བོད་ཡིག་གསར་བཟོའི་རིམ་པ། (བར་ཆ།)__རྩིས་ཆེ་ལེགས་མཐོང་།

12849



ལྔ་པ། གསལ་བྱེད་གང་དག་ཕུད་པ།

ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་དབྱངས་དང་། གསལ་བྱེད་གང་ལ་ཡིན་ཀྱང་འཕྲི་སྣོན་དགོས་པ་ནི་བཤད་མ་དགོས་པ་ལ། ཐོག་མར་རྒྱ་གར་གྱི་དབྱངས་གསལ་ཅི་ཙམ་དོར་བའི་ཐད་ལ་བཀའ་ཆེམས་ཀ་ཁོལ་མ་ལས། “རྒྱ་གར་ཡི་གེ་ལྔ་བཅུ་ཐམ་པ་དེ་བོད་ཡིག་སུམ་ཅུ་ཐམ་པར་བསྡུས་ཏེ་བསྒྱུར་བས།” ཞེས་འབྱུང་བ་ནི་བོད་ཀྱི་མཁས་པ་ཐམས་ཅད་ཀྱིས་འདོད། དེ་ལྟར་ཡོངས་གྲགས་སུ་རྒྱ་གར་གྱི་ཡི་གེར་དབྱངས་བཅུ་དྲུག་ཡོད་པ་ལས་ཐོན་མིས་དབྱངས་ཨ་བརྩིས་པའི་ལྔ་ལས་གཞན་རྣམས་དོར་བ་དང་། གསལ་བྱེད་ཀྱི་ནང་ནས(घ झ ढध भ)གྷ་ཛྙ་དྷ་བྷ་སྟེ་འཐུག་པོ་ལྔ། (ट ठ ड ण ष)ཊ་ཋ་ཌ་ཎ་ཥ་སྟེ་ལོག་པ་ལྔ། མཐའ་ཡི(क्ष)ཀྵ་བཅས་ཕུད་པར་གྲགས། སྤྱིར་གུཔྟའི་ཡི་གེ་ལ་གསལ་བྱེད་༣༢ དང་། དབྱངས་ལྔ་ཡོད་པས་ན་བསྡོམས་ཡི་གེ་སོ་བདུན་ཡོད་པར་གྲགས་ཤིང་། དེ་ཝ་ནཱ་ག་རིའི་ཡིག་གཟུགས་ལ་གསལ་བྱེད་༣༣ དང་དབྱངས་༡༤ སྟེ་ཁྱོན་བསྡོམས་དབྱངས་གསལ་༤༧ ཡོད་པ་དང་། ད་ལྟ་རྒྱ་གར་གྱིས་དབྱངས་གསལ་༤༦ ལ་གཏན་འབེབས་གནང་ཡོད།

ས་སྐྱ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པར་གྲགས་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། “ན་ལོག ཤ་ལོག ཐ་ལོག་བྱེད་པ་སོགས་ནི། སཾསྐྲི་ཏའི་སྐད། བོད་དུ་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྜིཏ་རྣམས་ཀྱིས་རྟིང་དུ་བཅོས་སོ།།” ཞེས་དེ་དག་ཐུ་མིའི་རྗེས་སུ་བྱུང་བའི་མཁས་པ་རྣམས་ཀྱིས་གསར་བཟོས་མཛད་པར་གསུངས་པ་ལ། ཚེ་བརྟན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་ལས་འདི་དག་ཐོན་མིས་བོད་ཀྱི་གསལ་བྱེད་ལ་མི་མཁོ་བར་དགོངས་ནས་དོར་བར་གསུངས་ཤིང་། ཡང་རྒྱལ་རབས་གསལ་བའི་མེ་ལོང་གི་བཤད་སྲོལ་དེ་ལ་ཚེ་བརྟན་ཞབས་དྲུང་གིས་དགག་པ་གནང་ནས། “འདི་ལ་རྗེས་སུ་དཔགས་པའི་ཚུལ་གྱིས་བརྟགས་ན་ཐོན་མི་ལོ་ཙཱ་བ་ཆེན་པོ་ལ་དུས་དེར་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་བོད་ཡིག་ཏུ་ཇི་ལྟར་འབྲི་དགོས་པའི་ཐུགས་ཁུར་ཆེན་པོ་བཤོལ་དུ་མེད་པ་དེ་བབས་འདུག་པས་ཁོང་གིས་བོད་ཡིག་བྱིངས་གཏན་ལ་ཕབ་དུས་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་ཞར་ལ་བཟོས་ཟིན་ཞེས་བཤད་ན་རིགས་ཀྱི། ཕྱིས་ཀྱི་ལོ་པཎ་རྣམས་ཀྱིས་བཟོས་ཞེས་པ་ལ་རྒྱུ་མཚན་ཡང་དག་ཅི་ཡང་འགོད་རྒྱུ་མེད་སྙམ་མོ།།” ཞེས་གསུངས།

དེ་ལྟར་ན་ཚེ་བརྟན་ཞབས་དྲུང་གིས་གསུངས་པ་དེས་ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་བཟོ་དགོས་པ་གལ་ཆེ་ཚུལ་སྒྲུབ་ཐུབ་པ་ཙམ་གྱིས་ཐོན་མིས་སྐབས་དེར་གསར་བཟོ་མཛད་པར་སྒྲུབ་མི་ཐུབ་ཅིང་། གལ་ཏེ་ཐོན་མིའི་སྐབས་སུ་དེ་དག་བཟོས་ཡོད་ན་རྒྱ་གར་གྱི་ཡི་གེ་ལ་དཔེ་བླང་པའི་གསལ་བྱེད་གཞན་རྣམས་ཀྱི་དབྱིབས་གཟུགས་རྒྱ་གར་ཇི་མ་ཇི་བཞིན་ཡིན་པ་ལ་འདི་ཚོ་གཅིག་པུ་ར་མ་ལུག་གི་རྣམ་པར་བཟོ་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ།། ད་དུང་ཚེ་བརྟན་ཞབས་དྲུང་གིས་ཞར་ལ་བཟོས་ཞེས་གསུང་དུས་དེ་ལ་ཕྱིས་སུ་ལོ་པཎ་རྣམས་ཀྱིས་བཟོ་བཅོས་བྱས་སམ་མ་བྱས། མ་བྱས་ན་ཞར་ཟེར་དོན་ཅི་ཡོད། བྱས་ན་རྒྱལ་རབས་གསལ་མེ་ལས་གསུངས་པ་ལས་དོན་གཅིག་ཏུ་འབབ་པ་མ་ཡིན་ནམ། ཁོ་བོས་ནི་མགོ་མ་ཚོས་པ་ཡིན་ནམ་གང་ལྟར་འདིར་ཚེ་བརྟན་ཞབས་དྲུང་གིས་དགག་བཞག་མཛད་པ་ལ་སྙིང་པོ་དེ་ཙམ་མ་མཐོང་ཞིང་། ད་དུང་ཚེ་བརྟན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་གི་ནང་དུ་གོང་དུ་ཡི་གེ་དེ་དག་ཐོན་མིས་དོར་བར་གསུངས་ནས་གཤམ་དུ་ཐོན་མིས་བཟོས་པར་ནན་གྱིས་བསྒྲུབས་ན། ཐོན་མིས་ཡི་གེ་དེ་དག་ཐུགས་ཁུར་ཆེན་པོས་བཟོས་ནས་དོར་བ་རེད་ཅེས་གསུངས་པ་ནི་མིན་ལས་ཆེ།

དེ་ལྟར་བོད་ཀྱི་མཁས་པ་རྣམས་ཀྱིས་ལེགས་སྦྱར་ལ་ཡོད་པའི་མཐུག་པོ་ལྔ་དང་ལོག་པ་ལྔ་སོགས་བོད་ཡིག་ལ་མི་དགོས་པའི་རྒྱུ་མཚན་གྱིས་ཐོན་མིས་དོར་བར་བཤད་ན་ཡང་། མི་དགོས་པའི་རྒྱུ་མཚན་གང་རེད་ཅེས་དྲིས་ན་ལན་འདེབས་དཀའ་བར་སྣང་སྟེ། དགོས་དང་མི་དགོས་ཀྱི་གནད་འགག་གཙོ་བོ་ནི་བོད་སྐད་ཀྱི་ནང་དུ་སྒྲ་གདངས་དེ་དག་ཡོད་མེད་ལ་ཐུག་ཡོད་པ་ལ། ཉང་རལ་ཆོས་བྱུང་ལས། “གྷའི་སྡེ་ཚན་ཡི་གེ་འཐུག་པོ་དོད་པོ་མེད་པ་རྣམས་བཞག” ཅེས་གསུངས་ན་ཡང་། དེ་ལྟར་ན་ལེགས་སྦྱར་གྱི་འཐུག་པོ་ལྔ་ལས་གྷ་ཛྙ་དྷ་བྷ་ཛྷ་བཅས་ཀྱི་སྒྲ་གདངས་བོད་སྐད་ལ་མེད་པ་རེད་དམ། མེད་ན་འགའ་ཞིག་དང་གྷ་ཞིག་གི་སྒྲ་གདངས་ཀྱི་ཁྱད་པར། ཛྙ་ས་དང་འཇའ་སའི་སྒྲ་གདངས་ཀྱི་ཁྱད་པར། དགྲ་བོ་དང་ཌྷ་བོའི་ཁྱད་པར། དེ་བཞིན་སྡར་མ་ལ་དྷ་ཡི་སྒྲ་གདངས་ཡོད་དམ་མེད། སྦས་གསང་ལ་བྷ་ཡི་སྒྲ་གདངས་ཡོད་དམ་མེད། དཔེར་བརྗོད་བཀོད་མ་ཐག་པ་འདི་དག་ལ་སྒྲ་གདངས་ཀྱི་ཁྱད་པར་ནི་ཕལ་ཆེར་མེད་པ་ལྟར་ཡིན་པས་ན་བོད་སྐད་ལ་དེ་དག་གི་སྒྲ་གདངས་ཡོད་ན་ཡི་གེ་དེ་དག་ཀྱང་དགོས་པས་ན་ཐོན་མིས་ཅིའི་ཕྱིར་དེ་དག་དོར་བ་རེད་ཅེས་བཤད་ན་དེ་ནི་བོད་ཡིག་ཏུ་མི་དགོས་པས་དོར་བ་རེད་ཅེས་པའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ལན་གྱིས་དོགས་པ་སེལ་ཐུབ་པ་ཞིག་མ་ཡིན་པར་མཐོང་།

