བོད་ཡིག་གསར་བཟོའི་རིམ་པ། (སྨད་ཆ།) __རྩིས་ཆེ་ལེགས་མཐོང་།

682

བརྒྱད་པ། གསལ་བྱེད་ཀྱི་གྲངས་དང་གོ་རིམ།


དེ་ཡང་དབུས་པ་བློ་གསལ་གྱིས་མཛད་པའི་རྟགས་འཇུག་གི་འགྲེལ་པ་ལས། “འདིར་ཡི་གེ་སུམ་ཅུ་པོ་སྡེ་པ་ཕྱེད་དང་བརྒྱད་དུ་གནས་པའང་འབྱུང་གནས་ཀྱི་སྟོབས་ཀྱིས་སྡེ་པ་ལྔར་བསྡུས་སོ།།” ཞེས་གསུངས་པ་ལྟར། སུམ་རྟགས་ཀྱི་འགྲེལ་པ་རྣམས་སུ་བོད་ཡིག་ལ་གསལ་བྱེད་སུམ་ཅུ་དང་། དེ་ཡང་སྡེ་པ་བརྒྱད་དང་ཕྱེད་ཡོད་པར་རྩོད་མེད་དུ་གྲགས། གསལ་བྱེད་ཀྱི་གོ་རིམ་ཐད་ལ། དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མ་ལས། “ད་ནི་སྔ་མ་ལས་ཀྱང་ཁྱེད་ཀྱི་སེམས་ལ་མི་འཐད་པ་འདི་ཡང་གསང་བརྟོལ་བར་བྱ་སྟེ། འདི་ལྟར་ཙ་ནས་འའི་བར་གྱི་དཀྱུས་གཅིག་ཏུ་ཡོད་པའི་ཡི་གེ་བདུན་ཀ་ཐུ་མིས་གསར་དུ་བསྣན་པ་ཡིན་ཅིང་། དེ་མིན་པའི་ཀཱ་ལིའི་སྟོད་དང་སྨད་རྣམས་རྒྱ་ཡིག་རང་ཡིན་ཅིང་། གོ་ས་ཡང་མི་དགོས་པ་དོར་བའི་ཤུལ་ན་རྒྱ་སྐད་ཀྱི་གསལ་བྱེད་ལ་སྒྲིག་སྟངས་ཅི་ཡིན་པ་དེ་ཁོ་ན་ལྟར་ཡོད་དོ། དེ་ལྟར་ན་ཀ་ནས་མའི་བར་དུ་རྒྱ་ཡིག་རྣམས་དཀྱུས་གཅིག་ཏུ་བཞག དེ་ནས་གསར་བསྣན་གྱི་ཡི་གེ་རྣམས་དཀྱུས་གཅིག་ཏུ་བཞག དེ་ནས་རྒྱ་སྐད་ཀྱི་ཀཱ་ལིའི་མཇུག་རྣམས་དཀྱུས་གཅིག་ཏུ་བཞག དེ་ནས་ཀ་སྡེ་ལ་བཟའ་ཚང་བཞི་ཀ་ཚང་ཞིང་། ཧ་ཡིག་ལ་གྲོགས་མེད་པ་སོགས་ཀྱི་དབང་གིས་ཨ་ཡིག་མགོ་ལ་མ་བཞག་པར་མཐའ་ལ་བཞག་པ་ཡིན་ནོ་བྱ་བ་འདི་རེ་ཞིག་བདག་གི་རྨི་ལམ་ཡིན་ནོ།།” ཞེས་གསུངས།

འོན་ཀྱང་དེ་ཙམ་གྱིས་བོད་ཡིག་ཐོག་མར་བཟོ་དུས་སམ། ཐོན་མིའི་སྐུ་དུས་སུ་བོད་ཀྱི་གསལ་བྱེད་ཀྱི་གྲངས་ཀ་དང་། གོ་རིམ་སོགས་དེ་ལྟར་ཡིན་པ་ནི་བཤད་དཀའ་སྟེ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཞེས་པ་ལྟ་བུ་གསལ་བྱེད་ཀྱི་གྲངས་ངེས་དང་། གསལ་བྱེད་སུམ་ཅུ་ལྷན་དུ་བཀོད་པའི་མ་དཔེ་ཆེས་རྙིང་པ་ཁུངས་ལྡན་ཞིག་འཐོབ་དཀའ་བའི་ཕྱིར་རོ། ཏུན་ཧོང་ཡིག་རྙིང་འགའ་ཞིག་ནི་ཕྱི་རྒྱལ་གྱི་དཔེ་མཛོད་གྲགས་ཅན་ཁག་ལ་ཡོད་པས་དེ་དག་གི་ནང་དུ་ཡོད་ན་མ་གཏོགས་གཞན་ང་ཚོའི་སྤྱོད་ཡུལ་དུ་ཡོད་པའི་ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་རྣམས་སུ་དེའི་སྐོར་མི་གསལ་བ་དང་། བོད་བཙན་པོའི་སྐབས་སུ་རྩོམ་སྒྲིག་མཛད་པ་ལ་ཕལ་ཆེར་ཐེ་ཚོམ་མི་དགོས་པ་སྒྲ་སྦྱོར་བམ་གཉིས་མའི་ནང་དུ་ཡང་བོད་ཀྱི་ཡི་གེར་དབྱངས་གསལ་གྱི་གྲངས་དང་གོ་རིམ་གང་འདྲ་ཡིན་ཚུལ་མི་གསལ། དུས་རབས་བཅུ་པར་རྒྱ་གར་གྱི་པཎ་ཆེན་སྨཱྀ་ཏིས་མཛད་པར་གྲགས་པའི་སྨྲ་སྒོ་མཚོན་ཆ་ནི་བོད་ཡིག་གི་ནང་དུ་བརྩམས་པས་ན་དེའི་ནང་དུ་རྒྱ་གར་གྱི་སྐད་དུ་མེད་ཅིང་བོད་སྐད་དུ་ཡོད་པའི་ཞ་ཟ་འ་སོགས་ཡོད་པ་བཤད་མ་དགོས་པའི་ཐོག་ཏུ་དམིགས་བསལ་བོད་རང་གི་ཐུན་མོང་མ་ཡིན་པའི་ཕྲད་ཀྱི་རྣམ་གཞག་ཀྱང་གསུངས་ཡོད་ན་ཡང་། དེའི་འགྲེལ་པར་དབྱངས་གསལ་རྣམས་གསུངས་པ་ན་རྒྱ་གར་གྱི་དབྱངས་གསལ་ལས་བོད་ཡིག་གི་དབྱངས་གསལ་རྣམས་སྡེབ་གཅིག་ཏུ་བཀོད་པ་མེད།

