབྱིབས་ནད་འབུ་ལ་རྒྱག་བཞིན་པའི་དམག་འཐབ་ལ་འགོག་རྐྱེན་བཟོ། ཡུལ་གྲུ་ཁག་གིས་མ་མཐར་ཡང་གལ་གནད་ཆེ་བའི་འགྲིམས་འགྲུལ་བ་ཉུང་ཤས་ཤིག་ཕན་ཚུན་རྒྱུ་འགྲུལ་བྱ་བཅུག་དགོས། དེ་དག་ནི་ཚན་རིག་པ་དང་། སྨན་པ། གསར་འགོད་པ། ཆབ་སྲིད་པ། ཚོང་ལས་པ་རྣམས་རེད། དེ་ནི་འགྲིམས་འགྲུལ་བ་དེ་དག་ལ་རང་རང་གི་ཕ་ཡུལ་ནས་སྔོན་ཚུད་ནས་ན་ཚ་བརྟགས་དཔྱད་བྱེད་པའི་སྒོ་ནས་གོ་ལའི་མོས་མཐུན་ཡོང་ཐུབ། གལ་སྲིད་ཁྱོད་ཀྱིས་ན་ཚ་བརྟགས་དཔྱད་གཟབ་ནན་གྱིས་བྱས་པ་རྣམས་ཁོ་ན་གནམ་གྲུའི་ཐོག་ཏུ་ཡོང་ཆོག་པ་དེ་ཤེས་ན་ཁྱོད་ཀྱིས་དེ་དག་རང་ཉིད་ཀྱི་རྒྱལ་ཁབ་ལ་ངོས་ལེན་བྱེད་པའི་མོས་པ་ཆེ་རུ་འགྲོ།

སྟབས་མ་ལེགས་པར་ད་ལྟའི་ཆར་ཡུལ་གྲུ་གང་གིས་ཀྱང་དེ་ཚོ་ཕལ་ཆེར་གང་ཡང་བྱེད་ཀྱི་མེད། ཐུན་མོང་གི་གཟའ་གྲིབ་གཅིག་གིས་རྒྱལ་སྤྱིའི་མང་ཚོགས་རྣམས་ཟིན་སོང་ཡོད། ཁང་པའི་ནང་དུ་མི་ནར་སོན་སུ་ཡང་མེད་པ་འདྲ། སྤྱིར་བཏང་བྱས་ན་གཟའ་འཁོར་ཁ་ཤས་ཀྱི་གོང་དུ་གོ་ལའི་དབུ་ཁྲིད་རྣམས་ཀྱིས་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་གང་བྱེད་མིན་ཐད་ཐུན་མོང་གི་འཆར་གཞི་འདོན་དགོས་པ་འདྲ་ན་ཡང་། G7 རྒྱལ་ཁབ་བདུན་གྱི་ཚོགས་པའི་དཔོན་པོ་རྣམས་ཀྱིས་བརྙན་དཔར་གྱི་ཚོགས་འདུ་ཞིག་ཚོགས་ཐུབ་པ་བྱུང་ཡོད་ཀྱང་དེ་ལ་བརྟེན་ནས་འཆར་གཞི་དེ་འདྲ་གང་ཡང་བྱུང་མེད།

གོ་ལའི་གཉན་འཕྲང་སྔོན་མ་རྣམས་ཀྱི་སྐབས་ཏེ། དཔེར་ན་སྤྱི་ལོ་༢༠༠༨ ལོ་ཡི་དཔལ་འབྱོར་གཉན་འཕྲང་དང་། ༢༠༡༤ ལོ་ཡི་ཨེ་རྦོ་ལའི་ནད་ཡམས་བཅས་ཀྱི་སྐབས་སུ་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱིས་གོ་ལའི་དབུ་ཁྲིད་ཀྱི་འགན་ཁུར་ཡོད། འོན་ཀྱང་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱི་ད་ལྟའི་འཛིན་སྐྱོང་ཚོགས་པས་དབུ་ཁྲིད་ཀྱི་ལས་ཀ་དེ་དོར་ཟིན་ཡོད་ཅིང་། འགྲོ་བ་མི་ཡི་རིགས་ཀྱི་མ་འོངས་པ་ལས་ཀྱང་ཨ་མེ་རི་ཀ་རླབས་ཆེན་དུ་བཟོ་རྒྱུ་ལ་དོ་ཁུར་གཙོ་བོ་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་བཟོས་ཡོད།