དེ་བཞིན་ཊ་ཋ་ཌ་ཎ་སོགས་འདོར་དགོས་པའི་རྒྱུ་མཚན་གང་རེད་དམ། ཡི་གེ་དེ་དག་གི་སྒྲ་གདངས་བོད་སྐད་ལ་མེད་པ་རེད་དམ། རེད་ན། ཊ་ཤིས་ཞེས་ཀློག་པ་དང་བཀྲ་ཤིས་ཞེས་ཀློག་པ། ཋ་བོ་ཞེས་ཀློག་པ་དང་ཁྲ་བོ་ཞེས་ཀློག་པ། ཌ་མིན་སྣ་ཚོགས་ཞེས་ཀློག་པ་དང་འདྲ་མིན་སྣ་ཚོགས་ཞེས་ཀློག་པ། ཎ་སྐྱེལ་བ་དང་མནའ་སྐྱེལ་བ། གཏམ་ཥ་མ་ཞེས་ཀློག་པ་དང་གཏམ་གཤའ་མ་ཞེས་ཀློག་པ་བཅས་ལ་ཁྱད་པར་ཅི་ཡོད་ཅེས་དྲིས་ན་སྔོན་བྱོན་བོད་ཀྱི་མཁས་པ་ཐམས་ཅད་མཁྱེན་པར་གྲགས་པ་རྣམས་དང་། ཕྱིས་བྱོན་བོད་ཀྱི་མཁས་པ་འགྲན་ཟླ་བྲལ་བ་དགེ་འདུན་ཆོས་འཕེལ་བཅས་ཀྱིས་མ་གསུངས་པ་ལས་མ་དགོངས་པ་ག་ལ་སྲིད་ན་ཡང་། ཁོ་བོ་ལྟ་བུར་སུ་ཞིག་གིས་རལ་གྲི་སྐེ་ལ་བཞག་ནས་ཁྱོད་ཀྱིས་སྒྲ་གདངས་དེ་དག་གི་ཁྱད་པར་ཕྱེས་ཤོག་ཟེར་ན་ཤི་རྒྱུ་ཉག་ཅིག་ལས་སྒྲ་གདངས་ཀྱི་ཁྱད་པར་ཕྱེ་མི་ནུས། ཉང་རལ་ཆོས་བྱུང་ལས། “ཊའི་སྡེ་ཚན་ལོག་པའི་ཡི་གེ་ལྔ་ལྕེས་མི་འགྱུར་བར་བཞག” ཅེས་གསུངས་ན་ཡང་། དེང་སང་རྒྱ་གར་དུ་བོད་རིགས་རྒྱ་གར་གྱི་སྐད་ཤེས་མཁན་ཧ་ཅང་མང་བ་ལ་དེ་ཚོ་སུར་ཡང་རྒྱ་གར་བའི་གསལ་བྱེད་ཀྱི་སྡེ་པ་གསུམ་པ་སྟེ། ཊ་ཋ་ཌ་ཌྷ་ཎ་སོགས་ཀྱི་སྒྲ་གདངས་ཐོན་མི་ཐུབ་པའི་དཀའ་ངལ་ཕྲན་བུ་ཙམ་ཡོད་པ་ཡང་ཐོས་རྒྱུ་མི་འདུག་པས་ཉང་རལ་གྱིས་ཅི་ཞིག་དགོངས་ནས་གསུངས་པ་ཡིན་ཆ་མ་འཚལ།

བོད་མིང་བཀྲ་ཤིས་དང་། འཕྲིན་ལས། དོན་འགྲུབ། རྣམ་རྒྱལ་བཅས་འབྲི་དགོས་ན་རྒྱ་གར་བས་ཊ་ཋ་ཌ་ཎ་བཅས་བེད་སྤྱད་ནས་འབྲི་ཞིང་། དེ་ཚོ་འབྲི་སྐབས་རྒྱ་གར་བས་སྒྲ་གདངས་ཇི་མ་ཇི་བཞིན་དུ་ཐོན་ཡོད་སྙམ་པ་ལས་རྒྱ་ནག་གི་ཡི་གེར་བོད་མིང་འབྲི་བ་ལྟར་ཕྱོགས་ཙམ་ཉེ་སོང་སྙམ་མཁན་གྱི་རྒྱ་གར་བ་ཞིག་མེད་པའི་ཚོད་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཆ(कर्नाटक)ཀརྣ་ཊ་ཀ་ལ་བོད་པ་ཚོས་ཀརྣ་ཀྲ་ཀ་ཟེར་བའམ།  ཡང་བལ་ཡུལ་གྱི་ས་ཆ་གྲགས་ཅན(ठमेल)ཋ་མེལ་ལ། བོད་པ་ཚོས་ཀྱང་ཁྲ་མེལ་གྱི་སྒྲ་གདངས་འདོན་པ་དང། ཡང་ལྟད་མོའི་ནང་གི་མི་མ་རབས་ལ་རྒྱ་གར་བས(गुंडा)གུན་ཌཱ་ཞེས་ཟེར་བ་ལ། རྒྱ་གར་དང་བལ་ཡུལ་སོགས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་ཀྱང་དེ་ལ་གུན་དགྲ་ལྟ་བུ་ཟེར་བ་སོགས་ལ་རྒྱ་བོད་སུས་ཀྱང་སྒྲ་གདངས་མ་དག་པའི་སྐྱོན་བརྗོད་མི་བྱེད། ན་དང་ཎ་གཉིས་ནི་སྒྲ་གདངས་ཧ་ཅང་འདྲ་བས་རྒྱ་གར་སྐད་ནང་གི་དེ་གཉིས་ཀར་དབྱིན་ཡིག་ཏུ་ན་རང་འབྲི་སྲོལ་ཡོད། འོན་ཀྱང་རྒྱ་གར་ཤར་ཕྱོགས་ཀྱི་ས་ཆ་(अरुणाचल)ཨརུཎཱཅལ་ལྟ་བུར་བོད་པ་རྣམས་ཀྱིས་དེའི་ནང་གི་ཡི་གེ་གསུམ་པ་ནི་ཎ་ཡིན་པར་ཤེས་ན་སྒྲ་གདངས་འདོན་མི་ཐུབ་པའི་དཀའ་ངལ་ནི་རྩ་བ་ནས་མེད།

འདི་ལྟར་བསམ་དུས་རྒྱ་གར་གྱི་ཡི་གེའི་ནང་གི་ཊ་ཋ་ཌ་ཌྷ་ཎ་སོགས་ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་དོར་བའི་རྒྱུ་མཚན་ནི་ཡི་གེ་དེ་དག་གི་སྒྲ་གདངས་བོད་སྐད་ལ་མེད་པས་བོད་ཡིག་ལ་མི་མཁོ་བའི་རྒྱུ་མཚན་གྱིས་ཡིན་པར་བཤད་པ་ནི་རྒྱ་གར་དང་བོད་གཉིས་ཀའི་སྐད་ཙམ་མིན་པར་བོད་སྐད་གཅིག་པུ་ཤེས་མཁན་ཞིག་གི་ངོས་ནས་ཀྱང་བསམ་མནོ་ཕྲན་བུ་བཏང་ན་གློ་བར་འབྱིན་དཀའ་བ་ཞིག་ཡིན་ན་ཡང་། ད་ལྟའི་བར་བོད་ཀྱི་མཁས་པ་དག་གིས་བཤད་སྲོལ་རྙིང་པ་དེར་རང་ཉིད་ཀྱིས་ཡིད་ཆེས་པ་ཙམ་མིན་པར་གཞན་ལ་འཆད་ཅིང་བསྟན་བཅོས་སུ་འབྲི་བ་སོགས་ནི་ཡོངས་གྲགས་ཟེར་བའི་རླབས་ཆེ་ཞིང་། གོམས་འདྲིས་ཟེར་བ་གཏིང་ཟབ་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེ། ཡང་ན་ནི་མཁས་པ་ཞིག་གིས་ཁྱོད་ཀྱིས་རྫུན་ཞིག་བསྐྱར་བཤད་མང་ཙམ་བྱས་ན་བདེན་པར་འགྱུར་འགྲོ་ཞེས་བཤད་པར་གྲགས་པ་བཞིན་བཤད་སྲོལ་འདི་ཡང་དེ་ལྟ་བུར་གྱུར་ཡོད་ལས་ཆེ། འོན་ཀྱང་མཁས་པ་གཞན་ཞིག་གིས་ཁྱོད་ཀྱིས་མི་གཅིག་དུས་ཐམས་ཅད་དང་། མི་ཐམས་ཅད་དུས་གཅིག་ལ་མགོ་སྐོར་གཏོང་ཐུབ་སྲིད་ཀྱང་། མི་ཐམས་ཅད་དུས་ཐམས་ཅད་དུ་མགོ་སྐོར་གཏོང་ཐུབ་མི་སྲིད་ཅེས་གསུངས་པ་ལྟར། ང་ཚོས་བརྟགས་ཤིང་དཔྱད་ན་འདི་དང་འདི་ལྟ་བུའི་བཤད་སྲོལ་མང་པོ་ཞིག་གཏམ་རྒྱུད་ཙམ་ཡིན་པའི་གནས་ལུགས་འདི་ཡང་ཇེ་གསལ་དུ་འགྱུར་བ་ལ་ཐེ་ཚོམ་མེད་སྙམ།

དེས་ན་གཏམ་རྒྱུད་ཙམ་ལ་ཡིད་མ་ཆེས་པར་ལག་ལེན་ལ་བསམས་ནས་དཔྱད་ན་ཐོན་མིས་བོད་ཡིག་ཐོག་མར་གསར་བཟོ་མཛད་པ་ན་གལ་ཆེ་ཤོས་ནི་རྒྱ་གར་གྱི་ཡི་གེ་གང་ཞིག་བོད་སྐད་ལ་དེའི་སྒྲ་ཡོད་ན་འཇོག་ངེས་ཤིང་། བོད་སྐད་ལ་ཡོད་ཀྱང་དེའི་སྒྲ་འདོན་པའི་རྒྱ་གར་གྱི་ཡི་གེ་ཞིག་མེད་ན་གསར་བཟོ་བྱེད་དགོས་པ་ནི་ཡི་གེ་གསར་བཟོའི་བརྒྱུད་རིམ་ལ་མེད་དུ་མི་རུང་བའི་རིམ་པ་ཞིག་རེད། དེ་ལྟར་ན་འཐུག་པོ་ལྔ་ཡི་སྒྲ་སྐད་བོད་སྐད་ཀྱི་ནང་དུ་ཡོད་པས་ན་ཐོན་མིས་གསལ་བྱེད་གཙོ་བོར་གྱུར་པའི་ཡི་གེ་ཐོག་མར་བཟོས་གནང་བའི་སྐབས་སུ་སྟེ། བོད་ཡིག་གི་ཐོན་རིམ་དང་པོའི་སྐབས་སུ་ཡི་གེ་དེ་དག་དོར་མེད་པའི་རྒྱུ་མཚན་ཆེ་ཞིང་། དེ་རྗེས་བོད་ཡིག་བཀོལ་སྤྱོད་གང་མང་བྱས་ཤིང་། སྒྲ་གདངས་ཐོན་ན་ཡང་གོ་ནོར་ཡོད་པའི་སྐྱོན་མཐོང་ཚེ་སླར་ཡང་དེ་ལ་འཕྲི་སྣོན་སོགས་ཀྱི་བཟོ་བཅོས་བྱ་དགོས་ངེས་པས་ན་བོད་ཡིག་གི་ཐོན་རིམ་གཉིས་པ་སྟེ་དག་ཆ་རྩལ་འདོན་གྱི་སྐབས་སུ་བོད་སྐད་ནང་གི་སྒྲ་གདངས་སོ་སོ་ལ་སྐབས་བབ་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་ཁོ་ན་བེད་སྤྱད་ནས་བྲིས་ན་གོ་ནོར་ཐེབས་ཉེན་ཆེ་བས་ན་དེ་རྣམས་ཕུད་དེ་དེའི་ཚབ་ལ་སྔོན་འཇུག་ལྔ་པོ་གཙོ་བོར་གྱུར་པ་བྲིས་ཏེ་སྒྲ་གདངས་ཐོན་པ་ཙམ་མིན་པར་དག་ཆའི་དབང་གིས་གོ་ནོར་མི་འབྱུང་བའི་ཡར་རྒྱས་དེ་བྱུང་ཡོད་སྲིད་སྙམ།

