རིག་རྩལ་བསྐྱར་དར་གྱི་བྱུང་བ་མདོར་བསྡུས། (ཕྱི་དུམ།)

556


ཡོའུ་ཧན•མེའུ་ལེ་མན་གྱིས་བརྩམས།
གནམ་ལྷུན་གྱིས་རྩོམ་བསྒྱུར་བྱས།

ཆོས་གྲྭའི་མཚན་ཉིད་རིག་པ་དང་མི་ཆོས་རིང་ལུགས།


རོ་མའི་མི་རྣམས་ཀྱིས་“མི་ཆོས་”ཞེས་པའི་ཐ་སྙད་ལ་བརྟེན་ནས་ཁོང་ཚོས་གུས་བཀུར་བྱེད་བཞིན་པའི་བློ་གྲོས་དང་བཟང་སྤྱོད་གཉིས་ཀྱི་ངོ་བོར་རྒྱས་འགྲེལ་གནང་ཡོད། ཐ་སྙད་དེ་རིམ་བཞིན་བསམ་བློ་འཕེལ་བའི་ཞིབ་འཇུག་དང་གནའ་རབས་ཀྱི་“སྒྱུ་རྩལ་བདུན་”ཏེ། བརྡ་སྤྲོད་དང་། གཏན་ཚིགས་དང་། རྩིས་རྩལ་དང་། དབྱིབས་རྩིས་དང་། རོལ་མོ་དང་། གནམ་རིག་དང་། ཚིག་སྦྱོར་རིག་པ་སོགས་སུ་ཡང་བཀོལ་བར་གནང་། དུས་རབས་བར་མའི་ཆོས་གྲྭའི་མཚན་ཉིད་རིག་པ་ནི་ལྷ་གཉེར་བ་རྣམས་ཀྱིས་མཚན་ཉིད་རིག་པ་དང་ལྷ་རིག་པའི་བསྟན་དོན་ལ་འགྲེལ་བ་བྱེད་པའི་བསམ་བློའི་ཡན་ལག་དང་ཉིང་ལག་ཆ་ཚང་བ་ཞིག་རེད། སྐབས་དེའི་སློབ་དཔོན་དང་སློབ་མ་རྣམས་ཀྱིས་སྲོལ་རྒྱུན་གྱི་ཆོས་གྲྭའི་མཚན་ཉིད་རིག་པའི་ཁོངས་སུ་གཏོགས་པའི་བཅའ་ཁྲིམས་དང་། སྨན་རྫས་དང་། ལྷ་རིག་པ་སོགས་ལ་དམིགས་པ་ཆེར་མི་བྱེད་པར་ལ་ཏིང་སྐད་ཀྱི་བརྡ་སྤྲོད་དང་། ཚིག་སྦྱོར་རིག་པ་དང་། གཟུགས་འདས་རིག་པ་སོགས་ལ་སློབ་སྦྱོང་ལྷག་པར་གནང་བས། ཁོང་རྣམས་ནི་“མི་ཆོས་རིང་ལུགས་པ་”རྣལ་མར་གྱུར་ཅིང་། ཁོང་རྣམས་ཀྱིས་“མི་ཆོས་རིག་པ་”ལ་སློབ་སྦྱོང་བྱེད་པ་དེ་ཡང་སྤྱི་དམངས་ལེགས་པོ་ཞིག་གསོ་སྐྱོང་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད།

རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་ཆོས་རིང་ལུགས་པ་རྣམས་ཀྱིས་རང་ཉིད་ཀྱིས་རླབས་ཆེན་གྱི་གནའ་གཞུང་དུས་རབས་ཤིག་བསྐྱར་གསོ་གནང་བཞིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པར་མ་ཟད། ཁོང་ཚོ་གནས་པའི་དུས་རབས་དེ་ནི་རོ་མ་བཙན་རྒྱལ་ཆེན་མོའི་རྗེས་ཀྱི་དུས་རབས་གང་ཞིག་ལས་ཀྱང་རླབས་ཆེན་ཡིན་པར་འདོད། ཁོང་རྣམས་ཀྱིས་ཀྱང་དབྱི་ཐ་ལིའི་ཕྱེད་གླིང་ནི་ཆབ་སྲིད་ཀྱི་ངོས་ནས་ཁ་ཐོར་དགུ་ཐོར་ཡིན་ཞིང་། སྐད་ཡིག་གི་ངོས་ནས་ཀྱང་ཡུལ་ལུང་རེ་རེ་ལ་ཡུལ་སྐད་རེ་ཡོད་པ་དང་། ས་ཁམས་ཀྱི་ངོས་ནས་ནི་ཡ་ཕིང་ཉིང་རི་རྒྱུད་ཀྱིས་སོ་སོར་བཀར་ཡོད་མོད། འོན་ཀྱང་། དབྱི་ཐ་ལིར་སྔར་བཞིན་གཅིག་གྱུར་དང་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡོད་པར་བཞེད།

མི་ཆོས་རིང་ལུགས་པ་རྣམས་ཀྱིས་གནའ་བོའི་ཤེས་རིག་ལ་བརྩིས་མཐོང་ལྷག་པར་བྱེད་ཅིང་། དུས་རབས་བར་མའི་ཆོས་གྲྭའི་མཚན་ཉིད་རིག་པ་ལ་དགག་བཞག་རྩོད་སྤོངས་གནང་བཞིན་ཡོད། ཁོང་རྣམས་ཀྱིས་ཕྱི་མས་འབྲེལ་བ་མེད་པའི་ལྷ་རིག་པའི་རྩོད་གླེང་སྣ་ཚོགས་སློང་བཞིན་ཡོད་པར་མ་ཟད། དཀའ་སྤྱད་ལ་བརྟེན་ནས་འཇིག་རྟེན་ལས་གཡོལ་བའི་འཚོ་བ་སྐྱེལ་སྟངས་ལ་སྐུལ་མ་གཏོང་བཞིན་ཡོད་པར་འདོད། ཆོས་གྲྭའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་ནི་ཆོས་ཚོགས་ཀྱི་ཡིག་ཆའི་དབང་གྲགས་ལ་བརྩི་མཐོང་བྱེད་ཅིང་། འཕགས་པ་དང་དགེ་སྒྲུབ་པ་དང་སྐྱ་དམག་སོགས་ལ་དད་གུས་ལྷག་པར་བྱེད་བཞིན་ཡོད། པི་ཏི་ལ་ཁིས་ཕན་ཐོགས་མེད་པའི་མཚན་ཉིད་རིག་པའི་བསམ་བློ་དང་མིའི་རིགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཤེས་བྱ་སོགས་ལ་མཐོང་ཆུང་གནང་ཡོད། ཁོང་གིས་ད་དུང་ཡང་ཆོས་གྲྭའི་མཁས་དབང་རྣམས་ལ་འཕྱ་སྨོད་བྱས་ཡོད་དེ། ཁོ་ཚོས་ཁྱོད་ལ“སེང་གེའི་སྤུ་ལ་བསྡོམས་པས་ཅི་ཡོད་དང་། མཚོར་ནུབ་པའི་ཆུ་རྩལ་པ་གང་དེ་ཆོམ་རྐུན་འགའ་ཞིག་གིས་སྐྱོབ་སྲིད་མིན་གྱི་སྐོར་སོགས་བཤད་སྲིད་ཅིང་། དེ་བཞིན་ཁོ་ཚོས་རི་དྭགས་དང་། འདབ་ཆགས་དང་། ཉ་དང་། སྦྲུལ་སོགས་ཀྱི་ངོ་བོ་ཤེས་མོད། འོན་ཀྱང་། མིའི་ངོ་བོ་དང་། ང་ཚོས་འཇིག་རྟེན་འདིར་སྐྱེས་པ་ཡང་ཅི་ཞིག་གི་ཆེད་དུ་ཡིན་པ་དང་། ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་བའི་སྐོར་སོགས་རྩ་བ་ནས་ཤེས་ཀྱི་མེད། ངས་ཁྱེད་ལ་སྐྱབས་འཇུག་ཅིག་ཞུ། ཁྱེད་ཀྱིས་ང་ལ་འདི་དག་ཐམས་ཅད་ལ་ཕན་ཐོགས་ཅི་ཞིག་ཡོད་པར་གསུངས་དང་”ཞེས་བྲིས་ཡོད།

མི་ཆོས་རིང་ལུགས་པ་རྣམས་ཀྱིས་གནའ་རབས་ཀྱི་རྩོམ་པ་པོ་རྣམས་ནི་ལད་མོ་བྱེད་རིན་ཡོད་པའི་དཔའ་བོ་ཡིན་ཞེས་བཤད་ཅིང་། མི་ཆོས་རིང་ལུགས་པ་ཐམས་ཅད་ཀྱིས་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློ་ཁས་ལེན་གནང་བཞིན་ཡོད་ལ། ཆོས་འཆད་མཁན་རྣམས་ཀྱི་ཆོས་ལུགས་རིག་གནས་ཀྱང་འཐུས་ཚང་སྐྱོན་མེད་ཅིག་ཡིན་མོད། འོན་ཀྱང་། མི་ཆོས་རིང་ལུགས་ནི་སྔར་བཞིན་གདམ་ག་བྱ་ཆོག་པའི་ཤེས་བྱ་དང་རིག་གནས་ལ་ཕྱོགས་པའི་ཐབས་ལམ་ཞིག་ཡིན། ཁོང་རྣམས་ཀྱིས་མི་ཆོས་རིག་ཚན་གྱིས་མིའི་རིགས་ཀྱི་ཤེས་བྱ་འཕེལ་རྒྱས་སུ་གཏོང་བར་མ་ཟད། དེ་དག་“འཚོ་བའི་སྒྱུ་རྩལ་”ངེས་པའི་ཐབས་སུ་ཡང་འཁྱེར་རུང་བར་འདོད། པི་ཏེ་ལ་ཁེས་གནའ་གཞུང་སྙན་ངག་དང་ཚིག་སྦྱོར་རིག་པ་སོགས་ལ་སློབ་སྦྱོང་བྱས་པ་ལ་བརྟེན་ན་ས་མི་རྣམས་ལ་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཀུན་སྤྱོད་མིན་པའི་ལྟ་བ་བསྐྱེད་པ་ཡང་ཡོད་ཅེས་གསུངས།

