ཏོག་གསར་གཉན་རིམས་ཀྱིས་ཤུགས་རྐྱེན་བྱེད་སྲིད་པའི་མ་འོངས། __ས་བུ་ཆེ།

225


བོད་མི་མང་པོར་མཚོན་ན། དུས་ཡུན་རིང་པོ་ཞིག་གི་ནང་དུ། ང་ཚོས་ཉམས་མྱོང་ལ་ཐོབ་པའི་སྤྱི་ཚོགས་ཀྱི་གོད་ཆག་དང་། མནར་གཅོད་ནི་མི་རིགས་རང་བཞིན་ཅན་འབའ་ཞིག་ཡིན། མི་རིགས་རང་བཞིན་ཡིན་པས་ན་གོད་ཆག་དེ་དག་གིས་བཟོས་པའི་སྡུག་བསྔལ། སེམས་ངལ་དང་སེམས་འཚབ། དེ་ཡིས་བཟོ་བཀོད་བྱས་པའི་མི་རིགས་རང་བཞིན་གྱི་གཤིས་ཀ་སོགས་ནི་གཞན་གྱིས་རྟོགས་དཀའ་བ་དང་མཉམ་རོལ་མི་ཐུབ་པ་དེ་འདྲ་ཡིན་ཤས་ཆེ། འོན་ཀྱང་། གོ་ལ་གཅིག་འགྱུར་གྱི་རྟིང་མ་ཇེ་ཟབ་ཏུ་ཕྱིན་པའི་ལ་ཁ་འདི་ནས། ཏོག་གསར་གཉན་རིམས་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་གོད་ཆག་གིས་ང་ཚོའི་མི་རིགས་ཀྱི་མ་འོངས་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་ཁ་ཤས་འཇོག་སྲིད་ལ། གལ་ཏེ་ང་ཚོས་སྔོན་མའི་ལོ་རྒྱུས་ཀྱིས་བཟོས་པའི་ལྟ་བའི་ཡོ་ལང་དང་། སེམས་ཁམས་ཀྱི་འགྱུར་བ་དག་དང་བསྡུར་བ་བྱས་ན། ཏོག་གསར་གཉན་རིམས་བྱུང་བའི་རྗེས་ཀྱི་མ་འོངས་ལ་ས་མཚམས་ཁྱད་པར་བ་ཞིག་མཐོང་ངེས་པ་རེད་དྲན་བྱུང་། །

ས་བྱི་ལོ། ཡུལ་ཤུལ་ས་ཡོམ་དང་། བོད་མི་རིགས་ཀྱི་སེམས་ཁམས་ལ་གཡོ་འགུལ་བྱེད་མྱོང་པའི་སྤྱི་ཚོགས་དོན་རྐྱེན་ཀུན་དང་མི་འདྲ་བ་ནི། ཏོག་གསར་གཉན་རིམས་ལ་ནི་མི་རིགས་ཀྱི་ཁྱད་གཤིས་ཆེས་ཉུང་བ་དང་། དེ་ཉིད་གོ་ལའི་སྤྱི་ཚོགས་དོན་རྐྱེན་ཞིག་ཏུ་ཆགས་ཡོད་པ་དེ་རེད། དེ་བཞིན་སྔོན་དུས་གོ་ལའི་དོན་རྐྱེན་དུ་བགྲངས་ཡོད་པའི་འཇིགས་སྐུལ་དམག་རྒོལ་དམག་འཁྲུག དཔལ་འབྱོར་ཉམས་རྒུད་དང་། སྔོན་གྱི་སཱར་སི་སོགས་ཀྱི་གཉན་རིམས་དེ་དག་གི་ངོས་ནས་བཤད་ན། དེ་དག་རྒྱལ་སྤྱིའི་དོན་རྐྱེན་ཡིན་རུང་དེ་དག་ནི་བོད་མིའི་སྤྱི་ཚོགས་དང་ཤིན་ཏུ་རྒྱང་རིང་པོར་ཆགས་ཡོད་པའི་སྣང་བ་འདུག དེ་བས་ང་ཚོ་བོད་མིའི་མི་རིགས་སེམས་ཁམས་ཀྱི་བཞེངས་བསྐྲུན་ལ་ཤུགས་རྐྱེན་ཆེ་བ་ནི་མི་རིགས་རང་གི་དོན་གནད་ཤ་སྟག་ཡིན་པ་ལས་རྒྱལ་སྤྱིའི་དོན་རྐྱེན་ཟེར་བ་དེ་དག་གིས་ཐད་འབྲེལ་གྱི་ཤན་སྟོབས་བསྐྱེད་མེད་པ་འདྲ། །

