བོད་ཡིག་གསར་བཟོའི་རིམ་པ།(སྟོད་ཆ།)__རྩིས་ཆེ་ལེགས་མཐོང་།

6371



བོད་ཡིག་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཅི་ཙམ་མཐོང་བ་དེ་ཙམ་གྱིས་ང་ཚོས་བོད་ཡིག་གི་གལ་གནད་ཅི་ཙམ་ཆེ་བ་ཡང་གསལ་པོར་མཐོང་གི་ཡོད། ད་ལྟའི་ཆར་གལ་ཆེ་ཤོས་ནི་བོད་ཡིག་གི་བཀོལ་སྤྱོད་ཡིན་པ་བཤད་མ་དགོས་ན་ཡང་། མི་རིགས་ཤིག་གི་རིག་གནས་གལ་ཆེ་ཤོས་སུ་གྱུར་པ་འདིའི་བྱུང་རབས་ལ་ང་ཚོས་བླུན་པོ་ངོ་མཚར་བའི་གཏམ་རྒྱུད་རེ་བཤད་ནས་འདོད་པ་ཚིམས་པས་མི་འགྲིག་པར་དེ་ལ་ཚན་རིག་དང་མཐུན་པའི་འགྲེལ་བརྗོད་ཡིད་ཆེས་འདྲེན་པ་ཞིག་དང་། གོ་རྟོགས་ཆ་ཚང་བ་ཞིག་ཡོད་པ་ནི་ཧ་ཅང་གལ་ཆེ། འོན་ཀྱང་ང་ཚོ་མང་པོ་ཞིག་གིས་བོད་ཡིག་གི་ཐད་ལ་ང་ཚོར་རྒྱུས་མངའ་ཆ་ཚང་བ་ཡོད་སྙམ་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་དཔྱད་པ་གནང་ཟིན་པས་ད་ནི་དེའི་ཐད་ལ་ང་ཚོས་ཞིབ་འཇུག་བྱ་ཐུབ་པ་ཡང་མེད་ཅིང་། བྱ་དགོས་པ་ཡང་མེད་ཅེས་སྙམ་གྱི་ཡོད། ང་ཚོར་བསམ་བློ་འདི་ཧ་ཅང་ཤུགས་ཆེ་བས་གཅིག་བྱས་ན་བསམ་བློ་འདི་ཉིད་ཀྱིས་ང་ཚོར་བོད་ཡིག་གི་སྐོར་ལ་གོ་རྟོགས་གོང་འཕེལ་འགྲོ་བར་འགོག་རྐྱེན་བྱེད་ཀྱི་ཡོད་སྲིད། དེས་ན་ཐུབ་མིན་གང་ལྟར་ཡང་འབད་བརྩོན་ཙམ་བྱ་རྒྱུ་ནི་གལ་ཆེ་བས་ན། འདིར་ཁོ་བོས་གསལ་བྱེད་སུམ་ཅུ་གཙོ་བོར་གྱུར་པའི་བོད་ཀྱི་ཡི་གེའི་འཕེལ་འགྱུར་གྱི་རིམ་པ་ལ་ཏུན་ཧོང་ཡིག་རྙིང་གཙོ་བོར་གྱུར་པ་ལ་གཞིར་བྱས་ཏེ་རིག་པ་དང་རྒྱུ་མཚན་རྣམ་དག་གིས་དཔྱད་པ་གང་ཐུབ་རེ་བྱ་བར་འདོད།

དང་པོ། བོད་ཡིག་གསར་བཟོའི་དུས།


བོན་གྱི་ཆོས་ལུགས་ལྟར་ན་སྲོང་བཙན་གྱི་སྔོན་ནས་བོད་ལ་ཡི་གེ་ཡོད་པར་བཤད་པ་ལ། མཁས་དབང་ནམ་མཁའི་ནོར་བུས་མཚོན་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་པའི་མཁས་པ་འགའ་ཤས་ཀྱིས་ཀྱང་ལྟ་ཚུལ་དེ་ཡང་དག་པ་ཡིན་པ་སྒྲུབ་ཐབས་སུ་འབད་བརྩོན་གནང་ཡོད། འོན་ཀྱང་ཡོད་སྲིད་པ་ཙམ་དང་། ཡོད་པའི་དོགས་གཞི་ཅུང་ཟད་ཙམ་ལས་ཡོད་ངེས་པ་དང་། ཡོད་པ་དེ་ཡང་འཐུས་སྒོ་ཚང་བ་ཞིག་ཡིན་པ་ནི་ཕལ་ཆེར་བསྒྲུབ་ཐབས་བྲལ། ད་དུང་ད་ལྟའི་བོད་ཡིག་གི་ཡིག་གཟུགས་ཀྱང་ཞང་ཞུང་གི་ཡིག་གཟུགས་ནས་བྱུང་བར་སྨྲ་བ་ནི་དེ་བས་ཀྱང་བློར་འགྲོ་དཀའ་བ་ཞིག་རེད། ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ད་ལྟའི་ཆར་ང་ཚོ་མང་པོ་ཞིག་ལ་མི་རིགས་ཤིག་གི་རིག་གནས་ཀྱི་ལོ་རྒྱུས་ཅི་ཙམ་རིང་བ་དེའི་རིན་ཐང་ཡང་དེ་ཙམ་གྱིས་ཆེ་བའི་འདུ་ཤེས་ཡོད་པ་ལ་བརྟེན་ནས་བོད་ལ་ཡང་སྲོང་བཙན་གྱི་སྔོན་ཙམ་དུ་མ་ཡིན་པར་བོད་མི་རིགས་འདི་བྱུང་ནས་བཟུང་བོད་མི་རྣམས་ལ་བོད་རང་གི་ཡི་གེ་ཡོད་པའི་སྒྲུབ་བྱེད་ཡོད་ན་ཚང་མ་དགའ་དགོས་པ་ཞིག་ལོས་ཡིན་ཀྱང་། སྒྲུབ་བྱེད་མེད་ན་ཞེན་པ་ཙམ་གྱིས་གནས་ལུགས་དང་མངོན་སུམ་ལ་སྙོན་འདོར་ན་ག་ལ་འགྲིག་སྟེ། དེ་ལྟར་བྱས་ན་དེ་ཡང་མི་རིགས་ཤིག་གི་ཞབས་འདྲེན་དུ་འགྱུར་བས་སོ།།

བོད་སྤྱི་ཡོངས་ཀྱི་བཤད་སྲོལ་ལྟར་ན་བོད་ཡིག་ནི་ཐོག་མར་སྲོང་བཙན་གྱི་དུས་སུ་ཐོན་མི་སམ་བྷོ་ཊས་བཟོས་པར་གྲགས་ཤིང་། ཐོན་མིའི་མཚན་ལ་ལྡེའུ་ཆོས་བྱུང་ལས་མཐོན་མི་བསམ་པོ་ཊ་ཞེས་འབྱུང་བ་དང་། ཡིག་ཆ་གཞན་མང་པོ་ལ་ཐུ་མི་ཞེས་འཁོད་པ་སོགས་འབྲི་སྲོལ་ཅུང་མི་འདྲ་བ་རེ་ཡོད་ཀྱང་། ཏུན་ཧོང་ཡིག་རྙིང་གི་ནང་དུ་དམིགས་བསལ་བོད་ཡིག་བཟོ་མཁན་ཡིན་པའི་རྣམ་པ་མེད་ཀྱང་། མཐོན་མི་ཞེས་པ་ཁྱིམ་རྒྱུད་ཀྱི་མིང་ལྟ་བུ་ཁ་ཤས་འབྱུང་བ་ལ། གནའ་བོའི་དུས་སུ་གནད་ཡོད་མི་སྣ་ཕལ་མོ་ཆེ་གལ་ཆེའི་ཁྱིམ་རྒྱུད་ནས་འབུར་དུ་ཐོན་པ་ཡིན་པས་ན་ཐོན་མི་ཡང་དེ་འདྲ་ཞིག་ཡིན་སྲིད་པ་བཞིན་འདིར་ཡང་དེ་གཞིར་བཟུང་གིས་ཐོན་མི་ཞེས་འབྲི་བར་བྱ། སམ་བྷོ་ཊ་ནི་བོད་ཡང་དག་པའི་དོན་ལ་གོ་བར་བཤད་ཀྱང་། ཉང་རལ་ཆོས་བྱུང་ལས། “ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷོ་ཊ་ཞེས་པ།” ཞེས་འབྱུང་བ་བཞིན་རིགས་རྒྱུད་ཐོན་མི་ཡིན་པ་ལ་བཏགས་མིང་ངམ་མི་དངོས་བསམ་བུ་ཡིན་ལས་ཆེ་བར་སྣང་། འོན་ཀྱང་ཏུན་ཧོང་ཡིག་རྙིང་གི་ནང་དུ་ད་བར་ཐོན་མི་སམ་བྷོ་ཊ་ཞེས་པའི་མི་མིང་ཞིག་ཐོབ་མེད་པར་གྲགས།

ཏུན་ཧོང་ཡིག་རྙིང་གི་ནང་དུ་བོད་ཡིག་བཟོ་མཁན་སུ་ཡང་བྱེ་བྲག་ཏུ་བཤད་པ་མེད་ཀྱང་། སྲོང་བཙན་གྱི་སྐབས་སུ་བོད་ལ་ཡི་གེ་ཐོག་མར་བྱུང་བ་ནི་གསལ་པོར་བཤད་པ་སྟེ། དེ་ཡང་ཏུན་ཧོང་ཡིག་རྙིང་ལས། “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་བྱུང་ངོ་།།” ཞེས་འབྱུང་བ་ལ་འདིར་ཁོ་བོས་གློག་ཀླད་ཀྱི་ནང་དུ་འབྲི་མ་ཐུབ་པ་ལས་ཏུན་ཧོང་ཡིག་རྙིང་རང་གི་ནང་དུ་གི་གུ་རྣམས་ཕྱིར་སློག་ཡིན་པ་ཡང་ཤེས་པར་བྱ། སྲོང་བཙན་གྱིས་བོད་ཡིག་གསར་བསྐྲུན་མཛད་པའི་རྒྱུ་རྐྱེན་ནི་ཉང་རལ་ཆོས་བྱུང་ལས། “དེ་ནས་རྒྱལ་བུ་དེ་ཤིན་ཏུ་སྐུ་དབང་ཆེ་བས་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་བཅའ་དང་། སྐྱེས་ལོ་དམ་གྱིས་<ཐང་>གི་ཚུལ་དུ་འབུལ་དུ་ཡོང་བས་ཞུ་བ་ཡི་འཕྲིན་ཡིག་ཀློག་པ་ན། བོད་ཀྱི་རྒྱལ་པོ་ལ་ཁ་ཕྲིན་ལས་ཡི་གེ་མེད་དེ། འོ་ཅག་བོད་ལ་ཡང་ཡི་གེ་དགོས་པར་སྣང་། བཀའ་ལུང་གསལ་ནས་དེར་བློན་པོ་བཅུ་དྲུག་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་་་་” ཞེས་སོགས་འབྱུང་།