དག་ཆ་ལ་ཤུགས་བརྒྱབ་པའི་རིམ་པ་དེ་ནི་ཐོན་མིའི་སྐབས་ནས་བྱུང་ཡོད་ངེས་ཀྱང་། གཙོ་བོ་ཐོན་མིའི་རྗེས་སུ་བྱུང་ཡོད་སྲིད། དེར་བརྟེན་ཐོག་མར་ཐོན་མིས་བོད་ཡིག་གི་དབྱངས་གསལ་རྣམས་གསར་བཟོ་མཛད་པ་ན་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་ཆ་ཚང་ཡོད་ན་ཡང་། དེ་རྗེས་རིམ་པས་དེ་དག་བོད་ཀྱི་གསལ་བྱེད་ལས་ཕུད་པ་དང་། རྒྱལ་རབས་གསལ་མེ་ལས་གསུངས་པ་ལྟར་ཕྱིས་སུ་གཟུངས་སྔགས་གཙོ་བོར་གྱུར་པའི་རྒྱ་གར་གྱི་ཡི་གེ་རྣམས་འབྲི་དགོས་བྱུང་ཚེ་སླར་ཡང་འཐུག་པོ་ལྔ་ལ་སོགས་པ་བཟོས་གནང་། སྐབས་དེ་དུས་ཡི་གེ་གསར་བཟོ་བྱས་ན་བོད་པ་རྣམས་ཀྱིས་ཀློག་མི་ཐུབ་པའི་ཉེན་ཁ་ཡོད་པས་སྔར་ཐོན་མིས་བཟོས་ཟིན་པའི་གསལ་བྱེད་བེད་སྤྱད་ནས་འཐུག་པོ་ལྔ་རྣམས་གྲུབ་པ་ཡིན་ལས་ཆེ་བ་སྟེ། དཔེར་ན་གོང་ས་ལྔ་པའི་སྐབས་ཙམ་དུ་བོད་ལ་རྒྱ་ནག་གི་རིག་གནས་ཤུགས་རྐྱེན་ཆེ་ཙམ་བྱུང་བས་རྒྱ་སྐད་ནང་གི་ཧྥ་ཞེས་པ་ལ་བོད་པ་རྣམས་ཀྱིས་ཡི་གེ་གསར་བཟོ་བྱེད་པའི་ཚབ་ལ་ཧ་དང་ཕ་གཉིས་སྦྱར་ནས་ཧྥ་ཞེས་པའི་ཡི་གེ་བཟོས་པ་ལྟ་བུའོ།།

དྲུག་པ། གསལ་བྱེད་གང་དག་བསྣན་པ།

ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ན་དཀའ་ལས་ཁག་ཤོས་ནི་རྒྱ་གར་གྱི་ཡི་གེ་རྣམས་ལས་བོད་ཡིག་ལ་མི་དགོས་པ་རྣམས་ཕུད་རྒྱུ་དེ་མ་ཡིན་པར་རྒྱ་གར་གྱི་ཡི་གེ་ལ་མེད་ཅིང་བོད་ཡིག་ལ་དགོས་པ་རྣམས་ཁ་སྣོན་བྱ་རྒྱུ་དེ་ཡིན་པ་བཤད་མ་དགོས། དེའི་སྐོར་ལ་བཀའ་ཆེམས་ཀ་ཁོལ་མ་ལས། “ཅ་ནི་ཅོག་རོའི་ཡུལ་ནས་བཙལ། ཟ་ཟ་ཧོར་ཡུལ་ནས་བཙལ། ཞ་ཞང་ཞུང་གི་ཡུལ་ནས་བཙལ། འ་འ་ཞའི་ཡུལ་ནས་བཙལ། ཆ་དང་ཇ་གཉིས་ཡིད་ལ་ཤར། འདོགས་དང་ཡན་ལག་རྣམས་ཤེས་རབ་ཀྱིས་སྦྱར་ནས་རྒྱ་གར་ཡི་གེ་ལྔ་བཅུ་ཐམ་པ་དེ་བོད་ཡིག་སུམ་ཅུ་ཐམ་པར་བསྡུས་ཏེ་བསྒྱུར་བས། རྒྱ་གར་ལ་མེད་པའི་ཡི་གེ་ཕྱེད་དང་དྲུག་ཡོད་ཟེར།” ཞེས་གསུངས། དེ་ལྟར་བཤད་མ་ཐག་པའི་ཡི་གེ་དྲུག་པོ་ནི་རྒྱ་གར་གྱི་སྐད་དང་ཡི་གེ་གཉིས་ཀར་མེད་པས་ན་ཐོན་མིས་ཁྱོན་ཡོངས་ནས་གསར་བཟོ་མཛད་པ་ཞིག་ཡིན་པར་དུས་ཡུན་རིང་པོར་བོད་ཀྱི་མཁས་པ་རྣམས་ཀྱིས་འདོད་པ་ལ། དུས་རབས་ཉི་ཤུ་པའི་ནང་དུ་དགེ་འདུན་ཆོས་འཕེལ་གྱིས་དེ་ལ་དཔྱད་པ་མཛད་ནས་གཏམ་རྒྱུད་གསེར་གྱི་ཐང་མའི་ནང་དུ་ཐོན་མིས་གསར་བཟོ་མཛད་པ་ནི་ཅ་ཆ་ཇ་གསུམ་མིན་པར་ཙ་ཚ་ཛ་གསུམ་ཡིན་པ་དང་། དེ་ཡིན་པའི་རྒྱུ་མཚན་གྱིས་དེ་དག་ལ་ཙ་རྟགས་ཡོད་པ་སོགས་རྒྱུ་མཚན་ཞིབ་ཅིང་ཕྲ་བས་བསྒྲུབས་གནང་བ་ནི་ཚེ་བརྟན་ཞབས་དྲུང་སོགས་འགའ་ཤས་ལས་དེ་ཕྱིན་གྱི་བོད་ཀྱི་མཁས་པ་ཕལ་མོ་ཆེས་རྩོད་མེད་དུ་འདོད།

འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས་ཞྭ་ལུ་ལོ་ཙཱ་བས་རྒྱ་གར་གྱི་རྒྱ་གར་སྐད་དུ་བཅུ་ལ་དྷ་ཤ་བརྗོད་པ་སོགས་ཀྱིས་བོད་ཡིག་གི་ནང་དུ་ཅ་ཆ་ཇ་སོགས་བྱུང་པར་གསུངས་པ་ལ་བོད་པ་རྣམས་ཀྱིས་མཁས་ཉམས་ཤིག་ཏུ་མཐོང་ནས་ཞྭ་ལུ་བའི་རྗེས་སུ་འབྲངས་པར་གསུངས་ན་ཡང་། བཤད་སྲོལ་དེ་ནི་ཞྭ་ལུ་ལོ་ཙཱ་བ་མ་བྱོན་པའི་གོང་ནས་ཉང་རལ་ཉི་མ་འོད་ཟེར་གྱིས་ཉང་རལ་ཆོས་བྱུང་གི་ནང་དུ་གསུངས་པས་ནོར་ན་ཡང་ཞྭ་ལུ་ལོ་ཙཱ་བ་རང་གི་ནོར་བ་ཞིག་མིན་པར་མངོན། འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་སྔོན་ལས། “ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་གིས་ཅ་ཆ་ཇ་ཞེས་ཟེར་ཏེ།” ཞེས་གསུངས་པ་ལ། རྒྱ་གར་ཤར་ཕྱོགས་ལ་དེ་འདྲ་ཡོད་པ་དཀའ་ན་ཡང་། ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་བོད་བཙན་པོའི་རྒྱལ་ཁབ་ནི་རྒྱ་གར་ལས་ཀྱང་བལ་ཡུལ་ལ་འབྲེལ་བ་ཆེ་བས་སྲོང་བཙན་སྒམ་པོའི་བཙུན་མོ་གཙོ་བོ་ཞིག་ཀྱང་བལ་ཡུལ་ནས་ཡིན་པ་ལ། བལ་ཡུལ་བ་རྣམས་ཀྱིས་ནཱ་ག་ར་ཡི་ཅ་ཆ་ཇ་བཅས་ལ་ཙ་ཚ་ཛ་བཅས་ཀྱི་སྒྲ་གདངས་འདོན་པའི་སྐབས་ཡོད་པ་ནི་ད་ལྟ་ཡང་བལ་ཡུལ་བ་རྣམས་ཀྱིས་ ‘མི་འདུག་’ ཅེས་པ་ལ་འབྲི་དུས་ छैनཆཻ་ན་ཡིན་ཀྱང་། འདོན་དུས་ ‘ཚཻ་ན་’ ཞེས་འདོན་པ་ནི་བལ་སྐད་ཕྲན་བུ་ཤེས་མཁན་ཚོས་ཀྱང་ཤེས་པ་ལྟར་རེད།

དེས་ན་ཐོན་མིས་བོད་སྐད་ཀྱི་ནང་དུ་ཙ་ཚ་ཛ་སོགས་ཡོད་པར་དགོངས་རྗེས་དེ་དག་གི་ཆེད་དུ་ཡི་གེ་དམིགས་བསལ་ཞིག་བཟོ་མ་དགོས་པར་རྒྱ་གར་ཡི་གེའི་སྡེ་ཚན་གཉིས་པའི་ནང་གི་ཅ་ཆ་ཇ་རྣམས་ལ་ཅ་དང་ཆ་སོགས་ཀྱི་སྒྲ་གདངས་འདོན་སྐབས་ཤིག་དང་། ཙ་དང་ཚ་སོགས་སུ་སྒྲ་གདངས་འདོན་ཆོག་པ་སྟེ་གཉིས་ཡོད་པ་ལས་གནས་སྐབས་གང་ཡང་རུང་བར་ཙ་དང་ཚ་སོགས་ཀྱི་སྒྲ་གདངས་འདོན་དགོས་པའི་རྟགས་སུ་ཙ་ལག་གམ་ཙ་རྟགས་རྣམས་བཀོད་པ་ཡིན་ལས་ཆེ། དེ་ལྟར་ན་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་དང་། ཁོ་བོས་བཤད་པ་ལ་ཁྱད་པར་ཆེན་པོ་མེད་ཀྱང་། དགེ་ཆོས་ཀྱིས་གསུངས་ན་ཙ་ལག་གམ་ཙ་རྟགས་ནི་ཡི་གེ་དེ་དག་གསར་བཟོ་ཡིན་པའི་རྟགས་ཡིན་པ་དང་། ཁོ་བོ་ལྟར་ན་ཡི་གེ་དེ་དག་གི་སྒྲ་གདངས་མི་འཁྲུགས་པའི་ཆེད་དུ་རྟགས་བཀོད་པ་ཙམ་ཡིན་པར་འདོད། གསར་བཟོ་ཞེས་པའི་ཐ་སྙད་འདི་ཅི་ཙམ་འཇུག་མིན་ནི་ཀློག་པ་པོ་ཉིད་ཀྱིས་ཐག་བཅད་ན་ཡང་ཁྱད་པར་དེ་ཙམ་མེད་པར་མངོན། 