སྤྱི་ཚོགས་གོད་ཆག་བྱུང་དུས། ང་ཚོའི་མི་རིགས་འདིས་གཞན་ལ་རེ་བ་བཅིང་བའི་ལོ་རྒྱུས་ཤིག་བརྒལ་མྱོང་ཡོད་པ་རེད། འོན་ཀྱང་སུས་ཀྱང་ང་ཚོར་དོན་ལྡན་གྱི་རོགས་རམ་སྤྲད་ཐུབ་ཡོད་པ་མ་རེད། དེ་བས་སྔོན་མའི་དུས་སུ་བྱུང་བའི་དོན་རྐྱེན་དག་གིས་ང་ཚོ་ལ་ང་ཚོ་ཁེར་རྐྱང་དུ་ལུས་པའི་སེམས་འགྱུ་ཞིག་སྤྲད་ཅིང་ ། དེ་ལ་བརྟེན་ནས་མི་རིགས་ཀྱི་རང་སྟོབས་བསྐྱེད་པའི་འདུན་པ་དང་། རང་མགོ་ཐོན་པའི་མོས་པ་སད་ཡོད་པ་རེད། རང་སྟོབས་དང་། རང་ཐོན་གྱི་མི་རིགས་སེམས་ཁམས་དེ་འདྲ་ཞིག་གི་བསྐུལ་མ་བྱས་ནས་ང་ཚོས་རང་དོན་དང་འཛམ་གླིང་གི་སྤྱི་དོན་ལ་བདག་འཇུག་བྱས་ཡོད་རེད། སེམས་ཁམས་སམ་རིགས་གཤིས་དེ་འདྲ་ནི་དེ་བས་དགེ་མཚན་ཅན་དུ་མཐོང་། འོན་ཀྱང་། ཏོག་གསར་གཉན་རིམས་ཀྱིས་ང་ཚོར་ཐེབས་སུ་བཅུག་པའི་སེམས་ཁམས་ནི་དེ་དག་གི་ནུས་པ་དང་ཤིན་ཏུ་ཐ་དད་དུ་གྱུར་ཡོད་དེ། ཕྱོགས་ཁ་ཤས་ནས་བཤད་ན་རང་སྟོབས་ཀྱི་ཡིད་ཆེས་དང་རེ་བ་ལ་གནོད་པའང་བཟོས་ཡོད་སྲིད་པ་ཞིག་རེད། །

གལ་ཏེ་ང་ཚོའི་མི་རིགས་འདིའི་རང་སྟོབས་དང་། རང་ཐོན་གྱི་སེམས་ཤུགས་རྐང་ཚུགས་མ་ཁད་ཡིན་ཞེས་སྨྲས་ན། ཏོག་གསར་གཉན་རིམས་ཀྱིས་ང་ཚོ་ལ་རང་སྟོབས་དང་། རང་ཐོན་ཁོ་ནར་བརྟེན་ནས་གོད་ཆག་གདོང་ལེན་མི་ཐུབ་པ་དང་། ཁྱད་པར་ཏུ་བོད་ལྟ་བུའི་མི་རིགས་ཉམ་ཆུང་ཞིག་ལ་མཚོན་ན། མི་རིགས་རང་སྟོབས་ཀྱི་སྒོ་ནས་གོད་ཆག་འདི་འདྲ་ལ་གདོང་ལེན་བྱེད་པའི་ནུས་པ་ཁྱོན་ནས་མེད་པ་མཛུབ་མོ་རི་སྟོན་བྱས་ཡོད་པ་རེད། དམར་ཁྲིད་དེ་ཡིས་ང་ཚོའི་སེམས་ཁམས་ལ་གལ་ཏེ་འགྱུར་བ་ཞིག་གཏོང་ཡོད་པའི་དབང་དུ་བྱས་ན། ཆེས་གཙོ་བོ་ནི་ང་ཚོའི་རང་སྟོབས་དང་། རང་ཐོན་གྱི་ཡིད་ཆེས་དེ་ཉམས་རྨས་སུ་གཏོང་ཡོད་པ་དེ་རེད། དེ་ཡིས་ང་ཚོར་སྐྱེས་ཟིན་པའི་མི་རིགས་འདིའི་མ་འོངས་ཀྱི་ཆོད་སེམས་བརྟན་པོ་དང་མདུན་ལམ་བརྟན་པོ་དེ་གཡོ་འགུལ་བྱས་ཡོད་པ་དང་། ང་ཚོའི་རྟོག་པའི་འཇིག་རྟེན་དུ་སྲིད་པའི་མི་རིགས་དང་། འཛམ་གླིང་གི་ལྗོངས་གཞི་ལ་མ་ངེས་པའི་སྨག་རུམ་འཐུམ་དུ་བཅུག་ཡོད་པ་རེད། །