རྒྱལ་ཕྱི་ནང་གི་མཁས་པ་འགའ་ཤས་ཀྱིས་བོད་ཡིག་གསར་བཟོ་ནམ་ཙམ་བྱས་མིན་ཐད་ཞིབ་འཇུག་གཏིང་ཟབ་མོ་བྱས་ཏེ། བོད་ཡིག་གསར་བཟོས་ཀྱི་ལོ་ཚིགས་གཏན་འཁེལ་ཞིག་རྙེད་ཐབས་ལ་འབད་བརྩོན་བྱས་པ་ན། ཐག་ཆོད་པ་ཞིག་རྙེད་མེད་ཀྱང་། དུས་རབས་བདུན་པའི་ནང་དུ་སྲོང་བཙན་སྒམ་པོས་ཀོང་ཇོ་བཙུན་མོར་བཞེས་རྗེས་རྒྱ་གར་ལ་དམག་དྲངས་པ་ལ། ལོ་རྒྱུས་ཀྱི་དོན་རྐྱེན་འདི་ལ་王玄策ཝང་ཤུན་ཚེ་ཡི་དམག་འགུལ་ཞེས་བརྗོད་ཅིང་། འདི་ཉིད་སྤྱི་ལོ་༦༤༨ ལ་བྱུང་བར་གསལ། ཐང་གི་རྒྱལ་རབས་ཡིག་ཆ་གྲགས་ཅན་ 唐會要ནས་འབྱུང་བ་ལྟར་ན་དེ་རྗེས་སྲོང་བཙན་སྒམ་པོས་ཐང་གོང་མ་ལ་ཤོག་བུ་དང་སྣག་ཚ། པིར་སྨྱུག་བཟོ་བའི་རྒྱུ་ཆ་གནང་བར་འབོད་བསྐུལ་གནང་བ་ན་ཐང་གོང་མས་ལེགས་སྐྱེས་དེ་དག་བསྐུར་ཡོད་ཅིང་། བོད་རིག་པའི་མཁས་པ་རྣམས་ཀྱིས་འདི་ཉིད་བོད་ལ་ཡི་གེ་ཐོག་མར་གསར་དུ་བྱུང་བའི་དུས་ལ་ངོས་འཛིན་པ་དང་། དེ་ལྟར་ན་སྤྱི་ལོ་༦༣༠ ནས་༦༤༨ ཡས་མས་ཀྱི་ནང་དུ་བོད་ལ་བོད་རང་གི་ཡི་གེ་གསར་བཟོས་བྱུང་ཡོད་པར་ངོས་འཛིན་བྱེད། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ནང་དུ་སྤྱི་ལོ་༦༣༣ ལོར་ཐོན་མི་རྒྱ་གར་དུ་ཕེབས་ཤིང་། ༦༤༡ ལོར་རྒྱལ་པོ་ལ་ཡིག་ཕུད་ཕུལ། ༦༤༤ ལོར་སྲོང་བཙན་གྱི་བཀའ་ལྟར་སྐུ་མཁར་ཕ་བོང་ཁའམ་ཕོ་བྲང་ར་རུ་ཞེས་པར་སུམ་རྟགས་ཀྱི་གཞུང་གཉིས་པོ་མཛད་པར་གསུངས།

བོད་ཀྱི་བཤད་སྲོལ་དུ་བོད་ཡིག་གསར་བཟོ་གནང་མཁན་ཐོན་མི་སམ་བྷོ་ཊ་ཡིན་པར་གྲགས་པ་ནི་ཐོག་མར་དབའ་བཞེད་ལས་འབྱུང་བ་སྟེ། འདི་དང་འབྲེལ་བའི་ཡིག་ཆ་རྒྱས་བསྡུས་གསུམ་སྟེ། དབའ་བཞེད། སྦ་བཞེད། སྦ་བཞེད་ཞབས་བཏགས་མ་བཅས་ཡོད་པ་ལས། མཁས་པ་རྣམས་ཀྱིས་དེ་གསུམ་ལས་རྙིང་ཤོས་དང་ཁུངས་བཙུན་ཤོས་ཀྱང་དབའ་བཞེད་ཅེས་པ་དེ་ཡིན་པར་བཞེད། དེ་ལས། “རྒྱ་གར་གྱི་ཆོས་དང་ཡི་གེའི་དཔེ་ལེན་པར་འཐོན་མི་གསམ་པོ་ར་ལ་བཀའ་སྩལ་ཏེ་བཏང་ནས། ཡིག་མཁན་རྒྱ་གར་གྱི་ལི་བྱིན་ཞེས་བགྱི་བ་ཞིག་ཀྱང་ཁྲིད་དེ་མཆིས།” ཞེས་སོགས་ཀྱིས་རྒྱལ་པོས་ཀྱང་ལོ་བཞིའི་རིང་ཡི་གེ་བསླབས་ཚུལ་དང་། ཡང་མཆན་གྱི་ནང་དུ། “ཡི་གེ་ནི་ལི་བྱིན་དང་གསམ་པོ་རས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར།” ཞེས་དང་། ཡང་དཀྱུས་ཀྱི་ནང་དུ་“ཞང་བློན་གྱིས་བུ་ཚ་ལ་སོགས་པ་ཀུན་གྱིས་འཐོན་མི་གསམ་པོ་ར་དང་། རྒྱ་གར་གྱི་ལི་བྱིན་ལ་ཡི་གེ་སློབ་ཏུ་སྩལ་ཏེ་ཡི་གེ་ནི་དེ་ཚུན་ཆད་བོད་ལ་གདའ་བ་ལགས།” ཞེས་སོགས་ཀྱིས་ཁྲི་སྲོང་བཙན་ནམ་སྲོང་བཙན་སྒམ་པོའི་ལོ་རྒྱུས་དང་འབྲེལ་བ་ལས་འབྱུང་། འདིའི་ནང་དུ་རྒྱ་གར་གྱི་ལི་བྱིན་དང་བོད་ཀྱི་ཐོན་མིས་བོད་ཡིག་བཟོས་ཚུལ་ཙམ་ལས་ཡོངས་གྲགས་ཀྱི་གཏམ་རྒྱུད་ཞིབ་ཕྲ་མི་འབྱུང་། དབའ་བཞེད་འདི་ཉིད་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྦ་གསལ་སྣང་གིས་མཛད་པར་གྲགས་ཀྱང་། བདེན་མིན་གང་ལྟར་ཡང་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་རྣམས་ལ་ཤུགས་རྐྱེན་ཧ་ཅང་ཆེ།

དེ་ནས་རིམ་པས་ཐོན་མིས་བོད་ཡིག་བཟོས་གནང་ཚུལ་གྱི་གཏམ་རྒྱུད་འཕེལ་རྒྱས་ཕྱིན་པ་སྟེ། དུས་རབས་བཅུ་གཉིས་པའི་ནང་དུ་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཉང་རལ་ཆོས་བྱུང་ལས། “དེར་ཕྱི་བློན་རྣམས་ན་རེ། སམ་བྷོ་ཊ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས། བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་ཏེ་ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་སྐྱེས་བུ་རྒན་པོ་ཕྱག་འཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས། གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན། ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས། རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། ཡང་དག་དོན་ལ་བྱ་བྱེད་མེད།། ནམ་མཁའ་ལམ་དུ་བྱས་པ་ལ།། སྒོ་ཆ་བསྡམས་པས་ག་ལ་ཐུབ།། ཟེར་རོ། དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒད་པོ་ན་རེ། ང་ཞང་ཞུང་གི་ཡུལ་ནས་འོངས། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར། ཐག་ཇི་ཙམ་ཡོད་བྱས་པས་ཅི་ཆ་ཡོད་ཟེར། འཚོ་རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར། རིགས་ནི་འ་ཞའི་ཡིན་ཟེར། མི་སྣང་བར་སོང་ངོ་།། དེ་ནས་སམ་བྷོ་ཊས་བསམས་པས་རིགས་འ་ཞ་ཡིན་ཟེར་བས་འ་རྙེད།” ཅེས་སོགས་ཀྱིས་ཉང་རལ་ཆོས་བྱུང་ལས་འབྱུང་བ་ལ་དེ་ཕྱིན་བཤད་སྲོལ་འདི་ནི་བོད་ལ་མཁས་བླུན་ཀུན་གྱི་ཁྲོད་དུ་རླུང་ལྟར་གྲགས་པར་གྱུར་ཏོ།།

སྤྱིར་ཡི་གེའམ་ཡིག་གཟུགས་ཕལ་མོ་ཆེ་དམངས་ཁྲོད་རིག་གནས་ཡིན་པས་ན། གནའ་བོའི་ཨེ་རྗེབ་ཊིའི་ཡི་གེ་དང་། རྒྱ་ནག་གི་ཡི་གེ། རྒྱ་གར་གྱི་ཡི་གེའམ་ཡིག་གཟུགས་འདྲ་མིན་སོགས་ཡིག་རིགས་མང་པོར་ཐོག་མར་གསར་གཏོད་བྱེད་པ་པོ་འདི་རེད་ཅེས་པ་མེད། འོན་ཀྱང་ཡི་གེའི་རིགས་གཞན་དང་བསྡུར་ན་ཅུང་དུས་ཕྱིས་སུ་བྱུང་བས་ན་བོད་དང་། ཉི་ཧོང་། ཀོ་རི་ཡ་བཅས་ཀྱི་ཡི་གེ་རྣམས་ཐོག་མའི་གསར་གཏོད་མཁན་འདི་རེད་ཅེས་པ་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་འཁོད་ཡོད་པ་དང་། ལྷག་པར་བོད་ཡིག་ནི་དམངས་ཁྲོད་རིག་གནས་ལས་ཀྱང་གོང་མའི་གཞུང་གིས་གསར་གཏོད་བྱས་པའི་སྒོ་ནས་དར་ཁྱབ་བྱུང་བར་གྲགས་པས་ན་བོད་ཡིག་ཐོག་མར་གསར་གཏོད་གནང་མཁན་གྱི་མི་བྱེ་བྲག་པ་ཞིག་ཡོད་སྲིད་པ་ཙམ་མིན་པར་ཡོད་ངེས་པ་ལ། དེ་ཉིད་སུ་ཡིན་གནའ་རབས་ཀྱི་ཡིག་ཆ་ལ་བརྟེན་ནས་ཁུངས་སྐྱེལ་མི་ནུས་ཀྱང་། ལྟོས་འཇོག་གི་ཆ་ནས་དུས་རབས་བཅུ་པའི་ཡས་མས་བྱུང་བའི་ཡིག་ཆ་འགའ་ཤས་ལ་གསལ་བ་དང་། དེ་བཞིན་ཡོངས་གྲགས་ཀྱང་ཡིན་པའི་དབང་གིས་རེ་ཞིག་བོད་ཡིག་གསར་གཏོད་མཁན་ནི་ཐོན་མི་ཞེས་པའི་བོད་པ་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡིན་པར་ངོས་བཟུང་ནས་གླེང་བར་བྱ།

འོན་ཀྱང་རླབས་ཆེན་གྱི་ལས་དོན་དེ་སྒྲུབ་གནང་མཁན་ཐོན་མི་གཅིག་པུ་ཡིན་ནམ། ཐོན་མི་དང་ལྷན་དུ་ལས་རོགས་གཞན་པ་ཡང་ཡོད་ཅེས་པའི་དྲི་བ་ནི་གལ་ཆུང་མིན་པ་ནི། ལས་དོན་དེ་གལ་ཆེ་བའི་ཆ་ནས་དེ་ལ་མཉམ་ཞུགས་གནང་མཁན་གྱི་མི་སྣ་གཞན་ཡང་ཡོད་ན་དེ་དག་སྣང་མེད་གཏོང་བའམ་བརྗེད་སོང་ན་ག་ལ་རུང་། དབའ་བཞེད་དང་དེབ་ཐེར་དམར་པོའི་ནང་དུ་རྒྱ་གར་གྱི་མཁན་པོ་ལི་བྱིན་ཡང་བོད་ལ་ཕེབས་ནས་ཐོན་མི་དང་ལྷན་དུ་ཡི་གེ་བསྒྱུར་བ་སོགས་མཛད་པར་གསུངས་པ་ལྟར་བོད་ཀྱི་ཡིག་ཆ་ཁ་ཤས་ཀྱི་ནང་དུ་ཐོན་མི་དང་སློབ་དཔོན་རྣམས་མཉམ་དུ་འདུས་ཏེ་བོད་ཡིག་གསར་བཟོ་མཛད་པར་གསལ་བ་ལ། བོད་ཡིག་གི་ཁུངས་ནི་རྒྱ་གར་གྱི་ཡི་གེ་ལ་ཐུག་པ་གསལ་པོ་ཡིན་པས་ན་དོན་དངོས་སུ་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དེ་སྒྲུབ་པར་སྐབས་དེར་རྒྱ་གར་གྱི་མཁས་པ་ལི་བྱིན་ལྟ་བུ་དང་བོད་ཀྱི་མཁས་པ་ཐོན་མི་ལྟ་བུ་མི་སྣ་ཉུང་མཐར་ཡང་གཉིས་ཙམ་ཡོད་པའི་རྒྱུ་མཚན་ཆེ། དེ་ལྟར་ན་ཡང་བོད་ཡིག་བཟོ་མཁན་གཙོ་བོ་ཐོན་མི་ཡིན་པར་འདོད་ཀྱང་། ཐོན་མིའི་སྐབས་སུ་བོད་ཡིག་གི་བརྡ་དག་སོགས་ཆ་ཚང་བ་ལྟ་ཞོག་ཐ་ན་བོད་ཡིག་གི་གསལ་བྱེད་ཆ་ཚང་བ་གྲུབ་པར་ཡང་མི་རབས་ཁ་ཤས་ཤིག་འགོར་ཚུལ་ནི་གཤམ་དུ་རིམ་པས་བཤད་པར་འདོད།