ཆོས་གྲྭའི་མཚན་ཉིད་རིག་པ་བ་རྣམས་དང་མི་འདྲ་བར་མི་ཆོས་རིང་ལུགས་པ་རྣམས་ཀྱིས་མཚན་ཉིད་རིག་པའི་གཞུང་ལུགས་སོགས་ལ་ཞིབ་འཇུག་གནང་དགོས་པ་ལས། སྒོ་བཀག་ནས་ཤིང་རྟ་བཟོ་བའི་ལས་ཙམ་གྱིས་ཅི་ཡང་མི་འཐུས་པའི་ཚུལ་ལ་ཡིད་ཆེས་ཆེན་མོ་གནང་བཞིན་ཡོད། པི་ཏེ་ལ་ཁེ་ཡིས་བསྐྱར་དུ་གནའ་གཞུང་དུས་རབས་ཀྱི་ཕུགས་བསམ་ཡང་མངོན་པར་བྱས་ཡོད་དེ། དེ་ཡང་མཚན་ཉིད་རིག་པ་བའམ་མི་ཆོས་རིང་ལུགས་པ་ཞིག་ཡིན་ནས་བཟུང་རྒྱལ་ཁབ་དོ་དམ་བྱེད་ཐུབ་པའི་མཁས་པ་ཞིག་ཀྱང་ཡིན་འོས་པའོ།། ཞི་སེ་ལོས་མི་ཞིག་རླབས་ཆེན་ཡིན་མིན་ནི་ཁོའི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་མི་ལྟ་བར། ཁོས་སྐྱེས་ཐོབ་ཀྱི་ཤེས་རབ་དེ་དག་ཡང་དག་པའི་གནས་གང་ཞིག་ཏུ་བཀོལ་སྤྱོད་བྱེད་ཐུབ་མིན་ལ་བལྟ་དགོས་ཀྱི་ཡོད་ཅེས་གསུངས། དེའི་ཕྱིར། ཧུར་བརྩོན་གྱིས་འཚོ་བ་རོལ་བ་དང་། ཧུར་བརྩོན་གྱིས་སྤྱི་པའི་ལས་དོན་སྒྲུབ་པ་སོགས་ནི་ཞི་སེ་ལོས་བཞེད་པའི་བློ་གྲོས་ཀྱི་མཚོན་བྱེད་ཤ་སྟག་ཏུ་ངེས། མི་ཆོས་རིང་ལུགས་པ་རྣམས་ཀྱིས་གནའ་བོའི་གྷི་རི་སེ་དང་གནའ་བོའི་རོ་མའི་ཡིག་ཚངས་སོགས་ལས་རང་ཉིད་ཀྱི་མཁར་གྲོང་རྒྱལ་ཕྲན་གྱི་སྤྱིའི་ལས་དོན་ཇི་ལྟར་ཐག་གཅོད་པའི་ཐབས་ལམ་འཚོལ་བཞིན་ཡོད། དུས་རབས་15པའི་དུས་སྟོད་དུ་སྤྱིར་བཏང་དུ“གྲོང་མིའི་མི་ཆོས་རིང་ལུགས་ཀྱི་དུས་སྐབས་”ཞེས་བརྗོད་པ་དེ་ཡང་མི་ཆོས་རིང་ལུགས་པ་དང་སྒྱུ་རྩལ་པ་རྣམས་ཀྱིས་རང་ཉིད་གང་ལ་གཏོགས་པའི་མཁར་གྲོང་རྒྱལ་ཕྲན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྐྱེན་གྱིས་རེད། རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་པ་པོ་རྣམས་ནི་གནའ་བོའི་རོ་མའི་རྩོམ་པ་པོ་དང་འདྲ་བར་གཙོ་བོ་བློ་གྲོས་དང་། ཀུན་སྤྱོད། ཆབ་སྲིད་སོགས་སྤྱི་འདུས་ཀྱི་རྒྱབ་ལྗོངས་ལས་མངོན་པའི་ཀུན་སྤྱོད་ཀྱི་ཚད་གཞིར་དོ་ཁུར་ལྷག་པར་གནང་ཞིང་། ཁོང་རྣམས་ཀྱིས་ད་དུང་གནའ་གཞུང་གི་ཡིག་ཚངས་སོགས་ཀྱི་ཚིག་ཉམས་ལ་ལད་མོ་བྱས་ནས་བརྗིད་ཉམས་ལྡན་པའི་མཁར་གྲོང་རྒྱལ་ཕྲན་གྱི་ལོ་རྒྱུས་དང་། སྙན་ཞིང་འཇེབས་པའི་ལྷུག་རྩོམ་དང་། ངན་སྐུལ་རང་བཞིན་གྱི་གཏམ་བཤད་དང་། འུད་བརྗོད་ཀྱི་རྣམ་ཐར་དང་། ཚིག་རྒྱན་གཙོ་བོར་བྱས་པའི་སྙན་རྩོམ་སོགས་ཀྱང་བྲིས་ཡོད།


རིག་རྩལ་བསྐྱར་དར་དང་ཆོས་ལུགས།


སྤྱིར་རིག་རྩལ་བསྐྱར་དར་དུས་སྐབས་སུ་གནའ་གཞུང་གི་ཡིག་སྨར་དང་བསམ་བློའི་ཉིང་དགོས་སོགས་བསྐྱར་དུ་མངོན་པར་བྱས་མོད། འོན་ཀྱང་། སྔར་བཞིན་དེ་ཡང་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་ཡོད། ཕྱི་ལོ་1321ལོར་ཏན་ཏེན་གྱིསས་བརྩམས་པའི་གཏམ་རྒྱུད་རང་བཞིན་གྱི་སྙན་ངག་《ལྷའི་རོལ་མོ་》ཞེས་བྱ་བ་ལས་དཔེ་མཚོན་ཅན་གྱི་དུས་རབས་བར་མའི་བསམ་བློ་སོགས་དང་། གནའ་བོའི་ལ་ཏིང་སྐད་ཡིག་གི་སློབ་གསོ་དང་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་རིག་པས་རྣམ་དཔྱོད་ཅན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བསམ་བློ་དང་རྩོམ་རིག་བརྩམས་ཆོས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་སོགས་ཀྱང་མཚོན་པར་བྱས་ཡོད།《ལྷའི་རོལ་མོ་》ཞེས་བྱ་བར་ཏན་ཏེན་་དམྱལ་ཁམས་དང་། བཙོན་ཁང་། ལྷ་ཡུལ་སོགས་སུ་སྐྱོད་པའི་སྐབས་སུ་ཁོང་ཉིད་ལོ་རྒྱུས་ལས་བྱུང་བའི་མི་སྣ་ཁག་གཅིག་དང་འཕྲད་པ་དང་། ཁོ་ཚོས་རང་ཉིད་ཀྱིས་བསགས་པའི་སྡིག་ཉེས་ཀྱི་རྐྱེན་པས་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་ལ། ནམ་ཞིག་གི་ཚེ་ན་སྡིག་པ་སེལ་ནས་ལྷ་ཡུལ་དུ་སྐྱེ་བའམ་ཡང་ན་མི་ཡུལ་དུ་སྐྱེས་ནས་བཟང་སྤྱོད་གནང་བས་བདེ་སྐྱིད་ལོངས་སུ་སྤྱོད་པར་རེ་སྒུག་བྱས་ནས་བསྡད་ཡོད་པའི་ཚུལ་ཞིག་ཀྱང་གསུངས་ཡོད། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་ཆོས་རིང་ལུགས་པ་རྣམས་ཀྱིས་ཆོས་གྲྭའི་མཚན་ཉིད་རིག་པ་བ་རྣམས་ཟུར་ཕུད་བྱེད་བཞིན་ཡོད་མོད། འོན་ཀྱང་། དེ་ཡང་སྔར་བཞིན་ཆོས་ཚོགས་དང་ཁ་མི་འབྲལ་བར་བྱེད་ཀྱི་ཡོད། ཁོང་རྣམས་ཀྱིས་རང་ཉིད་ཀྱིས་ཡེ་ཤུའི་ཆོས་ལུགས་དབུ་བརྙེས་པའི་གནའ་གཞུང་འཇིག་རྟེན་ལས་ཡེ་ཤུའི་ཆོས་ལུགས་ཀྱི་འབྱུང་ཁུངས་འཚོལ་བཞིན་ཡོད་ཅེས་སྨྲ།

མི་ཆོས་རིང་ལུགས་པ་རྣམས་ཀྱིས་ཡེ་ཤུའི་ཆོས་ལུགས་དར་བའི་གོ་དོན་དེ་ཡང་ཆོས་ལུགས་གཞན་གྱི་དད་ལྡན་པར་གནང་བའི་གནའ་རབས་ཡིག་ཚངས་ལས་གོ་བ་ལེན་བཞིན་ཡོད་ཅིང་། འདི་ལྟ་བུའི་ཐབས་ལམ་ནི་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་ཏེ། དཔེར་ན། གནའ་བོའི་རོ་མའི་སྙན་ངག་པ་ཝེ་ཅིར་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་མོ་《ཨའེ་ཉེ་ཨ་སིའི་དུས་རབས་》ཞེས་པ་ནི་རོ་མའི་གོང་མ་ཆེན་པོ་ཨའོ་ཀུའུ་སི་ཏུའུ་ཡིས་བཀའ་ཕབ་པ་ལྟར་བརྩམས་པ་ཞིག་རེད། ཨའོ་ཀུའུ་སི་ཏུའུ་ཡིས་གླེགས་བབ་གང་དེར་ཁོང་རང་ཉིད་དང་འཛམ་གླིང་དུ་ཞི་བདེ་དང་དཔལ་ཡོན་འཕེལ་རྒྱས་སུ་གནང་བའི་རོ་མ་བཙན་རྒྱལ་ཆེན་མོའི་ཕུན་སུམ་ཚོགས་པའི་གཟུགས་བརྙན་གང་དེ་མངོན་པར་བྱེད་པའི་རེ་བ་བཅིངས་ཡོད་མོད། འོན་ཀྱང་།《ཨའེ་ཉེ་ཨ་སིའི་དུས་རབས་》ཞེས་པ་ལས་བྱུང་བའི་མི་སྣ་གཙོ་བོ་ཨའེ་ཉེ་ཨ་སི་ནི་རོ་མའི་སྤྱི་དམངས་ཀྱི་ཕུགས་བསམ་དང་མི་གཤིས་ཀྱི་དཔེ་མཚོན་ཞིག་ཏུ་ཆགས་ཡོད། ཁོང་གིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལེགས་པར་བསྒྲུབས་ཤིང་། བློ་གཅིག་སེམས་གཅིག་གིས་བཙན་རྒྱལ་ཁོ་ན་ལས་རང་ཉིད་ལ་བསམ་བློ་གཏན་ནས་བཏང་མྱོང་མེད། མི་ཆོས་རིང་ལུགས་པ་རྣམས་ཀྱིས་ལྷ་རིག་པར་བརྟེན་ནས་གནའ་གཞུང་རིང་ལུགས་ཀྱི་གཏམ་རྒྱུད་ལ་འགྲེལ་བཤད་གནང་ཞིང་། ཁོང་རྣམས་ཀྱིས་ཨའེ་ཉེ་ཨ་སིའི་འགྲུལ་བཞུད་ནི་ཡེ་ཤུའི་ཆོས་པ་ཞིག་གི་རྣམ་ཤེས་ཀྱི་འགྲུལ་བཞུད་དུ་འགྲེལ་བཤད་གནང་ཡོད། རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་ཆོས་ཀྱི་གོང་མའི་འཇིག་རྟེན་ལུགས་ཀྱི་དབང་ཤུགས་ཉམས་ཞན་དུ་གྱུར་མོད།