དེས་ན་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ན་ཙ་སྡེ་དང་ཅ་སྡེ་གང་ཞིག་ཁ་སྣོན་གནང་མིན་ཐད་བཤད་སྲོལ་གཉིས་བྱུང་ན་ཡང་། རྩོད་པ་མེད་པ་ནི་ཞ་ཟ་འ་གསུམ་ཡིན་པ་སྟེ། འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་སྔོན་ལས། “རྒྱ་གར་ལ་མེད་ཅིང་བོད་ལ་ཞ་དང་ཟ་དང་འ་རྣམས་དགོས་པར་དགོངས་ཏེ་བཙུད།” ཅེས་གསུངས། ད་ལྟའི་ཆར་རྒྱ་གར་བ་རྣམས་ཀྱིས་རྩེད་མོའམ་མཐུ་དམོད་གཉིས་ཀའི་སྐབས་སུ་བེད་སྤྱོད་བྱེད་བཞིན་པའི་ཚིག་སྟེ་ सालेསཱ་ལེ་ཞེས་པ་ནི་བོད་རིགས་ཤིག་གིས་ཉན་ན་སཱ་ལེ་ལས་ཀྱང་ཟཱ་ལ་འདྲ་བོ་ཡོད་ལ། གལ་སྲིད་བོད་རིགས་ཤིག་གིས་འདི་བརྗོད་དགོས་ན་སཱ་ལས་ཀྱང་ཟ་ཡི་སྒྲ་གདངས་བཏོན་ནས་བཟང་ཆེ་བས་ཟ་ལ་ཟེར་ན་རྒྱ་གར་བ་སུས་ཀྱང་དེའི་སྒྲ་གདངས་འགྲིག་མ་སོང་ལབ་མི་སྲིད་པ་ལྟ་བུ་རེད། ཞ་ལ་རྒྱ་གར་བ་ཕལ་མོ་ཆེས་ཤ་ཡི་སྒྲ་གདངས་འདོན་ན་ཡང་བོད་རིགས་དང་འབྲེལ་ཆེ་བའི་རྒྱ་གར་བ་རྣམས་ཀྱིས་ཞ་མོའི་སྒྲ་གདངས་འདོན་པ་ལ་དཀའ་ངལ་མེད་པ་ལྟར་མཐོང་། ཨ་ཏི་ཤ་ཡི་ཕ་ཡུལ་ཟ་ཧོར་ལ་རྒྱ་གར་བས་ས་ཧོར་ཞེས་བརྗོད་པར་གྲགས་ཤིང་། དེ་ལྟར་ན་བོད་སྐད་ལ་ས་ཡི་སྒྲ་གདངས་ཡོད་པས་ས་ཧོར་ཞེས་མ་བརྗོད་པར་དེ་ཟུར་ཆགས་ནས་ཟ་ཧོར་དུ་གྱུར་པའི་བརྒྱུད་རིམ་ནི་བཤད་དཀའ་ཞིང་། དེ་ཡང་ད་ལྟའི་བར་ས་ཆ་དངོས་འདི་ལ་ཟེར་བ་རེད་ཅེས་ངོས་འཛིན་བྱེད་མ་ཐུབ་པར་གྲགས།

དེས་ན་རྒྱ་གར་བའི་ལྕེ་ཡིས་ཡི་གེ་འདི་གསུམ་པོའི་སྒྲ་གདངས་འདོན་པར་དཀའ་ངལ་དེ་ཙམ་མེད་ཀྱང་། རྒྱ་གར་བ་རང་གི་སྐད་ལ་ཕལ་ཆེར་མེད་པས་ན་དེ་དག་གི་ཡི་གེ་ལ་ཡང་བྱུང་མྱོང་མེད་པར་མངོན། མ་ཟད་རྒྱ་གར་གྱི་སྐད་ཙམ་མིན་པར་རྒྱ་ནག་གི་སྐད་དང་། དབྱིན་སྐད། ཉི་ཧོང་གི་སྐད། ཀོ་རི་ཡའི་སྐད་སོགས་ལ་ཡང་ཞ་ཟ་འ་གསུམ་གྱི་སྒྲ་གདངས་མེད། དེ་བཞིན་ཨ་རབ་ཀྱི་སྐད་ཀྱི་ནང་དུ་ཡང་ཞ་ཟ་འ་གསུམ་པོའི་སྒྲ་གདངས་མེད་པ་ལྟར་མངོན། ད་ལྟའི་དུས་སུ་ཡང་འཛམ་གླིང་ལ་སྐད་རིགས་མི་འདྲ་བ་དྲུག་སྟོང་ལྔ་བརྒྱ་ཙམ་ཡོད་པས་ན་དེ་དག་གང་ཡང་རུང་བར་ཞ་ཟ་འ་གསུམ་གྱི་སྒྲ་གདངས་ཡོད་སྲིད་ཀྱང་། ཡོངས་ཁྱབ་ཀྱི་སྐད་ཡིག་རྣམས་ལས་ཞ་ཟ་འ་གསུམ་པོ་ཡོད་པ་ནི་བོད་སྐད་ལས་ཕལ་ཆེར་མ་མཐོང་བས་ན་ཞ་ཟ་འ་གསུམ་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ངོས་བཟུང་ན་ཡང་ཆོག་པར་མཐོང་ཞིང་། དེ་ལྟར་ན་བོད་མི་རིགས་ནི་ཞ་ཟ་འ་གསུམ་གྱི་སྒྲ་སྐད་བརྗོད་ཐུབ་པའི་མི་རིགས་ཤིག་དང་། ནམ་ཞིག་བོད་སྐད་དང་བོད་ཡིག་བརླགས་ན་དེ་དང་མཉམ་དུ་ཞ་ཟ་འ་གསུམ་པོ་ཡང་སྐུ་གཤེགས་འགྲོ་བར་མངོན།

ཡི་གེ་དེ་དག་བཟོ་ཚུལ་གྱི་སྐོར་ལ་བཀའ་ཆེམས་ཀ་ཁོལ་མ་ལས་འབྱུང་བ་ལྟར་ཞྭ་ལུ་ལོ་ཙཱ་བས་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ན་ཡི་གེ་འདི་དག་ཐུགས་ལ་ཤར་ཚུལ་གྱི་གཏམ་རྒྱུད་སྙན་འཇེབས་ལྡན་པ་རེ་གསུངས་པ་ལ་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་དེ་དག་ལ་དགག་པ་གནང་ན་ཡང་། ཞ་ཟ་འ་གསུམ་བོད་རང་གི་གསར་བཟོ་ཡིན་པར་དགག་པ་བྱེད་མཁན་བྱུང་མེད་པ་ནི་རྒྱ་གར་གྱི་ཡི་གེ་ལ་དེ་དག་མེད་པ་གསལ་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེ། འོ་ན་ཞ་ཟ་འ་ཞེས་པའི་ཡི་གེ་གསུམ་པོ་རྒྱ་གར་གྱི་ཡི་གེ་ལ་དཔེ་བླང་ནས་བཟོ་རྒྱུ་མ་བྱུང་ན་དེ་དག་བཟོ་ཚུལ་གང་འདྲ་ཡིན་ནམ་སྙམ་ན། འགོས་ལོ་གཞོན་ནུ་དཔལ་གྱིས་དེ་དག་ཀྱང་རྒྱ་གར་གྱི་ཡི་གེ་ལ་དཔེ་ཅུང་ཟུད་བལྟས་ནས་བཟོས་པར་གསུངས་ཏེ། དེབ་སྔོན་ལས། “གསུམ་པོ་དེ་ཡང་ཞ་ནི་ཤ་དང་མཐུན་པས་བལ་པོ་ནས་པཎྜི་ཏ་གཅིག་གིས་ཆོས་རྗེ་བུ་སྟོན་ལ་ཡི་གེ་བསྐུར་བ་ན། ཤ་ལུ་པཎྜི་ཏ་ཟེར་བ་བྱས། ཟ་ནི་ས་དང་མཐུན་པས་རྒྱ་གར་བ་རྣམས་ལ་ས་ཧོར་ཟེར་བ་ལ་བོད་ཀྱིས་ཟ་ཧོར་དུ་འབོད། འ་ནི་ཨ་དང་མཐུན་ནོ།།” ཞེས་གསུངས།

འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་ལྟར། ཤ་དང་ཞ་ནི་སྒྲ་གདངས་འདྲ་བས་ན་རྒྱ་གར་ཙམ་མིན་པར་རྒྱ་ནག་གི་སྐད་དང་དབྱིན་སྐད་ལ་ཡང་ཞང་ཞུང་འབྲི་སྐབས་ཤང་ཤུང་ལྟ་བུ་འབྲི་བཞིན་ཡོད་ལ། ཡིག་གཟུགས་ཀྱི་ཆ་ནས་བལྟས་ན་ཡང་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་དེ་བདེན་ཤས་ཆེ་སྟེ། བོད་ཡིག་གི་ཞྭ་དང་རྒྱ་གར་གྱི་ཡི་གེའི་ཤ་གཉིས་དེ་ཙམ་མི་འདྲ་ཡང་། བོད་ཡིག་གི་ཤ་དང་ཞ་གཉིས་འདྲ་མཚུངས་ཆེ་བའི་ཕྱིར་རོ། དེས་ན་རྒྱ་གར་གྱི་ཡི་གེའི་ཤ་ལ་བལྟས་ནས་བོད་ཡིག་གི་ཤ་བྱུང་ཞིང་། བོད་ཡིག་གི་ཤ་ལ་བལྟས་ནས་བོད་ཡིག་གི་ཞ་བཟོས་པ་ཡིན་སྲིད། ས་དང་ཟ་གཉིས་སྒྲ་གདངས་གང་འཚམས་འདྲ་བ་ཙམ་ལས་ཡིག་གཟུགས་རྒྱ་བོད་གང་གི་ཡིག་གཟུགས་དང་བསྡུར་ན་ཡང་དེ་གཉིས་འདྲ་བར་བཤད་དཀའ། ལྷག་པར་འགོས་ལོ་གཞོན་ནུ་དཔལ་གྱིས་འ་ནི་ཨ་དང་མཐུན་ནོ་ཞེས་གསུངས་ན་ཡང་། སྒྲ་གདངས་ཀྱི་ཆ་ནས་འ་དང་ཧ་ཡང་སྒྲ་གདངས་ཅུང་འདྲ་བ་དང་། ཡིག་གཟུགས་ཀྱི་ཆ་ནས་འ་དང་ཨ་གཉིས་དེ་ཙམ་འདྲ་མི་ཆེ་བར་དེ་ལས་ཀྱང་འ་དང་ལ་གཉིས་འདྲ་ཆེའོ།། དེ་ལྟར་ན་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་ནི་སྒྲ་གདངས་འདྲ་ཚུལ་ཙམ་ལས་ཡིག་གཟུགས་བཟོ་ཚུལ་གྱི་གསལ་བཤད་འདོད་པ་ཚིམས་པ་ཞིག་མིན་པར་མངོན།