ད་དུང་བོད་ཡིག་གསར་བཟོའི་ཐད་ལ་དཔྱད་གཞིའི་རྒྱུ་ཆ་མེད་པའི་དཀའ་ངལ་ལས། ཡོངས་གྲགས་ཀྱི་བཤད་སྲོལ་ལ་ཡང་ནོར་བའི་ཆ་ཡོད་པས་ན། སྲོང་བཙན་གྱི་ལོ་རྒྱུས་ཕལ་མོ་ཆེར་ཐོན་མི་རྒྱ་གར་དུ་མ་ཕེབས་པའི་གོང་ནས་སྲོང་བཙན་གྱིས་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་བཙུན་མོར་བཞེས་ཚུལ་འབྱུང་བ་དང་། སྐབས་དེར་བལ་ཡུལ་ལ་བེད་སྤྱོད་བཞིན་པའི་ཡི་གེ་ཡང་གུཔྟའི་ཡི་གེ་ཡིན་པ་ལ། སྲོང་བཙན་གྱིས་རྒྱ་གར་གྱི་ཡི་གེའི་སྐོར་ལ་ཡང་ཐོག་མར་བལ་ཡུལ་གྱི་བརྒྱུད་ནས་མཁྱེན་རྟོགས་བྱུང་བ་དང་། དེ་ནས་བལ་ཡུལ་ལམ་རྒྱ་གར་གྱི་མཁས་པ་ཞིག་བོད་དུ་ཕེབས་པའི་མདུན་ནས་ཐོན་མི་ལྟ་བུ་བོད་ཀྱི་རྣམ་དཔྱོད་ཅན་ཞིག་གིས་རྒྱ་གར་གྱི་ཡིག་གཟུགས་ལ་བསླབས་སྦྱངས་མཛད་དེ། དེ་གཞིར་བཟུང་གིས་ད་ལྟའི་བོད་ཡིག་འདི་ཉིད་བཟོས་ཡོད་སྲིད་པའི་དོགས་པ་འདི་ང་ལ་མཚོན་ན་སྔ་མོ་ཞིག་ནས་ཡོད་ཀྱང་། ཁུངས་དང་དཔང་རྟགས་གསལ་པོ་མེད་པས་ན་མང་དུ་བཤད་པར་མི་སྤོབས། འོན་ཀྱང་རྒྱ་གར་གྱི་རིག་གནས་ནང་འདྲེན་བྱེད་པར་བལ་ཡུལ་དང་ཀ་ཤི་མིར་གྱི་ཡུལ་གྲུ་འདི་གཉིས་བོད་ལ་ཧ་ཅང་ཤུགས་རྐྱེན་ཆེ་བས་རྒྱ་གར་གྱི་རིག་གནས་ནི་ཆུ་བོ་ལྟ་བུ་ཡིན་ན་ཡུལ་གྲུ་འདི་གཉིས་ནི་ཡུར་བ་གཙོ་བོ་གཉིས་ལྟ་བུ་ཡིན་ཀྱང་བོད་ཀྱི་མཁས་པ་ཕལ་མོ་ཆེས་སྣང་མེད་དུ་གཏོང་བ་འདི་ཡང་ལོ་རྒྱུས་རིག་པའི་ངོས་ནས་བཤད་ན་ཞན་ཆ་ཞིག་ཡིན་པ་མི་བརྗེད་འཚལ།

དུས་རབས་དྲུག་པ་ནས་བརྒྱད་པའི་བར་གྱི་རྒྱ་གར་ཡིག་གཟུགས་རྙིང་པའི་དཔེ་མཚོན་ཙམ།

གཉིས་པ། བོད་ཡིག་གསར་བཟོའི་མ་དཔེ།


རྒྱ་ནག་གི་ཡིག་ཚང་དུ་སྲོང་བཙན་གྱི་སྐབས་སུ་ཡི་གེ་བྱུང་བ་ཙམ་ལས་ཡི་གེ་དེ་མི་རིགས་དང་ཡུལ་གྲུ་གང་གི་ཡི་གེ་ལ་བརྟེན་ནས་བཟོས་པ་དང་། སུ་ཞིག་གིས་བཟོས་ཚུལ་སོགས་ནི་གསལ་མེད། བོད་ཀྱི་ཡིག་ཚང་ནང་དུ་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་བཟོས་ཚུལ་དང་། བཟོ་མཁན་ནི་ཐོན་མི་སམ་བྷོ་ཊ་ཞེས་པ་ལོ་ན་གཞོན་ཅིང་བློ་རིག་གསལ་བའི་བོད་ཕྲུག་ཅིག་ཡིན་པར་གསལ་ན་ཡང་། དེའི་སྐོར་བཤད་སྲོལ་མང་པོ་ཞིག་ནི་ཕྱིས་སུ་བྱུང་བ་ལས་ཏུན་ཧོང་ཡིག་རྙིང་སོགས་ཀྱི་ནང་དུ་འཁོད་མེད་པས་ང་ཚོས་མཐའ་གཅིག་ཏུ་ཡིན་མིན་སྒྲུབ་ཐུབ་པ་ཞིག་མིན་པར་དཔྱད་གཞི་ཙམ་དུ་གྱུར་ཡོད། རྒྱུ་མཚན་དེས་བོད་རིག་པའི་མཁས་པ་རྣམས་ཀྱི་ཁྲོད་དུ་ཡང་བོད་ཀྱི་ཡིག་གཟུགས་ཀྱི་མ་དཔེ་གང་ཡིན་པའི་ཐད་བསམ་ཚུལ་འདྲ་མིན་འདོན་མཁན་མང་ཙམ་བྱུང་སྟེ། མཁས་པ་འགའ་ཤས་ཀྱིས་བོད་ཡིག་གསར་བཟོའི་འབྱུང་ཁུངས་ནི་ཏུར་ཀི་སི་ཐན་ཏེ། དེང་སང་ཤིན་ཅང་དུ་གྲགས་པའི་ས་ཁུལ་ནས་ཡིན་པར་བཤད། འོན་ཀྱང་མཁས་པ་ཕལ་མོ་ཆེས་དེ་ལ་མོས་མཐུན་མ་གནང་བར་བོད་ཡིག་གི་མ་དཔེ་ནི་རྒྱ་གར་གྱི་ཡི་གེ་ཡིན་པར་འདོད། སྲོལ་རྒྱུན་བོད་ཀྱི་ཡིག་ཆ་རྣམས་སུ་འདོད་ཚུལ་ཅུང་མི་འདྲ་བར་བུ་སྟོན་གྱིས་ཆོས་བྱུང་ལས་བོད་ཡིག་ནི་ཁ་ཆེའི་ཡི་གེ་ལ་དཔེ་བླང་པར་གསུངས་ཤིང་། དཔའ་གཙུག་གིས་མཁས་པའི་དགའ་སྟོན་ལས་གུཔྟའི་ཡི་གེ་ལ་དཔེ་བླངས་པར་གསུངས། ཞ་ལུ་ལོ་ཆེན་གྱིས་ལཱཉྩའི་ཡིག་གཟུགས་དང་། སི་ཏུ་པཎ་ཆེན་གྱིས་ནཱ་ག་ར་ཡི་ཡིག་གཟུགས་ལ་དཔེ་བླང་ནས་བཟོས་པར་བཞེད།

ལས་དང་པོ་པ་རྣམས་ཡིག་གཟུགས་འདི་དག་གི་བར་དུ་རྩ་བ་དང་ཡན་ལག་གི་འབྲེལ་བ་གང་ཡིན་ནམ་སྙམ་ནས་མགོ་བོ་རྨོངས་སྲིད་པས་ཅུང་ཟད་བཤད་ན། རྒྱ་གར་གྱི་རིག་གཞུང་ཧྲིལ་པོའི་ལོ་རྒྱུས་རིང་བ་བཞིན་ཡི་གེའི་ལོ་རྒྱུས་ཀྱང་དེ་ལས་མ་འདས་ན་ཡང་། ཡོངས་གྲགས་སུ་ཡིག་གཟུགས་འདི་ཉིད་ཚངས་པའི་ཡིག་གཟུགས་ཞེས་པ་ནས་བྱུང་ཞིང་། ཚངས་པའི་ཡིག་གཟུགས་ནི་རྒྱལ་པོ་ཨ་ཤོ་ཀ་ཙམ་དུ་དར་ཁྱབ་ཆེ། དེ་ནས་དུས་རབས་ལྔ་པའི་ཡས་མས་ལ་གུཔྟའི་ཡིག་གཟུགས་ཞེས་པ་དེ་དར་ཁྱབ་བྱུང་ཞིང་། གུཔྟའི་ཡིག་གཟུགས་ཞེས་གྲགས་པ་དེ་ལས་ལས་ཁ་ཆེའམ་ཀ་ཤི་མིར་ཞེས་གྲགས་པ་སོགས་སུ་དར་ཁྱབ་ཆེ་བའི་ཤཱ་ར་དཱ་ཞེས་པའི་ཡིག་གཟུགས་དང་། རྒྱ་གར་ཤར་ཕྱོགས་ཁུལ་དུ་དར་ཁྱབ་ཆེ་བའི་སིདྡམ་ཞེས་པའི་ཡིག་གཟུགས་རྣམས་བྱུང་། ཡང་གུཔྟའི་ཡིག་གཟུགས་ལས་གལ་ཆེ་ཤོས་དུས་རབས་བདུན་པའི་ནང་དུ་ནཱ་ག་ར་ཡི་ཡིག་གཟུགས་ཞེས་པ་དེ་དར་འཕེལ་བྱུང་ཞིང་། ནཱ་ག་རའི་ཡིག་གཟུགས་ལས་དུས་རབས་བཅུ་པའི་ཡས་མས་སུ་དེ་ཝ་ནཱ་ག་རིའི་ཡིག་གཟུགས་དར་འཕེལ་བྱུང་། དེ་བ་ནཱ་ག་རིའི་ཡིག་གཟུགས་ནི་ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་སོགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་གཟུགས་འདི་ལ་གོ། ཡིག་གཟུགས་དེ་ཉིད་ད་ལྟའི་ཆར་སྐད་འདྲ་མིན་བརྒྱ་དང་ཉི་ཤུ་ཙམ་ལ་བེད་སྤྱོད་གཏོང་གི་ཡོད་པར་གྲགས་པས་ན་འཛམ་གླིང་དུ་དར་ཁྱབ་ཆེ་ཤོས་ཀྱི་ཡིག་གཟུགས་ཤིག་ལ་ངོས་འཛིན་སྲོལ་ཡོད།

བོད་རིགས་མང་པོ་ཞིག་གིས་སཾསྐྲིཏའམ་ལེགས་སྦྱར་ལ་ཡང་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཤིག་ཡོད་པར་སྙམ་ན་ཡང་། ལེགས་སྦྱར་ནི་སྐད་ཅིག་ཡིན་པས་ན་ལེགས་སྦྱར་ཐུན་མོང་མ་ཡིན་པ་ལ་བེད་སྤྱོད་པའི་ཡིག་གཟུགས་ཤིག་མེད་པར་ལེགས་སྦྱར་ནི་གནའ་བོའི་དུས་སུ་ཚངས་པའི་ཡིག་གཟུགས་བེད་སྤྱད་ནས་བྲིས། བར་སྐབས་ཤིག་ཏུ་ནང་པའི་ལེགས་སྦྱར་གྱི་གསུང་རབ་རྣམས་གུཔྟའི་ཡིག་གཟུགས་ལས་བྱུང་བ་སིདྡམ་ཞེས་པའི་ནང་དུ་བྲིས་ཡོད་པར་བརྟེན་རྒྱ་གར་ནས་གནའ་བོའི་ཟ་འོག་དར་ལམ་གྱི་བརྒྱུད་ནས་རྒྱ་ནག་ཏུ་སྤྱན་དྲངས་པའི་ནང་པའི་གསུང་རབ་མང་པོ་ཞིག་དང་། དམིགས་བསལ་ནང་པའི་གསང་སྔགས་ཀྱི་རྒྱུད་མང་པོ་ཞིག་ཀྱང་སྐད་ལེགས་སྦྱར་དང་ཡིག་གཟུགས་འདི་ལ་བརྟེན་ནས་བྲིས་ཡོད་པར་བཤད། རྒྱ་ནག་ནས་ཡིག་གཟུགས་འདི་ཉིད་ནང་པའི་གཟུངས་སྔགས་རྣམས་འབྲི་བྱེད་དུ་ཉི་ཧོང་དུ་ཡང་དར་འཕེལ་བྱུང་ཡོད། དེ་ནས་དུས་རབས་བཅུ་གཅིག་པའི་ནང་ཙམ་དུ་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ནང་པའི་གསུང་རབ་མང་པོ་ཞིག་ལཉྩའམ་སྒྲ་གདངས་དངོས་རཾཇནཱ་ཞེས་གྲགས་པའི་ཡིག་གཟུགས་ནང་དུ་བྲིས་ཡོད་པས་ན་བོད་དུ་ཡོད་པའི་ལེགས་སྦྱར་གྱི་རྒྱ་དཔེ་མང་པོ་ཞིག་ཀྱང་ཡིག་གཟུགས་དེའི་ནང་དུ་ཡོད་པ་དང་། དུས་རབས་བཅུ་དགུ་པའི་རྗེས་སུ་ལེགས་སྦྱར་ནི་གཙོ་བོ་དེ་ཝ་ནཱ་ག་རིའི་ཡིག་གཟུགས་ལ་འབྲི་སྲོལ་ཡོད་པས་ད་ལྟའི་ཆར་ང་ཚོས་མཐོང་རྒྱུ་ཡོད་པའི་རྒྱ་དཔེ་རྣམས་གཙོ་བོ་དེཝ་ནཱ་ག་རིའི་ཡིག་གཟུགས་ལ་མཇལ་རྒྱུ་ཡོད་པ་འདི་བྱུང་།