འོན་ཀྱང་། ཆོས་ཚོགས་ནི་དབྱི་ཐ་ལིའི་མི་རྣམས་ཀྱི་འཚོ་བའི་ཁྲོད་སྔར་བཞིན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཏུ་ཆགས་ཡོད། ཆོས་ལུགས་ཀྱི་གནད་དོན་ངོས་ནས་བཤད་ན། རིག་རྩལ་བསྐྱར་དར་གྱི་དུས་སྐབས་ནི་དུས་རབས་བར་མའི་རྒྱུན་མཐུད་ཙམ་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད། དབྱི་ཐ་ལིའི་ཡུལ་ལུང་དུ་ཉུང་མཐར་ཡང་ཆོས་དཔོན་264ཡོད་ཅིང་། ཡེ་ཤུའི་ཆོས་ལུགས་ཀྱི་ཡུལ་ལུང་གཞན་དག་གི་ཆོས་དཔོན་རྣམས་ཀྱི་གྲངས་འབོར་དང་ཧ་ལམ་འདྲ་མཚུངས་སུ་ཆགས་ཡོད། ཕྱི་ལོ1427ལོར་མི་གྲངས་ཁྲི་3.8ཡོད་པའི་ཧྥུ་རོ་རེན་ས་རུ་ཆོས་ཚོགས་སུ་ཞུགས་པའི་ཆོས་འཆད་མཁན་ཁྱོན་བསྡོམས་1400ལྷག་ཡོད། ལོ་རེ་བཞིན་ཆོས་ལུགས་དུས་ཆེན་མང་པོ་ཡང་ཡོད་དེ། དེ་ཡང་མཛེས་རྒྱན་གསར་པས་སྤྲས་པའི་གྲུ་གཟེངས་ཆུང་ཆུང་གིས་གྲུབ་པའི་དཔུང་སྡེ་ཞིག་ཝེ་ཉི་སི་ཆུ་བོའི་སྟེང་དུ་རུ་སྟར་ཅིང་། ལག་ཏུ་མདུང་རིང་ཐོགས་པའི་སྐྱ་དམག་དང་། མཚོ་གྲུ་སོགས་ཀྱི་རྩེད་འགྲན་དང་། དེ་བཞིན་ཤིས་ཡེ་ནའི་ཡུལ་ལུང་དུ་སྤེལ་བའི་རྟ་རྒྱུག་འགྲན་བསྡུར་སོགས་ལ་གཞིགས་ན། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མཁར་གྲོང་རྒྱལ་ཕྲན་དག་ཏུ་སྤྲོ་སྣང་འཕེལ་བའི་དུས་ཆེན་སྣ་ཚོགས་ཤིག་ཡོད་པ་རྟོགས་ཐུབ་ཅིང་། དེ་དག་གིས་ཚུལ་ལུགས་དང་ལྡན་པའི་ཆོས་ལུགས་ཀྱི་བརྩེ་བ་སོགས་གྲོང་མིའི་འཚོ་བ་དང་ཆབ་སྲིད་ཀྱི་འཚོ་བ་སོགས་སུ་འདྲེས་པར་བྱས་ཡོད།


རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྐྱེས་པ་དང་བུད་མེད།


རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རྩོམ་རིག་དང་སྙན་ངག་ཏུ་རང་བྱུང་ཁམས་དང་། མཛེས་སྡུག་དང་། རྗེས་དཔག་སོགས་ལ་གོང་བཀུར་བྱེད་པའི་རྣམ་པས་ཡོངས་སུ་ཕྱུག་འདུག་ཅིང་། མི་སྒེར་ནི་གསུང་རྩོམ་དེ་དག་གི་དོ་སྣང་བྱ་བའི་ཡུལ་གཙོ་བོར་ཆགས་ཡོད། དུས་སྐབས་འདིའི་རྩོམ་པ་པོ་རྣམས་ཀྱིས་མི་ནི་“དཔའ་བོ་ལྟ་བུའི་”དང་“བླ་ན་མེད་པ་”ཞིག་ཡིན་པར་བཟུང་ནས་གང་དེར་བསྟོད་བསྔགས་ཀྱང་མང་དུ་གནང་ཡོད། རིག་པ་བཟང་ཞིང་གཟབ་ནན་ཆེ་བ་ལས། ཆོས་ཚོགས་ཀྱི་རིགས་སུ་མི་གཏོགས་པའི་ལྷ་རིག་པ་བ་རྣམས་ཀྱིས་ནི་སྔར་གྱི་བྱས་ཉེས་བསགས་པའི་དབང་གིས་མིའི་རིགས་ལ་ངོ་བོའི་སྒོ་ནས་རིན་ཐང་སྤུ་ཙམ་ཡང་མེད་ཅེས་ཀུན་ལ་བསླབ་བྱ་གཏོང་བཞིན་ཡོད། རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་མིར་བཟུང་བའི་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་བ་གང་དེས་གནའ་གཞུང་དུས་རབས་སུ་མི་སྒེར་གྱི་བླ་ན་མེད་པའི་ཀུན་སྤྱོད་དང་། དོན་དངོས་མཐོང་བའི་ཤེས་རབ་ཀྱི་ནུས་པ་སོགས་ཁས་ལེན་པའི་ལུགས་དེ་བསྐྱར་མཚོན་བྱས་པ་ཞིག་ཡིན།

ལྟ་བ་འདི་གཞིར་བཟུང་ན། སྤྱིར་བཏང་གི་མི་རྣམས་ཀྱིས་ཀྱང་ཆོས་དཔོན་གྱི་མཛུབ་སྟོན་ལ་བརྟེན་མི་དགོས་པར་གནའ་བོའི་ཡིག་ཚངས་སོགས་བཀླགས་ནས་གང་ཞིག་ནི་ཀུན་སྤྱོད་ཡིན་པའི་ཚུལ་གསལ་བཤད་བྱེད་ཐུབ་ཀྱི་ཡོད། མི་ཕལ་མོ་ཆེས་ལ་ཏིང་སྐད་དང་གྷི་རི་སེའི་སྐད་མཁྱེན་པར་གྱུར་ན། ཁོ་ཚོས་ཆོས་ཚོགས་ཀྱི་མཛུབ་སྟོན་དང་གཏན་འཇགས་ཀྱི་སློབ་གྲྭའི་ཁོར་ཡུག་སོགས་ཀྱི་རོགས་རམ་ལ་བརྟེན་ནས་རང་ཉིད་ཀྱི་བློ་གྲོས་འཕེལ་བའི་ཐབས་ལ་འབད་དགོས་ཀྱི་མེད། ཧྥུ་རོ་རེན་ས་དང་། པོ་ལུའོ་ཉི་ཡ། ཕ་ཏུའོ་ཝ་སོགས་ཀྱི་སློབ་ཆེན་དུ་ཡང་རིམ་གྱིས་མི་ཆོས་རིང་ལུགས་ཀྱི་སློབ་ཚན་བྱུང་མོད། འོན་ཀྱང་། སློབ་ཆེན་དེ་དག་ཏུ་གཙོ་བོ་ཆོས་གྲྭའི་མཚན་ཉིད་རིག་པའི་ཡན་ལག་ཏུ་གྱུར་པའི་ལྷ་རིག་པའི་བསྟན་དོན་སོགས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། སློབ་ཆེན་དུ་སློབ་ཁྲིད་གང་བྱས་ཐམས་ཅད་ཀྱང་སྔར་བཞིན་ཁྲིམས་ལུགས་རིག་པ་དང་། གསོ་བ་རིག་པ་དང་། ལྷ་གཉེར་ལས་རིགས་སོགས་ཀྱི་ཆེད་མཁས་པ་གསོ་སྐྱོང་བྱེད་པ་ལས་ཀྱི་གཙོ་བོར་འཛིན་བཞིན་ཡོད་པས། སློབ་ཆེན་དེ་དག་ལས་མི་ཆོས་རིང་ལུགས་ཀྱི་སློབ་ཐོན་སློབ་མ་ཤིན་ཏུ་དཀོན།

མི་ཆོས་རིང་ལུགས་པ་ཞིག་གིས་“ང་ཚོས་འདི་ལྟ་བུའི་ཞིབ་འཇུག་ལ་མི་ཆོས་ཞིབ་འཇུག་ཅེས་བརྗོད་དོན་ནི་གང་དེས་མི་རྣམས་རང་དབང་ཅན་དུ་གཏོང་བས་ཡིན་ཞིང་། དེ་ནི་མི་ཆོས་དང་མཐུན་པ་ཞིག་ཀྱང་རེད་དེ། དེ་ཡང་གང་དེས་མི་རྣམས་འཐུས་ཚང་དུ་གཏོང་ལ། གང་དེར་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་ལ་བརྟེན་ནས་ང་ཚོ་ལ་བཟང་བོའི་སྤྱོད་པ་དང་ཤེས་རབ་ཐོབ་པ་ཡང་ཡོད། འདི་ལྟ་བུའི་སློབ་གསོའི་རིགས་ཀྱིས་མི་རྣམས་རྨོངས་གཉིད་ལས་སད་དུ་འཇུག་ཅིང་། མིའི་ཁྱད་དུ་འཕགས་པའི་ལུས་པོ་དང་བློ་རིག་གི་ནུས་པ་སོགས་གསོ་སྐྱོང་དང་སྦྱོང་བརྡར་ཡང་བྱེད་”ཅེས་བྲིས་ཡོད། ལོ་ན་གཞོན་པའི་སྨི་ལན་ཏུའོ་ལས་(1463-1494)“འདི་ནི་མིའི་རིགས་ཀྱི་རིམ་པ་མཐོ་ཞིང་བསམ་ཡུལ་ལས་འདས་པའི་བདེ་སྐྱིད་ཅིག་ཡིན་ཞིང་། དེ་ཡང་མི་རྣམས་ཀྱིས་རང་ཉིད་ཀྱི་འདོད་པ་ལྟར་ཡོད་ཚད་ལ་འདེམས་གསེས་བྱ་ཆོག་ཅིང་། རང་ཉིད་གང་ལ་འགྱུར་འདོད་པའི་མི་དེ་རུ་ཡང་འགྱུར་ཆོག་གི་ཡོད་”ཅེས་གསུངས། ད་དུང་ཡང་ཁོང་གིས་མི་ནི་རང་ཚུགས་ཅན་དང་རང་ཚོད་ཟིན་པའི་རིགས་ཅན་དུ་གཏོགས་པས། རང་དགར་ཀུན་སྤྱོད་ཐད་དུ་གདམ་ག་བྱེད་ཆོག་པར་མ་ཟད། ཡེ་ཤུའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་འོག་མི་རྣམས་ཀྱང་“རང་ཉིད་ཀྱི་ལུགས་རྒྱག་མཁན་དང་བརྐོས་རིས་མཁན་”དུ་འགྱུར་ཆོག་ཅེས་ཀྱང་གསུངས།

ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་མཁས་པ་མཱ་ཅི་ཡ་ཝུའེ་ལིས་(1469-1527)ཀྱང་གནའ་རབས་ཡིག་ཚངས་སོགས་ལ་ཞིབ་འཇུག་གནང་བའི་སྐབས་སུ་ཡང་མི་སྒེར་ལ་བློ་ཡིད་ཚིམ་པའི་ཚོར་སྣང་འབྱུང་ཞེས་གསུངས། ཁོང་གིས་སྔོན་ཆད་ཕྱི་འབྲེལ་གྱི་གཞུང་ཚབ་ཆེན་པོ་ཞིག་བྱས་པའི་ངོས་ནས་ཧྥུ་རོ་རེན་སའི་ཁྲིམས་སའི་གླ་མི་ཞིག་བྱས་མྱོང་། འོན་ཀྱང་། མེ་དྷི་ལྗི་ཁྱིམ་རྒྱུད་ཀྱིས་སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་བསློགས་རྗེས་སུ་མ་ཅི་ཡ་ཝེ་ལི་ཡང་གནས་དབྱུང་དུ་བཏང་བས། ཁོང་ཁྱིམ་ཡི་ཡོངས་ཧྥུ་རོ་རེན་ས་རུ་གནས་སྤོར་བྱས། མཱ་ཅི་ཡ་ཝུའེ་ལིས་ཁོང་གི་འཚོ་བ་ནི་གྲོང་གསེབ་ཀྱི་འཇིག་རྟེན་པའི་ལུགས་ཀྱི་བྱ་བ་ཙག་ཙིག་གིས་མནར་བར་འཁང་ར་བྱེད་ཀྱི་ཡོད། འོན་ཀྱང“ནམ་རྒྱུན་ས་རིབ་པའི་སྐབས་སུ་ང་རང་ཁྱིམ་དུ་ལོག་ནས་ཞིབ་འཇུག་གི་ལས་སུ་ཞུགས་ཤིང་། སྒོ་ཁ་ནས་ངས་འདམ་གྱིས་ཁེངས་ཤིང་རྔུལ་ཆུ་བཞུར་བཞིན་པའི་ལས་གོས་ཕུད་ནས། ཕོ་བྲང་དང་ཁྲིམས་རེའི་ཕྱུ་ལྭ་གྱོན་པ་ཡིན། གཟབ་ནན་གྱི་ངང་ཚུལ་ལྷག་པར་དོད་པའི་ལྭ་རིང་འདིས་ང་གནའ་མིའི་ཁྲིམས་སར་ཁྲིད། ཁོང་ཚོས་ང་ལ་དགའ་བསུ་གནང་ཞིང་། ངའི་ཤེས་རབ་ཀྱི་འབྲས་བུ་ལ་ལོངས་སྤྱོད་གནང་བས། ང་ལ་ཡང་རང་ཉིད་ནི་དོན་འདི་ཙམ་གྱི་དོན་དུ་གསོན་ཡོད་པའི་སྣང་བ་བྱུང་། དེ་ནས་ངས་ཀྱང་སྤོབས་པ་ཆེན་པོས་ཁོང་ཚོ་དང་མཉམ་དུ་ཁ་བརྡ་བྱས་ཤིང་། ཁོང་རྣམས་ཀྱི་སྤྱོད་ལམ་སོགས་ཀྱི་ཀུན་སློང་དྲིས་པ་ཡིན། ཁོང་རྣམས་ཀྱིས་ཀྱང་བྱམས་བརྩེའི་སྒོ་ནས་ང་ལ་རེ་རེ་བཞིན་ལན་གནང་། གནས་དེར་ཆུ་ཚོད་བཞི་ཙམ་གྱི་རིང་དུ་བསྡད་ཅིང་། དེའི་རིང་དུ་ངས་འཇིག་རྟེན་ལུགས་ཀྱི་དོན་ཐམས་ཅད་ཀྱང་ཀླད་པའི་ལྟག་རྒྱབ་ཏུ་གཡུག་ཅིང་། འཇིག་རྟེན་གྱི་སུན་སྣང་སྣ་ཚོགས་ཀྱང་བརྗེད་པར་གྱུར། དབུལ་ཕོངས་ལ་ཡང་མི་སྐྲག་ལ། ཐ་ན་འཆི་བའི་འཇིགས་སྐྲག་གིས་ཀྱང་ང་ལ་མི་བདེ་བའི་ཚོར་བ་གང་ཡང་བསྐྱེད་ཐུབ་པར་མ་གྱུར། ང་ནི་ཁོང་རྣམས་ཀྱི་འཇིག་རྟེན་དང་འདྲེས་སོང་”ཞེས་གསུངས། མ་ཅི་ཡ་ཝེ་ལིས་སྐབས་འདིར་གནའ་བོའི་ཡིག་ཚང་ཀློག་པ་ལ་བརྟེན་ནས་བྱུང་བའི་སྤྲོ་སྣང་སོགས་ཞིབ་པར་བརྗོད་འདུག

རང་རྣམ་རིགས་ཀྱི་རྩོམ་ལུས་འཕེལ་རྒྱས་བྱུང་བ་འདིས་དུས་སྐབས་དེའི་རིང་མི་སྒེར་ལ་བསྟོད་བསྔགས་ལྷག་པར་བྱུང་བའི་ཚུལ་མཚོན་བཞིན་ཡོད། སྤྱིར་རང་རྣམ་དེ་རིགས་ནི་རྟག་ཏུ་སྤྱི་བའི་མི་སྣའི་བྱུང་བ་ཙམ་དུ་ཟད་ཅིང་། དེ་ཡང་གང་དེའི་མཚོན་ཚུལ་མང་ཆེ་བ་ནི་མི་དེ་དག་གིས་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་མཐོང་ལམ་དུ་མངོན་པར་བྱས་པའི་གཟུགས་བརྙན་ཙམ་ཡིན་པས། དེ་ཡང་མི་སྒེར་གྱི་འཚོ་བ་དང་འབྲེལ་བ་འགའ་ཡང་མེད། དུས་རབས་བཅོ་ལྔ་བའི་དུས་སྟོད་དུ་སྒྱུ་རྩལ་གྱི་ཁྱབ་ཁོངས་སུའང་འདྲ་རིས་དང་རང་བྲིས་གཟུགས་བརྙན་ལྟ་བུའི་རིགས་གསར་པ་བྱུང་ཞིང་། རྒྱལ་པོ་དང་། དབང་སྒྱུར་པ་དང་། བློན་ཆེན་དང་། ཕྱུག་བདག་ཆེན་པོ་འགའ་ཞིག་ཀྱང་སྟོན་པ་ཡེ་ཤུ་དང་། འཕགས་མ་མ་ལི་ཡ་དང་། འཕགས་པའི་རིགས་སོགས་དང་འདྲ་བར་རི་མོའི་བརྗོད་བྱ་གཙོ་བོར་ཆགས་ཡོད།
སྐབས་དེའི་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་དག་གི་མི་ཕལ་མོ་ཆེས་“ཅི་ཞིག་ལ་དཔལ་ཡོན་བརྗོད་པའི་”སྐོར་གསལ་བོར་རྟོགས་ཡོད་ཅིང་། དེ་བས་སྤྱི་ཚོགས་ཀྱི་མི་ཕལ་མོ་ཆེས་ཀྱང་མིའི་གྲལ་རིམ་ནན་གྱིས་བཤད་བཞིན་ཡོད། དབྱི་ཐ་ལིའི་སྐུ་དྲག་རྣམས་ནི་ཡོ་རོབ་གླིང་གི་ཡུལ་ལུང་གཞན་གྱི་མི་རྣམས་ལས་ཀྱང་གཙང་དག་ཅིག་ཡོད་ཅིང་། དྲི་ཞིམ་ཆུའི་རིགས་ཀྱང་ལྷག་ཏུ་མང་། “ཇི་ལྟར་གུས་ལུགས་དང་མཐུན་པར་བྱེད་པ་དང་། སྤྱོད་ལམ་དང་འཚམ་པའི་མི་ཞིག་བྱ་དགོས་”པའི་སྐོར་གྱི་གླེགས་བམ་ཡང་མང་དུ་འབྱུང་འགོ་བཟུང་། རྩོམ་པ་པོ་པའར་ཏ་ས་ལེ·ཁ་སི་ཏི་ལིའོ་ནའེ་ལགས་ཀྱིས་(1478–1529)བཟང་སྤྱོད་དང་ལྡན་པའི་མི་ཞིག་ཡིན་ཕྱིན་ངེས་པར་དུ་“ཅི་ཞིག་བཤད་པའམ་ཅི་ཞིག་བསྒྲུབས་པ་གང་ཡིན་རུང་སྡུག་བསྔལ་སྤུ་ཙམ་ཡང་མེད་པ་ཞིག་ཡིན་འོས་ཤིང་། དེ་ཡང་བསམ་བློ་ཙམ་ཡང་མི་གཏོང་བར་བསྒྲུབ་དགོས་པའི་”འདོད་ཚུལ་བཟུང་། དེ་ཡང་བཟང་སྤྱོད་ནི་མིའི་འདུ་ཤེས་ཀྱི་ཆ་ཤས་ཤིག་ཡིན་པ་སོགས་གསལ་བོར་མཚོན་ཡོད་ཅིང་། ཁོང་གིས་ད་དུང་བུད་མེད་རྣམས་ཀྱིས་“བྲིས་དང་། རོལ་དབྱངས། རི་མོ་སོགས་ཁོང་དུ་ཆུད་པ་ཞིིག་བྱ་དགོས་པའི་འདོད་ཚུལ་བཏོན་ཡོད།

ཁ་སི་ཏི་ལིའོ་ནེ་ཡི་《རྒྱལ་བློན་》(1528)ཞེས་པའི་རྩོམ་ཡིག་ཏུ་ཕུགས་བསམ་ཅན་གྱི་བློན་ཆེན་དང་ཕོ་བྲང་གི་ཞལ་ཏ་མ་ནི་ཅི་འདྲ་ཞིག་ཡིན་དགོས་ཚུལ་ཡང་བྲིས་ཡོད་དེ། དེ་ཡང་ཁོའམ་ཁོ་མོས་ངེས་པར་དུ་གནའ་བོའི་སྐད་ཡིག་ཏུ་གཏོགས་པའི་སྐད་རིགས་མང་པོ་ཞིག་ཁོང་དུ་ཆུད་དགོས་པར་མ་ཟད། ད་དུང་རི་མོ་འབྲི་བ་དང་། གླུ་ལེན་པ་དང་། སྙན་ངག་འབྲི་བའི་ལས་སོགས་ཀྱང་བྱེད་ཐུབ་པ་ཞིག་དགོས་ཤིང་། དེ་བཞིན་དུ་རྒྱལ་པོའི་ཆེད་དུ་ཐབས་ཇུས་འདོན་མཁས་པ་དང་དཀའ་ངལ་སེལ་རོགས་བྱེད་ཐུབ་ཞིག་ཀྱང་དགོས་ཀྱི་ཡོད།དེ་ལས་གཞན་དུ་ད་དུང་ཡང་ངེས་པར་དུ་ཞི་དགྲ་གཉིས་ལྡན་དང་། མཆོང་རྒྱག་གཉིས་ལ་བྱང་བ་དང་། ཆུ་རྐྱལ་བྱེད་མཁས་དང་། སྤེལ་ག་རྒྱག་མཁས་པ་སོགས་“ཀུན་འཇོན་ཀུན་འཛོམས་ཀྱི་མི་”དང་“རིག་རྩལ་བསྐྱར་དར་གྱི་མི་”ཞིག་ཏུ་འགྱུར་དགོས་པར་གསུངས། ལྟ་ཚུལ་འདི་དག་ནི་ཡུན་རིང་རྒྱུན་འཁྱོངས་བྱས་ནས་ཡོང་མོད། འོན་ཀྱང་། དོན་དངོས་སུ་མི་ཐམས་ཅད་ལ་ཡང་འདི་འདྲའི་སློབ་ཚན་དུ་མ་ཞིག་ལ་སློབ་པའི་དུས་ཚོད་སོགས་འདང་ངེས་ཤིག་ཡོད་མི་སྲིད།