དགེ་འདུན་ཆོས་འཕེལ་གྱིས་འདི་དག་གསར་བཟོ་ཡིན་ཚུལ་ཙམ་ལས་གང་དང་གང་ལ་དཔེ་བལྟས་ནས་བཟོས་ཚུལ་ཐད་དཔྱད་པ་གནང་མེད། ཁོ་བོས་བསམས་ན་ཞ་ཡི་ཡིག་གཟུགས་ནི་ཞ་མོ་ལ་དཔེ་བལྟས་ནས་བཟོས་པ་ཡང་ཡིན་སྲིད་པ་སྟེ། བོད་ཀྱི་ཡིག་རྙིང་རྣམས་སུ་ཡོད་པའི་ཡིག་མགོ་ཡང་མི་ཡི་མགོ་ལ་དཔེ་བླང་ནས་བཟོས་པར་གྲགས་པ་བཞིན་ཞ་ཡི་ཡིག་གཟུགས་མི་མགོ་ལ་ཞ་མོ་བསྐོན་པའི་རྣམ་པ་གང་འཚམས་མཐོང་ཐུབ་པ་དང་། མ་ཟད་ཞ་ཞེས་པའི་ཡིག་གཟུགས་བཟོས་པ་ཡང་ཞང་ཞུང་ལ་བརྟེན་ནས་མ་ཡིན་པར་ཞ་མོ་ཞེས་པའི་ཚིག་ལ་བརྟེན་ནས་བྱུང་ཡོད་སྲིད་དེ། ཡི་གེ་གསར་པ་བཟོ་བ་ན་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་གནད་དོན་མིན་པར་འཚོ་བའི་དགོས་མཁོ་ཡིན་པས་ན་འཚོ་བའི་དགོས་མཁོའི་དབང་དུ་ན་ཞ་ཞེས་ཟེར་བ་ན་ཞ་མོ་དྲན་སླ་བ་དང་ཞང་ཞུང་དྲན་དཀའ་བའི་ཕྱིར་རོ། དེ་བཞིན་འ་ནི་འུག་པའི་མགོ་ལ་དཔེ་བླང་ནས་བཟོས་ཡོད་སྲིད་པ་སྟེ། འ་ཡིག་སྒྲོས་དོད་པོ་བྲིས་ན་འུག་པའི་མགོ་མངོན་སུམ་དུ་མཐོང་རྒྱུ་ཡོད། ཡང་ཟ་ཡི་ཡིག་གཟུགས་ནི་ཟས་ཟ་ཞེས་པའི་ཟ་ལས་བྱུང་བ་ཡིན་སྲིད་ཅིང་། དེ་ལྟར་ན་ཟས་འབྲི་བ་དཀའ་ཞིང་། ཁ་ནི་བ་དང་འདྲ་བ་དང་། ཟ་མ་ཟ་བྱེད་གལ་ཆེ་ཤོས་ནི་སོ་ཡིན་པ་ལ། ཟ་ཞེས་པའི་ཡི་གེ་གསར་བཟོའི་སྐབས་སུ་སོ་མཚོན་བྱེད་དུ་ཟ་བྲིས་པ་ལ། དེ་ཉིད་ཁ་མར་བསྟན་ན་ཀ་དང་ནོར་ཉེན་ཆེ་ཞིང་། ཡར་བསྟན་ན་ཡ་དང་ནོར་ཉེན་ཆེ་བས། ཟུར་དུ་བསླངས་ནས་ཟ་ཞེས་པའི་ཡི་གེ་འདི་གྲུབ་ཡོད་ལས་ཆེའོ།།

དེ་ལྟར་ན་ཡི་གེ་ལ་འདྲ་རིས་ཡིག་གཟུགས་དང་། སྒྲ་སྦྱོར་གྱི་ཡིག་གཟུགས་གཉིས་ཡོད་པ་ལས་བོད་ཡིག་གི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡིག་གཟུགས་ཡིན་པར་ཡོངས་སུ་གྲགས་ཀྱང་། བོད་ཡིག་ཆ་ཚང་སྒྲ་སྦྱོར་གྱི་ཡི་གེ་མིན་པར་བོད་ཡིག་གི་ནང་དུ་འདྲ་རིས་ཀྱི་ཡིག་གཟུགས་ཀྱང་ཁ་ཤས་ཡོད་པ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་གསལ་བྱེད་རྣམས་ཏེ། ཞ་ཟ་འ་གསུམ་ཡིན་སྲིད། ལར་ནས་འདྲ་རིས་ཀྱི་ཡིག་གཟུགས་དང་སྒྲ་སྦྱོར་གྱི་ཡིག་གཟུགས་གཉིས་པོ་ཡེ་གདོད་མ་ནས་ཐ་དད་དུ་བྱུང་བ་ཞིག་མིན་པར་སྒྲ་སྦྱོར་གྱི་ཡིག་གཟུགས་ཕལ་མོ་ཆེ་ཐོག་མར་འདྲ་རིས་ཡིག་གཟུགས་ཀྱི་ཚུལ་དུ་བྱུང་བའི་གནས་ལུགས་འདི་ཡང་བརྗེད་ན་ག་ལ་རུང་། དཔེར་ན་དབྱིན་ཡིག་གམ་ལེ་ཊིན་གྱི་ཡིག་གཟུགས་ནི་སྒྲ་སྦྱོར་ཡིག་གཟུགས་ཡིན་ཀྱང་། གསལ་བྱེད་ཀྱི་ཐོག་མ་ A ནི་གནའ་བོའི་ཨེ་རྗེབ་ཊི་ནས་བྱུང་བ་ལ། དེའི་ཡིག་གཟུགས་རྙིང་པ་ནི་བ་གླང་གི་མགོ་བོ་མཚོན་བྱེད་ཡིན་པར་གྲགས་པ་བཞིན་ནོ། འོན་ཀྱང་འདིར་ཁོ་བོས་ཞ་ཟ་འ་གསུམ་པོ་འདྲ་རིས་ཀྱི་ཡིག་གཟུགས་ཡིན་སྲིད་པར་བཤད་པ་ཙམ་ལས་རང་ལུགས་སུ་དམ་བཅའ་བ་ནི་མ་ཡིན། གལ་ཆེ་ཤོས་ཐོན་མིས་ཡི་གེ་གསུམ་པོ་དེ་དག་ཇི་ལྟར་བྱས་ནས་བཟོས་མཛད་པ་ང་ཚོས་ད་དུང་ཡང་ཤེས་ཀྱི་མེད་པ་འདི་ང་ཚོས་ངོས་ཟིན་དགོས་ཤིང་། ངོས་ཟིན་ནས་དེ་ལ་སུས་ཀྱང་དཔྱད་པ་གང་ཐུབ་རེ་བྱས་ན་སྐྱོན་མེད་པའི་ཐོག་ཡོན་ཏན་ཡོད་པས་ན་ཁོ་བོའི་ལྟ་ཚུལ་འདི་ཡང་དེ་ལས་མ་འདས་སོ།།

བདུན་པ། ཝ་ཡིག་ལ་ཆེད་དུ་དཔྱད་པ།

དཔའ་བོ་གཙུག་ལག་ཕྲེང་བས་མཁས་པའི་དགའ་སྟོན་ལས། “ཅ་ཆ་ཇ་དང་ཞ་ཟ་འ།། རྒྱ་ན་མེད་པ་དེ་དྲུག་བསྣན།།” ཞེས་གསུངས་པ་ལྟར་ཡོངས་གྲགས་སུ་ཐོན་མིས་གསར་བཟོ་མཛད་པའི་ཡི་གེ་ནི་དྲུག་ཡིན་པར་གྲགས་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མ་ལས། “ད་ནི་སྔ་མ་ལས་ཀྱང་ཁྱེད་ཀྱི་སེམས་ལ་མི་འཐད་པ་འདི་ཡང་གསང་བརྟོལ་བར་བྱ་སྟེ། འདི་ལྟར་ཙ་ནས་འ་ཡི་བར་གྱི་དཀྱུས་གཅིག་ཏུ་ཡོད་པའི་ཡི་གེ་བདུན་ཀ་ཐུ་མིས་གསར་དུ་བསྣན་པ་ཡིན་ཅིང་།” ཞེས་ཙ་ཚ་ཛ་ཝ་སྟེ་ཡི་གེ་བཞི། དེའི་ཐོག་ཏུ་ཞ་ཟ་འ་བཅས་བསྡོམས་པས་ཡི་གེ་བདུན་ཐོན་མིས་གསར་བཟོ་མཛད་པ་ཡིན་པར་གསུངས། འདིར་བོད་ནས་པར་སྐྲུན་བྱས་པའི་དགེ་ཆོས་ཀྱི་གསུང་འབུམ་གཅིག་གི་ནང་དུ་ཡོད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་འདི་ལྟར་ ‘ན་ཙ་ནས་ར་ཡི་བར་’ ཞེས་འབྱུང་བ་ནི་མ་དག་སྟེ་ཡ་དང་ར་སོགས་བོད་ཀྱི་གསར་བཟོ་མིན་པར་དོགས་པ་མི་དགོས་ཤིང་། མ་དཔེ་གཞན་གྱི་ནང་དུ་ཡང་འདི་ལྟར་ཙ་ནས་འ་ཡི་བར་དུ་ཞེས་འབྱུང་བའི་ཕྱིར་རོ།། དེས་ན་བོད་ཀྱི་མཁས་པ་རྣམས་ལས་བོད་ཡིག་གི་གསལ་བྱེད་ནང་གི་ཝ་ཡིག་གསར་བཟོ་ཡིན་པར་འདོད་མཁན་གྱི་ཐོག་མ་ཡང་དགེ་འདུན་ཆོས་འཕེལ་ཡིན་པར་མཐོང་།

དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཝ་ཡི་སྐོར་ལ་རྒྱས་ཙམ་གསུངས་པ་ལས་དོན་བསྡུས་ན་རྒྱ་གར་གྱི་སྐད་ཀྱི་ནང་དུ་རྡོ་རྗེ་ཕག་མོ་ལ་ཝ་ར་ཧི་ཟེར་ཡང་དེའི་ཝ་སྒྲ་དང་བོད་སྐད་ནང་གི་ཝ་སྒྲ་གཉིས་མི་འདྲ་བ་དང་། རྒྱ་གར་སྐད་ཀྱི་ཝ་ནི་རྨ་ཆུ་ལྷོ་རྒྱུད་ཀྱི་ཨ་མདོ་བ་རྣམས་ཀྱི་བ་གླང་དང་བ་མོ་ཞེས་བ་ཡིག་ཀློག་ཚུལ་དང་འདྲ་བ། བོད་ཡིག་གི་ཝ་ཡིག་འདི་ཉིད་ཡི་གེ་གཉིས་བསྲེས་ནས་ཐུ་མིས་གསར་དུ་བཟོས་མཛད་པ་ཡང་ལ་དང་བ་གཉིས་བསྲེས་པ་མ་ཡིན་པར་འ་དང་བ་གཉིས་བསྲེས་པ་དང་། དེའི་རྒྱུ་མཚན་གྱིས་ཡིག་རྙིང་མང་པོར་ཝ་ཡིག་གི་གཟུགས་ལ་འྦ་འདི་ལྟར་ཡོད་པ་དང་། ཁམས་ཕྱོགས་པ་ཕལ་ཆེར་གྱི་སྐད་ལ་འ་དང་ཝ་གཉིས་ནོར་འགྲོ་བ་ཙམ་དུ་ཡོད་པས་ན་དགེ་ཕྲུག་རྣམས་ལ་ཡང་འགྲམ་ལྕག་མང་པོ་འོང་བ་དང་། དབུས་སྐད་ལ་ཡང་ཝ་མོ་ལ་འ་མོ་ཞེས་འ་སྒྲ་ཐོན་ཙམ་དུ་ཀློག་པ་དང་། དེ་ལྟར་ན་ཡང་ཝ་ཡིག་གི་སྟོད་ལ་ཡིག་ལྟར་མཐོང་བ་ནི་ཝ་ཡིག་ཀྱང་ཐུ་མིའི་གསར་བཟོ་ཡིན་པས་དེ་ལ་ཙ་རྟགས་བཀོད་པས་ཝ་ཡིག་གི་སྟོད་ནི་འ་ལས་ཀྱང་ལ་ལྟར་མཐོང་བ་ཞིག་ཡིན་ཚུལ་དགེ་འདུན་ཆོས་འཕེལ་གྱིས་རི་མོ་དང་བཅས་ཞིབ་ཕྲ་གསུངས།