དུས་རབས་ཉི་ཤུ་པར་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཕེབས་ནས་ཡིག་གཟུགས་མང་པོ་ལ་དཔྱད་པ་གནང་རྗེས་བོད་ཡིག་གི་མ་དཔེ་ནི་གུཔྟའི་ཡི་གེ་ཡིན་པར་གསུངས་ཏེ། དེ་ཡང་དེ་ཉིད་ཀྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། “བོད་ཡིག་གང་ལ་དཔེ་བྱས་པ་ནི་གུཔྟའི་ཡི་གེ་ཁོ་ན་ཡིན་ཏེ། ཀུན་མཁྱེན་བུ་སོགས་ཀྱིས་ཀྱང་ནགརའི་ཡི་གེ་ལ་དཔེ་བྱས་གསུངས་པ་ལས་ལཉྩ་སོགས་ལ་དཔེ་བྱས་པ་ཟུར་ཙམ་ཡང་མ་བཤད་ཅིང་། དེ་དུས་ཀྱི་ནགརའི་ཡི་གེ་ནི་འདི་ཉིད་ཡིན་པས་སོ།།” ཞེས་གསུངས་པ་ལ།  ནཱ་ག་ར་དང་ཁ་ཆེའི་ཡིག་གཟུགས་གཉིས་ཀ་གུཔྟའི་ཡིག་གཟུགས་ལས་བྱུང་ན་ཡང་། བུ་སྟོན་གྱིས་ཆོས་བྱུང་དུ་ཁ་ཆེའི་ཡི་གེ་ལ་དཔེ་བྱས་ཚུལ་ལས་དངོས་སུ་ནཱ་ག་ར་ཞེས་གསུངས་མེད། ད་ལྟའི་ཆར་མཁས་པ་འགའ་ཤས་ཀྱིས་བོད་ཀྱི་ཡིག་གཟུགས་ནི་གུཔྟའི་ཡིག་གཟུགས་ནས་བྱུང་བར་འདོད་ཅིང་། ཡང་མཁས་པ་འགའ་ཤས་ཀྱིས་ནཱ་ག་རའི་ཡིག་གཟུགས་ལས་བྱུང་བར་འདོད་པ་ལ། གུཔྟའི་ཡིག་གཟུགས་དང་ནཱ་ག་རའི་ཡིག་གཟུགས་གཉིས་ཀྱི་བར་དུ་ཁྱད་པར་ཆེན་པོ་མེད་པས་མཐའ་གཅིག་ཏུ་བརྗོད་དཀའ་བར་སྣང་། ཕལ་མོ་ཆེས་ནཱ་ག་ར་ཡི་ཡིག་གཟུགས་ལས་བྱུང་བར་འདོད་པ་ལ། བྱེ་བྲག་ཏུ་ནཱ་ག་ར་ཡི་ཡིག་གཟུགས་རང་ལ་ཡང་ས་ཕྱོགས་འདྲ་མིན་ལ་འབྲི་སྲོལ་ཅུང་མི་འདྲ་བ་རེ་ཡོད་པ་ལས་མཁས་པ་མང་པོ་ཞིག་གིས་བོད་ཡིག་གི་ཡིག་གཟུགས་ཀྱི་མ་དཔེ་ནི་རྒྱ་གར་ནུབ་ཕྱོགས་སམ་ནང་ཆོས་ཀྱི་ནང་དུ་རྒྱ་གར་ཡུལ་དབུས་ཞེས་གྲགས་པ་དེའི་འབྲི་སྟངས་ཡིན་པར་བཤད།

གང་ལྟར་བོད་ཡིག་འདི་ཉིད་ཡུལ་གྲུ་རྒྱ་གར་དང་ཡིག་གཟུགས་ནི་གུཔྟའི་ཡིག་གཟུགས་ཀྱི་རིགས་གང་རུང་ཞིག་ནས་དར་བ་ལ་ཐེ་ཚོམ་མི་དགོས། དེ་ལྟར་ང་ཚོས་བོད་ཡིག་གི་ཡིག་གཟུགས་ཀྱི་མ་དཔེ་ནི་རྒྱ་གར་གྱི་ཡིག་གཟུགས་ཡིན་པ་ཤེས་རྗེས་སྐབས་དེར་སྲོང་བཙན་སྒམ་པོའི་བོད་བཙན་པོའི་རྒྱལ་ཁབ་ནི་རྒྱ་གར་ཙམ་མིན་པར་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཆེ་ཞིང་། ད་དུང་རྒྱ་གར་ལས་ཀྱང་རྒྱ་ནག་ལ་འབྲེལ་བ་ཆེ་བས་རྒྱ་ནག་ལ་གཉེན་འབྲེལ་ཚུན་ཆད་ཡོད་ན་ཡང་སྐབས་དེར་སྲོང་བཙན་སྒམ་པོས་རྒྱ་ནག་གི་ཡིག་གཟུགས་ཀྱི་ཚབ་ལ་རྒྱ་གར་གྱི་ཡིག་གཟུགས་ཉིད་བོད་ཡིག་གསར་བཟོའི་མ་དཔེ་གནང་བའི་རྒྱུ་མཚན་གང་ཡིན་ནམ་སྙམ་ན། སྐད་ཡིག་དེ་གསུམ་ག་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་རྒྱ་ནག་གི་སྐད་དང་བོད་ཀྱི་སྐད་གཉིས་ཧ་ཅང་ཐ་དད་པས་རྒྱ་ནག་གི་ཡི་གེ་བེད་སྤྱད་ནས་བོད་སྐད་འབྲི་ཐུབ་པ་ཧ་ཅང་དཀའ་ཞིང་། དེ་ལ་ལྟོས་ན་རྒྱ་གར་གྱི་ཡི་གེ་བེད་སྤྱད་ནས་བོད་སྐད་འབྲི་བ་ནི་ཧ་ཅང་ལས་སླ་བ་སྟེ། རྒྱ་གར་རང་གི་ཡིག་གཟུགས་བེད་སྤྱད་ནས་བོད་སྐད་ཀྱི་ནང་དུ་བཤད་འདོད་པ་ཕལ་མོ་ཆེ་འབྲི་ཐུབ་ཅིང་། རྒྱ་གར་གྱི་ཡི་གེ་དང་བོད་ཀྱི་སྐད་གཉིས་ཀ་ལ་བྱང་ཆུབ་པ་ཞིག་ཡིན་ན་ཕལ་མོ་ཆེ་ངལ་བ་དེ་ཙམ་མེད་པར་གོ་ཐུབ་པའི་ཁྱད་ཆོས་ཡོད་པས་ན་སྲོང་བཙན་སྒམ་པོས་རྒྱ་གར་གྱི་ཡིག་གཟུགས་བོད་ཡིག་གསར་བཟོའི་མ་དཔེར་བདམ་པ་ནི་ནོར་བ་མེད་པར་རྟོགས་ཐུབ།

ལར་ནས་རྒྱ་གར་གྱི་སྐད་ནི་སྒྲ་གདངས་བརྗོད་བདེ་ལ་སྒྲ་གདངས་ཕུན་སུམ་ཚོགས་པ་ཞིག་ཡིན་པས་ན་རྒྱ་གར་གྱི་ཡིག་གཟུགས་བེད་སྤྱད་ན་དབྱིན་སྐད་སོགས་བྲིས་ན་ཡང་གོ་ཐུབ་པར་དཀའ་ཁག་ཕལ་ཆེར་མེད། འོན་ཀྱང་རྒྱ་ནག་གི་ཡི་གེ་ནི་དེ་འདྲ་མ་ཡིན་པར་རྒྱ་ནག་གི་སྐད་ཡིག་གི་སྒྲ་གདངས་འདོན་པ་ནི་མི་རིགས་སུ་ལ་ཡིན་ཀྱང་དཀའ་ཞིང་། རྒྱ་ནག་གི་ཡི་གེ་བེད་སྤྱད་ནས་དབྱིན་སྐད་སོགས་སྐད་ཡིག་གཞན་བྲིས་ན་ཕྱོགས་ཙམ་ཡང་མི་འགྲོ། བོད་སྐད་ཀྱང་དེ་མཚུངས་ཡིན་པས་རྒྱ་ནག་སྐད་ནང་གི་བོད་ཀྱི་ས་མིང་དང་མི་མིང་རྣམས་ཕལ་ཆེར་ར་འཕྲོད་མི་ཐུབ་པའི་ཚོད་དུ་ཡོད་པ་ལ་ད་ལྟའི་ཆར་བོད་རིགས་མང་པོས་རྒྱ་སྐད་དང་རྒྱ་ཡིག་ཤེས་པས་ཞིབ་ཕྲ་བཤད་ཅི་ལ་དགོས། ཉི་ཧོང་གི་སྐད་དང་བོད་སྐད་གཉིས་ནི་ཧ་ཅང་འདྲ་བས་ཉི་ཧོང་གི་སྐད་ལ་ལ་དང་ཐ་སོགས་བོད་སྐད་དུ་ཡོད་པ་འགའ་ཤས་ཀྱི་སྒྲ་གདངས་མེད་པ་དང་། ཉི་ཧོང་སྐད་ལ་ཨོ་གཉིས་བརྩེགས་ཀྱི་་སྒྲ་གདངས་ཡོད་པ་དཔེར་ན་ཉི་ཧོང་གི་སྐད་དུ་བྱོན་པ་ལེགས་སོ་ལ་ ようこそཡོའོ་ཀོ་སོ་ལྟ་བུའི་ཡོ་རིང་པོ་བརྗོད་པར་བོད་རིགས་ལ་དཀའ་ངལ་ཅུང་ཙམ་ཡོད་པ་ལས་སྒྲ་གདངས་གཞན་འདོན་མི་ཐུབ་པའི་དཀའ་ངལ་ཕལ་ཆེར་མེད། ཉི་ཧོང་མི་རིགས་ཀྱིས་ཀྱང་ཐོག་མར་རྒྱ་ནག་གི་ཡིག་གཟུགས་བེད་སྤྱད་ནས་ཉི་ཧོང་གི་སྐད་བྲིས་ན་ཡང་དཀའ་ངལ་ཆེ་བས་ན་ཧི་ར་རྒ་ན་ཟེར་བའི་གསལ་བྱེད་གཞན་ཞིག་གསར་བཟོ་བྱེད་དགོས་བྱུང་ཡོད།