ལེ་ཝོ་ནཱ་ཌོ•དྷོ•ཧྥུན་ཅུའི་བརྩམས་ཆོས་རི་མོ།

འོན་ཀྱང་། སྐབས་དེར་སྐྱེས་བུ་གང་ཞིག་ལ་ནི་རིག་རྩལ་བསྐྱར་གྱི་མི་ཞིག་བརྗོད་ཆོག་ཅིང་། ཁོང་ནི་མི་ཆོས་རིང་ལུགས་པ་ཞིག་མིན་ལ། ལ་ཏིང་སྐད་ལ་ཡང་བྱང་ཆ་མེད་དེ། དེ་ཡང་ཁོང་ནི་ལེ་ཝོ་ནཱ་ཌོ•དྷོ•ཧྥུན་ཅུ་(14521519)ཡིན། སྤྱིར་ཁོང་ནི་རི་མོ་དང་། ཚན་རིག་དང་། ཨར་སྐྲུན་དང་། དམག་དོན་བཟོ་སྐྲུན་དང་། གསར་གཏོད་དང་། མཚན་ཉིད་རིག་པ་སོགས་ལ་བྱང་ཆུབ་པའི་མཁས་པ་ཞིག་ཡིན། ཧྥུན་ཅི་ནི་ཐོ་སི་ཁ་ནའི་སྡེ་བ་ཞིག་གི་གཞུང་དཔང་བ་ཞིག་གི་བྱིས་པ་ཡིན་ཞིང་། ལོ་བཅུ་གཉིས་ཀྱི་སྟེང་དུ་ཁོང་ཧྥུ་རོ་རེན་སའི་རི་མོ་བ་ཞིག་གི་སློབ་མར་གྱུར་ཅིང་། དུས་ཕྱིས་སུ་ཁོང་ལག་ཤེས་བཟོ་བའི་ཚོགས་པ་ཞིག་ཏུ་ཞུགས་མོད། འོན་ཀྱང་། ཕྱི་ལོ་1482ལོར་ཁོང་སྨི་ལན་དུ་མ་ཕེབས་གོང་དུ། སྔར་བཞིན་དགེ་རྒན་གྱི་ལས་སྒྲུབ་ཁང་ནས་གསར་རྩོམ་གྱི་ལས་ལ་གཞོལ་བར་གནང་། སྨི་ལན་ནས་ཁོང་སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱི་རོགས་དངུལ་ལ་བརྟེན་ནས་“སྨི་ལན་གྱི་ལྷ་འབྲི་བ་ཆེན་མོ་དང་བཟོ་བཀོད་པ་”ཞིག་ཏུ་གྱུར་ཅིང་། ཧྥུན་ཅིས་ཕྱོགས་གཅིག་ནས་རང་གི་ལས་དོན་ཁང་དུ་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་ཞིང་། ཕྱོགས་གཞན་ནས་མི་དང་སྲོག་ཆགས་ཀྱི་གཤག་བཅོས་རིག་པར་ཞིབ་འཇུག་གནང་། ཁོང་གི་རི་མོ་དག་ནི་ཆེས་སྔ་ཞིང་དེང་རབས་ཀྱི་ནང་དོན་གྱིས་ཕྱུག་པའི་རི་མོ་རུ་ཆགས་ཡོད། ཧྥུན་ཅིས་སྐབས་དེ་ནས་བཟུང་རང་ཉིད་ཀྱི་སྤྱིར་བཏང་གི་ཟིན་བྲིས་སོགས་ཕྱོགས་བསྒྲིགས་གནང་ཞིང་། རང་ཉིད་ཀྱི་བསམ་ཚུལ་སྣ་ཚོགས་དང་མཐོང་ཐོས་མྱོང་གསུམ་སོགས་ཐམས་ཅད་ཀྱང་ཟིན་བྲིས་སུ་བཀོད། ཁོང་གིས་ད་དུང་རྟའི་འཇིག་བརྐོས་ཆེན་པོ་ཞིག་བཞེངས་ཤིང་། ཟློས་གར་འཁྲབ་སྟོན་གྱི་གྱོན་ཆས་ཀྱང་ཇུས་འགོད་གནང་།

གཞན་དུ་ཁོང་དམག་དོན་བཟོ་བཀོད་པ་ཞིག་ཡིན་པའི་ངོས་ནས་དམག་དོན་ལས་གྲྭའི་འཛུགས་སྐྲུན་ནང་དུ་ཞུགས་མྱོང་བར་མ་ཟད། ཐ་ན་རྒྱལ་པོའི་ཕོ་བྲང་ལ་ཡང་མཛེས་རྒྱན་སྤྲས་མྱོང། ཕྱི་ལོ་1500ལོར་ཧྥུན་ཅི་ཡང་བསྐྱར་ཧྥུ་རོ་རེན་ས་རུ་ལོག་ཅིང་། དེ་ནས་ལོ་དྲུག་ཙམ་ཕྱིན་རྗེས་སུ་ཁོང་ཧྥ་རན་སིའི་ཧྥོ་ལང་སུའོ་ཝ་སྐུ་རབས་དང་པོའི་གདན་ཞུས་ལྟར་སླར་ཡང་སྨི་ལན་དུ་ཕེབས། སྨི་ལན་ནི་ཧྥ་རན་སིའི་རྒྱལ་པོའི་ཚོད་འཛིན་ལས་གྲོལ་བའི་རྗེས་སུ་ཁོང་ཡང་ལྷོ་ཕྱོགས་ཀྱི་རོ་མ་རུ་ཕྱག་ཕེབས་གནང་ཞིང་། སྐབས་དེའི་ཆོས་ཀྱི་གོང་མ་ལི་ཨའོ་སྐུ་རབས་བཅུ་པར་སྲི་ཞུ་མང་དུ་ཞུས། ཕྱི་ལོ་1516ལོར་ཧྥ་རན་སིའི་རྒྱལ་པོས་ཧྥུན་ཅི་ལུའུ་ཝར་ཆུ་བོའི་ཉེ་འདབས་ཀྱི་ཨང་པུའུ་ཝ་སིའི་མཁར་རྫོང་དུ་ཁྲིད་ཅིང་། དེ་ག་ནས་ཧྥུན་ཅིས་རྒྱལ་པོ་ཚང་གི་རྟེན་འབྲེལ་མཛད་སྒོ་ཇུས་འགོད་བྱས་པར་མ་ཟད། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཆོས་རྒྱལ་ལ་གང་ནུས་ཀྱིས་སྲི་ཞུ་བསྒྲུབས་ནས། ཕྱི་ལོ་1519ལོར་མྱ་ངན་ལས་འདས།
    གལ་ཏེ་རིག་རྩལ་བསྐྱར་དར་ལས་འགུལ་ནི་མིའི་རིན་ཐང་“མངོན་འགྱུར་”བྱས་པ་རེད་ཅེས་བརྗོད་ན། དེ་ཡང་ཚད་ངེས་ཅན་ཞིག་གི་ངོས་ནས་བཤད་ན་སྐྱེས་པའི་རིན་ཐང་ཙམ་མངོན་འགྱུར་བྱས་པ་རེད་ཅེས་བརྗོད་པ་དང་འདྲ་བོ་འདུག སྐབས་དེར་ཆོས་ཚོགས་ཀྱིས་བུད་མེད་རྣམས་ནི་ནག་ཉེས་ཅན་གྱི་ཞ་ཝའི་བུ་མོ་ཡིན་པར་འདོད་ཅིང་། བཅའ་ཁྲིམས་ཀྱི་ངོས་བཤད་ན་བུད་མེད་ནི་སྐྱེས་པར་དབང་བ་ཞིག་ཡིན་ལ། ཁོ་མོ་ཚོར་རང་ཉིད་ཀྱི་རྒྱུ་ནོར་ཡོད་ཆོག་ཅིང་། མ་ཟད་དེ་འབྲེལ་གྱི་ཁ་ཆེམས་ཀྱང་བཞག་ཆོག་གི་ཡོད། འོན་ཀྱང་། ཁོ་མོ་ཚོས་ཁྱོ་གས་མོས་མཐུན་མ་བྱས་པར་རང་ཉིད་ཀྱི་རྒྱུ་ནོར་སོགས་གཞན་ལ་བཙོང་མི་ཆོག་པ་ཡིན། ཁྱིམ་ཚང་ཕྱུག་པོ་ཡིན་མིན་ལ་མ་བལྟོས་པར་ཐམས་ཅད་ཀྱིས་ཀྱང་བུ་ཕྲུག་ལ་མཐོང་ཆེན་བྱེད་ཅིང་། དབུལ་པོའི་ཁྱིམ་ཚང་དག་གིས་ཀྱང་བུ་མོ་རྣམས་དོར་བའམ་ཡང་ན་ཁྱིམ་དང་བར་ཐག་ཅུང་རིང་བའི་རྨོ་མོ་གང་རུང་ཞིག་ལ་སྤྲད་ནས་ལྟ་སྐྱོང་བྱེད་དུ་འཇུག་པ་ཡིན། ཁྱིམ་ཚང་ཕལ་མོ་ཆེས་ཀྱང་བུ་མོ་ཞིག་གསོ་བ་ནི་གྱོང་གུན་ཆེན་པོ་ཞིག་ཏུ་ངོས་བཟུང་ནས་ཡོད། དེ་ཡང་ཁྱིམ་ཚང་གིས་ངེས་པར་དུ་བུ་མོས་གཉེན་སྒྲིག་བྱེད་པའི་སྐབས་སུ་རྫོངས་པ་མང་པོ་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་དབུལ་ཕྱུག་གང་ཡིན་ལ་མ་བལྟོས་པར་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྒྲུབ་དགོས་པས་རེད། དེ་བས་ཁྱིམ་ཚང་ཕྱུག་པོ་རེ་འགས་རང་ཉིད་ཀྱི་བུ་མོ་དགེ་སྒྲུབ་མའི་གནས་སུ་བསྐྱེལ་བ་ཡང་ཡོད། དེ་ཡང་ཆོས་ཚོགས་སུ་ཕོ་མོའི་དབྱེ་བ་ནན་པོ་ཡོད་ཅིང་། བུད་མེད་རྣམས་ཀྱིས་གནས་དེ་ག་ནས་དྲི་མེད་དྭངས་གཙང་གིས་རྒྱུན་འཁྱོངས་བྱེད་ཆོག་ལ། དམ་པའི་རྗེས་འཇུག་པར་འགྱུར་ཆོག་ཅིང་། བུད་མེད་རྣམས་ཀྱི་སྣེ་མོ་ལས་འཛིན་པར་འགྱུར་ཡང་ཆོག་གི་ཡོད། མ་ཟད་དགེ་སྒྲུབ་ཁང་ནས་བུད་མེད་རྣམས་ཀྱིས་རང་མོས་ཀྱིས་སློབ་སྦྱོང་བྱ་ཆོག་གི་ཡོད་པ་སོགས་ཀྱི་རྐྱེན་གྱིས་ཡིན།