བོད་ཡིག་གི་གསལ་བྱེད་སུམ་ཅུ་ལྷན་གཅིག་ཏུ་བསྒྲིགས་པ་རྙིང་ཤོས་ལྟ་བུ་ནི། དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པ་རྔོག་བློ་ལྡན་ཤེས་རབ་ཀྱིས་དག་ཡིག་ཉེར་མཁོ་བསྡུས་པ་ལས། “ཨ་ཕ་ཁོ་ནི་ཇ་ཆང་ཤ།།གཅིག་པུ་ཟ་འཛུ་དེ་ལ་ཧེ།། ཉ་ཝ་ཚོ་ཡི་ཏི་ཀ་རེ།། ཐོབ་ཙམ་ཞུས་ཞེས་བྱ་བ་ཡིན།།” ཞེས་གསུངས་པ་འདི་ཉིད་ཡིན་ལས་ཆེ་བར་སྣང་ཞིང་། འདིའི་ནང་དུ་བོད་ཡིག་གི་གསལ་བྱེད་སུམ་ཅུ་ཆ་ཚང་བ་ཡོད། འདིར་གོ་རིམ་མི་གསལ་ཡང་རྔོག་བློ་ལྡན་ཤེས་རབ་ལྟར་ན་གསལ་བྱེད་རྣམས་ཀྱི་མགོ་ཀ་ཡིན་པ་དང་མཇུག་ཨ་ཡིན་པ་ཡང་། དེ་ཉིད་ལས། “ཀ་ནས་ཨ་ཡི་བར་དག་ལ།། ཕལ་ཆེར་འཇུག་སྟེ་སྐབས་ཀྱིས་ཤེས།།” ཞེས་གསུངས་པ་ལས་རྟོགས་ཐུབ། རྔོག་བློ་ལྡན་ཤེས་རབ་ཀྱིས་གྲངས་ངེས་མ་གསུངས་ཀྱང་། སྐབས་དེ་ཙམ་ནས་བོད་ཡིག་གི་གསལ་བྱེད་ཀྱི་གྲངས་ཀ་སུམ་ཅུ་ཡིན་པ་ཡང་། རྔོག་བློ་ལྡན་ཤེས་རབ་བྱོན་པའི་རྗེས་ཙམ་དུ་བྱོན་པ་མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་ལས། “རྒྱའི་མཁས་པ་ལི་བྱིན་ལ་བོད་ཕྲུག་ཐོན་མི་འབྲིང་ཏོ་མི་ཨ་ནུས་ཡི་གེ་བསླབས་ནས། ཀ་སྨད་སུམ་ཅུར་བསྒྲིགས།” ཞེས་གསུངས་པ་ལས་མཐོང་ཐུབ། ས་སྐྱ་གོང་མ་རྣམ་ལྔ་ལས་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་ཀློག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་ནང་དུ་གསལ་བྱེད་སུམ་ཅུ་ཆ་ཚང་གསལ་ཞིང་། གོ་རིམ་ཡང་ད་ལྟ་ཡོངས་གྲགས་ལྟར་ཡིན་པས་ན་ཁོ་བོ་ནི་མཐོང་ཐོས་ཀྱི་རྒྱ་མི་ཆེ་ཡང་དེ་སྔོན་ཁོ་བོས་མཐོང་མྱོང་བའི་བོད་ཀྱི་དཔེ་ཆའི་ནང་ནས་འདི་ནི་བོད་ཡིག་གསལ་བྱེད་ཀྱི་གྲངས་དང་རིམ་པ་གསལ་བ་རྙིང་ཤོས་ཤིག་ཡིན་པར་མཐོང་།

དེས་ན་གོང་དུ་རེ་རེ་བཞིན་བཤད་པ་ལྟར་ཐོན་མིའི་སྐབས་སུ་བོད་ཡིག་གི་གསལ་བྱེད་ཀྱི་གྲངས་ཇི་ཙམ་ཡོད་ད་ལྟ་ང་ཚོས་བཤད་དཀའ་ཞིང་། ཚོད་དཔག་ལྟར་བྱས་ན་ཐོག་མའི་ཆར་བོད་ཡིག་གི་གསལ་བྱེད་ནི་རྒྱ་གར་ཡི་གེའི་གསལ་བྱེད་ལས་ཀྱང་མང་སྲིད་དེ། རྒྱ་གར་གྱི་གསལ་བྱེད་རང་ལ་ཡང་གྲངས་ངེས་མེད་ན་ཡང་ཡོངས་གྲགས་ལྟར་བྱས་ན་ཀྵ་ལྟ་བུ་ལས་གཞན་རྣམས་ཀྱི་སྒྲ་སྐད་ཆ་ཚང་བ་བོད་སྐད་དུ་ཡོད་པས་ན་བོད་ཡིག་གསར་བཟོའི་རིམ་པ་དང་པོའི་སྐབས་སུ་དེ་དག་འདོར་དགོས་པའི་རྒྱུ་མཚན་མེད་ཅིང་། ད་དུང་གསལ་བྱེད་ཀྱི་ཆ་ནས་བོད་སྐད་ནི་རྒྱ་གར་གྱི་སྐད་ལས་ཀྱང་སྒྲ་གདངས་མང་བས་ན་ཙ་ཚ་ཛ། ཞ་ཟ་འ་སོགས་ཁ་སྣོན་བྱ་དགོས་བྱུང་བ་དེས། ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་རིམ་པ་དང་པོའི་སྐབས་སུ་བོད་ཡིག་གི་གསལ་བྱེད་ཀྱི་གྲངས་ཀ་ནི་རྒྱ་གར་ནས་བླང་པ་སོ་གསུམ་ཡོད་པ་ལས་ཝ་དང་བ་གཅིག་ཏུ་བསྡོམས་པས་སོ་གཉིས་དང་། དེའི་ཐོག་ཏུ་བོད་རང་གི་དྲུག་བསྣན་པས་སོ་བརྒྱད། དེའི་ཐོག་ཏུ་ཨ་ཡང་གསལ་བྱེད་དུ་བཀོད་པས་གསལ་བྱེད་སོ་དགུ་ཡོད་སྲིད་པ་དང་། དེ་ནས་དག་ཆའི་དབང་གིས་འཐུག་པོ་ལྔ་བཏོན་པས་སོ་བཞིར་གྱུར་པ་དང་། དེ་ནས་རིམ་པས་ལོག་པ་ལྔ་ཡང་བཏོན་པས་ཉེར་དགུར་གྱུར་པ་དང་། དེ་ནས་ཝ་ཡིག་བཟོས་པས་གཅིག་འཕར་ཏེ་སུམ་ཅུར་གྱུར་པའོ་ ‘ཞེས་བྱ་བ་འདི་ནི་རེ་ཞིག་བདག་གི་རྨི་ལམ་ཡིན་ནོ’།།