འཛིན་སྐྱོང་ཚོགས་པ་དེས་རང་ཉིད་ཀྱི་རོགས་ཟླ་ཉེ་ཤོས་རྣམས་ཀྱང་དོར་ཟིན་ཡོད་ལ། ཡུ་རོབ་ཀྱི་མཉམ་འབྲེལ་མཐུན་ཚོགས་ནས་ཡོང་བའི་འགྲིམས་འགྲུལ་རྣམས་བཀག་པ་ན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་སྔོན་ཚུད་ཀྱི་བརྡ་ཁྱབ་གཏོང་བའི་མོས་པ་ཙམ་ཡང་མེད་ན། ཐབས་ཇུས་ཤུགས་ཆེན་དེ་ཉིད་ཀྱི་སྐོར་ལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་མཉམ་དུ་གྲོས་བསྡུར་ག་ལ་བྱེད། ད་དུང་བཤད་ཚོད་ལྟར་ན་ Germany རྗེར་མི་ནིའི་སྨན་རྫས་བཟོ་གྲྭ་ཞིག་ལ་ཨ་སྒོར་ཐེར་འབུམ་གཅིག་སྤྲད་ནས་Covid 19 ཏོག་འབུའི་ནད་༡༩ པའི་སྔོན་འགོག་སྨན་གསར་གྱི་ཐོབ་དབང་ཉོ་བའི་གཏམ་གྱིས་རྗེར་མི་ནི་ཧོན་ཐོར་བཅུག་ཡོད། འཛིན་སྐྱོང་ཚོགས་པ་འདི་ཉིད་ཀྱིས་མཐའ་མཇུག་ལ་རང་ཉིད་ཀྱི་ལམ་ཁ་བསྒྱུར་ཏེ་གོ་ལའི་ལག་བསྟར་གྱི་འཆར་གཞི་དང་འགྲོགས་ན་ཡང་། ནམ་ཡང་འགན་མི་ཁུར་ཞིང་། ནམ་ཡང་ནོར་འཁྲུལ་ལ་ངོས་ལེན་མི་བྱེད། ནམ་ཡིན་ཀྱང་བྱས་རྗེས་ཀྱི་མིང་ཆ་ཚང་ཁོ་རང་གིས་ཁུར་ཏེ་སྐྱོན་བརྗོད་ཀྱི་ཁག་ཆ་ཚང་གཞན་ལ་འགེལ་བའི་མགོ་ཁྲིད་དེ་འདྲ་ལ་མི་ཉུང་ཤས་ཙམ་ལས་སུ་ཞིག་རྗེས་སུ་འབྲངས།

དེ་ལྟར་ན་ཨ་རི་མཉམ་འབྲེལ་མངའ་སྡེའི་རྒྱལ་ཁབ་ཀྱིས་བཞག་པའི་སྟོང་ཆ་དེ་ཉིད་ཡུལ་གྲུ་གཞན་གྱིས་མ་བསྐངས་ན། ད་ལྟའི་ནད་ཡམས་འདི་ཉིད་འགོག་པར་དཀའ་ངལ་ཡོད་པ་ཙམ་མིན་པར་དེའི་བྱས་རྗེས་ཀྱིས་འབྱུང་འགྱུར་གྱི་ལོ་ངོ་མང་པོར་རྒྱལ་སྤྱིའི་འབྲེལ་ལམ་ལ་གནོད་སྐྱོན་མུ་མཐུད་གཏོང་སྲིད། འོན་ཀྱང་གཉན་འཕྲང་ཐམས་ཅད་གོ་སྐབས་ཀྱང་རེད། ང་ཚོས་ད་ལྟའི་ནད་ཡམས་འདིས་འགྲོ་བ་མི་རྣམས་ལ་གོ་ལའི་ཁ་བྲལ་ལ་བརྟེན་པའི་ཉེན་ཁ་དྲག་པོ་འདི་ཉིད་ངོས་ཟིན་པར་ཕན་པའི་རེ་བ་ངེས་པར་དུ་བྱ་དགོས།

འགྲོ་བ་མི་རྣམས་ཀྱིས་འདེམས་ཀ་བྱ་དགོས་ཤིང་། དེ་ཡང་ང་ཚོས་ཁ་བྲལ་གྱི་ལམ་འདིར་མུ་མཐུད་འགྲོ་བའམ། ཡང་ན་ང་ཚོས་གོ་ལའི་ཆིག་སྒྲིལ་གྱི་ལམ་འདེམས་དགོས། གལ་སྲིད་ང་ཚོས་ཁ་བྲལ་བདམ་ན་དེས་གཉན་འཕྲང་རིང་དུ་དུ་གཏོང་བ་ཙམ་མིན་པར་དེ་ལ་བརྟེན་ནས་མ་འོངས་པར་དེ་ལས་སྡུག་པའི་རྐྱེན་ངན་དེ་འདྲ་འབྱུང་སྲིད། གལ་སྲིད་ང་ཚོས་གོ་ལའི་ཆིག་སྒྲིལ་བདམ་ན་ང་ཚོ་ཏོག་དབྱིབས་ནད་འབུ་ཙམ་མིན་པར་དུས་རབས་ཉེར་གཅིག་པའི་ནང་གི་འགྲོ་བ་མི་རྣམས་ལ་མ་འོངས་པར་རྒོལ་སྲིད་པའི་ནད་ཡམས་དང་གཉན་འཕྲང་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཞིག་རེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།