འོན་ཀྱང་། སྐུ་དྲག་གི་ཁྱིམ་ཚང་ཁ་ཤས་ཀྱི་ཕ་མ་རྣམས་གཉིས་ཀྱིས་རང་གི་བུ་དང་བུ་མོ་དག་ལ་ཁྱད་པར་མེད་པར་མི་ཆོས་རིག་ཚན་གྱི་ཤེས་བྱ་སྣ་ཚོགས་སློབ་ཀྱིན་ཡོད་ཅིང་། བུ་མོ་འདི་དག་གིས་ནི་ཁྱིམ་གྱི་དགེ་རྒན་གྱི་འགྲམ་ནས་ཡི་གེ་དང་གཏམ་བཤད། སྙན་ངག་སོགས་ལ་སློབ་སྦྱོང་གནང་བཞིན་ཡོད་ཅིང་། ད་དུང་བུད་མེད་ཁ་ཤས་ནི་རྩོམ་འབྲིའི་བྱ་བར་ཞུགས། དེ་ཡང་ཁོ་མོ་ཚོས་ཡོན་ཏན་ཆེན་པོ་འཛོམས་དགོས་པའི་ལས་རིགས་ཏེ། གསོ་རིག་དང་། ཁྲིམས་ལུགས་རིག་པ་དང་། ལྷ་རིག་པ་སོགས་ལ་འཇུག་ཐབས་བྲལ་བས་ཡིན། དབྱི་སོ་ཐ·ནོ་ཅ་ལུའོ་ལ་(1418-1466)ནི་དུས་རབས་15པར་ཝེ་རོ་ན་ནས་བྱུང་བའི་མི་ཆོས་རིང་ལུགས་པའི་སྐྱེས་མ་ཞིག་ཡིན། ཁོ་མོས་འཇིག་རྟེན་གྱི་འཚོ་བ་སོགས་ཡལ་བར་དོར་ནས། ལྷིང་འཇགས་ཀྱིས་ཆོས་ལུགས་ཞིབ་འཇུག་གི་ལས་ལ་གཞོལ་ཅིང་། དབྱི་ཏན་སྐྱེད་ཚལ་ནང་གི་མི་རྣམས་ངན་རུལ་དུ་གྱུར་པའི་སྐོར་གླེང་སྐབས་ཁོང་གིས་བུད་མེད་ཀྱི་གཉོད་ཆུང་ནུས་མེད་ཀྱི་ཆེད་དུ་སེམས་ཁུར་གནང་མྱོང་ལ། དེ་དང་དུས་མཚུངས་སུ་ཁོང་རང་ཉིད་ལ་“སྐྱེས་པ་རྣམས་ལ་མངའ་བའི་བཟང་སྤྱོད་”མེད་ཅེས་ཀྱང་བརྗོད་ཡོད། དེ་ལྟར་ཡིན་ནའང་བུད་མེད་ཁག་གཅིག་དཔེ་སྐྲུན་ཚོང་པ་དང་། དཔེ་ཆའི་ཚོང་པ། པར་འདེབས་ལས་རིགས་པ་སོགས་སུ་བདེ་བླག་ངང་གྱུར་ཅིང་། དགེ་སྒྲུབ་མ་ཁག་གཅིག་ཀྱང་དེའི་གྲས་སུ་ཞུགས་ཡོད། དགེ་སྒྲུབ་མ་དེ་དག་ནི་ཕེ་ཏེ་ལ་ཁེའི་གསུང་རྩོམ་པར་སྐྲུན་བྱེད་སྐབས་སུ་ཡིག་སྒྲིག་གི་བྱ་བར་ཡང་ཞུགས་ཡོད།

འོན་ཀྱང་། བུད་མེད་རྣམས་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པར་འདོད་ན་ཐོག་མར་ཡི་གེ་སྦྱོང་བའི་རྩལ་ནུས་ཁོང་དུ་ཆུད་དགོས་པར་མ་ཟད། ལས་རིགས་དེ་དག་དང་འབྲེལ་བ་ངེས་ཅན་ཞིག་ཀྱང་དགོས་ཀྱི་ཡོད། དཔེར་ན། ཁོ་མོ་རྣམས་ནི་པར་འདེབས་བཟོ་བ་འགའ་ཞིག་གི་བུ་མོའམ་ཡུགས་མོ་ཡིན་ཞིང་། དེ་ཡང་ཁོ་མོ་གང་ལ་གཏོགས་པའི་ཁྱིམ་རྒྱུད་དང་ལས་རིགས་ཚོགས་པ་གཉིས་ཀྱི་དབར་དུ་འབྲེལ་བ་ངེས་པ་ཞིག་ཡོད་པ་ཡིན། འོན་ཀྱང་། བུད་མེད་རྣམས་ཀྱིས་པར་འདེབས་བཟོ་གྲྭའི་བརྩམས་ཆོས་སུ་མིང་འགོད་དགོས་ཟེར་ན་དེ་ནི་དཔེར་མི་སྲིད་པ་ཞིག་རེད། དེ་ཡང་ཁྱིམ་ཚང་གང་ཞིག་གི་ཤུལ་འཛིན་པ་ལོ་ན་མ་སོན་པའི་གནས་ཚུལ་འོག་ཏུ། ཁོ་མོ་ཚོ་ནི་གནས་སྐབས་ཀྱི་གླ་བ་ཁོ་ན་ཙམ་དུ་ཟད།

 མདོར་བསྡུས་ནས་བཤད་ན། རིག་རྩལ་བསྐྱར་དར་ལས་འགུལ་གྱིས་བུད་མེད་རྣམས་བཅིངས་པ་ལས་གྲོལ་མེད་ཅིང་། བུད་མེད་ཀྱི་སྤྱི་ཚོགས་དང་མི་སྒེར་གྱི་འདེམས་གསེས་སོགས་སྔར་ལས་ཀྱང་ཁྱབ་ཁོངས་ཇེ་ཆུང་དུ་ཕྱིན་ཡོད། མཁར་གྲོང་རྒྱལ་ཕྲན་དུ་བུད་མེད་རྣམས་ཀྱིས་སྤྱི་པའི་འཚོ་བའི་གལ་ཆེའི་རང་བཞིན་ནི་དུས་རབས་བར་མའི་ཕོ་བྲང་དུ་ནུས་པ་ལས་ཀྱང་ཇེ་ཞན་དུ་ཆགས་ཡོད། ཁོ་མོ་རྣམས་སྤྱི་པའི་འདུ་ཚོགས་ཀྱི་མདོ་འཛིན་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་། དེ་དག་ཐམས་སཅད་ནི་མཚོན་བྱེད་རང་བཞིན་དང་རྣམ་པ་རང་བཞིན་ཙམ་ལས་མ་འདས། སྤྱིར་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་པ་པོ་རྣམས་ཀྱིས་བུད་མེད་ལ་བསྔགས་བརྗོད་བྱས་ཡོད་མོད། འོན་ཀྱང་། དེ་ནི་ཕུགས་བསམ་གྱི་ངོ་བོར་གྱུར་པའི་རྩོམ་རིག་གསར་རྩོམ་ཞིག་རེད། དངོས་ཡོད་ཀྱི་འཇིག་རྟེན་དུ་བུད་མེད་རྣམས་ཀྱིས་རྒྱུན་པར་ཡབ་དང་ཁྱོ་ག སྐབས་འགར་བརྩེ་གྲོགས་སོགས་ལ་ཞབས་ཞུ་འབའ་ཞིག་སྒྲུབ་བཞིན་ཡོད། བུད་མེད་ཀྱི་སློབ་གསོའི་བཀོད་སྒྲིག་འདི་ལྟ་སྟེ། གལ་ཏེ་སྐྱེས་པ་ཞིག་རང་གི་གཉེན་སྒྲིག་ལ་འགལ་རྐྱེན་བྱུང་ཚེ། བུད་མེད་རྣམས་ནི་སྐྱེས་པ་ལས་ཟུར་དུ་འབུད་དགོས་པ་ལས་གྲོས་མོལ་ཟེར་བ་དེ་འདྲ་རྩ་བ་ནས་མེད་ཚོད་རེད། རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་པ་པོ་རྣམས་ཀྱིས་སྐྱེས་པའི་མྱོང་ཚོར་ལ་མཐོང་ཆེན་ལྷག་པར་བྱེད་པ་ལས་བུད་མེད་ཀྱི་ཚོར་སྣང་དང་བསམ་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད། དབང་གྲགས་ལྡན་པའི་ཁྱིམ་རྒྱུད་ཁ་ཤས་ཏེ། དཔེར་ན་སི་ཧྥུར་ཀྲ་དང་། ཨེ་སི་ཐེ། ཀུང་ས་ཅ་སོགས་ཀྱི་ཁྱིམ་རྒྱུད་ཀྱི་བུད་མེད་རྣམས་ཀྱིས་སྒྱུ་རྩལ་མཁས་ཅན་ཁག་གཅིག་ལ་ཤུགས་རྐྱེན་བཏང་ཡོད་པར་མ་ཟད། དེ་དག་ལ་རོགས་དངུལ་ཡང་སྤྲད་ཡོད་མོད། འོན་ཀྱང་། ཁོ་མོ་ཚོས་མངགས་བཅོལ་གནང་བའི་རི་མོ་བ་དང་འཇིམ་རྐོས་པ་དག་གི་གསར་རྩོམ་གྱི་བརྗོད་བྱ་གཙོ་བོ་ནི་ཁོ་མོ་ཚོའི་ཡབ་དང་ཁྱོ་གས་མངགས་བཅོལ་གནང་བའི་རི་མ་བ་སོགས་ཀྱི་རྩོམ་གསར་གཉིས་ཀྱི་དབར་དུ་ངོ་བོ་སྒོ་ནས་ཁྱད་པར་འགའ་ཡང་མེད། སྐུ་དྲག་ཁྱིམ་རྒྱུད་དེ་དག་ཏུ་སྔར་བཞིན་ཁྱོ་ག་རྣམས་ཀྱིས་དབང་ཆ་བཟུང་ནས་ཡོད།


    རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ།


འཇར་མན་གྱི་རི་མོ་བ་ཨར་པུའུ་ལེ་ཤིས་ཐེ·ཏེ་ལེ་ལགས་ནི་དབྱི་ཐ་ལིའི་ཕྱེད་གླིང་གི་བྱང་རྒྱུད་དུ་ཐེངས་གཉིས་སླེབས་མྱོང་གཞིང་། དེ་ལས་ཐེངས་དང་པོར་ཁོང་གིས་ཝུའེ་ཉི་སིར་འཚམས་འདྲིར་སླེབས་པའི་སྐབས་སུ། ཁོང་གིས་ཀྱང་ཝུའེ་ཉི་སིའི་སྒྱུ་རྩལ་མཁས་ཅན་གྱི་གོ་གནས་ནི་རང་ཉིད་གནས་ཆགས་པའི་གྲོང་ཁྱེར་ཉིའུ་ལུན་པའོ་ཡི་ལས་རོགས་རྣམས་ལས་ཀྱང་ལྷག་པར་མཐོ་བའི་ཚུལ་མཐོང་ཞིང་། ཁོང་གིས་“གནས་འདིར་ང་ནི་མི་དྲག་ཅིག་ཡིན་མོད། འོན་ཀྱང་། ཕ་ཡུལ་དུ་ཡོད་པའི་སྐབས་སུ་ང་ནི་མགྲོན་པོ་ཙམ་ལས་མ་འདས་”ཞེས་བྲིས་ཡོད།

 རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་སྒྱུ་རྩལ་པ་རྣམས་ལ་ཐོབ་པའི་རྒྱབ་སྐྱོར་དང་སྙན་གྲགས་ཀྱིས་ཁོང་རྣམས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཅིང་། དེ་ལ་བརྟེན་ནས་ཁོང་རྣམས་ཀྱིས་གྲུབ་འབྲས་ཀྱང་རྨད་དུ་བྱུང་བ་ཞིག་བླངས་པ་རེད། གྲུབ་འབྲས་འདི་དག་ནི་དུས་སྐབས་དེའི་ཆེས་མངོན་གསལ་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་ཆགས་ཡོད། དུས་རབས་དེའི་ཨར་སྐྲུན་དང་། རི་མོ། འཇིམ་བརྐོས་སོགས་རླབས་ཆེན་གྱི་བརྩམས་ཆོས་སོགས་ནི་དུས་ད་ལྟའི་བར་དུ་དར་ཁྱབ་བྱུང་བས། ལོ་ལྟར་ཡུལ་སྐོར་བ་ཁྲི་སྟོང་དུ་མའི་ཡིད་དབང་བཀུག་ཅིང་། རིགས་གཅིག་མཁས་དབང་རྣམས་ཀྱིས་ཀྱང་ཞིབ་འཇུག་གནང་མས་སུ་མཆིས།


འཛུགས་སྐྲུན།


དེ་ཡང་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྟོད་ཀྱི་ཆ་ལ་འཛུགས་སྐྲུན་གྱི་ཆེད་རྩོམ་དུ་“ཕུགས་བསམ་ལྡན་པའི་གྲོང་ཁྱེར”ནི་འཛུགས་སྐྲུན་གྱི་ཞི་མཐུན་གྲོང་ཁྱེར་ཞིག་ལ་གོ་དགོས། འོན་ཀྱང་། ཧྥོ་ལུའོ་ལུན་ས་དང་། ཞི་ཡེ་ན་ཕེ་ལུའུ་ཅ་དང་། དེ་བཞིན་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གཞན་དག་གིས་ཀྱང་མཁར་གྲོང་གི་ལྟེ་བའི་ཆ་ཤས་སུ་གྱུར་པའི་དུས་རབས་བར་མའི་འཛུགས་སྐྲུན་ཏེ། ཁྲོམ་ར་དང་གྲོང་ཁྱེར་གྱི་སྲིད་དོན་ཁང་སོགས་སྤྱི་བའི་འཛུགས་སྐྲུན་སོགས་རང་སོར་བཞག་ཡོད། འོན་ཀྱང་། དུས་རབས་15པར་སླེབས་པའི་སྐབས་སུ་ཕྱུག་བདག་ཁྱིམ་རྒྱུད་ཀྱིས་མངགས་བཅོལ་བྱས་པའི་མཛེས་བཟོའི་འཛུགས་སྐྲུན་དང་སྒྱུ་རྩལ་བ་རྣམས་ཀྱིས་རང་གི་བརྩམས་ཆོས་ཀྱིས་དབྱི་ཐ་ལིའི་གྲོང་ཁྱེར་དུ་མ་ཞིག་གི་སྲང་ལམ་ཕལ་མོ་ཆེར་མཛེས་རྒྱན་སྤྲས།

དུས་རབས་15པ་ནི་ཧྥོ་ལུའོ་ལུན་སའི་བཟོ་སྐྲུན་ལས་རིགས་ཤིན་ཏུ་འཕེལ་བའི་དུས་སྐབས་ཤིག་ཡིན། ཡིད་འོང་གི་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བྱུང་བར་མ་ཟད། ལས་གནས་དུ་མའི་གནས་སྐབས་བཟོ་བ་དང་། ལག་རྩལ་ལ་བྱང་ཆུབ་པའི་བཟོ་བ་སྟེ། སོ་ཕག་བཟོ་བ། གྱོ་མོག་བཟོ་བ། ཤིང་བཟོ་བ། རྒྱ་ཕིབ་བཟོ་བ་དང་། ཁྱིམ་ཆས་བཟོ་བ། དེ་བཞིན་རྒྱན་སྤྲོས་ཀྱི་སྒྱུ་རྩལ་པ་སོགས་ཀྱང་རིམ་པར་བྱུང་། དུས་རབས་དེར་ཨར་སྐྲུན་པས་ནི་གྱང་དཀར་པོ་དང་། ཚོན་མདངས་རྣམ་པར་བཀྲ་བའི་གཞུ་དབྱིབས་སྒོ་དང་། སྒེའུ་ཁུང་སོགས་ཟུང་དུ་སྦྲེལ་ཅིང་། དུས་རབས་15པའི་ཨར་སྐྲུན་ལས་རིགས་ཀྱི་དབང་གིས་ཕྱོགས་ཐམས་ཅད་དུ་སྒོར་དབྱིབས་ཀྱི་ཀ་བ་དང་། གཞུ་དབྱིབས་ཀྱི་སྒོ། དེ་བཞིན་བཀྲག་མདངས་རྣམ་པར་འཚེར་བའི་ཐེམ་སྐས་སོགས་མཐོང་དུ་ཡོད་ཅིང་། དེ་ལ་བརྟེན་ནས་བཟོ་སྐྲུན་གྱི་རིན་གོང་ཡང་ཇེ་མཐོར་ཕྱིན།

སྐབས་དེར་མི་རྣམས་ཀྱིས་བཟོ་སྐྲུན་ལ་མ་དངུལ་གཏོང་བ་ནི་ལུགས་དང་མཐུན་པ་ཞིག་ཏུ་འདོད་བཞིན་ཡོད། དེ་ཡང་འཛུགས་སྐྲུན་དེ་དག་ཕྱིས་སུ་གཞན་ལ་བཙོང་ན་བདག་པོ་ལ་ཁེ་སྤོགས་མི་ཉུང་བ་ཞིག་རག་གི་ཡོད་པའི་རྐྱེན་གྱིས་རེད། དུས་རབས་དེའི་རྩོམ་པ་པོ་དང་རི་མོ་བ་དང་འདྲ་བར། སྐབས་དེའི་འཛུགས་སྐྲུན་པ་རྣམས་ཀྱིས་ཀྱང་གནའ་རབས་ཀྱི་དུས་ལ་གཞིགས་ནས་དེ་ཉིད་ལས་ཕྱི་མོ་འཚོལ་བཞིན་ཡོད། ཧྥེ་ལི་པོ·པུའུ་ལུའུ་ནེ་ལའེ་སི་ཅི་ལགས་ཀྱིས་(1377-1446)ཐོག་མར་གནའ་བོའི་བཟོ་སྐྲུན་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཧྥུ་རོ་ལུན་ས་ཡི་བྱིས་པའི་གསོ་སྐྱོང་ཁང་ཞིག་བསྐྲུན་ཅིང་། དེ་ནི་ཆེས་སྔ་བའི་རིག་རྩལ་བསྐྱར་དར་གྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་ཞིག་རེད། དུས་རབས་14པའི་སྒྱུ་རྩལ་པ་རྣམས་ཀྱིས་སྒོར་དབྱིབས་ཅན་གྱི་ཆོས་ཁང་ཇུས་འགོད་བྱས་ཤིང་། དེའི་རྒྱུ་མཚན་ནི་སྒོར་དབྱིབས་ཀྱིས་དཀོན་མཆོག་གི་ངོ་བོ་སྟེ། ཐོག་མ་མེད་ཅིང་མཐའ་མ་མེད་པའི་གནས་ཚོད་དེ་ཉིད་མཚོན་པར་འདོད་བཞིན་ཡོད་པས་རེད། འོན་ཀྱང་། བཟོ་སྐྲུན་པ་རྣམས་ཀྱིས་གནའ་བོའི་རོ་མའི་ལྷ་ཁང་ལ་ཡང་དཔེ་བལྟས་ཀྱང་བྱས་ཡོད་དེ། དེ་ནི་སྒོར་དབྱིབས་ཀྱི་ལྷ་ཁང་ཞིག་ཡིན། པུའུ་ལུའུ་ནེ་ལའེ་སི་ཅི་ལགས་ཀྱིས་ཆོས་ཀྱི་གོང་མའི་མཁར་རོ་ལས་གནའ་བོའི་བཟོ་སྐྲུན་ལ་ཞིབ་འཇུག་བྱས་རྗེས་སུ། ཁོང་གིས་དཀའ་ངལ་ཞིག་ཀྱང་འཕྲལ་མར་ཐག་གཅོད་བྱས་ཡོད་དེ། དེ་ཡང་ཇི་ལྟར་བྱས་ནས་ཧྥོ་ལུའོ་ལུན་སའི་འཕགས་མའི་ལྷ་ཁང་ཆེན་མོ་ལ་མེ་ཏོག་སྣ་བརྒྱའི་མཛེས་རྒྱན་སྤྲས་ཐུབ་པའི་གནད་དོན་འདི་ཡིན། དུས་རབས་གཅིག་ཙམ་བརྒལ་བའི་རྗེས་ཏེ་ཕྱི་ལོ་1413ལོར་རླབས་ཆེན་གྱི་འཛུགས་སྐྲུན་དེ་ལེགས་པར་གྲུབ།

བརྩམས་ཆོས་ཕུལ་བྱུང་དེས་པུའུ་ལུའུ་ནེ་ལའེ་སི་ཅིས་གྱང་འདེགས་དང་རྩེ་གུག་ཡོད་པའི་བྱང་ཕྱོགས་ཀྱི་ཀོ་ཐེ་རྣམ་པའི་འཛུགས་སྐྲུན་དེ་ཟུར་དུ་ཕུད་པ་སོགས་མཚོན་ཡོད། རིག་རྩལ་བསྐྱར་དར་དུས་སྐབས་སུ་སྔོག་འདོན་བྱས་པའི་གནའ་བོའི་དུས་རབས་ཀྱི་བཟོ་སྐྲུན་དང་། དེ་བཞིན་དུས་རབས་15པའི་དུས་མཇུག་ཏུ་རོ་མ་བསྐྱར་འཛུགས་བྱུང་བ་སོགས་ནི་འཛུགས་སྐྲུན་པ་རྣམས་ཀྱི་འཆར་སྣང་འཕེལ་བའི་རྐྱེན་དུ་གྱུར་ཡོད། ཁོང་རྣམས་ཀྱིས་གནའ་བོའི་དུས་རབས་ཀྱི་བཟོ་བཀོད་ཀྱི་ཉམས་ལ་ལད་མོ་བྱས་པར་མ་ཟད། དེ་རྩ་བར་བྱས་ནས་མཛེས་སྡུག་རྣམ་པར་བཀྲ་བའི་ཁོ་ལིན་སི་ཀྲུའུ་དང་གཞུ་དབྱིབས་སྒོ་མོ་སོགས་ཀྱི་བཟོ་སྐྲུན་སྒྱུ་རྩལ་གསར་བ་རེ་འགའ་ཡང་ཁ་སྣོན་མཛད།