གོ་རིམ་གྱི་ཐད་ནས་ཐོན་མིའི་སྐབས་སུ་ལྟ་ཞོག་བོད་བཙན་པོའི་སྐབས་སུ་གང་འདྲ་ཡིན་པ་ཡང་རེ་ཞིག་བརྗོད་དཀའ་ཞིང་། དགེ་འདུན་ཆོས་འཕེལ་གྱིས་ཀ་ནས་མ་ཡི་བར་དུ་རྒྱ་གར་གྱི་གསལ་བྱེད་ཀྱི་གོ་རིམ་ཅི་ལྟར་ཡིན་པ་དེ་ལྟར་བཞག་ནས། ཙ་ནས་འ་ཡི་བར་དུ་ཐོན་མི་རང་གིས་གསར་བཟོས་མཛད་པ་རྣམས་བཅུག་པ་དང། དེ་རྗེས་སླར་ཡང་རྒྱ་གར་གྱི་གསལ་བྱེད་དུ་ཡོད་པ་རྣམས་བཞག་ནས་མཇུག་ཏུ་ཨ་ཡིག་ཁ་སྣོན་མཛད་པར་གསུངས་ན་ཡང་། ཁོ་བོས་ནི་ཙ་ནས་འ་ཡི་བར་གྱི་ཡི་གེ་བདུན་པོ་རྣམས་གསར་བཟོ་ཡིན་པས་ལྷན་གཅིག་ཏུ་བཀོད་པར་གསུངས་པ་ལ་རྒྱུ་མཚན་ཆེ་བར་མཐོང་ན་ཡང་། ཐོན་མིས་ཐོག་མར་རྒྱ་གར་གྱི་གསལ་བྱེད་ལ་ཡོད་པ་རྣམས་ཆ་ཚང་སྟབས་གཅིག་ཏུ་བཞག་ནས་མཇུག་ཏུ་བོད་རང་གིས་ཁ་སྣོན་བྱས་པ་རྣམས་མ་བཞག་པར་ར་ཡི་དཀྱིལ་དུ་ལུག་ལྟར་དེ་དག་གི་བར་དུ་བོད་ཀྱིས་ཁ་སྣོན་བྱས་པ་རྣམས་བཞག་དགོས་པའི་རྒྱུ་མཚན་དམིགས་བསལ་མ་མཐོང་ངོ་།།

འཇོག་སྟངས་འདི་ལ་བལྟས་པས་ཀྱང་ད་ལྟ་ང་ཚོའི་སྤྱོད་ཡུལ་དུ་ཡོད་པའི་བོད་ཡིག་གི་གསལ་བྱེད་ཀྱི་རིམ་པ་འདི་ནི་རྒྱ་གར་གྱི་དབྱངས་གསལ་ལ་རྒྱུས་མངའ་ཆེ་བ་ཞིག་གིས་བཞག་པ་ཞིག་མིན་པའི་ཚོར་སྣང་སྟེར། དེས་ན་གལ་སྲིད་ཁོ་བོ་ཐོན་མི་ཡིན་ན་བོད་ཡིག་གི་གསལ་བྱེད་ཀྱི་གོ་རིམ་ནི་འདི་ལྟར་འཇོག་པར་འདོད། ༄༅།། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཡ་ར་ལ་ཝ། ཤ་ས་ཧ་ཨ། ཙ་ཚ་ཛ། ཞ་ཟ་འ། རྣམས་སོ།། འདི་ལྟར་བཞག་ན་ཀ་ནས་ཨ་ཡི་བར་ནི་རྒྱ་གར་གྱི་གསལ་བྱེད་ལས་བླང་པ་དང་། མཇུག་གི་དྲུག་པོ་ནི་བོད་རང་གིས་གསར་སྣོན་ཡིན་པ་ཧ་ཅང་ལས་སླ་པོས་རྟོགས་ཐུབ་པའི་དགེ་མཚན་ཡོད་པའི་ཕྱིར་རོ།། གོ་རིམ་སྒྲིག་སྟངས་དེ་འདྲ་ནི་མི་རིགས་གཞན་གྱི་ཡི་གེ་ལ་ཡང་ཡོད་པ་ནི་གནའ་བོའི་དུས་སུ་རོ་མན་མི་རིགས་ཀྱིས་བེད་སྤྱོད་པའི་ལེ་ཊིན་གྱི་ཡི་གེར་གསལ་བྱེད་ ༢༣ ཡོད་པ་ལ། དེ་རྗེས་རོ་མན་མི་རིགས་ཀྱིས་རྒི་རི་སིའི་རིག་གནས་ནང་འདྲེན་བྱེད་སྐབས་རྒི་རི་སིའི་སྐད་ཡིག་ལ་ཡོད་པའི་རྒྱུ་མཚན་གྱིས་རྒི་རི་སིའི་གསལ་བྱེད་གཉིས་ནང་འདྲེན་བྱས་པ་ནི་ Y དང་ Z གཉིས་ཡིན་ཅིང་། དེ་གཉིས་རོ་མན་རྣམས་ཀྱིས་ལེ་ཌིན་གྱི་གསལ་བྱེད་ཀྱི་མཇུག་ཏུ་བཀོད་པས་ན་ད་ལྟ་ང་ཚོས་དབྱིན་ཡིག་གི་གསལ་བྱེད་ཀྱི་ནང་དུ་ཡི་གེ་དེ་གཉིས་པོ་རོ་མན་གྱི་ལུགས་ལྟར་ཀུན་གྱི་མཇུག་ཏུ་མཐོང་རྒྱུ་ཡོད་པ་འདི་བྱུང་ངོ་།།

དགུ་པ། བོད་ཡིག་གི་ཐོན་རིམ་གསུམ།

དེས་ན་བོད་ཡིག་གསར་གཏོད་བྱུང་བའི་ཐོག་མའི་དུས་རབས་ཁ་ཤས་ཀྱི་ནང་དུ་བོད་ཡིག་ལ་ལེགས་བཅོས་དགོས་གལ་ཆེ་བ་དང་། དེ་ལ་སྐད་ཡིག་གཞན་གྱི་འགོག་རྐྱེན་མེད་པས་ན་བོད་ཡིག་གི་ཡར་རྒྱས་ནི་བསམ་ཡུལ་ལས་འདས་པ་ལྟ་བུ་བྱུང་ཡོད་པས་ན། བོད་ཡིག་ཐོག་མར་བཀོལ་བའི་དཔང་རྟགས་རྙིང་ཤོས་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཞེངས་པའི་རྡོ་རིང་གི་ཡི་གེར་ངོས་བཟུང་ན་ཡང་སྲོང་བཙན་ནས་ཁྲི་སྲོང་གི་བར་དུ་བོད་ཡིག་ལ་ཡར་རྒྱས་དེ་ཙམ་བྱུང་བ་ནི་ངོ་མཚར་ཞིག་ལོས་ཡིན། ཁྲི་སྲོང་ཙམ་ནས་བོད་ཡིག་ནི་ཉིན་རེའི་གླེང་མོལ་ཙམ་མིན་པར་ཆབ་སྲིད་དང་། ཆོས་ལུགས། དཔལ་འབྱོར། ཁྲིམས་ལུགས་སོགས་རིག་པའི་གནས་གང་ལ་བཀོལ་ན་ཡང་དཀའ་ངལ་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་ལྟར་བྱུང་བ་ཡང་ད་ལྟའི་དུས་ཀྱི་ང་ཚོ་དང་མི་འདྲ་བར་སྐབས་དེའི་བོད་པ་རྣམས་ལ་བོད་ཡིག་ནི་ཕུན་སུམ་ཚོགས་པ་ཡིན་པས་དེ་ལ་ལེགས་བཅོས་གང་ཡང་མི་དགོས་སྙམ་པའི་འདུ་ཤེས་མེད་ཅིང་། བོད་ཡིག་ལེགས་བཅོས་དང་ཡར་རྒྱས་ངེས་པར་གཏོང་དགོས་སྙམ་པའི་ཀུན་སློང་ཤུགས་ཆེན་ཡོད་པ་རྒྱུ་མཚན་གཙོ་བོ་དེ་གཉིས་ལ་བརྟེན་ནས་བྱུང་བ་ཡིན་སྲིད། སྐབས་དེའི་བོད་ཡིག་གི་ཡར་རྒྱས་ལ་བལྟས་ན་དུས་ཕྱིས་ཀྱི་བོད་ཡིག་གི་ཡར་རྒྱས་ནི་ཧ་ཅང་དལ་བས་སྔར་གྱི་འཕོ་འགྱུར་ལ་ཡིད་ཆེས་དཀའ་བའི་ཚོད་དང་། ཕྱིས་ཀྱི་འཕོ་འགྱུར་ནི་མཐོང་དཀའ་བའི་ཚོད་དུ་གྱུར་ཡོད།