དེ་ལས་ང་ཚོས་རྟོགས་ཐུབ་པ་ནི་ང་ཚོའི་བོད་ཡིག་ནི་འབྲི་ཀློག་སྟབས་བདེ་ཞིང་སྒྲ་གདངས་ལ་ཞིབ་ཕྲ་ཆེན་པོ་མི་དགོས་པ་བཅས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་ཀྱང་། ད་དུང་བོད་རིགས་ཕལ་མོ་ཆེ་འབྲི་ཀློག་རང་མགོ་ཐོན་པ་ཙམ་ཡང་སྦྱོང་མི་ཐུབ་པའི་དཀའ་ངལ་ཡོད་ན། སྐབས་དེར་སྲོང་བཙན་གྱིས་རྒྱ་ནག་གི་ཡིག་གཟུགས་ལ་དཔེ་བླང་ནས་བོད་ཡིག་བཟོས་ཡོད་པའི་དབང་དུ་བཏང་ན་ད་ལྟའི་ཆར་བོད་ཡིག་ཀློག་ཐུབ་མཁན་ཙམ་ཡང་ཡོད་དཀའ་བའི་ཚོད་དུ་མངོན། དེས་ན་སྤྱིར་ཉི་ཧོང་གི་མི་རིགས་དང་། བོད་རིགས་གཉིས་ནི་བཤད་མ་དགོས་པར་ལྡབ་མང་པོས་ཉི་ཧོང་གི་མི་རྣམས་སྤྱང་གྲུང་འཛོམས་ཆེ་ཡང་། མི་རིགས་འདི་གཉིས་པོའི་ཡི་གེ་ནི་ལྡབ་མང་པོས་བོད་ཡིག་བཟང་བ་སྟེ། བོད་ཡིག་ཚང་མ་འབྲི་ཀློག་ཐུབ་པར་ལོ་གཅིག་ཙམ་ཡང་མི་དགོས་ཀྱང་། ཉི་ཧོང་གི་སྐད་ཡིག་ལ་ 漢字ཀན་ཇི་ཞེས་པ་རྒྱ་ནག་ཡིག་གཟུགས་དང་། ひらがなཧི་ར་རྒ་ན་ཞེས་པ་ཉི་ཧོང་རང་གི་སྐད་ཚིག་ཕྲད་གཙོ་བོར་གྱུར་པ། カタカナཀ་ཏ་ཀ་ན་ཞེས་པ་གཙོ་བོ་ཡུལ་གྲུ་གཞན་གྱི་ཐ་སྙད་འབྲི་སྐབས་བེད་སྤྱོད་པའི་ཡིག་གཟུགས་གསུམ་ཡོད་པ་ལ་ཡིག་ཕྲེང་གཅིག་གི་ནང་དུ་ཡང་གསུམ་པོ་མཉམ་དུ་སྦྱར་ནས་འབྲི་དགོས་པས་རྣམ་དཔྱོད་ཅི་ཙམ་ཆེ་ན་ཡང་ཉི་ཧོང་གི་ཡི་གེ་ཆ་ཚང་ཀློག་ཐུབ་པར་ཕལ་ཆེར་སློབ་མཐར་ཕྱིན་དགོས་ཤིང་། དེ་བཞིན་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཆ་ཚང་བ་ཀློག་ཤེས་པ་ནི་མི་སྲིད་པ་ལྟ་བུ་རེད།

གསུམ་པ། ཐོན་མི་དང་སུམ་རྟགས།


ཆེ་ཆུང་ཅི་རིགས་པའི་དཔེ་ཆ་ཞིག་བྲིས་ཏེ་དེ་ཉིད་ཡོངས་གྲགས་ཀྱི་མཁས་པ་ཞིག་གིས་བྲིས་པར་བཤད་པའི་ལུགས་སྲོལ་འདི་ནི་གནའ་བོའི་དུས་དང་། ལྷག་པར་དུ་རྒྱ་གར་དང་བོད་གཉིས་ལ་ཧ་ཅང་ཁྱབ་ཆེ་བའི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རྒྱ་གར་དུ་སངས་རྒྱས་དང་ཀླུ་སྒྲུབ། བོད་དུ་གཤེན་རབ་དང་གུ་རུ་རིན་པོ་ཆེ་སོགས་ཀྱིས་མཛད་པར་གསལ་བའི་དཔེ་ཆ་མང་ན་ཡང་ཐེ་ཚོམ་མི་དགོས་པ་ནི་ཉུང་ཤས་ཤིག་རེད། འོ་ན་གང་ཞིག་མཚན་གསལ་བའི་མཁས་པ་དེ་ཉིད་ཀྱིས་མཛད་པ་དང་། གང་ཞིག་ནི་དེའི་མཚན་གཡར་བ་ཙམ་ཡིན་པ་གང་འདྲ་བྱས་ནས་བཤད་ཀྱི་ཡོད་དམ་སྙམ་ན། དེ་ཐམས་ཅད་ཐག་གཅོད་ཐབས་བྲལ་ན་ཡང་། དཔེར་ན་རང་མོས་སྙན་ངག་གི་རྩོམ་གྲགས་ཅན་ལང་ཚོའི་རྦབ་ཆུ་ཞེས་པ་དེ་སུ་ཞིག་གིས་བརྩམས་མིན་མི་ཤེས་ཤིང་། ཁ་ཤས་ཀྱིས་དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཤད་ན་དཔྱོད་ལྡན་སུ་ཞིག་ཡིན་ཀྱང་དེ་ཉིད་ཁས་ལེན་ཐབས་མེད་པ་ནི་ཚིག་སྦྱོར་གྱི་ཆ་ནས་ལང་ཚོའི་རྦབ་ཆུ་ནི་དེང་རབས་ཅན་གྱི་རྣམ་པ་ཅན་ཡིན་པས་ཀླུ་སྒྲུབ་དུས་སྐབས་ཀྱི་རྩོམ་གཤིས་དང་མི་འདྲ་ཞིང་། བསྟན་འགྱུར་སོགས་ཀྱི་ནང་དུ་མེད་པས་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་བྱེད་མེད་པ། ནང་དོན་གྱི་ཆ་ནས་ཀྱང་ཀླུ་སྒྲུབ་ཀྱིས་མཛད་པ་གཞན་རྣམས་དང་མི་འདྲ་བའི་རྒྱུ་མཚན་གྱིས་ལང་ཚོའི་རྦབ་ཆུ་ནི་ཀླུ་སྒྲུབ་ཀྱི་གསུང་རྩོམ་མ་ཡིན་པར་སྒྲུབ་ཐུབ་པ་ལྟ་བུ་རེད།

བརྟག་དཔྱད་ཀྱི་ཐབས་ལམ་དེ་བེད་སྤྱད་ན་སུམ་རྟགས་ཀྱི་གཞུང་གཉིས་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བའི་མི་ཞིག་གིས་མཛད་པར་བཤད་ན་རྩོད་མེད་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་སོགས་ནས་ཁུངས་རྙེད་མི་ཐུབ་པ་དང་། ཚིག་སྦྱོར་གྱི་ཆ་ནས་བོད་བཙན་པོའི་སྐབས་ཀྱི་ཡི་གེ་ཡིན་ངེས་པ་རྣམས་དང་སུམ་རྟགས་ཀྱི་ཚིག་སྦྱོར་མི་འདྲ་བ་དང་། ནང་དོན་གྱི་ཆ་ནས་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་དྲིལ་བུའི་ཡི་གེ་དང་། ཏུན་ཧོང་ཡིག་རྙིང་སོགས་སུ་གསལ་བའི་ཕྲད་དང་དག་ཆ་དང་། སུམ་རྟགས་གཉིས་པོར་གསལ་བ་རྣམས་མི་འདྲ་བས་ན་སུམ་རྟགས་ཀྱི་གཞུང་གཉིས་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བྱོན་པའི་ཐོན་མིས་མཛད་པར་བཤད་པ་ནི་ཕྱིས་སུ་བྱུང་བའི་བཤད་སྲོལ་ཡོངས་གྲགས་ཙམ་ལས་སྒྲུབ་བྱེད་མེད་པའི་ཐོག་ཏུ་གནོད་བྱེད་ཧ་ཅང་མང་བ་ཞིག་རེད། ཡོངས་གྲགས་ཡིན་པ་ཙམ་གྱིས་ཡིད་ཆེས་འོས་པ་མ་ཡིན་པ་ནི་ཅ་ཆ་ཇ་ཉ་སོགས་ཐོན་མིས་གསར་གཏོད་མཛད་པར་བོད་ལ་ལོ་ངོ་སྟོང་ཕྲག་གཅིག་མ་ཟིན་ཙམ་གྱི་རིང་ཡོངས་སུ་གྲགས་ན་ཡང་ད་ལྟའི་ཆར་ང་ཚོ་རྒྱ་གར་རང་གི་སྐད་ཡིག་ལ་རྒྱུས་མངའ་ཡོད་པའི་སྐབས་འདིར་དཔྱད་དུས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་དེ་དག་ནི་རྒྱ་གར་རང་གི་སྐད་ལ་ཡོད་པས་ན་བོད་ཀྱིས་གསར་བཟོ་བྱས་པ་ནི་ཙ་ཚ་ཛ་ཝ་སོགས་ཡིན་པ་ཤེས་རྟོགས་བྱུང་བ་ལྟ་བུ་རེད།

འོ་ན་ཐོན་མི་ནི་བོད་ལ་བཀའ་དྲིན་ཧ་ཅང་ཆེ་བས་སུམ་རྟགས་གཉིས་པོ་ཐོན་མིས་མཛད་པར་འདོད་ན་སྐྱོན་གང་ཡོད། དེ་ལ་ཨུ་ཚུགས་ཀྱིས་དཔྱད་པ་བྱ་དགོས་པ་གང་ཡོད་སྙམ་ན། ཐོན་མི་ནི་བོད་ཡིག་གསར་བཟོ་མཁན་ཡིན་པ་དང་། ཁོང་གིས་བོད་ཡིག་གསར་བཟོ་མཛད་པར་སྐུ་ངལ་ཆེན་པོ་བསྐྱོན་པར་བཤད་པ་རྣམས་བདེན་ན་ཡང་། ཁོང་གིས་བོད་ཡིག་དུས་ཐུང་ངུའི་ནང་དུ་འཐུས་སྒོ་ཚང་བ་ཞིག་བཟོས་པར་བཤད་པ་འདི་ནི་ལས་དང་པོ་པ་རྣམས་ཀྱི་བློ་ལ་འཁོར་བདེ་ཞིང་། ངོ་མཚར་ཞིང་འདོད་པ་ཁེངས་པའི་བཤད་སྲོལ་ཞིག་ཡིན་ཀྱང་ཞིབ་འཇུག་རང་བཞིན་གྱིས་ངོས་ནས་བཤད་ན་ད་དུང་བརྟགས་ཤིང་དཔྱོད་དགོས་པའི་ཆ་མང་པོ་ཞིག་འབྱུང་གི་ཡོད། དོན་དངོས་སུ་བོད་པ་རྣམས་ཀྱིས་ཐོན་མི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ཚུལ་སོགས་བཤད་ནས་ཐོན་མི་ལ་གུས་བརྩི་ཆེ་བ་དེས་མི་རིགས་ཤིག་གི་ཡི་གེ་རང་རྐང་ཚུགས་པ་བཟོ་བར་དཀའ་ངལ་ཅི་ཙམ་ཡོད་མེད་དང་། དེ་ཉིད་འཐུས་སྒོ་ཚང་བར་དུས་ཅི་ཙམ་འགོར་མིན་སོགས་དངོས་ཡོད་གནས་ཚུལ་གྱི་བརྒྱུད་རིམ་དག་ལ་མཐོང་ཆུང་གཏོང་གི་ཡོད། དེས་ན་སུམ་རྟགས་གཉིས་པོ་ཐོན་མིས་མཛད་དེ་བོད་ཡིག་འཐུས་སྒོ་ཚང་བར་གྱུར་པའི་ལྟ་ཚུལ་དེ་གནས་སྐབས་ངལ་གསོ་རུ་བཅུག་ནས་དེའི་ཐོག་ལ་ཉམས་ཞིབ་མཐར་ཕྱིན་པ་བྱ་རྒྱུ་ནི་སྐད་ཡིག་འདི་ལ་རྒྱུས་མངའ་ལེན་པར་སྔོན་འགྲོའི་ཆ་རྐྱེན་དང་པོར་གྱུར་ཡོད།