དེ་ལྟར་ན་ཁོང་ལྟ་བུའི་མཁས་པའི་གསུང་ལ་གོ་རྒྱུ་ཆེན་པོ་ལོས་ཡོད་ཅིང་། བདེན་ཁ་ཡང་ཆེ་མོད་ད་དུང་དཔྱད་པར་བྱ་བ་མེད་པ་ནི་ག་ལ་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱིས་ཞིབ་ཚགས་པོས་ཐུགས་བསམ་བཞེས་ནས་རྒྱ་གར་བའི་ཝ་ཡིག་ནི་མཆུ་ཡས་མས་གཉིས་མ་འཕྲད་པར་བརྗོད་པ་དང་། བོད་སྐད་ཀྱི་ཝ་ནི་རྐན་ངོས་ལ་བརྡར་ནས་བརྗོད་པ་ཞིག་ཡིན་པར་གསུངས་ན་ཡང་། བོད་པ་ཞིག་དང་རྒྱ་གར་བ་ཞིག་གཉིས་ཀྱིས་ཝཱ་ར་ཎ་སི་ལྟ་བུ་ཝ་ཡི་སྒྲ་ཡོད་པ་ཞིག་བརྗོད་ན་ཕན་ཚུན་གང་རུང་གིས་གོ་མི་ཐུབ་པའི་དཀའ་ངལ་ཕལ་ཆེར་མི་སྲིད་ཅིང་། ཐ་ན་རྒྱ་གར་གྱི་སྐད་དང་བོད་སྐད་གཉིས་ཀ་འདྲིས་ཆེ་བའི་རྒྱ་གར་བ་དང་བོད་རིགས་རྣམས་ཀྱིས་ཀྱང་རྒྱ་བོད་གཉིས་ཀྱིས་བརྗོད་པའི་ཝ་ཡི་སྒྲ་གདངས་ལ་ཁྱད་པར་ཡོད་པ་ཕལ་ཆེར་ཚེ་གང་པོར་ཚོར་མི་ཐུབ་པའི་ཚོད་རེད། ལྷག་པར་བོད་སྐད་ནི་དབྱིན་སྐད་དང་རྒྱ་ནག་གི་སྐད་ལྟར་སྒྲ་གདངས་ཧ་ཅང་ཞིབ་ཕྲ་ཅན་ཞིག་མ་ཡིན་པས་ན་སྔར་གྱི་དུས་སུ་བཙན་པོའི་སྐབས་སུ་གཅིག་དང་བཆིག་ཅི་རིགས་པ་འབྲི་ཞིང་། ད་ལྟའི་དུས་སུ་དཔལ་ལྡན་ལ་དཔེལ་ལྡེན་གྱི་སྒྲ་གདངས་འདོན་པ་ལྟ་བུ་ཡིན་པས་ན། ཐོན་མིས་དགེ་འདུན་ཆོས་འཕེལ་ལྟར་ཞིབ་ཚགས་པོས་ཐུགས་བསམ་བཞེས་ནས་རྒྱ་གར་སྐད་ཀྱི་ཝ་དང་བོད་སྐད་ཀྱི་ཝ་གཉིས་ཅུང་མི་འདྲ་བའི་རྒྱུ་མཚན་གྱིས་ཡི་གེ་གསར་པ་ཞིག་བཟོ་སྲིད་དམ།

ཅི་སྟེ་དགེ་ཆོས་ཀྱིས་གསུངས་པ་ལྟར་བོད་སྐད་ནང་གི་ཝ་ནི་རྒྱ་གར་གྱི་སྐད་ནང་གི་ཝ་དང་རྩ་བ་ནས་མི་འདྲ་ན། བོད་སྐད་ནང་གི་ཝ་དམིགས་བསལ་བ་དེ་ནི་གང་དག་རེད། སེམས་ཅན་ཝ་ལྟ་བུ་ཁ་ཤས་ཙམ་ཡིན་ནམ། ཡང་ན་དཔའ་བོ་དང་། དགའ་བ་ལ་སོགས་པ་བརྗོད་སྐབས་ཀྱི་བ་དེ་དག་ཡིན་ནམ་མིན། ཡིན་ན་ དགེ་ཆོས་ཀྱིས་བོད་ཡིག་གི་གསལ་བྱེད་ ‘བ་’ ནི་གསར་བཟོ་ཡིན་པར་མི་བཞེད་པ་ལ། ཏུན་ཧོང་གི་ཡིག་རྙིང་རྣམས་སུ་དཔའ་བོ་སོགས་བརྗོད་སྐབས་ཕལ་ཆེར་བ་ཡིག་ཁོ་ན་ལས་ཝ་ཡིག་ཧ་ཅང་མཐོང་དཀའ་བའི་རྒྱུ་མཚན་གང་། མིན་ན་ ཁོ་བོ་ནི་ཚེ་གང་བོད་སྐད་བརྒྱབ་ན་ཡང་དཔའ་བོ་དང་དཔའ་ཝོ་གཉིས་ཀྱི་ཁྱད་པར་རྩ་བ་ནས་མི་ཤེས་ཤིང་། བོད་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་ལྷག་ཀྱང་དེ་ལྟར་ཡིན་སྲིད། མ་ཟད་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ལེགས་སྦྱར་གྱི་ཝ་དང་བོད་ཡིག་གི་ཝ་གཉིས་ཀྱི་སྒྲ་གདངས་གཏན་ནས་མི་འདྲ་ན་ཕྱིས་སུ་ལོ་པཎ་རྣམས་ཀྱིས་གཟུངས་སྔགས་སོགས་བསྒྱུར་གནང་སྐབས་འཐུག་པོ་ལྔ་ལ་སོགས་པ་ཁ་སྣོན་བྱ་དགོས་བྱུང་བ་བཞིན་ལེགས་སྦྱར་གྱི་ཝ་སྒྲ་འདོན་པའི་ཝ་ཡིག་ཅིག་ཀྱང་གསར་བཟོའམ་ཡང་ན་ནང་འདྲེན་དགོས་ངེས་ཀྱང་དེ་ལྟར་མ་གནང་བ་ནི་ཁོང་རྣམས་ཀྱིས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་པོའི་ཝ་སྒྲ་ལ་ཁྱད་པར་ཡོད་པ་དགོངས་མ་ཐུབ་པའི་དབང་གིས་ལོས་ཡིན་ངེས།

ཁོ་བོའི་རྣམ་པར་རྟོག་པ་ལ་ཤར་བ་ལྟར་ན་ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་ཝ་ཡིག་ལོགས་སུ་བཟོས་མེད་ལས་ཆེ་སྙམ། དེའི་རྒྱུ་མཚན་བ་གླང་གི་བ་ལ་ལྷ་ས་བ་རྣམས་ཀྱིས་བ་གླང་སྟེ་པ་ཕ་བ་མའི་བ་ཡི་སྒྲ་གདངས་འདོན་ཅིང་། ཨ་མདོ་བ་རྣམས་ཀྱིས་ཝ་གླང་ལྟ་བུ་ཙ་ཚ་ཛ་ཝའི་ཝ་ཡི་སྒྲ་གདངས་འདོན་པས་ན། དངོས་པོ་གཅིག་ལ་བརྗོད་ཚུལ་མི་འདྲ་བ་གཉིས་ཡོད་པས་ན་བ་གླང་ལ་བསམས་ནས་དག་ཆ་གཅིག་དང་། ཝ་གླང་ལ་བསམས་ནས་དག་ཆ་གཅིག་འབྲི་དགོས་བྱུང་ན་ཡི་གེ་གཅིག་གྱུར་མི་འབྱུང་བའི་དཀའ་ངལ་ཡོང་བས། ཐོན་མིས་སྒྲ་གདངས་རེ་རེ་ལ་ཡི་གེ་རེ་རེ་བཟོ་བའི་ཚབ་ལ་ཡིག་གཟུགས་གཅིག་ལ་སྐབས་བབ་ཀྱི་སྒྲ་གདངས་སོ་སོར་འདོན་དགོས་པའམ། འདོན་ཆོག་པའི་བ་ཡིག་གཅིག་པུ་བཟོས་ནས་བཞག་པ་དང་། འོན་ཀྱང་ཕྱིས་སུ་དག་ཆ་མི་འདྲ་བ་དགོས་པའི་དཀའ་ངལ་འཕྲད་པ་སྟེ། དཔེར་ན་བ་མོ་ལྟ་བུ་རྩྭ་ཐོག་གི་ཟིལ་པ་ལ་གོའམ། སེམས་ཅན་ཝ་མོ་ལ་གོ་བ་གང་ཡིན་བརྗོད་དཀའ་བས་ན་གཙོ་བོ་ཕྱི་མ་ལ་བསམས་ནས་སུ་ཞིག་གིས་ཝ་ཡིག་འདི་གསར་བཟོ་བྱས་པར་སྙམ། མདོར་ན་ཝ་ཡིག་འདི་བེད་སྤྱོད་སྟངས་ལ་བལྟས་ན་གཙོ་བོ་སེམས་ཅན་ཝ་གཅིག་པུའི་ཆེད་དུ་བཟོས་པ་ལྟར་ཡོད་ཅིང་། དབུ་མེད་ཀྱི་ཝ་ནི་ཝ་མོ་ཞིག་ཉལ་བ་དང་འདྲ་བར་བཤད་ན་ཡང་ཐལ་ཆེ་མི་འདུག་སྙམ།