དེ་ལྟར་བོད་ཡིག་ཀྱང་གློ་བུར་དུ་བརྫུས་སྐྱེས་ཀྱི་ཚུལ་དུ་འཁྲུངས་པ་མ་ཡིན་པར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་ཕྱིན་ཏེ། འཚར་ལོངས་བྱུང་བ་ཞིག་ཡིན་པས་ན། དེ་ལ་དེང་རབས་ཀྱི་མཉེན་ཆས་ཀྱི་ཐ་སྙད་དང་སྦྱར་ནས་བཤད་ན་ཐོག་མའི་ཆར་བོད་ཡིག་ལ་ཐོན་རིམ་གལ་ཆེ་ཤོས་གསུམ་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ། དེ་ལ་ཐོན་རིམ་དང་པོ་ནི་བོད་སྐད་ལ་ཡོད་པ་རྣམས་ཡིག་གཟུགས་ལ་འབྲི་གང་ཐུབ་བྱ་རྒྱུ་དེ་ཡིན་ཅིང་། དེ་ནི་གཙོ་བོ་ཐོན་མིའི་སྐབས་སུ་དབུ་བརྙེས་ནས་ཕལ་ཆེར་དེ་ཉིད་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་སྲོང་ལྡེ་བཙན་གྱི་བར་གྱི་བོད་ཡིག་འཕེལ་རྒྱས་ཀྱི་རིམ་པ་ལ་ངོས་བཟུང་ན་ཆོག་པར་སྣང་། འོན་ཀྱང་སྒྲ་གདངས་ཐོན་པ་ཙམ་གྱིས་མི་འགྲིག་པར་དག་ཆ་ཞིབ་ཚགས་པོ་གཏན་འབེབས་མ་བྱས་ན་གོ་ནོར་ཐེབས་ཉེན་ཡོད་པས་ན་ཐོན་རིམ་གཉིས་པ་ནི་དག་ཆ་གཏན་འབེབས་བྱ་རྒྱུ་སྟེ། དེ་ནི་གཙོ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཙམ་ནས་བྱུང་སྟེ། རྔོག་བློ་ལྡན་ཤེས་རབ་ཀྱིས་དག་ཡིག་ཉེར་མཁོ་བསྡུས་པ་མཛད་པའི་བར་གྱི་དུས་སྐབས་ལ་ངོས་བཟུང་ན་ཆོག་པར་སྣང་། འོན་ཀྱང་བུ་སྟོན་དང་རྗེ་ཙོང་ཁ་པ་ཡས་མས་ཀྱི་བར་དུ་བོད་ལ་ད་དུང་ཡང་དག་ཆ་གཏན་འབེབས་དེ་ཙམ་མེད་པས་ན་དུས་སྐབས་དེའི་བར་དུ་བྱོན་པའི་བཀའ་གདམས་ཀྱི་བླ་མ་གཙོ་བོར་གྱུར་པའི་བོད་ཀྱི་བླ་མ་དང་མཁས་པ་གྲགས་ཅན་གྱི་གསུང་རྩོམ་རྣམས་སུ་ཡང་དག་ཆ་ལ་སྒྲ་གདངས་གང་ཐོན་ལས་ངེས་པ་ཕལ་ཆེར་མེད་པའི་རྣམ་པ་མཐོང་ཐུབ།

ཐོན་རིམ་གསུམ་པ་ནི་གཙོ་བོ་ཕྲད་དང་རྟགས་ཀྱི་རྣམ་གཞག་གཏན་འབེབས་བྱ་རྒྱུ་དེ་ཡིན་པས་དེ་ནི་སུམ་རྟགས་ཀྱི་གཞུང་གཉིས་པོའི་བརྗོད་བྱ་གཙོ་བོ་ཡང་ཡིན་པར་མངོན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་སུམ་རྟགས་ཀྱི་གཞུང་གཉིས་པོ་བོད་བཙན་པོའི་སྐབས་སུ་མེད་པར་གསུངས་པ་ནས་བཟུང་འགའ་ཤས་ཀྱིས་སུམ་རྟགས་ཀྱི་གཞུང་གཉིས་པོ་ནི་ས་པཎ་གྱིས་མཛད་པར་འདོད་ཅིང་། ཡང་མཁས་པ་འགའ་ཤས་ཀྱིས་ས་པཎ་གྱི་སྔོན་དུ་བྱོན་པའི་བླ་མ་རོང་ཟོམ་ཆོས་བཟང་དང་ཀ་དམ་པ་བདེ་གཤེགས་སོགས་ཀྱི་རྣམ་ཐར་ལས་སུམ་རྟགས་གཉིས་ཀྱི་གཞུང་དང་འབྲེལ་བའི་གནས་ཚུལ་མཐོང་རྒྱུ་ཡོད་པས་བཤད་སྲོལ་དེ་ལ་དགག་པ་གནང་ཡོད། ཁོ་བོས་བསམས་ན་བོད་བཙན་པོའི་སྐབས་སུ་མེད་པ་བདེན་ཤས་ཆེ་ཞིང་། ས་པཎ་གྱིས་མཛད་པ་བདེན་ཤས་ཆུང་སྙམ། གང་ལྟར་ཡང་བོད་ལ་ཡི་གེའི་ཐོན་རིམ་གཉིས་པོ་བྱུང་རྗེས་ཕྲད་དང་འབྲེལ་བའི་སྒྲིག་ཁྲིམས་གཏན་འབེབས་བྱ་རྒྱུ་ཡང་ཧ་ཅང་གལ་ཆེ་བས་ན་སུམ་ཅུ་པ་ལྟ་བུའི་གཞུང་རྣམས་བརྩམས་ཤིང་། དེ་རྗེས་ཡི་གེའི་འཇུག་ཚུལ་ངོས་འཛིན་དང་གཏན་འབེབས་བྱ་རྒྱུ་ཡང་གལ་ཆེ་བས་ན་རྟགས་ཀྱི་འཇུག་པ་ལྟ་བུའི་གཞུང་རྣམས་བརྩམས་པར་མངོན། ཁོ་བོའི་རྣམ་པར་རྟོག་པ་ལྟར་ན་སུམ་རྟགས་གཉིས་བརྩམས་ནས་བོད་ཡིག་གི་ཕྲད་དང་རྟགས་ལ་གཏན་འབེབས་བྱུང་བ་མ་ཡིན་པར་བོད་ཡིག་འབྲི་ཚུལ་ལ་གཅིག་གྱུར་གང་འཚམས་བྱུང་རྗེས་སུམ་རྟགས་ཀྱི་གཞུང་དང་། ས་པཎ་གྱི་ཡི་གེའི་བཤད་པ་ལྟ་བུའི་བོད་ཀྱི་རིག་གནས་ཀྱི་གཞུང་ཆེས་ཕུལ་དུ་བྱུང་བ་རྣམས་བྱུང་བར་འདོད།