ཡིན་ནའང་། ང་ཚོ་ལ་སྙིང་སྟོབས་འདི་འདྲ་ཞིག་དགོས་ཏེ། ཕྱི་ཁོར་ཡུག་གི་འགྱུར་བ་ཇི་ཙམ་ཆེ་ན་ཡང་། དེ་ནི་ང་ཚོས་རྟོག་འཆར་བྱས་པ་ལས་ཅི་ཙམ་གྱིས་མི་འདྲ་བར་འགྱུར་ཡོད་ནའང་། ང་ཚོའི་དམིགས་འདུན་དང་ཕུགས་བསམ་དེ་བོར་མི་ཉན་པ་དང་། མ་ངེས་པའི་མ་འོངས་པ་ལ་རན་པའི་བློ་རིག་ཅིག་ཀྱང་བདེ་མྱུར་ལྡན་པའི་སྒོ་ནས་བསྐྱེད་དགོས་ཏེ། དངོས་ཡོད་གནས་ཚུལ་དང་། དཀའ་ཁག་དག་ཞིབ་མོ་རྣམ་པར་འཐག་ནས་རེ་རེ་བཞིན་སེལ་ཐུབ་པ་བྱུང་དགོས། དེ་བས་འདི་ནས། ཏོག་གསར་གཉན་རིམས་ཀྱིས་ཐེབས་སྲིད་པའི་འཛམ་གླིང་གི་འགྱུར་བ་ཁ་ཤས་ཤིག་བཤད་པར་བྱེད་དེ། ང་ཚོས་འགྱུར་བ་འདི་དག་ལ་སེམས་བསམ་པ། བློ་རིག་པའི་སྟེང་ནས་གདོང་ལེན་བྱེད་སྤོབས་པ་ཆགས་དགོས་སྙམ། །