ཕལ་མོ་ཆེས་འདི་དག་གི་དྭོགས་སེལ་དུ་ཐོན་མིའི་སུམ་རྟགས་ནི་གཙོ་བོ་མཁས་པ་རྣམས་ཀྱིས་བེད་སྤྱོད་པ་ཞིག་དང་། ཏུན་ཧོང་ཡིག་རྙིང་སོགས་ནི་སུམ་རྟགས་དེ་ཙམ་མི་ཤེས་མཁན་གྱིས་བྲིས་པ་ཡིན་ལས་ཆེ་དྲན་ན་ཡང་། ཏུན་ཧོང་ཡིག་རྙིང་རྣམས་ནི་ཚིག་གསལ་ལ་དོན་ཟབ་པ་སོགས་ཀྱིས་དུས་སྐབས་དེའི་བོད་རིགས་ཤེས་ཡོན་ཆེ་ཤོས་རྣམས་ཀྱིས་དྲིས་པར་ཐེ་ཚོམ་མེད་ཅིང་། དག་ཆ་ཅུང་མི་འདྲ་བ་ཡོད་པ་ཡང་སྐབས་དེར་བོད་ཡིག་ལ་དག་ཆ་གཏན་འབེབས་མེད་པ་ལས་ཡི་གེ་འབྲི་བ་པོ་རྣམས་ཀྱི་ཤེས་ཚད་ཀྱིས་མ་འདང་བ་ག་ལ་ཡིན། དེ་ལས་གཞན་སྐབས་དེར་ཐོན་མིས་སུམ་རྟགས་གཉིས་ཀྱི་གཞུང་གཏན་འབེབས་མཛད་ཟིན་པ་གང་ཞིག་ལ། རྡོ་རིང་གི་ཡི་གེ་རྣམས་ནི་རྒྱ་བོད་གཉིས་ཀྱི་གནད་དོན་གལ་ཆེ་ཤོས་རྣམས་མི་རབས་མང་པོའི་རིང་གནས་པའི་ཆེད་དུ་རྡོ་རིང་ལ་བྲིས་ནས་རྡོ་རིང་དེ་དག་བོད་ཀྱི་རྒྱལ་པོ་དང་རྒྱ་ཡི་ཐང་གོང་མའི་སྐུ་ཚབ་རྣམས་ཟུང་འབྲེལ་གྱིས་བཙུགས་པ་ལ། དེ་དག་ནི་ཐོན་མིའི་སུམ་རྟགས་ཙམ་ཡང་ཡག་པོ་མི་ཤེས་མཁན་ཚོས་བྲིས་པ་རེད་སྙམ་ན་དཔྱོད་ལྡན་སུ་ཞིག་གི་བློར་ཤོང་། དེས་ན་རང་རེ་རྣམས་ནམ་ཡིན་ཀྱང་བོད་རིགས་བློ་གསལ་རྣམས་རྨོངས་པ་ངོ་མཚར་བའི་གཏམ་གྱིས་འདོད་པ་མ་ཚིམས་པར་མཁས་པ་སྤྲོ་བ་འཕེལ་བའི་ཉམས་ཞིབ་ལ་འབད་པར་བྱའོ།།

བཞི་པ། བོད་ཡིག་གསར་བཟོའི་རིམ་པ་དང་པོ།

བོད་ཀྱི་བཤད་སྲོལ་ལྟར་ན་ཐོན་མི་རྒྱ་གར་དུ་ཕེབས་པ་ལ་དཀའ་ལས་ཆེན་པོ་བྱུང་ཡོད་ཀྱང་། དངོས་སུ་བོད་ཡིག་བཟོ་བར་དཀའ་ངལ་དེ་ཙམ་མ་བྱུང་བར་ལྟོས་ཆོས་ཀྱི་དབང་དུ་བཤད་ན་ལས་སླ་ཙམ་གྱིས་བཟོས་པ་ལྟ་བུར་བཤད་སྲོལ་ཡོད། དོན་དངོས་སུ་མི་རིགས་ཤིག་གི་ཡི་གེ་གསར་པ་འཐུས་སྒོ་ཚང་བ་ཞིག་བཟོ་རྒྱུ་ནི་ལས་སླ་པོ་ག་ལ་ཡིན། སྲོང་བཙན་གྱི་དུས་སུ་བོད་ཡིག་བཟོས་ན་ཡང་ད་ལྟ་ང་ཚོའི་སྤྱོད་ཡུལ་དུ་ཡོད་པའི་རྡོ་རིང་དང་དྲིལ་བུའི་ཡིག་རྙིང་རྣམས་དང་། ཏུན་ཧོང་གི་ཡིག་རྙིང་སོགས་ཕལ་མོ་ཆེ་ཁྲི་སྲོང་ལྡེ་བཙན་གྱི་རྗེས་ལ་རྐྱང་ཡིན་པ་དང་། སྲོང་བཙན་གྱི་སྐབས་སུ་བྱུང་བའི་ཡིག་རྙིང་ཞིག་ཕལ་ཆེར་མཇལ་རྒྱུ་མེད། སྔ་ཤོས་ནི་ཉེ་ཆར་བོད་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷ་མཆོག་རྒྱལ་གྱིས་རྙེད་སོན་བྱུང་བའི་དྲིལ་བུ་ཞིག་ཡོད་པ་ལ། དེ་ཉིད་དགེ་རྒན་ཁོང་གིས་ཁྲི་གཙུག་ལྡེ་བཙན་ཏེ། སྲོང་བཙན་སྒམ་པོའི་ཡང་ཚའི་སྐབས་སུ་བྱུང་བར་ངོས་འཛིན་གནང་ཡོད། དེ་ལས་གཞན་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་གྱི་བར་དུ་དུས་རབས་གཅིག་ཙམ་དང་། མི་རབས་ཁ་ཤས་ཀྱི་རིང་དུ་བྲིས་པའི་བོད་ཡིག་ཕལ་ཆེར་མཇལ་རྒྱུ་མེད་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ང་ཚོས་བསམ་གཞིགས་འོས། 

ཐོན་མིའི་རྣམ་དཔྱོད་འགྲན་ཟླ་བྲལ་ཚུལ་གྱི་གཏམ་རྒྱུད་དང་ལྷ་སྒྲུང་འདྲེས་མ་དེ་གནས་སྐབས་རིང་ཟུར་ལ་བཞག་ནས་ང་ཚོས་རྒྱུ་མཚན་རང་བཞིན་གྱི་བསམ་གཞིགས་བྱས་ན་དེ་ནི་སྲོང་བཙན་གྱི་དུས་སུ་བོད་ཡིག་བྱུང་ནས་བོད་ཡིག་འཐུས་སྒོ་ཚང་བ་ཡོང་བར་དུས་རབས་གཅིག་ཡས་མས་དང་མི་རབས་ཁ་ཤས་འགོར་བའི་རྒྱུ་མཚན་གྱིས་ཡིན་སྲིད། དེས་ན་འཛམ་གླིང་གི་སྐད་ཡིག་ཕལ་མོ་ཆེར་འཕོ་འགྱུར་རིམ་པ་མང་པོ་ཞིག་བྱུང་བ་ལ། བོད་ཡིག་ལ་ཡང་དེ་མཚུངས་བྱུང་ཞིང་། དེ་ཡང་ཐོག་མའི་ཆར་འཕོ་འགྱུར་མང་པོ་བྱུང་བ་དང་། འཕོ་འགྱུར་དེ་དག་ཀྱང་དུས་ཚོད་ཐུང་ངུའི་ནང་དུ་བྱུང་བ་ཡིན་ལས་ཆེ། དེ་ལ་ང་ཚོས་ཚོད་དཔག་གི་ཚུལ་དུ་བསམ་གཞིགས་བྱས་ན་ཐོག་མར་བོད་ཡིག་བཟོ་མཁན་གྱི་མི་མང་ཉུང་ཅི་རིགས་པ་ཡོད་ངེས་ཤིང་། དེའི་ནང་ནས་གཙོ་བོ་གཅིག་ཡོད་སྲིད་པས་དེ་ནི་ཐོན་མི་སམ་བྷོ་ཊ་ཡིན་པའི་དབང་དུ་བཏང་། འོན་ཀྱང་སུམ་རྟགས་ཀྱི་གཞུང་གཉིས་པོ་ནི་བོད་ཡིག་གི་ཡར་རྒྱས་ཚད་མཐོན་པོ་བྱུང་ཞིང་། ཕྲད་དང་དག་ཆ་གཉིས་ཀ་གཏན་འབེབས་བྱུང་བ་ན་གཞི་ནས་བྱུང་བར་ངོས་འཛིན་བྱས་ན་ཕྱིས་སུ་བྱུང་བའི་ཡིག་ཆ་རྣམས་ལས་དེ་ལ་ཁུངས་རྙིང་པའི་གནོད་པ་མེད་ཅིང་། རྒྱུ་མཚན་ཆེ་བ། བསམ་གཞིགས་དེ་ལ་བརྟེན་ནས་བོད་ཡིག་འཕེལ་རིམ་གྱི་ཐད་ལ་ཚན་རིག་དང་མཐུན་པའི་གོ་རྟོགས་གང་འཚམས་ལེན་ཐུབ་པའི་དགེ་མཚན་ཡོད་པས་རེ་ཞིག་ང་ཚོས་དེ་ལྟར་བྱ།

བཤད་སྲོལ་ལྟར་ན་ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བླང་ནས་བོད་ཡིག་གསར་བཟོ་མཛད་པར་གྲགས་ཤིང་། ད་ལྟའི་དུས་སུ་ང་ཚོས་ཀྱང་དཔྱད་ན་དུས་སྐབས་དེའི་རྒྱ་གར་གྱི་ཡིག་གཟུགས་དང་། བོད་ཡིག་གི་ཡིག་གཟུགས་གཉིས་པོ་ནི་ཧ་ཅང་འདྲ་བས་བཤད་སྲོལ་དེ་ཉིད་བདེན་པ་ཡིན་པར་མཐོང་ཐུབ། འོན་ཀྱང་ང་ཚོས་དེ་ལས་ཀྱང་ཞིབ་ཕྲ་བ་བསམས་ནས་འོ་ན་སྐབས་དེ་དུས་ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བླང་ནས་བོད་ཡིག་གསར་དུ་བཟོས་ཞེས་པའི་དོན་ནི་ཐོན་མིས་གསལ་བྱེད་ལ་འཕྲི་སྣོན་བྱས་པ་ཙམ་ལ་གོའམ། ཡང་ན་ཐོན་མིས་བོད་ཡིག་གི་གསལ་བྱེད་རྣམས་ཀྱི་ཡིག་གཟུགས་ཀྱང་ཅུང་མི་འདྲ་ཞིག་གསར་བཟོས་མཛད་པའི་དོན་རེད་དམ་གང་རེད་ཅེས་དྲིས་ན་བོད་ཀྱི་ཡིག་ཆ་རྙིང་པའི་ནང་དུ་དེའི་ལན་གསལ་པོ་མེད་པར་མངོན། ང་ཚོ་ཕལ་མོ་ཆེས་དབྱངས་གསལ་འཕྲི་སྣོན་ཙམ་མིན་པར་གསལ་བྱེད་ཀྱི་ཡིག་གཟུགས་ལ་ཡང་ཐོན་མིས་བོད་རང་གི་རྣམ་པ་འདོན་པར་གསར་བཟོ་ཕྲན་བུ་གནང་ཡོད་ལས་ཆེ་བར་སྙམ་ཡང་། དོན་དུ་སྐབས་དེའི་རྒྱ་གར་གྱི་ཡིག་རྙིང་རྣམས་ལ་བལྟས་ན། ན་དང་། མ། ག་ལ་སོགས་པའི་ཡིག་གཟུགས་མང་པོ་ཞིག་ནི་བོད་ཡིག་དང་གཅིག་པ་གཅིག་རྐྱང་ཡིན་པས་ཐོན་མིས་བོད་ཡིག་གི་གསལ་བྱེད་ཐམས་ཅད་ལ་གསར་གཏོད་ཕྲན་བུ་རེ་གནང་ཡོད་སྙམ་པའི་བསམ་ཚུལ་འདི་ནི་ནོར་བ་ཡིན་ལས་ཆེ།