དེ་དང་ཆབ་ཅིག་ཏུན་ཧོང་ཡིག་རྙིང་ཁག་རེ་རེ་བཞིན་ནམ་བརྩམས་པའི་དུས་ཚོད་གསལ་ཁ་མེད་པ་ལས་ཡོད་ན་དེ་དག་ལ་ཡང་འདི་ལྟར་དཔྱད་པ་ཞིབ་མོ་བྱས་ན་བོད་སྐད་ནང་གི་ཕྲད་རྣམས་ཀྱང་རིམ་པས་འཕེལ་འགྱུར་བྱུང་བ་སྟེ། དཔེར་ན་ཏུན་ཧོང་ཡིག་རྙིང་མང་པོའི་ནང་དུ་འབྲེལ་སྒྲ་ནི་གཙོ་བོ་ ‘གྱི་’ དང་ ‘གི་’ གཉིས་ཡིན་པ་ལས་ ‘ཀྱི་’ ཧ་ཅང་ཉུང་བ་དང་། ཡང་རྒྱན་བསྡུད་ཀྱི་ཕྲད་ལས་ ‘ཀྱང་’ སྒྲ་ཡང་ཧ་ཅང་ཉུང་བ་དང་། ཡང་ཚིག་ཕྲད་ ‘ཞིང་’ དང་ ‘ཅིང་’ སོགས་ཀྱང་ཉུང་ཞིང་། སྐབས་འགར་ ‘ཅེས་’ ཞེས་པའི་ཚབ་ལ་ ‘ཆེས་’ ཞེས་ཡོད་པ་དང་། ཡང་ལ་དོན་གྱི་ཕྲད་ཀྱི་ནང་ནས་ ‘ཏུ་’ ཡང་ཉུང་བས་ན་རབ་ཏུ་ལྟ་བུར་འབྲི་བའི་ཚབ་ལ་ ‘རབ་དུ་’ ཞེས་བྲིས་ཡོད་པ་ལྟ་བུ་དང་། ལྷག་བཅས་ཀྱི་ནང་ནས་ཏུན་ཧོང་ཡིག་རྙིང་མང་པོར་ ‘ཏེ་’ ཤིན་ཏུ་ཉུང་བའི་རྒྱུ་མཚན་ཀྱང་། ཏུན་ཧོང་ཡིག་རྙིང་གི་ནང་དུ་ཡང་འཇུག་ས་ཧ་ཅང་མང་བ་ལ། དེ་དག་གི་འཇུག་ཏུ་ལྷག་བཅས་བཀོད་པ་ན་ཡང་འཇུག་ས་ཡི་འོག་ཏུ་ལྷག་བཅས་ཏེ་བཀོད་པ་དཔེར་ན་ཡིད་ལ་ ‘བཅགསྟེ་’ ཞེས་པ་ལྟ་བུ་འབྱུང་། དེས་ན་ད་ལྟའི་ཆར་ང་ཚོར་ལྷག་བཅས་གསུམ་ཡོད་པ་ཡང་། ཐོག་མའི་ཆར་ལྷག་བཅས་ལ་ཏེ་དེ་གཉིས་གཅིག་པུ་ཡིན་པ་ལ། ‘ཏེ་’ ནི་ཡང་འཇུག་ས་ཡི་འོག་ཏུ་འབྲི་སྲོལ་ཤུགས་ཆེན་ཡོད་པ་དེས་ས་སྟེའི་ལྷག་བཅས་གྲུབ་ཅིང་། ས་སྟེའི་ལྷག་བཅས་ལོགས་སུ་བགར་བས་ཏེ་དང་སྟེ་གཉིས་གྲུབ་པ་ཞིག་ཡིན་པར་སྣང་།

འདི་ལྟར་ཞིབ་ཚགས་པོས་དཔྱད་ན་བོད་ཡིག་གི་གསལ་བྱེད་དང་། བོད་ཡིག་གི་དག་ཆ་ཙམ་མིན་པར་བོད་ཡིག་གི་ཕྲད་ལ་ཡང་གསར་བྱུང་དང་། འཕེལ་འགྱུར། ཡར་རྒྱས་སོགས་མང་པོ་བྱུང་ཡོད་པར་མངོན་ན་ཡང་། རེ་ཞིག་ཁོ་བོ་ལ་འདིའི་སྐོར་ཆེད་དུ་ཞིབ་འཇུག་བྱེད་པའི་ཁོམ་པ་སོགས་མེད་ཅིང་། དཔེ་ཆ་དངོས་སུ་མ་ཐོབ་པས་ཀློག་རྒྱུ་མ་བྱུང་ཡང་དེའི་སྐོར་ལ་ཆེད་དུ་ཞིབ་འཇུག་བྱས་པའི་ཐོན་མིའི་ཞལ་འཛུམས་ཞེས་པ་ལྟ་བུ་དཔེ་དེབ་དང་དཔྱད་རྩོམ་སོགས་ཀྱང་ཡོད་ཚོད་འདུག་པས་ང་ལྟ་བུས་བསྐྱར་དུ་ཞིབ་འཇུག་བྱ་དགོས་མིན་ཀྱང་མ་ཤེས། འོན་ཀྱང་དག་ཆ་དང་ཕྲད་ལ་སོགས་པ་གཏན་འབེབས་ཆ་ཚང་བ་ནི་བཤད་མ་དགོས་པར་བོད་སིལ་བུར་ཐོར་རྗེས་བྱུང་ཞིང་། ལྷག་པར་དུ་བོད་བཙན་པོ་མཇུག་རྫོགས་ནས་ལོ་ཆེན་རིན་བཟང་དང་། རྔོག་བློ་ལྡན་ཤེས་རབ་སོགས་བྱོན་པའི་བར་དུ་དུས་རབས་ཁ་ཤས་ལས་མེད་ཀྱང་། བོད་ཡིག་གི་འགྲོས་ཀྱི་ངོས་ནས་བཤད་ན་དུས་སྐབས་དེ་གཉིས་ཀྱི་སྤྱི་ཚོགས་ནི་ཡུལ་གྲུའམ་འཇིག་རྟེན་མི་འདྲ་བ་གཉིས་ཡིན་པ་ལྟ་བུའི་རྣམ་པ་ཡོད། བསྟན་པ་ཕྱི་དར་གྱི་དབུ་རྩོམ་པའི་སྐབས་དེར་བོད་ལ་གཅིག་གྱུར་གྱི་མགོ་ཁྲིད་མེད་པ་དང་ཤེས་ཡོན་གྱི་ཚོགས་སྡེ་བོད་བཙན་པོའི་སྐབས་ལྟར་མེད་ན་ཡང་དུས་སྐབས་དེར་བོད་ཡིག་ལ་ཡར་རྒྱས་དེ་ཙམ་སོང་བ་ནི་བསམ་ཡུལ་ལས་འདས་པ་ལྟར་ཡིན་པས་དེའི་རྒྱུ་རྐྱེན་གང་ལ་ཐུག་པ་ནི་ང་ཚོས་ཉམས་ཞིབ་དང་བསམ་གཞིགས་དགོས་པ་འདྲ།