གལ་སྲིད་བོད་སྐད་ནང་གི་ཝ་ཡི་སྒྲ་གདངས་ཀྱི་ཆེད་དུ་ཐོན་མིས་ཝ་ཡིག་གི་ཡིག་གཟུགས་འདི་གསར་བཟོ་མཛད་ན་ཡི་གེ་དེ་ནི་བོད་བཙན་པོའི་སྐབས་ཀྱི་ཡི་གེ་མང་པོར་མཐོང་ངེས་ཏེ། བོད་སྐད་ཀྱི་སྒྲ་གདངས་ནང་དུ་ཝ་ཡི་སྒྲ་གདངས་མང་བའི་ཕྱིར་རོ། འོན་ཀྱང་དོན་དངོས་སུ་དེ་འདྲ་མ་ཡིན་ཏེ་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་གི་ཡི་གེ་ད་ལྟ་མཇལ་རྒྱུ་ཡོད་པ་རྣམས་དང་བཙན་པོའི་སྐབས་སུ་བཞེངས་པའི་དྲིལ་བུའི་ངོས་ཀྱི་ཡི་གེ་སོགས་ལ་བ་ཡིག་ཁོ་ན་ལས་ཝ་ཡིག་གཅིག་ཀྱང་མེད་པ་དང་། ཏུན་ཧོང་ཡིག་རྙིང་རྣམས་ལས་ཀྱང་འབྲི་གུང་ཆེ་ཚང་རིན་པོ་ཆེས་མཛད་པའི་བོད་བཙན་པོའི་རྒྱལ་རབས་ནང་དུ་བཀོད་པའི་ཏུན་ཧོང་ཡིག་རྙིང་དང་། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་ཕྱོགས་བསྒྲིགས་གནང་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཅེས་པའི་ནང་དུ་ཡང་ཝ་ཡིག་འདི་ཕལ་ཆེར་རྩ་བ་ནས་མེད། འོན་ཀྱང་ཏུན་ཧོང་ནས་ཐོན་པའི་སྨན་དཔྱད་སྐོར་གྱི་མ་ཡིག་འདྲ་བཤུས་ཀྱི་ནང་དུ་ཝ་ཡིག་འདི་ཐེངས་ཁ་ཤས་འབྱུང་ན་ཡང་། མ་དཔེ་དངོས་ལ་ལྟ་རྒྱུ་མ་བྱུང་བས་རེ་ཞིག་ངས་ནི་ཐག་གཅོད་མ་ནུས། འདི་དག་ལ་དཔྱད་པ་ཞིབ་མོ་བྱེད་དུས་མ་དཔེ་དངོས་ལ་ལྟ་བ་ཧ་ཅང་གལ་ཆེ་བ་ཡང་དཔེར་ན་བོད་བཙན་པོའི་རྒྱལ་རབས་ཀྱི་ནང་དུ་ཏུན་ཧོང་གི་ཡི་གེ་རྣམས་གློག་ཀླད་ཀྱི་ཡི་གེར་བཤུས་པ་ལ་སྲོང་ ‘བཙན་’ སྒམ་པོ་ཞེས་གསལ་བ་འགའ་ཤས་ལ། ཏུན་ཧོང་ཡིག་རྙིང་གི་མ་དཔེ་དངོས་ཀྱི་ནང་དུ་སྲོང་ ‘བརྩན་’ སྒམ་པོ་ཞེས་ཙ་ར་མགོ་ཅན་ཡིན་པ་ལྟ་བུ་རེད།

མདོར་ན་ཡིག་རྙིང་དེ་དག་ཏུ་ཝ་ཡིག་ཧ་ཅང་མཐོང་དཀོན་པས་མི་རྙེད་པའི་ཚོད་ཡིན་པ་ནི་བོད་སྐད་ཀྱི་ནང་དུ་ཝ་ཡི་སྒྲ་གདངས་དཀོན་པའི་རྒྱུ་མཚན་དང་། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་རྒྱ་གར་སྐད་ཀྱི་ཝ་དང་བོད་སྐད་ཀྱི་ཝ་མི་འདྲ་བའི་རྒྱུ་མཚན་གྱིས་ཀྱང་མ་ཡིན་པར། ཐོག་མའི་ཆར་བ་ཡིག་གིས་ཝ་ཡིག་གི་གོ་བཅད་པ་དང་། ཕྱིས་སུ་ཝ་མོ་ལྟ་བུར་དག་ཆའི་དགོས་མཁོའི་རྐྱེན་པས་ཝ་ཡིག་ཆེད་དུ་འབྲི་དགོས་པའི་གནས་སྐབས་འགའ་ཤས་ལས་སྤྱིར་དགོས་མཁོ་དེ་ཙམ་མེད་པས་ན་མཁས་པའི་དགའ་སྟོན་ལས་ཀྱང་། “མེད་ཀྱང་རུང་བ་ཝ་ཡིག་གཅིག” ཅེས་གསུངས་ཤིང་། རྒྱལ་རབས་གསལ་བའི་མེ་ལོང་ལས་ཀྱང་། “མེད་ཀྱང་རུང་བའི་ཡིག་འབྲུ་གཅིག” ཅེས་གསུངས་ཏེ་མཁས་པ་མང་པོས་ཝ་ཡིག་འདི་ནི་མེད་ན་ཡང་རུང་བའི་ཡི་གེར་ངོས་འཛིན་གནང་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་དེ་ལྟར་ཡིན་པ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་ཤོག་ངོས་ ༣༡༤༦ ཡོད་ཀྱང་། ཝ་ལ་ཤོག་ངོས་བཞི་མ་ཟིན་ཙམ་ལས་མེད་པ་ལྟ་བུ་རེད། དེའི་ནང་གི་ཕལ་མོ་ཆེ་སེམས་ཅན་ཝ་དང་འབྲེལ་བ་ཡིན་པ་ལ། དེ་མིན་པ་བོད་རང་གི་ཐ་སྙད་ནི་ཝ་ཆུ་ལྟ་བུ་འགའ་ཤས་ལས། གཞན་རྒྱ་གར་གྱི་ཐ་སྙད་ཝཱ་ར་ཎ་སི་དང་། རྒྱ་ནག་གི་ཐ་སྙད་ཝུན་ཤིང་ཀོང་ཇོ་ལྟ་བུ་མི་རིགས་གཞན་གྱི་ཐ་སྙད་ཤ་སྟག་རེད།

དེས་ན་དགེ་འདུན་ཆོས་འཕེལ་གྱིས་ཝ་ཡིག་ནི་ཐོན་མིས་གསར་བཟོ་མཛད་པར་བཞེད་ཀྱང་ཁོ་བོས་ནི་ཕྱིས་སུ་བཟོས་པའམ། མ་མཐར་ཡང་ཀ་ཁ་ག་ང་དང་། ཞ་ཟ་འ་སོགས་བཟོ་བའི་སྐབས་སུ་བཟོས་པ་མིན་པར་བ་ཡིག་གིས་ཝ་ཡིག་གི་དགོས་མཁོ་བསྐངས་མ་ཐུབ་པའི་སྐབས་སུ་བཟོས་པ་ཡིན་ལས་ཆེ་བར་འདོད་ཅིང་། དགེ་འདུན་ཆོས་འཕེལ་གྱིས་ཝ་ཡིག་ནི་འ་དང་བ་གཉིས་བསྲེས་ནས་བཟོས་པ་དང་། སྟེང་དུ་ལ་ལྟ་བུར་མཐོང་བ་ནི་ཙ་རྟགས་ཡིན་པར་གསུངས་ན་ཡང་། འ་ཞ་སོགས་ཐམས་ཅད་ལ་ཙ་རྟགས་ནི་མགོ་ཐོག་ཏུ་བཀོད་པ་ལ། ཝ་གཅིག་པུར་ཙ་རྟགས་གཤམ་དེར་བཀོད་ན་ལའམ་ཡང་ན་ལ་བ་བཏགས་ལྦ་ལ་ནོར་ཉེན་ཡོད་པ་མངོན་སུམ་དུ་མཐོང་བཞིན་དུ་དེར་ཨུ་ཚུགས་ཀྱིས་བཀོད་ན་དེ་ནི་མི་མཁས་པའི་བྱ་བར་མི་འགྱུར་རམ་སྙམ། ཡང་ཚིག་གཞན་གྱིས་བཤད་ན་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གྱི་གསལ་བྱེད་ལས་ཐོན་མིས་བོད་ཡིག་ཏུ་ནང་འདྲེན་མ་བྱས་པ་ནི་ཝ་ཡིག་ཡིན་པར་གསུངས་ན་ཡང་། དོན་དངོས་སུ་བ་ཡིག་ཡིན་སྲིད་པ་སྟེ། བོད་ཡིག་ནང་གི་བ་ནི་རྒྱ་གར་གྱི་གསལ་བྱེད་ནང་གི་ཝ་ལས་ཀྱང་བ་དང་འདྲ་ཆེ་བའི་ཕྱིར་རོ།།

དེས་ན་ཁོ་བོ་ལྟར་ན་བོད་ཡིག་ནང་གི་ཝ་འདི་སྐྱེ་བ་གསུམ་བླང་པ་ཞིག་སྟེ། སྐྱེ་བ་དང་པོ་ཐོན་མིའི་སྐབས་སུ་བ་ཡི་རྣམ་པར་སྐྱེས་ནས་དེས་པ་ཕ་བ་མའི་བ་དང་། ཙ་ཚ་ཛ་ཝའི་ཝ་གཉིས་ཀའི་གོ་བཅད་པ་དང་། སྐྱེ་བ་གཉིས་པ་ནི་འ་ལ་ཝ་ཟུར་བཀོད་ནས་འྭ་ཞེས་བྲིས་པ་ཉིད་ཡིན་པ་སྟེ། དེ་ཡང་ཏུན་ཧོང་ཡིག་རྙིང་གི་ནང་དུ་གནའ་བོའི་རྒྱ་རབས་ཀྱི་ཡིག་ཆ་གལ་ཆེན་ 《尚書》ཞང་ཞུ་དང་། 《戰國策》ཀྲན་གོ་ཚེ་སོགས་བོད་ཡིག་ཏུ་བསྒྱུར་བའི་དུམ་བུ་རེ་ཟུང་ཡོད་པ་ལ། དེ་དག་གི་ནང་དུ་འྭང་ཞེས་བྲིས་ཡོད་པ་རྣམས་རྒྱ་ཡིག་གི་ནང་དུ་ 王ཝང་ཡིན་པ་སྟེ། དཔེར་ན་ཞང་ཞུའི་ནང་དུ་རྒྱལ་པོ་འབུ་འྭང་ཞེས་མི་ཉུང་བ་འབྱུང་བ་ནི་རྒྱ་ཡིག་ཏུ་ 武王ཝུ་ཝང་ཡིན། འོན་ཀྱང་ངོ་མཚར་བ་ཞིག་ལ་རྒྱ་ཡིག་ཏུ་ཝུ་ཝང་ཡིན་ན་བོད་ཡིག་གི་ནང་དུ་ཡང་འྭུ་འྭང་ཡིན་དགོས་པ་ལྟར་ན་ཡང་། དེ་འདྲ་མ་ཡིན་པར་བོད་ཡིག་གི་ནང་དུ་སྔ་མ་ལ་འབུ་ཞེས་དང་། ཕྱི་མ་ལ་འྭང་ཞེས་བྲིས་ཡོད། དེ་ནི་འ་ལ་ཝ་ཟུར་བཀོད་རྗེས་ཞབས་ཀྱུ་འབྲི་སྟབས་མི་བདེ་བའི་རྒྱུ་མཚན་གྱིས་ཡིན་སྲིད། གང་ལྟར་དེའི་ནང་གི་འབུ་ཡི་མིང་གཞི་ཡང་དོན་དུ་བ་མ་ཡིན་པར་ཝ་ཡིན་པ་དང་། སྐབས་དེར་ཝ་ཡིག་ལ་འ་སྔོན་འཇུག་འབྲི་སྲོལ་ཡོད་པར་སྣང་། དེ་བཞིན་ཀྲན་གོ་ཚེའི་ནང་དུ་ཡོད་པའི་འྭ་ཡིག་རྣམས་ཀྱང་དོན་དུ་ཝ་ཡིག་ཡིན་པས། སྐབས་དེར་ཏུན་ཧོང་ཡིག་རྙིང་ལ་ཝ་མ་བྲིས་པར་འ་ཝ་ཟུར་ཅན་ཏེ་འྭ་ཞེས་བྲིས་པ་ནི་སྐབས་དེར་ཝ་ཡི་ཡིག་གཟུགས་འདི་ཉིད་ད་དུང་ཐོན་མེད་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེའོ།།