ད་དུང་དྲི་བ་གཞན་ཞིག་ནི་སྐབས་དེར་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ན་རྒྱ་གར་གྱི་ཡིག་གཟུགས་ནཱ་ག་ར་ཡི་ཡིག་གཟུགས་ལ་དཔེ་བླང་པ་བདེན་ན་ཡང་། ནཱ་ག་ར་ཡི་ཡིག་གཟུགས་རང་ལ་ཡང་རྒྱ་གར་གྱི་ས་ཁུལ་མི་འདྲ་བར་འབྲི་སྟངས་ཅུང་མི་འདྲ་བ་རེ་ཡོད་པས་ཐོན་མིས་དེ་དག་གང་ཡང་རུང་བ་སྟེ་ལུགས་བྱེ་བྲག་པ་ཞིག་ལ་དཔེ་བླང་པ་ཡིན་ནམ། ཡང་ན་ལུགས་དེ་ཐམས་ཅད་ཀྱི་ལེགས་ཆ་བསྡུས་པ་གང་ཞིག་ཡིན་ཅེས་བཤད་ན། ང་ཚོས་དེ་གང་ཡང་རུང་བ་མ་དཔེར་བདམས་ཡོད་སྲིད་ཅེས་སྙམ་ན་ཡང་། དེང་སང་རྒྱ་གར་གྱི་འགྲེམས་སྟོན་ཁང་སོགས་ལ་སྐབས་དེའི་རྒྱ་གར་གྱི་དུས་སྐབས་དང་ས་གནས་མི་འདྲ་བའི་ཡིག་གཟུགས་འདྲ་མིན་གྱི་མ་དཔེ་རྙིང་པ་རེ་ཡོད་པ་ལ། དེ་དག་རེ་རེར་བོད་ཡིག་གི་གསལ་བྱེད་འབྲི་སྟངས་དང་ཨ་ན་མ་ན་ཡོད་པ་འགའ་ཤས་ཡོད་པ་ལས་གཅིག་རང་ལ་བོད་ཡིག་གི་གསལ་བྱེད་ཆ་ཚང་བ་ནི་འདི་ལས་དཔེ་བླང་པ་ཞིག་རེད་འདུག་སྙམ་པ་ཕལ་ཆེར་མེད། དེས་ན་སྐབས་དེར་ཐོན་མིས་ནཱ་ག་ར་ཡི་ཡིག་གཟུགས་མི་འདྲ་བ་ལ་དཔེ་བལྟས་ནས་ཡིག་གཟུགས་གཅིག་ནས་(ན་)བླང་། གཅིག་ནས་(མ་)བླང་ནས་བོད་ཡིག་གི་གསལ་བྱེད་རྣམས་བྲིས་པ་ཡིན་ལས་ཆེ་བའི་རྣམ་པ་ཡོད།

དེ་ལྟར་བསམས་ན་ང་ཚོས་ཐོན་མིས་རྒྱ་གར་གྱི་དབྱངས་གསལ་ལ་དཔེ་བླང་ནས་བོད་ཡིག་གི་དབྱངས་གསལ་བརྩམས་ཞེས་བཤད་པ་ནི་ཧ་ཅང་རགས་པའི་བཤད་སྟངས་ཡིན་པ་རྟོགས་ཐུབ་ཅིང་། ཞིབ་ཏུ་བསམས་ན་བོད་ཡིག་གི་གསལ་བྱེད་ཀྱི་ནང་དུ་ཕལ་མོ་ཆེ་ནི་རྒྱ་གར་གྱི་གསལ་བྱེད་རྣམས་ཐད་ཀར་བཀོལ་བ་ལས་དཔེ་བླངས་ནས་བརྩམས་པ་ཞིག་མིན་པ་དང་། འགའ་ཤས་ནི་དཔེ་བླངས་ནས་བཟོ་བཅོས་ཕྲན་བུ་བཏང་བ་ཡིན་པ། ཆེས་ཉུང་ཤས་ཤིག་ནི་བོད་པ་རང་གི་གསར་གཏོད་གཙང་མ་གཙང་རྐྱང་དག་ཡིན་པ་རྟོགས་ཐུབ། ང་ཚོས་བོད་ཡིག་གི་སྐོར་ལ་རྒྱུས་མངའ་ཆ་ཚང་བ་ལེན་པར་གསལ་བྱེད་སུམ་ཅུ་པོ་ལས་གང་དག་དཔེ་བླང་བ་ཙམ་ཡིན་པ། གང་དག་བཟོ་བཅོས་ཕྲན་བུ་བཏང་བ་ཡིན་པ། གང་དག་གསར་གཏོད་ཡིན་པ་གསལ་པོར་གཏན་འབེབས་དགོས་ན་ཡང་སྲོང་བཙན་གྱི་སྐབས་ཙམ་དུ་ཡིན་པར་དོགས་པ་མི་དགོས་པའི་བོད་ཡིག་གི་གསལ་བྱེད་ཀྱི་མ་དཔེ་རྙིང་པ་ཞིག་མེད་པས་ན་ནོར་འཁྲུལ་བྲལ་བའི་གཏན་འབེབས་ནུས་པ་དཀའ། དེ་ལྟར་ན་ཡང་ཚོད་དཔག་ཙམ་བྱས་ན། བོད་ཡིག་གི་གསལ་བྱེད་སུམ་ཅུ་པོ་ལས། ཙ་ཚ་ཛ་གསུམ་པོ་ནི་བཟོ་བཅོས་ཕྲན་བུ་དང་། ཞ་ཟ་འ་གསུམ་པོ་བཅས་ནི་གསར་གཏོད། ཝ་ཡི་སྐོར་ལ་བྱེ་བྲག་ཏུ་བཤད་པར་འགྱུར་ཞིང་། ལྷག་མ་རྣམས་ནི་ཐོན་མིས་རྒྱ་གར་གྱི་ཡི་གེ་རང་ལ་བཟོ་བཅོས་གང་ཡང་མ་བྱས་པར་བཀོལ་བ་ཡིན་སྲིད།

ལར་ནས་སྐབས་དེའི་བོད་མི་རིགས་ལ་བོད་ཡིག་དགོས་པ་དང་། ད་ལྟའི་བོད་པ་རྣམས་ལ་བོད་ཡིག་དགོས་པའི་རྒྱུ་མཚན་གཙོ་བོ་མི་འདྲ་སྟེ། སྐབས་དེར་བོད་རིགས་རྣམས་ལ་བོད་ཡིག་དགོས་པ་ནི་བོད་སྐད་ཀྱི་ཐོག་ནས་ནང་དོན་སྟོན་ཐུབ་པའི་ཡི་གེ་མེད་པས་ན་བོད་ཡིག་དགོས་པ་ནི་གོ་བརྡ་སྤྲོད་པའི་ཆེད་དུ་རེད་ལ། ད་ལྟའི་ཆར་ང་ཚོ་ལ་བོད་ཡིག་དགོས་པ་ནི་གཙོ་བོ་བོད་ཡིག་ནི་ད་ལྟའི་ཆར་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དུ་གྱུར་ཡོད་པའི་རྒྱུ་མཚན་གྱིས་ཡིན་པས་ན་སྐབས་དེ་དུས་ཀྱི་བོད་རིགས་དང་ད་ལྟའི་བོད་རིགས་རྣམས་ལ་བོད་ཡིག་དགོས་པ་འདྲ་ན་ཡང་དགོས་པའི་རྒྱུ་མཚན་མི་འདྲ། མི་རིགས་དང་རིག་གཞུང་གི་ཤ་ཞེན་ནི་མི་རིགས་དང་རིག་གཞུང་གཞན་གྱི་གནོན་ཤུགས་དང་འགྲན་བསྡུར་བྱུང་ན་ད་གཟོད་འབྱུང་བ་ཞིག་ལས་ལྷན་སྐྱེས་མ་ཡིན་པས་ན་རྒྱལ་གཅེས་རིང་ལུགས་ཞེས་གྲགས་པ་ཡང་དུས་རབས་བཅུ་དགུའི་ཡས་མས་སུ་འབུར་དུ་ཐོན་པའི་བསམ་བློའི་རིག་གཞུང་ཞིག་ཡིན་པར་གྲགས། དེའི་དབང་གིས་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་བཟོ་བྱས་པ་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཆེད་དུ་མ་ཡིན་པར་གཙོ་བོ་བོད་སྐད་ནང་གི་དོན་སྟོན་ཐབས་ཡིན་པ་ལ། དེ་ལྟར་ཡོང་བར་བོད་མི་རིགས་རང་གི་ཡི་གེ་ཐུན་མོང་མ་ཡིན་པ་ཞིག་གསར་གཏོད་བྱ་རྒྱུ་ནི་སྐབས་དེའི་མི་རྣམས་ལ་མཚོན་ན་གལ་ཆེན་མ་རེད།

དེ་མ་ཡིན་པས་ཐོན་མི་ལྟ་བུས་བོད་ཡིག་གསར་བཟོ་མཛད་པ་ན་བོད་ཡིག་ཅེས་ཕྱོགས་ཡོངས་ནས་རྒྱ་གར་གྱི་ཡི་གེ་དང་མི་འདྲ་བ་ཞིག་བཟོ་ཐབས་མི་གནང་བར་བོད་སྐད་ཀྱི་སྒྲ་གདངས་རྣམས་འདོན་ཐབས་སུ་རྒྱ་གར་གྱི་ཡི་གེ་བཀོལ་གང་ཐུབ་བྱས་ནས། རྒྱ་གར་གྱི་ཡི་གེས་མ་འདང་ན་ད་གཟོད་བོད་ཡིག་གི་ཡིག་གཟུགས་ཅི་ཙམ་དགོས་པ་གསར་བཟོ་བྱ་རྒྱུ་ནི་ལག་ལེན་དངོས་ཀྱི་བརྒྱུད་རིམ་ཡིན་སྲིད། དེ་ལྟར་ན་ཐོན་མིའི་སྐབས་ཀྱི་བོད་ཡིག་གི་འཕེལ་འགྱུར་དང་པོ་ནི་རྒྱ་གར་གྱི་ཡི་གེ་རང་བེད་སྤྱད་ནས་བོད་སྐད་ཀྱི་སྒྲ་གདངས་བཏོན་པ་ཞིག་ཡིན་ལས་ཆེ་བས་ན་ང་ཚོས་དབའ་བཞེད་ཀྱི་ནང་དུ་འབྱུང་བའི་ཚིག “ཡི་གེ་ནི་ལི་བྱིན་དང་གསམ་པོ་རས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར།” ཞེས་པ་འདི་ལ་དམིགས་བསལ་གྱི་གོ་རྒྱུ་ཞིག་མཐོང་སྲིད། ཐོན་མིས་རྒྱ་གར་གྱི་ཡི་གེ་རང་བེད་སྤྱད་ནས་བོད་སྐད་དམ་ ‘བོད་ཡིག་’ བྲིས་པའི་རྣམ་པ་ནི་ཕྱིས་ཀྱི་བོད་ཡིག་ལ་ཡང་མཐོང་རྒྱུ་ཡོད་པ་ནི་དཔེར་ན་རྒྱ་གར་གྱི་ཡི་གེ་ནི་མིང་གཞི་དང་རྗེས་འཇུག་རྣམས་སྔོན་རྗེས་སུ་འབྲི་བ་ལས་ཀྱང་སྟབས་བདེ་ན་བརྩེགས་མར་འབྲི་བའི་ལུགས་སྲོལ་ཆེ་བས་ན་གངྒཱ་ཞེས་ཡོད་པ་ལྟར། ཏུན་ཧོང་ཡིག་རྙིང་རྣམས་སུ་ ཡང་ལ་ཡྔ། ནས་ལ་ནྶ། ཡིན་ན་ཡིྣ་ཞེས་རྗེས་འཇུག་རྣམས་མིང་གཞིའི་འོག་ཏུ་བྲིས་པ་དང་། གསན་ལ་ད་དྲག་དང་ལྷན་དུ་གསྩནྡ་ཞེས་བྲིས་པ་རྣམས་ནི་རྒྱ་གར་གྱི་ཡི་གེའི་འགྲོས་ཡིན་པ་གསལ་པོ་རེད།