བཅུ་པ། བོད་ཡིག་ལ་ལེགས་བཅོས་བྱ་དགོས་པ།

མདོར་ན་ང་ཚོས་ཐོན་མིའི་རྣམ་དཔྱོད་ལ་གུས་བརྩི་ཆེ་ཞིང་། ཐོན་མིའི་གཏམ་རྒྱུད་ལ་ཡིད་ཆེས་ཆེ་བས་ན་ཐོན་མིའི་ཡི་གེ་གསར་བཟོའི་སྐབས་སུ་ཅ་ཆ་ཇ་གསུམ་དང་། ཞ་ཟ་འ་བཅས་ཡི་གེ་དྲུག་གསར་སྣོན་གནང་བ་ལས་ཡི་གེ་གཞན་བཟོ་བར་དཀའ་ཁག་མ་བྱུང་བར་ལོ་ཤས་ཀྱི་ནང་དུ་ཡིག་གཟུགས་དང་། ཕྲད། དག་ཆ་སོགས་ཆ་ཚང་བ་གཏན་འབེབས་ཟིན་པར་བཤད་པ་འདི་ལྟ་བུ་ནི་འཛམ་གླིང་གི་སྐད་ཡིག་རྣམས་ལས་བོད་ཡིག་ལ་མ་གཏོགས་ཕལ་ཆེར་མེད་སྲིད། ཡིག་གཟུགས་ཀྱི་ཆ་ནས་རྒྱ་ནག་གི་ཡིག་གཟུགས་ནི་ཐོག་མར་ཧྲང་རྒྱལ་རབས་སྐབས་ཙམ་དུ་བྱུང་ནས་ད་ལྟའི་བར་ལོ་ངོ་སྟོང་ཕྲག་གསུམ་ལྷག་འདས་ཟིན་པ་ལ། ད་དུང་ཡང་འཕོ་འགྱུར་འགྲོ་བཞིན་ཡོད་ཅིང་། དགོས་མཁོ་སྐོང་མ་ཐུབ་པ་ཡང་དཔེར་ན་རྒྱ་ནག་གི་ཡིག་གཟུགས་ལ་ཁོ་ལ་他དང་། མོ་ལ་她ཞེས་འབྲི་བ་ལ་ཕོ་མོ་གཉིས་ཀ་ལ་གོ་ཐུབ་པའི་ཡིག་འབྲུ་ཞིག་མེད་པའི་དཀའ་ངལ་གྱིས་ད་ལྟའི་ཆར་རྒྱ་རིགས་མང་པོས་རོ་མན་གྱི་ཡིག་གཟུགས་ཀྱིས་ ta ཞེས་འབྲི་བཞིན་པ་ལྟ་བུ་རེད། རྒྱ་གར་གྱི་ཡི་གེ་ལ་ལ་ཡང་འཕོ་འགྱུར་ཕོན་ཆེན་ཐེབས་པས་གནའ་བོའི་རྒྱ་གར་གྱི་གྲོང་ཁྱེར་ Harappa ཧ་རཔྤ་ཞེས་པ་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཡས་མས་ཀྱི་སྐབས་སུ་ཡོད་པའི་ཡིག་གཟུགས་ནི་ད་ལྟ་སུས་ཀྱང་བཀླགས་མ་ཐུབ་པར་ལྷག་ཡོད་ལ། གསལ་བྱེད་ལ་འཕོ་འགྱུར་ཧ་ཅང་མང་པོ་ཕྱིན་པས་རྒྱ་གར་གྱི་ཡི་གེ་ལ་གསལ་བྱེད་ཅི་ཙམ་ཡོད་དྲིས་ན་ལུགས་སྲོལ་མི་འདྲ་བ་མང་བས་ཐད་ཀར་ལན་འདེབས་དཀའ་ཞིང་། ནང་པའི་རྒྱུད་སྡེ་ཁག་གི་ནང་དུ་ཡང་ལེགས་སྦྱར་གྱི་གསལ་བྱེད་ཀྱི་གྲངས་མི་འདྲ་བ་རེ་བཀོད་ཡོད་པ་ལྟར་རེད།

དེ་ལྟར་ཡོང་བའི་རྒྱུ་མཚན་ནི་སྐད་ཡིག་ཅེས་པ་གཙོ་བོ་འཚོ་བའི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་པ་ལ། སྤྱི་ཚོགས་ཀྱི་གནས་བབ་དང་། མི་རིགས་དང་རིག་གཞུང་གཞན་ལ་འབྲེལ་བ། དེ་བཞིན་མི་ཡི་བསམ་བློའི་རྙོག་འཛིང་ཇེ་ཆེར་འགྲོ་རིམ་བཞིན་སྐད་ཀྱང་འཕོ་འགྱུར་འགྲོ་བཞིན་ཡོད་ཅིང་། སྐད་འཕོ་འགྱུར་འགྲོ་བས་ཡི་གེ་ཡང་དེ་དང་བསྟུན་ནས་འགྲོ་དགོས་པས་ན་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཡི་གེ་དང་། བརྡ་སྤྲོད་ཀྱི་གཞུང་ཆ་ཚང་གཏན་འབེབས་བྱེད་ཐུབ་སྙམ་པའམ། དེ་ཉིད་ལ་ལེགས་བཅོས་གང་ཡང་མ་བཏང་བར་དེས་མི་རབས་རྗེས་མ་དག་གི་དགོས་མཁོ་སྐོང་ཐུབ་སྙམ་པ་ནི་ཧ་ཅང་སྟབས་བདེ་བའི་བསམ་བློ་ཞིག་ལས་ལག་ལེན་ཐོག་ཏུ་ཡོང་ཐུབ་པ་ཞིག་མིན་པར་མངོན།