དེ་རྗེས་རིམ་པས་འྭ་ཡིག་གི་མཁོ་སྤྱོད་ཇེ་ཆེར་གྱུར་ཅིང་། ཝ་ཟུར་གྱི་སྒྲ་གདངས་ཉམས་པས་འ་ཝ་ཟུར་ཅན་འབྲི་བའི་ཚབ་ལ། ལ་དང་བ་གཉིས་བསྲེས་ཏེ་ཝ་ཞེས་པའི་ཡི་གེ་དེ་གསར་བཟོས་བྱས་པ་ནི་ཝ་ཡིག་གི་སྐྱེ་བ་གསུམ་པའོ། དེ་ལྟར་ལ་དང་བ་གཉིས་བསྲེས་པ་ཡང་ལེགས་སྦྱར་གྱི་གསལ་བྱེད་ཀྱི་རིམ་པ་ལྟར་ན་ य र ल वཡ་ར་ལ་བ་ཡིན་པས་ལ་ཡི་རྗེས་སུ་ཡོད་པའི་ཝ་ཡི་སྒྲ་གདངས་འདོན་དགོས་པ་སྟོན་བྱེད་དུ་དེ་གཉིས་བསྲེས་པ་ཡིན་ལས་ཆེ་སྙམ། དཔེར་ན་ དབྱིན་ཡིག་གི་གསལ་བྱེད་ཀྱི་ནང་དུ་ཝ་ཡི་དོད་དུ་ W འབྲི་སྲོལ་ཡོད་ཅིང་། དབྱིན་ཡིག་གི་གསལ་བྱེད་ཀྱི་འབྱུང་ཁུངས་ལེ་ཊིན་གྱི་སྐད་ཀྱི་ནང་དུ་ཐོག་མའི་ཆར་ཝ་ཡི་སྒྲ་གདངས་ཡོད་ཀྱང་ཡི་གེ་མེད་པས་ན་དུས་རབས་བརྒྱད་པའི་ནང་ཙམ་དུ་གསལ་བྱེད་ VV གཉིས་བསྡོམས་པས་ W ཡིག་གཟུགས་འདི་གྲུབ། དེ་ཉིད་ v ལས་གྲུབ་པས་ན་ད་ལྟ་དབྱིན་ཡིག་གི་གསལ་བྱེད་ཀྱི་ནང་དུ་ w ནི་ v ཡི་རྗེས་སུ་ཡོད་པ་སྟེ། u v w x ཞེས་པ་ལྟ་བུའོ།།  དེས་ན་བོད་ཡིག་གི་ནང་དུ་ཡང་ཝ་ཡིག་འདི་ནི་ཐོག་མའི་ཆར་རྒྱ་གར་གྱི་ལུགས་ལྟར་གསལ་བྱེད་ཀྱི་ནང་དུ་ལ་ཡི་རྗེས་སུ་ཡོད་ཀྱང་རྗེས་སུ་བོད་པ་ཚོས་ཡར་གོང་དུ་ཁྱེར་ནས་ཛ་ཡི་རྗེས་སུ་བཞག་པ་ཞིག་ཡིན་སྲིད།

དེ་དང་འབྲེལ་བའི་སྒོ་ནས་ཝ་ཟུར་གྱི་ཐད་ལ་ཡང་ང་ཚོས་བསམ་གཞིགས་དགོས་པ་ཡོད་དེ། ཡིག་གཟུགས་འདི་འདྲ་༼བ༽ཡོད་པ་ནི་ཐོག་མའི་ཆར་པ་ཕ་བ་མའི་བ་ལས་ཀྱང་། ཙ་ཚ་ཛ་ཝའི་ཝ་ཡི་སྒྲ་གདངས་གཙོ་བོ་འདོན་དགོས་པའི་ཡིག་གཟུགས་ཤིག་ཡིན་པ་དང་། དེར་བརྟེན་དེ་ལས་ཝ་ཟུར་ཞེས་འབོད་པ་དེ་གྲུབ་པ་ན་ཡང་། ཝ་ཡི་ཟུར་ཙམ་མིན་པར་ཝ་དངོས་ཡིན་པ་སྟེ། སློབ་གྲྭ་དང་གྲྭ་པ་ལྟ་བུར་ཝ་ཟུར་འབྲི་བ་ན་ཕྱིས་སུ་དག་ཆའི་དབང་ལས་ཝ་ཟུར་གྱི་སྒྲ་གདངས་འདོན་མི་དགོས་ཀྱང་། ཐོག་མའི་ཆར་ཝ་ཟུར་གྱི་སྒྲ་གདངས་ནི་ངེས་པར་འདོན་དགོས་པ་ཡང་། དཔེར་ན་ལྷ་སའི་རྡོ་རིང་གི་ངོས་སུ་རྒྱའི་མཁར་དར་ཀྭ་ཧྱན་དང་། རྒྱའི་ཕོ་ཉ་ཅང་འགྭན་འགེ་སོགས་རྒྱ་མིང་མང་པོར་ཝ་ཟུར་ཡོད་པ་ལ། ཝ་ཟུར་དེ་དག་ནི་སྒྲ་གདངས་འདོན་དགོས་པ་ཤ་སྟག་ཡིན་པ། དཔེར་ན་རྡོ་རིང་གི་ངོས་སུ་གསལ་བའི་རྒྱ་རྗེ་ཧྭང་ཏི་ནི་རྒྱ་ཡིག་ནང་དུ་皇帝ཡིན་པ་ལ། དེ་ལ་ཝ་ཟུར་གྱི་སྒྲ་གདངས་བཏོན་ནས་ཀློག་དགོས་པ་དང་། དེ་བཞིན་བོད་ཀྱི་ཡིག་རྙིང་རྣམས་སུ་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཡོད་པའི་ཀྭ་ཆུ་མང་པོ་གསལ་བ་ལ། ཀྭ་ཆུའི་ཀ་ལ་ཡང་ཝ་ཟུར་ཡོད་པ་ནི་རྒྱ་ཡིག་གི་ནང་དུ་དེ་ལ་ 瓜洲ཀྭ་ཀྲོ་ཞེས་ཡོད་པ་ལ་ཝ་ཟུར་གྱི་སྒྲ་གདངས་ངེས་པར་ཡོད་པས་སོ།། བོད་ཡིག་ལ་ཡང་དེའི་བག་ཆགས་ཙམ་མཐོང་རྒྱུ་ཡོད་པ་ནི་བཅོ་ལྔ་དང་བཅོ་བརྒྱད་སོགས་ལ་བཅྭ་ལྔ་དང་བཅྭ་བརྒྱད་ཅེས་འབྲི་སྲོལ་ཡོད་པ་ལྟ་བུ་རེད།

དེ་ལས་གཞན་ཕྱིས་སུ་སྒྲ་གདངས་འདོན་མི་དགོས་ཀྱང་ཀློག་ནོར་དང་གོ་ནོར་ཐེབས་ཉེན་ཡོད་པའི་རྐྱེན་གྱིས་དཔེར་ན་དྭགས་པོའི་དགས་ཀྱི་ད་མིང་གཞི་ཡིན་པ་མཚོན་བྱེད་དུ་ཝ་ཟུར་འབྲི་སྲོལ་ཡོད་ན་ཡང་ཏུན་ཧོང་ཡིག་རྙིང་ནང་གི་དགས་ལ་ཝ་ཟུར་མེད་པ་ཡང་དེ་ལ་ཝ་ཟུར་གྱི་སྒྲ་གདངས་འདོན་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ངེས། ཏུན་ཧོང་ཡིག་རྙིང་གི་ནང་དུ་གནམ་རི་སྲོང་བཙན་དང་འབྲེལ་བའི་ཡིག་ཆ་ཞིག་ལས། ༼འབྲོང་ཆེན་པོ་རྔུལ་གྱི་རྭ་༽ཞེས་པ་ཞིག་ཡོད་པ་དེ་ཉིད་《བོད་བཙན་པོའི་རྒྱལ་རབས》ཀྱི་ནང་དུ་དངུལ་གྱི་འབྲོང་ཆེན་པོའི་རྭ་ལ་གོ་བར་བཀྲལ་ཞིང་། གང་ལྟར་ཡང་དེའི་རྭ་ལ་ཝ་ཟུར་ཡོད་པ་ལས། གཞན་བོད་སྐད་ཀྱི་ནང་དུ་ཝ་ཟུར་ཅན་གྱི་སྒྲ་གདངས་ཕལ་ཆེར་མེད་པ་བཞིན་ཏུན་ཧོང་ཡིག་རྙིང་གི་ནང་དུ་ཡང་རྒྱ་ནག་ལྟ་བུ་རིགས་གཞུང་གཞན་དང་འབྲེལ་བའི་ཐ་སྙད་ལས་བོད་སྐད་ཀྱི་ཐ་སྙད་རྣམས་ལ་ཝ་ཟུར་ཕལ་ཆེར་མེད། དེས་ན་ཏུན་ཧོང་ཡིག་རྙིང་གི་ནང་དུ་བོད་རང་གི་ཐ་སྙད་ཀྱི་ནང་ནས་ཕྱྭ་ལ་ཝ་ཟུར་ཡོད་པ་ལ། ད་ལྟའི་ཆར་ཕྱྭ་འདི་ཀློག་སྐབས་ཐམས་ཅད་ཀྱིས་ཆ་ཡི་སྒྲ་གདངས་ལས་གཞན་མི་འདོན་ན་ཡང་། ཕྱྭ་ནི་བོན་པོའི་ཐ་སྙད་དང་། བོན་པོའི་ལྟ་གྲུབ་ཀྱང་མཁས་པ་མང་པོས་ཏ་ཟིག་གམ་ཨི་རན་ལྟ་བུ་ཡུལ་གྲུ་གཞན་ནས་བྱུང་བར་འདོད་པ་བཞིན་ཐོག་མའི་ཆར་ཕྱྭ་ལ་ཡང་ཝ་ཟུར་གྱི་སྒྲ་གདངས་ཡོད་ལས་ཆེ་སྟེ། གོང་དུ་བཤད་པ་ལྟར་ཏུན་ཧོང་ཡིག་རྙིང་གི་ནང་དུ་ཝ་ཟུར་ཡོད་པ་རྣམས་རགས་པའི་དབང་དུ་བྱས་ན་དེ་ཐམས་ཅད་ཝ་ཟུར་གྱི་སྒྲ་གདངས་འདོན་དགོས་པ་ཤ་སྟག་ཡིན་པའི་ཕྱིར་རོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།