དེ་བཞིན་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ལ་བཙུགས་པའི་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་གི་ངོས་སུ་མིང་གཞིའི་ཡི་གེ་ཡང་སྔོན་འཇུག་གི་འོག་ཏུ་བཅུག་པ་ནི་དཔེར་ན་བཀའ་གྲོས་ལ་བྐ་གྲོས་ཞེས་བྲིས་ཡོད་པ་དང་། རྗེས་འཇུག་མིང་གཞིའི་འོག་ཏུ་བྲིས་པ་ཡང་སྦྱིན་པར་ལ་སྦྱིན་པྲ་ཞེས་༼འདིར་གློག་ཀླད་ཀྱི་ནང་དུ་འབྲི་ཐབས་མེད་པ་ལས་རྡོ་རིང་དེར་པ་ཡི་འོག་ཏུ་ར་བཏགས་མིན་པར་ར་ཆ་ཚང་བ་ཡོད་༽བྲིས་པ་དང་། ཡང་འཇུག་གི་ཡི་གེ་རྗེས་འཇུག་གི་ཡི་གེའི་འོག་ཏུ་བྲིས་པ་ཡང་ལེགས་པ་ལ་ལེགྶ་པ་ཞེས་བྲིས་ཡོད་པ་སོགས་མང་། འདི་དག་ནི་བོད་ཡིག་གི་འབྲི་སྟངས་སྤྱིར་བཏང་བ་མིན་པར་རྒྱ་གར་གྱི་འབྲི་སྲོལ་གཙང་མ་ཡིན་པར་མཐོང་། དེ་བཞིན་བོད་ཡིག་ལ་དབུ་མེད་ཀྱི་ནང་དུ་བསྐུངས་ཡིག་མང་པོ་ཡོད་པ་ཡང་ཐོག་མར་རྒྱ་གར་གྱི་ཡི་གེ་ནས་བྱུང་བའི་རྣམ་པ་ཆེ་སྟེ། ལེགས་སྦྱར་ལ་བསྡུས་ཚིག་འབྲི་བའི་ལུགས་སྲོལ་ཡོད་པ་བཞིན་བོད་ཡིག་གི་ནང་དུ་ཡང་བཙན་པོའི་རྡོ་རིང་གི་ཡི་གེའི་ངོས་སུ་ ཉམས་སུ་བླངས་པ་ལ། ཉམསུ་བླངས་ཞེས་བྲིས་ཡོད་པ་སོགས་ནི་བོད་ཡིག་གི་ནང་དུ་བསྐུངས་ཡིག་འཕེལ་རྒྱས་འགྲོ་བའི་རྒྱུ་རུ་གྱུར་ཡོད་ལ། དེའི་ཡོང་ཁུངས་ནི་རྒྱ་གར་གྱི་ཡི་གེ་ཡིན་པས། ཁྲི་ལྡེ་སྲོང་བཙན་སོགས་ཀྱི་སྐབས་སུ་ད་དུང་ཡང་བོད་ཡིག་ལ་རྒྱ་གར་གྱི་ཡིག་གཟུགས་འབྲི་བའི་རྣམ་པ་དེ་ཙམ་ཡོད་ན་དེའི་སྔོན་གྱི་མི་རབས་ཁ་ཤས་ཏེ་ཐོན་མིའི་དུས་སུ་བོད་ཡིག་ལ་རྒྱ་གར་གྱི་ཡི་གེ་འབྲི་བའི་རྣམ་པ་ཅི་ཙམ་ཡོད་པ་ཚོད་དཔགས་གང་འཚམས་ནུས་པ་ཞིག་རེད་སྙམ།

འདིའི་སྐོར་དགེ་འདུན་ཆོས་འཕེལ་གྱིས་རོབ་ཙམ་གསུངས་ཟིན་པ་ཡང་། གཏམ་རྒྱུད་གསེར་གྱི་ཐང་མ་ལས། “ལཀ་ནེའི་གྲོང་ཁྱེར་དུ་རྒྱལ་པོ་ཉི་མའི་གོ་ཆའི་རྡོ་རིང་མཆིས་པར། ངེད་ཀྱིས་མཐོང་མ་ཐག་ཏུ་ཐོ་རེ་བཀླགས་པས་པཎྜི་ཏ་མང་པོ་ཞིག་གད་མོ་ཤོར། འདི་ལོ་སྟོང་ཕྲག་ཙམ་སོང་བའི་ཡིག་རྙིང་ཡིན་ཅིང་། ངེད་རྣམས་བསླབ་ཀྱང་ལྷོགས་དཀའ་བས་ཁྱེད་མ་བསླབ་པར་ཀློག་པ་ཡ་མཚན་ཟེར། དེ་ལྟར་གུཔྟའི་ཡི་གེ་རྣམས་བོད་ཡིག་དང་འདྲ་ཆེ་བས་བོད་པ་ཅི་ཡང་མ་བསླབ་པ་ཞིག་གིས་མཐོང་ཡང་ཕྱེད་ཙམ་ཀློག་ནུས་པ་ཡིན། གནའ་དང་པོ་བོད་ཡིག་ཀྱང་ཅུང་ཟད་གཟུགས་གཞན་དུ་གནས་པར་ངེས་པས། དེ་དུས་ཙ་ན་གུཔྟའི་ཡི་གེ་དང་ཡེ་ཁྱད་མེད་ལྟ་བུ་ཡོད་ཚོད་འདུག” ཅེས་གསུངས་པ་འདིས་ཁོ་བོས་གོང་དུ་ཞིབ་ཕྲ་བཤད་པ་དང་དོན་ཕལ་ཆེར་གཅིག་ཏུ་འབབ། འོན་ཀྱང་ཁྱད་པར་ནི་བོད་པ་ཕལ་མོ་ཆེས་ཐོན་མིས་སྐབས་དེར་རྒྱ་གར་གྱི་ཡི་གེ་ལ་དཔེ་བླང་བ་ཙམ་ཡིན་པར་བསམས་ན་ཡང་། དོན་དངོས་སུ་ཐོན་མིས་སྐབས་དེར་དཔེ་བླང་བ་ཙམ་མིན་པར་བོད་སྐད་ལ་ཉེ་བར་མཁོ་བའི་རྒྱ་གར་གྱི་གསལ་བྱེད་རྣམས་བཟོ་བཅོས་གང་ཡང་མ་བྱས་པར་བེད་སྤྱད་ནས་བོད་སྐད་རྣམས་བྲིས་པ་ནི་འདིར་ཁོ་བོས་གསལ་པོར་བཤད་པ་འདོད་པ་གཙོ་བོ་དེ་ཡིན།

ལར་ནས་རྒྱ་གར་གྱི་ཡི་གེའི་བྱུང་རིམ་ཡང་དེ་འདྲ་ཡིན་པ་སྟེ། རྒྱ་གར་ལ་ལོ་རྒྱུས་ཐོག་སྐད་ལ་འགྱུར་བ་ཚད་མེད་པ་བྱུང་ཡོད་ཅིང་། ས་གནས་སོ་སོར་སྐད་རིགས་མི་འདྲ་བ་ཧ་ཅང་མང་བས་སྤྱི་ལོ་༢༠༠༡ ལོར་བརྩིས་པ་ལྟར་ན་སྐད་རིགས་གཙོ་བོ་༡༢༢ དང་། སྐད་རིགས་ཆུང་བ་ ༡༥༩༩ ཡོད་པར་བཤད། དེ་ཕལ་མོ་ཆེ་ད་ལྟ་དེ་ཝ་ནཱ་ག་རི་ཞེས་པ་རྒྱ་གར་དང་བལ་ཡུལ་སོགས་སུ་མཐོང་རྒྱུ་ཡོད་ཅིང་། བོད་ཡིག་གི་ཡིག་གཟུགས་དང་འབྱུང་ཁུངས་གཅིག་པར་གྲགས་པའི་ཡི་གེ་འདི་ཉིད་བེད་སྤྱད་ནས་འབྲི་བཞིན་ཡོད་པས་ན། ཡི་གེ་འདི་ཉིད་སྐད་རིགས་མི་འདྲ་བ་ ༡༢༠ ལྷག་ཙམ་འབྲི་བ་ལ་བེད་སྤྱོད་ཀྱིན་ཡོད་པར་བཤད། རྒྱ་གར་གྱི་ཡི་གེ་འདི་ཙམ་མིན་པར་ཡུ་རོབ་གཙོ་བོར་གྱུར་པའི་ལུང་པ་མང་པོ་ཞིག་ལ་སྐད་རྩ་བ་ནས་མི་འདྲ་བ་མང་པོ་ཡོད་ཀྱང་། དེ་ཕལ་མོ་ཆེས་ཡི་གེ་ནི་ལེ་ཊིན་ནམ་རོ་མན་གྱི་ཡི་གེ་བེད་སྤྱད་ནས་འབྲི་ཡོད་པས་རོ་མན་གྱི་ཡི་གེ་བེད་སྤྱད་ནས་འབྲི་བའི་སྐད་རིགས་མི་འདྲ་བ་བརྒྱ་ཕྲག་ཙམ་ཡོད་པར་གྲགས། སྔར་ཝེཏ་ནམ་གྱིས་རྒྱ་ཡིག་བེད་སྤྱད་ནས་རང་གི་སྐད་འབྲི་ཡི་ཡོད་ཀྱང་རྒྱ་ཡིག་སྦྱོང་དཀའ་བས་ཕྱིས་སུ་ལེ་ཊིན་གྱི་ཡི་གེ་བེད་སྤྱད་ནས་ཝེཏ་ནམ་གྱི་སྐད་འབྲི་བའི་སྲོལ་དར་ཞིང་། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་སོགས་ལ་ཡང་གཞོན་སྐྱེས་རྣམས་ཀྱིས་དབྱིན་ཡིག་བེད་སྤྱད་ནས་རྒྱ་གར་དང་བལ་ཡུལ་གྱི་སྐད་འབྲི་བའི་ལུགས་སྲོལ་ཇེ་ཁྱབ་ཏུ་འགྲོ་བཞིན་ཡོད།

གནའ་བོའི་མི་རིགས་མང་པོས་ཡི་གེ་གཅིག་རང་བེད་སྤྱད་པ་ཡང་སྐབས་དེར་ཡི་གེ་ནི་རང་གི་སྐད་དང་མཐུན་པའི་གོ་བརྡ་སྤྲོད་བྱེད་ཙམ་ཡིན་པ་ལས་དེ་དག་ལ་ད་ལྟའི་དུས་སྐབས་ཀྱི་མི་རྣམས་ཀྱི་བསམ་བློ་དང་མཚུངས་པར་ཡི་གེ་ནི་རང་ཉིད་ཀྱི་མི་རིགས་དང་། རྒྱལ་ཁབ། རིག་གཞུང་བཅས་མཚོན་བྱེད་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་འདུ་ཤེས་མེད་པའམ་འདུ་ཤེས་ཧ་ཅང་རྒྱ་ཆུང་བས་ན། གནའ་བོའི་དུས་ཀྱི་མི་རྣམས་ཀྱི་བསམ་བློ་ཡང་ད་ལྟའི་དུས་སྐབས་ཀྱི་མི་རྣམས་ཀྱི་བསམ་བློ་དང་མཐུན་སྙམ་པ་ནི་ལོ་རྒྱུས་ལ་གོ་རྟོགས་ལེན་ཐབས་བཟང་པོ་ག་ལ་ཡིན། དེས་ན་བོད་བཙན་པོས་ཀྱང་བོད་རང་གི་སྐད་དང་མཐུན་པའི་གོ་བརྡ་ཆ་ཚང་བ་ཞིག་འཕྲོད་པའི་ཆེད་དུ་རྒྱ་གར་གྱི་ཡི་གེ་བེད་སྤྱད་ནས་བོད་སྐད་བྲིས་ན་ཡང་། རྒྱ་གར་གྱི་ཡི་གེས་མ་འདང་བས་བོད་ཡིག་ཉུང་ཤས་ཤིག་གསར་བཟོ་བྱ་དགོས་བྱུང་ཞིང་། དེ་ལྟར་བྱས་རྗེས་ཡི་གེ་དེ་ཉིད་བོད་མཐོ་སྒང་གི་ཡུལ་གྲུར་རང་དབང་ངང་འཚར་ལོངས་དང་འཕེལ་རྒྱས་བྱུང་བས་རིམ་པས་ཡི་གེ་དེ་ལ་ཐུན་མོང་མ་ཡིན་པའི་རྣམ་པ་ཇེ་དོད་དུ་གྱུར་ཏེ། ད་ལྟའི་ཆར་བོད་ཡིག་ཅེས་པ་ཆོས་ལུགས་བོན་དང་སངས་རྒྱས་ཆོས་ལུགས། མི་རིགས་ཧི་མ་ལ་ཡའི་མི་རིགས། སྐད་རིགས་ Sino-Tibetan རྒྱ་བོད་སྐད་རིགས་ཀྱི་ཆ་ཤས་གཙོ་བོ་ཞིག་མཚོན་བྱེད་ཡིན་པ་འདི་ཉིད་བྱུང་བར་མངོན།

༢༠༢༩ ཟླ་བ་༡༢ ནས་ ༢༠༢༠ ཟླ་བ་ ༣ བར།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།