ད་ལྟའི་ཆར་ང་ཚོ་དབྱིན་སྐད་དང་རྒྱ་སྐད་སོགས་སྐད་ཡིག་གཞན་དང་འབྲེལ་བ་བྱུང་བ་ན་བོད་མིའི་ལྕེ་ཡིས་བརྗོད་མི་ཐུབ་པ་ཆེས་ཉུང་ན་ཡང་བོད་ཡིག་ནང་དུ་འབྲི་ཐབས་མེད་པ་མང་པོ་ཡོད་པ་སྟེ། དཔེར་ན་སྐད་རིགས་མང་པོ་ལ་ཡི་གེ་མཐའ་མའི་སྒྲ་གདངས་ཧྲིལ་པོ་མ་བཏོན་པར་ཟུར་ཙམ་བརྗོད་པ་དབྱིན་སྐད་ཀྱི་ནང་དུ་བོད་ལ་ Tibet ཊི་རྦེཊ་ཞེས་བརྗོད་པ་ལ་དབྱིན་ཡིག་སྦྱངས་མ་མྱོང་བའི་བོད་རིགས་རྣམས་ཀྱིས་ཡང་ན་ཊི་རྦད་ལྟ་བུ་དང་། ཡང་ན་ཊི་རྦེ་ཊི་ལྟ་བུ། ཡང་ན་ཊི་རྦེ་ཊཱ་ལྟ་བུ་ལས་ t ཐ་མའི་སྒྲ་གདངས་ཧ་ཅང་ཚོད་རན་པོ་འདོན་དཀའ། འོན་ཀྱང་ད་ལྟའི་ཆར་བོད་པ་ཕལ་མོ་ཆེར་འདི་འདྲའི་སྒྲ་གདངས་འདོན་པར་དཀའ་ཁག་མེད་ཀྱང་། བོད་ཡིག་གི་ནང་དུ་འབྲི་ཐབས་མེད་པ་དང་། ཡང་ནང་པའི་རྒྱལ་ཁབ་ 泰國ཐའི་གོ་ Thailand ཐེ་ལན་ཌི་ལྟ་བུར་རྒྱ་སྐད་དང་དབྱིན་སྐད་གང་ཞིག་བེད་སྤྱད་ཀྱང་ཐའི་ལྟ་བུའི་སྒྲ་གདངས་ཡོད་པ་ལ། བོད་པའི་ལྕེ་ཡིས་བརྗོད་མི་ཐུབ་པའི་དཀའ་ངལ་མེད་ཀྱང་། བོད་པའི་ཡི་གེར་འབྲི་སྲོལ་མེད་པ་དང་། ལྷག་པར་གལ་ཆེ་ཤོས་ཐ་ན་བོད་པ་རང་གིས་ཉིན་རེའི་འཚོ་བའི་ནང་དུ་སྤྱོད་བཞིན་པའི་སྐད་ཆེས་མང་པོ་ཞིག་བོད་ཡིག་ནང་དུ་འབྲི་ཐབས་མེད་པ་སོགས་ཀྱི་གནས་སྟངས་ཀྱིས་བོད་ཡིག་གིས་བོད་སྐད་ཀྱི་རྗེས་མ་ཟིན་པར་ལྷག་ཡོད་ཅིང་། འདིས་ནི་བོད་ཡིག་ནི་བེད་མེད་དུ་གྱུར་ནས་རིང་མིན་དུར་ཁྲོད་དུ་འགྲོ་བའི་སྔ་ལྟས་སྟོན་དང་སྟོན་བཞིན་པ་ལས་མ་འདས་སོ།།

འདས་པའི་དུས་སུ་སེར་མོ་བ་གཙོ་བོར་གྱུར་པས་བོད་ཡིག་ནི་ནང་ཆོས་ཀྱི་ཆེད་དུ་བཟོས་པར་བཤད་ཀྱང་། སྲོང་བཙན་སྒམ་པོ་ནང་ཆོས་ལ་སྔོན་ལ་ཞུགས་པ་ཡིན་ནམ། བོད་ཡིག་སྔོན་ལ་བཟོས་པ་ཡིན་བཤད་དཀའ་ལ། གང་ལྟར་ཡང་བོད་ཡིག་ནི་བོད་མི་རིགས་དང་། བོད་སྐད་ཀྱི་ཆེད་དུ་བཟོས་པ་ལས་ནང་ཆོས་ཀྱི་ཆེད་དུ་བཟོས་པའི་རྒྱུ་མཚན་མེད་ཅིང་། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སམ་བྷོ་ཊས་བཟོས་པས་ན་དེ་ལ་ལེགས་བཅོས་གཏོང་དགོས་པ་མེད་པར་སྙམ་ན་ཡང་། བོད་ཡིག་གི་ཕྲད་དཔེར་ན་ལྷག་བཅས་ལ་སྟེ་དང་ཏེ་གཉིས་ཡོད་ཅིང་། དེ་གཉིས་སྦྱོར་ཚུལ་ནོར་ཉེན་ཆེ་ན་ཡང་དེ་འདྲ་གཉིས་འཇོག་པ་ལ་དཀའ་ངལ་མ་གཏོགས་དགོས་པ་རྒྱུ་མཚན་ཅུང་ཟད་ཀྱང་མེད་པའི་ཕྱིར་དང་། དུས་གསུམ་གྱི་རྣམ་གཞག་མང་པོ་ཞིག་མ་ནོར་ན་མཁས་ཉམས་སྟོན་བྱེད་ཙམ་ལས་གོ་དོན་མི་འཁྲུགས་པ་ལ་ཕན་ཕལ་ཆེར་མེད་ན་ཡང་། རིག་གནས་ལ་མཁས་པ་རྣམས་ཀྱིས་མཐོང་ཆུང་མི་གནང་བ་ཙམ་གྱི་ཆེད་དུ་ང་ཚོས་དུས་གསུམ་གྱི་དག་ཆ་མང་པོ་ཞིག་ངལ་བ་དོན་མེད་དུ་སྦྱོང་དགོས་པ་སོགས་ཀྱིས་ད་དུང་ཡང་ང་ཚོའི་བོད་ཡིག་འདི་ལ་ལེགས་བཅོས་གཏོང་དགོས་པའི་ཆ་ཤས་མང་དུ་ཡོད་པར་མངོན་ནོ།། 