དེ་ཡང་དང་པོ་ནི་ཏོག་གསར་གཉན་རིམས་ཀྱི་ཆབ་སྲིད་ཕྱོགས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་རེད། དེ་ལ་རྒྱལ་སྤྱི་དང་། ཀྲུང་གོ་གཉིས་སུ་དབྱེ་དགོས་སྙམ་སྟེ། རྒྱལ་སྤྱིའི་ངོས་ནས་རིགས་གཅིག་རྐང་འཛིན་གྱི་ཆབ་སྲིད་གོ་གནས་ཇེ་མཐོ་དང་སྲིད་གཞུང་གི་བྱེད་ནུས་སོ་སོའི་ངོས་ནས་ཆེད་ལས་ཅན་གྱུར་ལ་མདུན་སྤོ་ཆེན་པོ་བྱུང་གི་རེད་འདོད་ལ། ཐྲུམ་ཕི་ལྟ་བུའི་ལྟ་བ་གཙོ་འཛིན་ལས་ཆེད་ལས་ནུས་པ་ཆེར་མེད་པའི་ཆབ་སྲིད་པ་དག་གི་རླུང་རྟ་ཉམས་རྒུད་བྱུང་གི་རེད་བསམ། དེ་བཞིན་སྔར་གྱི་ནུབ་ཕྱོགས་ཀྱི་དབུས་གཞུང་གི་ནུས་པ་འཐོར་ལྷུང་དང་། སྲིད་གཞུང་ཆུང་བར་ཕྱོགས་པའི་རང་དབང་རིང་ལུགས་ཀྱི་ཆབ་སྲིད་ལྟ་བའི་གནས་སྟངས་ལ་འགྱུར་བ་བྱུང་ནས་དབུས་གཞུང་གི་དབང་ཆ་གཅིག་སྡུད་དང་། སྲིད་གཞུང་ཆེ་བའི་ལྟ་བ་ལ་རྒྱབ་སྐྱོར་ཇེ་མང་འགྲོ་སྲིད་པ་རེད། དེ་བཞིན་རྒྱལ་ཁབ་སོ་སོས་བཟོ་ལས་རང་ཚུགས་དང། ་བཟོ་ལས་ནུས་པའི་ཕྱིར་ལོག་གི་དགོས་པ་དང་། གོམས་སྟབས་ཇེ་མགྱོགས་སུ་འགྲོ་སྲིད་པ་དང་། དེ་ཡིས་རྐྱེན་འགུལ་བྱས་པའི་རྒྱལ་སྤྱིའི་ཚོང་འབྲེལ་དེ་ཨར་ཀྲུང་ཚོང་དམག་གི་རྗེས་མཐུད་དུ་ས་མཚམས་དབྱེ་འབྱེད་ཇེ་ཆེར་འགྲོ་སྲིད་པ་ཞིག་ལ་མཁས་པ་ཚོས་དབྱེ་ཞིབ་བྱས་ཡོད། དེའདྲའི་འགྱུར་བའི་འོག་ནས་ཀྲུང་གོའི་ནང་གི་སྒོ་འབྱེད་ལོག་པའི་གོམ་ཁའང་ཇེ་མགྱོགས་དང་། བརྟན་ལྷིང་གི་ཆེད་དུ་འདུ་ཤེས་འཁྱེར་འཛིན་གྱི་ངོས་ནས་ནུབ་ཕྱོགས་དགྲ་ཟླར་བྱེད་པའི་དགོས་པ་ཇེ་ཆེ་ཡིན་པས། མཐོ་རིམ་ཆབ་སྲིད་ལ་ལྟ་བ་གཙོར་འཛིན་གྱི་ཆབ་སྲིད་པ་མཁོ་བར་གྱུར་འགྲོ་བ་དང་། སྤྱི་ཚོགས་ནང་གི་ཆབ་སྲིད་ལྟ་བའི་རྩོད་གླེང་ཤུགས་ཆེན་འཕེལ་ནས་སླར་ཡང་དབང་བསྒྱུར་ལྟ་བའི་འོག་ཏུ་སྡུད་པའི་རྣམ་པ་ཞིག་འབྱུང་སྲིད་སྙམ། འདི་ལྟར། བོད་མིས་དེ་སྔོན་རྟོག་འཆར་བྱས་པའི་ ་་གོ་ལ་གྲོང་ཚོ་་ ཅན་གྱི་མདུན་ལྗོངས་དེ་རེ་ཞིག་མངོན་འགྱུར་བྱེད་ཐུབ་ཀི་མ་རེད།

ཡང་། རྒྱལ་སྤྱིའི་ཆབ་སྲིད་འགལ་བ་དེ་ཆེ་ཕྱོགས་ཀྱི་དམག་འཁྲུག་སུ་འགྱུར་བའི་ངེས་པ་ཤིན་ཏུ་ཆུང་མོད། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་ཁྱབ་གདལ་ནི་ཤུགས་ཇེ་ཆེར་ཆགས་སྲིད་པ་ཞིག་རེད། རྒྱལ་ཁབ་སོ་སོའི་གཞུང་གི་སློབ་གསོ་ཡིས་ཀྱང་དེ་ཉིད་རྩ་དོན་དུ་འཛིན་སྲིད་པ་རེད། འོན་ཀྱང་ཏོག་གསར་རིམས་ནད་ཀྱིས་རྒྱལ་གཅེས་བསམ་བློ་ལ་བཞེངས་བཀོད་གསར་པ་ཞིག་ཐེབས་པར་བྱས་ཡོད་པ་ནི། སྔོན་ཚེ་རྒྱལ་གཅེས་ཟེར་དུས་གཙོ་བོ་དམག་མི་དང་། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་ཆེད་རང་སྲོག་བློས་བཏང་ཕོད་པའི་དམག་མིའི་གཟུགས་བརྙན་ཞིག་གིས་མཚོན་ཏེ་ཡོད་ནའང་། ཏོག་གསར་རིམས་ནད་ཀྱི་འོག་ནས་བྱུང་བའི་དཔའ་བོའི་སྣང་བརྙན་དང་། རྒྱལ་གཅེས་སྐུ་འདྲ་དེ་དམག་མི་སོགས་མ་ཡིན་པར། ཆེད་ལས་ཅན་གྱི་ཨམ་རྗེ་སྨན་པ། ཚན་རིག་པ་དང་ཉེན་རྟོག་པ། རང་འདུན་པ་སོགས་ཞི་བའི་ལས་གནས་སུ་ཡོད་པ་དེ་དག་ལ་འགྱུར་བཞིན་ཡོད་པ་དང་། ཏོག་གསར་ནད་རིམས་ཀྱི་གནོད་པའི་འོག་གི་དཔལ་འབྱོར་ཉམས་རྒུད་ལ་མཚོན་ན། རྒྱལ་ཁབ་སོ་སོའི་སྲིད་གཞུང་ལ་མཁོ་བའི་རྒྱལ་གཅེས་དཔའ་བོའི་གཟུགས་བརྙན་ཀྱང་དེ་ལྟར་ཞི་བའི་ལས་གནས་སུ་ཆེད་ལས་ཅན་གྱི་ལས་ཀ་གཉེར་མཁན་དག་ལ་ཆགས་སྲིད། །

མཐོ་རིམ་ལ་ཆེད་ལས་དབང་བསྒྱུར་དང་། ལྟ་བས་དབང་བསྒྱུར་གྱི་ཁྱད་པར་ཡོད་ནའང་། ཏོག་དབྱིབས་རིམས་ནད་ཀྱིས་ཚན་རིག་ལ་དོགས་འདྲི་བྱེད་པའི་དུས་ཀྱི་བསམ་བློའི་གཡོ་འགུལ་དེ་ཞི་བཞིན་ཡོད་པ་དང་། ཚན་རིག་གི་གཉིས་མིན་ཤེས་བྱའི་ཐོབ་ཐང་དེ་ཡང་བསྐྱར་གཞུང་དམངས་ཀུན་གྱིས་ངོས་ལེན་བྱེད་སྲིད་པས། དབང་སྒྱུར་པ་གང་འདྲ་ཞིག་ཡིན་རུང་། དེ་ཡི་དབང་བསྒྱུར་གྱི་ཐམས་ལམ་ནི་ཚན་རིག་གི་ཆེ་བ་མཐོར་འདེགས་བྱེད་རྒྱུ་དེ་ཡིན་པ་དང་། དབང་བསྒྱུར་གྱི་རྩ་བའང་ཚན་རྩལ་གསར་པའི་བཀོལ་སྤྱོད་དང་བེད་སྤྱོད་ཡིན་ངེས། ང་ཚོས་ད་ལྟ་མཐོང་སྲིད་པ་ནི། ཚན་རྩལ་གསར་པ་དང་ཏོག་གསར་ནད་རིམས་ཀྱི་ཆ་རྐྱེན་གཉིས་འཛོམས་པའི་འོག་ནས། སྲིད་གཞུང་གིས་ཆ་འཕྲིན་དོ་དམ་དང་། ཆབ་འབངས་ཀྱི་དྲ་འབྲེལ་སོགས་ལ་ལྟ་རྟོག་བྱེད་པ་དེ་ཤུགས་ཇེ་ཆེར་ཆགས་སྲིད་པ་དང་། མཐའ་ན་སྔོན་ཆད་དྲ་འབྲེལ་དང་། མི་སྒེར་གྱི་ཆ་འཕྲིན་ལྟ་རྟོག་བྱེད་པར་ངོ་རྒོལ་ཤིན་ཏུ་ཆེ་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་ཀྱང་། ཏོག་གསར་རིམས་ནད་སོགས་ཀྱི་གོད་ཆག་འོག་ནས་སྒེར་གྱི་ཐོབ་ཐང་དེ་སྤྱི་གཞུང་ལ་མི་སྤྲོད་ཀ་མེད་དུ་འགྱུར་བཞིན་ཡོད་པ་དང་། སྲིད་གཞུང་ཆེ་བ་ཕྱིར་ལོག་གི་རྒྱབ་ལྗོངས་འོག་ནས། དྲ་འབྲེལ་སོགས་ཀྱི་ཆ་འཕྲིན་ལྟ་རྟོག་སྔར་བས་ཇེ་དམ་འགྲོ་བ་ནི་ལྡོག་མེད་ཅིག་རེད།