དེས་ན་དུས་རབས་བཅོ་ལྔ་པའི་ནང་དུ་ཀོ་རི་ཡའི་རྒྱལ་པོ་ 세종대왕སེ་རྗོང་གིས་ཀོ་རི་ཡའི་ཡི་གེ་ཧན་གུལ་ཞེས་པ་དེ་བཟོ་སྐབས་ངས་མཁས་པས་སྦྱངས་ན་ཉིན་མཚན་ཆ་གཅིག་དང་། བླུན་པོས་སྦྱངས་ན་ཉིན་བཅུ་ལས་ལྷག་པ་མི་དགོས་པའི་ཡི་གེ་ཞིག་བཟོ་ཡོང་ཞེས་གསུངས་པར་གྲགས་པ་བཞིན་ང་ཚོའི་བོད་ཡིག་འདི་ཡང་ད་དུང་ལེགས་བཅོས་བཏང་ན་དེ་དང་ཆ་མཚུངས་པ་ཞིག་བཟོ་ཐབས་ཡོད་པར་མཐོང་ཞིང་། ངོས་ལ་དེ་འདྲ་བཟོ་བའི་བསམ་བློ་ཞིག་ཀྱང་ལྐོག་གྱུར་གྱི་ཚུལ་དུ་ཡོད་ནས་ལོ་ཤས་སོང་ཡང་བོད་ཡིག་ལ་མཁས་ཤིང་། བོད་ཡིག་ལ་དུང་བའི་མཁས་པ་རྣམས་ཀྱིས་བཀའ་བཀྱོན་དང་ཐུགས་ཁྲེལ་གནང་མི་ཡོང་ངམ་སྙམ་ནས་དངོས་སུ་བཟོ་ཐབས་བྱེད་པ་ལྟ་ཞོག་ད་བར་བཤད་པ་ཙམ་གྱི་བློ་ཁོག་ཀྱང་མེད་པར་ལུས། འདི་ནི་རྨི་ལམ་ཙམ་དུ་ལུས་སྲིད་ཀྱང་། ཅི་སྟེ་སུ་ཞིག་གིས་འདི་འདྲ་བཟོ་རྒྱུ་བྱུང་ན་སྤྱིར་བོད་ཡིག་སྦྱོང་འདོད་ཡོད་ཀྱང་སྦྱོང་ཁག་པར་མཐོང་བའི་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པ་ལ་དགེ་མཚན་ཧ་ཅང་ཆེ་བ་ཞིག་ཏུ་ཡང་འགྱུར་སྲིད་དེ། Turkey ཊུར་ཀིའི་ལུང་པས་སྔར་ཨ་རབ་ཀྱི་ཡི་གེ་བེད་སྤྱོད་བཞིན་པ་ལ། དུས་རབས་ཉི་ཤུ་པའི་ནང་དུ་ཆོས་ལུགས་མི་སྣ་གཙོ་བོར་གྱུར་པས་ངོ་རྒོལ་ཤུགས་ཆེན་བྱས་མིན་ལ་མ་ལྟོས་པར་ལེ་ཊིན་ཡི་གེར་བསྒྱུར་བས་དུས་ཡུན་ཐུང་ངུའི་ནང་དུ་ཊུར་ཀིའི་ལུང་པར་འབྲི་ཀློག་གི་ཤེས་ཚད་བརྒྱ་ཆ་༡༠ ནས་བརྒྱ་ཆ་ ༩༠ ལ་འཕར་བར་གྲགས་པ་བཞིན་ནོ།།

ང་ཚོས་ཀྱང་དེ་ལྟར་བྱས་ན་སྲོང་བཙན་སྒམ་པོའི་ཁྲིམས་དང་འགལ་འགྲོ། ཐོན་མི་སམ་བྷོ་ཊའི་དགོངས་པ་དང་འགལ་འགྲོ། ཡབ་མེས་གོང་མའི་ཕྱག་སྲོལ་དང་འགལ་འགྲོ་སྙམ་པའི་སེམས་ཁྲལ་མི་དགོས་ཏེ། འཇིག་རྟེན་འདིར་འགྱུར་བ་མེད་པ་གཅིག་རང་ཡོད་པ་ནི་དངོས་པོ་གང་ཡིན་ཀྱང་རྟག་ཏུ་འགྱུར་བཞིན་པའི་གནས་ལུགས་འདི་ཡིན་པས་ན། ཐམས་ཅད་འགྱུར་བས་མི་ཡི་སྤྱི་ཚོགས་འགྱུར་ཞིང་། མི་ཡི་སྤྱི་ཚོགས་འགྱུར་བས་སྐད་ཀྱང་འགྱུར། སྐད་འགྱུར་བས་ཡི་གེ་ཡང་འགྱུར་དགོས་ཤིང་། མ་འགྱུར་ན་ཡི་གེ་དང་སྐད་གཉིས་བཟའ་ཚང་ཁ་འཐོར་བ་ལྟར་གྱུར་ཏེ་ཡི་གེ་ནི་འཆི་ངེས་པ་ཡང་གཙོ་བོ་ཡི་གེ་སྐད་ལ་བརྟེན་པ་ལས་སྐད་ཡི་གེ་ལ་བརྟེན་པ་མ་ཡིན་ནོ།། ད་ལྟར་སྤྱོད་བཞིན་པའི་འཛམ་གླིང་གི་ཡི་གེ་ཐམས་ཅད་དེ་ལྟར་འགྱུར་བཅོས་བཏང་ནས་བྱུང་བ་ལས་འགྱུར་བ་མེད་པར་གནས་པ་གཅིག་ཀྱང་ཡོད་པ་མ་ཡིན་ནོ།། སྲོལ་རྒྱུན་རིག་གནས་ལ་དགའ་བ་མང་པོས་ཡི་གེ་ལ་འགྱུར་བཅོས་བཏང་ན་ཡིག་ཆ་རྙིང་པ་རྣམས་བེད་མེད་དུ་འགྲོ་བའི་ཉེན་ཁ་ཆེ་བར་སྙམ་ཡང་། རིག་གཞུང་གལ་ཆེན་ཐམས་ཅད་ལ་ཡི་གེ་གསར་རྙིང་གཉིས་ལྷག་ཡོད་པས་བོད་ལ་ཡང་དེ་འདྲ་ཡོད་པས་ཅི་སྐྱོན། ལར་ནས་ཛ་དྲག་གི་གནས་སྟངས་མང་པོར་ང་ཚོས་སྐྱོབ་དགོས་པ་གལ་ཆེ་ཤོས་ནི་མ་འོངས་པ་སྟེ། མ་འོངས་པ་སྐྱོབ་ཐུབ་ན་ད་གཟོད་ང་ཚོས་འདས་པ་ཡང་སྐྱོབ་ཐུབ་པའི་རེ་བ་ཆེ་ཞིང་། མ་འོངས་པ་སྐྱོབ་མ་ཐུབ་ན་འདས་པ་སྐྱོབ་ཐུབ་པ་ནི་སྲིད་པ་ཙམ་མོ།།


དཔྱད་གཞིའི་ཡིག་ཆ།


༡ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང་། པར་གཞི་གཉིས་པ། 1992
༢ བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཀོད་པ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ། 1984
༣ ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས་པ། མི་རིགས་དཔེ་སྐྲུན་ཁང་། 1983
༤ བོད་བཙན་པོའི་རྒྱལ་རབས། འབྲི་གུང་སྐྱབས་མགོན་ཆེ་ཚང་། Printed in USA by Dharma Publishing, Yeshi De Preservation Project
༥ <<རྦ་བཞེད་>>ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2009
༦ རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། དགེ་འདུན་ཆོས་འཕེལ། གངས་ཅན་རིག་མཛོད། དེབ་ཕྲེང་བཅུ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 2008
༧ ཐོན་མིའི་ཞལ་ལུང་། ཚེ་བརྟན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་ནས། དཔར་ཐེངས་བཞི་པ། 1988
༨ བོད་རྒྱ་ཚིག་མཛོད་ཆེན་མོ། ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། མི་རིགས་དཔེ་སྐྲུན་ཁང་། དཔར་ཐེངས་གཉིས་པ། 1996
༩ ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། གངས་ཅན་རིག་མཛོད་དེབ་ཕྲེང་ལྔ་པ།
༡༠ ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་བཞུགས་སོ།། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987
༡༡ རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། 1981
༡༢ དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984
༡༣  ཆོས་བྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1986
༡༤ Origin of Tibetan Writing by Berthold Laufer, Filed Musuem of Natural History, Chicago, Source: Journal of the American Oriental Society, Vol 38
༡༥ Development of Nagari Script by A.K. Singh, Parimal Publication, Delhi 1990


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།