དྲ་འབྲེལ་ལྟ་རྟོག་ལས་གཞན། སྲིད་གཞུང་གིས་ཚན་རིག་དབང་བསྒྱུར་བྱེད་པའི་ཐབས་ལམ་ལ་ད་དུང་། རིམས་ནད་འགོག་སྨན་གྱི་གསར་གཏོད་ལ་ཁ་གཡར་ནས་སྨན་རིག་ཞིབ་འཇུག་ལ་ཐད་ཀར་གྱི་དབང་བསྒྱུར་བྱེད་པ་དང་། དེའི་དཔེ་ལུགས་རྒྱ་ཁྱབ་བྱས་ནས་སྲིད་གཞུང་ཆེན་པོ་དེ་ཉིན་ཚན་རིག་ཞིབ་འཇུག་སོ་སོའི་ལམ་སྟོན་མཁན། སྦྱིན་བདག་ཆེན་པོ་དང་། ཁེ་དབང་འཛིན་མཁན་དུ་འགྱུར་བར་འབད་རྒྱུ་དང་། གཞི་གྲངས་ཆེན་མོའི་ལག་རྩལ་སྣ་ཚོགས་ལ་བརྟེན་ནས་རིམས་ནད་ཀྱི་གནོད་པ་ཐེབས་པའི་ཚོང་ཟོག་རྒྱུགས་འགྲུལ་གྱི་དབང་ཆའང་གཞུང་བཞེས་ལྟ་བུ་བྱེད་པ། ཆབ་འབངས་ཀྱི་སྨན་བཅོས་ལ་སྟངས་འཛིན་ཇེ་ཆེར་བྱེད་པ་ཡིན་པས། ཟས་གོས་འགྲོ་གཉིད་དང་། མཐའ་ན་འཆི་བའི་སྐབས་སུ་ཡང་སྲིད་གཞུང་ཆེན་པོའི་དབང་བསྒྱུར་ཐད་ཀར་ཞིག་ཚོར་ཐུབ་པའི་དུས་རིམ་ཞིག་ཏོག་གསར་ནད་རིམས་ཀྱིས་བསྐྱལ་ངེས་པ་རེད། །

གཉིས་པ་རིག་གནས་སོགས་ཀྱི་ཐད་ནས། མི་རིགས་སོ་སོའི་ཆོས་ལུགས་དང་སྲོལ་རྒྱུན་འཚོ་སྟངས་ལ་ཤུགས་རྐྱེན་བྱེད་སྲིད་དེ། དེ་ལས་དང་པོ་ཡང་ཆོས་ལུགས་ཡིན་ཏེ། ཆོས་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ནི་དེ་ཡིས་མི་ཚོགས་འདུས་ཐུབ་པ་དང་། མི་ཚོགས་འདུས་ནས་ཆོས་ལུགས་ཀྱི་ནུས་ཤུགས་མཚོན་བཞིན་ཡོད་པ་དེ་རེད། འོན་ཀྱང་ཏོག་གསར་ནད་རིམས་ཀྱི་འོག་ནས། འདུ་འཛོམས་དེ་སྡིག་པ་དང་། ཉེས་པར་ཆགས་བཞིན་ཡོད་པས། འདི་ལས་བསྐྱེད་ཀྱང་ཆོས་ལུགས་ཀྱི་སྒྲིག་འཛུགས་རྨང་གཞི་དང་། དེའི་འོས་མཐུན་གྱི་སྐད་ཆའི་དབང་ཆ་ལ་གནོད་འཚེ་བྱས་པ་ནི་རྒྱ་ཆེ་ཞིང་རྟིང་ཟབ་པ་ཞིག་ཡིན་སྙམ། འོན་ཀྱང་། མི་རྣམས་ལ་མཚོན་ན། ཆོས་ལུགས་ཀྱི་དགོས་པ་སྔར་བས་ཇེ་དྲག་ཏུ་འགྲོ་སྲིད་དེ། ཆོས་ལུགས་རིག་གནས་ཀྱི་ཁ་གཏད་དུ་ཆགས་པའི་མི་སྒེར་རིང་ལུགས་ཀྱི་ད་ཡོད་འཕེལ་རྒྱས་ལ་ཏོག་གསར་ནད་རིམས་ཀྱིས་གཏོར་བརླག་བྱས་ཡོད་པ་མ་ཟད། གལ་ཏེ་ནད་རིམས་གཡོལ་ཆེད་དུ་ཟླ་བ་མང་པོར་སྤྱི་ཚོགས་འབྲེལ་འདྲིས་སྤངས་པ་ཡིན་ན། དེ་ཡིས་ཕྱོགས་གཅིག་ནས་ཆོས་ལུགས་དབེན་གནས་ཀྱི་ནུས་པ་ཞིག་ཐོན་གྱིན་ཡོད་པ་དང་། ཕྱོགས་གཞན་ནས་གཞོན་རབས་པ་ལ་སྤྱི་ཚོགས་ཁུངས་གཏོགས་ཀྱི་འདོད་པ་བསྐྱེད་སྲིད་དེ། འདོད་པ་དེ་མང་ཕྱོགས་ནས་ཆོས་ལུགས་རྩ་འཛུགས་ཀྱིས་ངོས་ནས་བསྐོང་བཞིན་ཡོད་པ་རེད། །

ད་དུང་། ཏོག་གསར་ནད་རིམས་ཀྱིས་སྲོལ་རྒྱུན་གྱི་ཁྱིམ་ཚང་ལྟ་བ་དེ་སྐྱོབ་ཡོད་པ་རེད། ནད་རིམས་ཀྱི་ཁྲོད་ནས། མི་སྒེར་རིང་ལུགས་དང་། མི་ཧྲེང་རིང་ལུགས་ཀྱི་ལྟ་བར་ཕྱོགས་པའི་གཞོན་རབས་ལ་ཁྱིམ་ཚང་གི་དགོས་པ་དང་། ཕན་ཐོགས་གསལ་བཤད་བྱས་ཡོད་པ་དང་། ཁོ་ཚོའི་ཁྱིམ་ཚང་གི་སྲོལ་རྒྱུན་སྐྱོང་བའི་མོས་པ་སྲ་བརྟན་བྱས་ཡོད།

མི་རིགས་ཁ་ཤས་ལ་མཚོན་ན། དེ་ཡི་རིག་གནས་ཀྱི་རྐང་རྩ་ནི་ཟས་ཀྱི་ངོས་ནས་མཚོན་ཡོད་པ་དང་། ཟས་གསོལ་བའི་ཆོ་ག་ནི་ཆབ་སྲིད་དང་། རིག་གནས་ཀྱི་ལག་ཆ་ཞིག་ཏུ་ཆགས་ནས་ཡོད་པ་རེད། འོན་ཀྱང་ཏོག་གསར་ནད་རིམས་ཀྱིས་ཟས་གསོལ་ཆོ་ག་ལ་གཡོ་འགུལ་བྱས་ཡོད་དེ། འདིར་བཤད་པ་ནི་རི་སྐྱེས་སྲོག་ཆགས་ཟ་བའི་ཐད་ཙམ་མ་ཡིན་པར། ཟས་གསོལ་སྐབས་ཀྱི་རྩ་བའི་ཁྱད་པར་གཉིས་དེ། སྣོད་གཅིག་མཉམ་ཟས་དང་། ཅ་ནེ་རང་ཁ་གཉིས་ཀྱི་ཁྱད་པར་དེ་ཡིན། ཟས་རྣམས་སྣོད་གཅིག་ཏུ་བླུགས་ནས་དེ་ནས་ཐུར་མ་སོགས་ལ་བརྟེན་ནས་མཉམ་ཟ་བྱེད་པ་དེ་ཡིས་སྲིད་དབང་གཅིག་སྡུད། སྤྱི་ཚོགས་རིང་ལུགས། སྤྱི་སྒེར་དབྱེ་མཚམས་མེད་པ་སོགས་ཀྱི་འདུ་ཤེས་མཚོན་ཡོད། ཅ་ནེ་རང་ཁ་བྱེད་པ་དེས་དབང་ཆ་བགོ་ཐོར། རང་དབང་རིང་ལུགས། སྤྱི་སྒེར་མཚམས་གསལ་གྱི་འདུ་ཤེས་མཚོན་དེ་ཡོད་པ་དང་། ཏོག་གསར་ནད་རིམས་ཀྱིས་ཟས་གསོལ་ལ་བཟོས་པའི་ཤུགས་རྐྱེན་ནི་གཙོ་བོ་དེ་ལས་མཐོང་དགོས་པ་དང་། རི་སྐྱེས་ཟ་མི་ཟ་ནི་འཕྲལ་གྱི་སྨྲ་བརྗོད་ཅིག་ཏུ་ཆགས་པ་ནས་ཡུན་རིང་གི་ཤུགས་རྐྱེན་མིན་པར་སྙམ་ཡོད། །

དེ་ལྟར། རྩོམ་པ་པོ་གྲགས་ཅན་ཁཱ་མུས་ཀྱིས་གསུངས་ཡོད་པ་ལྟར། སྒེར་གཅོད་དང་། ནད་རིམས་ཀྱི་གཉའ་གནོན་ཟུང་འབྲེལ་དེ་ཡིས། ང་ཚོའི་ལྷིང་འཇགས་ཀྱི་འཚོ་བ་གཏོར་བར་བྱས་ཡོད་ནའང་། ང་ཚོའི་བསམ་བློ་དེ་ཕུགས་རིང་དང། ་ཟབ་སར་འཁོར་བར་ཡང་བྱས་ཡོད་ངེས། འདི་ལས་ང་ཚོས་འགྱུར་བ་ཞིག་གདོང་ལེན་ཐུབ་དགོས་ལ། རེ་ཞིག་གི་བློ་ཕམ། རེ་ཞིག་གི་སྙིང་སྟོབས་ཉམས་པ་ལ་གཅེས་སྐྱོང་བྱས་ནས། དེ་བས་ཛ་དྲག་གི་མ་འོངས་ལ་སྤོབས་པ་ཆེན་པོས་འཇུག་དགོས་པ་ཡིན། ནད་རིམས་ཀྱིས་བོད་མིའི་སེམས་ཁམས་ཀྱི་གོམས་འདྲིས་སུ་ཆགས་ཡོད་པའི་མི་རྟག་པའི་འདུ་ཤེས་དེ་ཇེ་སྲ་བྱས་ཡོད་པས་ན། ང་ཚོས་འཚོ་གནས་ཀྱི་གོ་སྐབས་དང་། དུས་ཡུན་དེ་ལ་བླ་ལྷག་གིས་བདག་སྐྱོང་དམ་འཛིན་བྱེད་དགོས་པའི་སྐུལ་མ་གནང་ཡོད། འཚོ་གནས་དེ་ཞི་བདེ་དང་དོན་སྙིང་ལྡན་པ་ཞིག་ཏུ་རོལ་དགོས་ཏེ། དལ་འབྱོར་རྙེད་དཀའ་བརྗོད་པའི་བདམས་ངག་དེ་དུས་རབས་འདིར་ཤིན་ཏུ་ལྗིད་པོར་ཆགས་ཡོད་པ་དང་། འ་འུར་ཟང་ཟིང་གིས་བཀབ་ཀྱང་མ་རྙེད་པར་བྱས་པའི་དལ་འབྱོར་དོན་ཡོད་ཀྱི་གནད་དོན་སླར་ཡང་རྐྱེན་ངག་འདི་ཡིས་ང་ཚོའི་མིག་མདུན་དུ་དཀྲལ་བཞག་ཡོད་པ་རེད། །


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།