 མ་དངུལ་གཏོང་མཁན་དང་སྒྱུ་རྩལ།


རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་འཕེལ་རྒྱས་བྱུང་བ་དེ་ཡང་འབྱོར་ཕྱུག་ལྡན་པའི་སྐུ་དྲག་ཁྱིམ་རྒྱུད་ཀྱི་མ་དངུལ་གཏོང་མཁན་རྣམས་དང་ཁ་འབྲལ་ཐབས་མེད། དེ་ཡང་ལས་ཚོགས་དང་ཆོས་ཚོགས་པས་མངགས་བཅོལ་གནང་བའི་མི་ཡང་མི་ཉུང་བ་ཞིག་ཡོད། རི་མོ་བ་དང་། འཇིམ་རྐོས་པ་དང་། སྙན་ངག་པ་དང་། རོལ་དབྱངས་པ་ཐམས་ཅད་ལ་གཅིག་མཚུངས་སུ་སྐུ་དྲག་གི་སྐུ་མགྲོན་ཞིག་ཏུ་འགྱུར་བའི་རེ་བ་ཤུགས་དྲག་པོ་ཞིག་ཡོད་དེ། དེ་ཡང་དཔེར་ན་ཏ་·ཧྥུན་ཆི་དང་འདྲ་སྟེ། ཁོང་ལ་སྐུ་དྲག་གི་ཁྱིམ་དུ་གསར་རྩོམ་གྱི་དུས་ཚོད་འདང་ངེས་ཤིག་ཡོད་ཅིང་། འགྲོ་གྲོན་ཡང་ཤིན་ཏུ་ཉུང་ཉུང་ཡིན། སྒྱུ་རྩལ་པ་ཉུང་ཤས་ཤིག་གིས་སྐུ་དྲག་རྣམས་ལ་རི་མོ་འབྲི་བ་དང་། ཐང་ཀ་འབྲི་བ་དང་། དེ་བཞིན་གཅེས་ཉར་སྲོག་ཆགས་ཀྱི་གཟུགས་བརྙན་འབྲི་བཞིན་ཡོད། དེ་ཡང་དཔེར་ན་ཁྱི་དང་ཁྲ་ལྟ་བུའོ།།


སྐུ་དྲག་ཁྱིམ་རྒྱུད་ཀྱི་སྐུ་མགྲོན་དུ་མ་གྱུར་བའི་མི་ཆོས་རིང་ལུགས་པ་རྣམས་ཀྱིས་སྲིད་གཞུང་གི་ལས་ཁུངས་སུ་ཡིག་འབྲིའི་དཔོན་པོ་བྱས་ཆོག་གི་ཡོད་ཅིང་། དེ་ཡང་ཁོང་རྣམས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པའི་གཞུང་ཕྱོགས་ཀྱི་འཕྲིན་ཡིག་རེ་འབྲི་ཐུབ་པའི་རྐྱེན་གྱིས་རེད། ཁོང་རྣམས་ཀྱིས་ད་དུང་སྐུ་དྲག་ཁྱིམ་རྒྱུད་ཀྱི་བྱིས་པ་རྣམས་ཀྱི་ཁྱིམ་ཞུས་དགེ་རྒན་བྱས་ཆོག་ལ། གཞན་ཁ་ཤས་ཀྱིས་ཆོས་ཚོགས་ཀྱི་འགན་ཡང་འཁུར་ཆོག་གི་ཡོད། མི་ཆོས་རིང་ལུགས་པ་འདི་དག་གིས་ཅི་མི་སྙམ་པར་ཞི་སེ་ལོ་ལ་ལད་མོ་བྱས་ཏེ། གཏམ་བཤད་ཀྱི་ཟིན་བྲིས་སྣ་ཚོགས་གསར་རྩོམ་བྱེད་ཅིང་། དེ་ཉིད་ཕྱི་མགྲོན་སྣེ་ལེན་དང་འུར་ཟིང་གིས་བཀང་བའི་རྟེན་འབྲེལ་མཛད་སྒོ་དང་དུར་སྤས་མཛད་སྒོ་སོགས་སུ་བཀོལ་སྤྱོད་གནང་བ་ཡིན། མེ་དྷི་ལྗི་ཁྱིམ་རྒྱུད་དུ་སྐྱེས་པའི་ཆོས་ཀྱི་གོང་མ་ལི་ཨའོ་སྐུ་ཕྲེང་བཅུ་པས་རང་ཉིད་ཀྱིས་གསར་རྩོམ་དང་རོལ་དབྱངས་དཀྲོལ་ཐུབ་ཀྱི་ཡོད་ཅིང་། ལེ་ཝོ་ནཱ་ཌོ•དྷོ•ཧྥུན་ཅུ་གླས་པའི་གཞན་དུ་ཁོང་གིས་ད་དུང་ཕུལ་བྱུང་གི་རི་མོ་བ་དང་། འཇིམ་བརྐོས་པ། རོལ་དབྱངས་མཁས་པ་སོགས་མང་པོ་ཞིག་ཆོས་ཁང་གི་ཚོམས་ཆེན་དུ་གདན་ཞུ་བྱས་པར་མ་ཟད། མི་ཆོས་རིང་ལུགས་པའི་མཁས་པ་ཡང་གདན་ཞུས་བྱས་ནས་ཁོང་ཚོར་ཆོས་ཚོགས་ཀྱི་གཞུང་གི་ལས་འགན་དང་ཕྱི་འབྲེལ་གྱི་གཞུང་ཚབ་པ་ཆེ་གེ་མོ་བྱེད་དུ་བཅུག དེ་དང་དུས་མཚུངས་སུ་དགོད་བྲོའི་གཏམ་དང་ཟུར་ཟའི་རྩོམ་རིག་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། གྲོང་ཁྱེར་རྒྱལ་ཁབ་དག་གི་རིམ་པ་དམའ་ཤོས་རྣམས་ཀྱི་ཚིག་གནག་གི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར། ཧོའུ་རིམ་གྱི་མཚན་ཐོབ་མན་ཐུའོ་ཝ་ཡི་སྐུ་ཟླ་དབྱི་ཧྲ་བྷེ་ལིས་ཁོང་གི་མིའུ་ཐུང་ཞིག་ཆོས་དཔོན་གྱི་བཟོ་ལྟ་ཞིག་ཏུ་བརྫུས་ཤིང་། འཚམས་འདྲིར་ཡོང་མཁན་གྲགས་ཅན་རྣམས་ལ་བསུ་བ་ཞུ་སྐབས་སུ། ཁོང་གི་འབྱོར་ཕྱུག་ལྡན་ལ་གྱོན་གོས་ལ་དང་དོད་ཆེ་བའི་གྲོགས་པོ་རྣམས་ཀྱིས་མིག་རྡེབ་བཞིན་གད་མོ་ཡང་ཡང་ཤོར། སྐབས་དེའི་ཟུར་ཟའི་རྩོམ་པ་པོ་པི་ཏེ་ལུའོ·ཨ་ལེ་ཏི་ནུའོ་(1492ནས་1556)ལ་དངུལ་ཁང་གི་བདག་པོ་དང་། གོས་དམར་ནབ་པའི་ཆོས་དཔོན་རྒན་པ་དང་། གུང་ཆེན་མན་ཐུའོ་ཝ་དང་། ཧྥུ་རོ་རེན་ས་ཡི་མེ་དྷི་ལྗི་དང་། ཝེ་ཉི་སིའི་སྤྱི་ཁྱབ་དཔོན་པོ་དང་། སྐུ་དྲག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རོགས་དངུལ་གནང་། འོན་ཀྱང་། འཇིག་རྟེན་ལུགས་ཀྱི་དམག་སྤྱི་དང་ཆོས་ཚོགས་ཀྱི་གཙོ་འཛིན་གང་ཡིན་རུང་ཁོང་གི་དགོད་གཏམ་དང་སྙན་ངག་གི་འཕྱ་སྨོད་སོགས་ལས་ཐར་ཐབས་མེད། ཨ་ལེ་ཏི་ནོ་ནི་ལྷག་པར་དུ་གདུག་རྩུབ་ཆེ་བའི་སྐད་ཆ་བཤད་རྒྱུར་དགའ་ཞིང་། མཁར་གྲོང་རྒྱལ་ཕྲན་གྱི་མཐོ་རིམ་སྤྱི་ཚོགས་དང་ལྐོག་ཟ་རུང་སུངས་ཀྱི་དཔོན་རིགས་སོགས་ལ་རྒོལ་བ་གནང་བར་དགའ་བོ་བྱེད་ཀྱི་ཡོད། ཁོང་གིས་མི་ཞིག་ཁོང་གི་རྒོལ་བ་ལས་ཐར་ཐུབ་པ་བྱུང་ན། ཁོང་གིས་མི་དེ་ལ་མཆོག་ཏུ་གྱུར་པ་ཞིག་ལ་གནོད་འཚེ་གཏོང་མི་རུང་ཞེས་བཤད་སྲིད་པ་ཡིན། དེར་ཁོང་རང་ཉིད་ཀྱང་འདུ།

ལ་ཧྥེར་གྱིས་བརྩམས་ཆོས་རི་མོ། ཆོས་ཀྱི་གོང་མ་ལེ་ཝོ་སྐུ་རབས་བཅུ་བ་དང་གོས་དམར་ནབ་པའི་ཆོས་དཔོན་རྣམ་གཉིས།

གནའ་གཞུང་དུས་སྐབས་ཀྱི་ཡིག་ཚངས་སོགས་སུ་སྤྱི་དམངས་ལ་དགེ་མཚན་དང་ལྡན་པའི་ནུས་པ་འདོན་པ་ནི་དགེ་མཚན་ལྡན་པའི་འཚོ་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་ནི་ཞེས་གསུངས་ཤིང་། འབྱོར་བ་དང་ལྡན་པའི་མི་ཆོས་རིང་ལུགས་ལ་དད་གུས་བྱེད་པའི་ཁྱིམ་ཚང་རྣམས་ཀྱིས་ཁོང་ཚོས་རང་ཉིད་ཀྱི་རྒྱུ་ནོར་བཀོལ་ཤེས་བྱས་ནས་ཁོང་ཚོའི་བློ་གྲོས་འཕེལ་བའི་གྲོགས་སུ་གཏོང་བཞིན་ཡོད་པ་འདོད།  སྒྱུ་རྩལ་གསར་རྩོམ་ལ་རོགས་སྐྱོར་གནང་བ་ལ་བརྟེན་ནས་ཕལ་ཆེར་ཀུན་སྤྱོད་ཀྱི་ངོས་ནས་ཁོ་ཚོའི་གཙོ་འཛིན་གྱི་གོ་གནས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད། དེ་བས་ལས་འདི་ནི་དབང་སྒྱུར་གྱི་དབང་ཆ་ཐོབ་པར་ཡང་ཕན་ཐོགས་ཀྱི་ཡོད། འབྱོར་ཕྱུག་ཅན་གྱི་ཁྱིམ་རྒྱུད་ཀྱིས་ད་དུང་སྒྱུ་རྩལ་ལ་བརྟེན་ནས་ཁོང་ཚོས་འགྲེམས་སྟོན་བྱེད་འདོད་པའི་གཟུགས་བརྙན་མངོན་པར་བྱེད་བཞིན་ཡོད་དེ། དཔེར་ན། འདྲ་རིས་ཀྱི་རི་མོ་ལ་བརྟེན་ནས་ཁྱིམ་ཚང་གཞན་གྱི་ཡིད་དབང་འགུག་པ་ལྟ་བུའོ།།

ཧྥུ་རོ་རེན་སའི་མེ་དྷི་ལྗིའི་ཁྱིམ་རྒྱུད་ནི་སྒྱུ་རྩལ་ལས་རིགས་ཀྱི་འཇིག་རྟེན་ཏུ་རོགས་སྐྱོར་བྱེད་མཁན་ཆེ་ཤོས་ཤིག་ཡིན་ཅིང་། ཁོང་ཚོས་བཟོ་སྐྲུན་སྣ་ཚོགས་བྱ་བར་མངགས་བཅོལ་བྱས་ནས་མཛེས་སྡུག་ལྡན་པའི་ཕྱག་འཚལ་ཁང་དང་འཕགས་སྟེགས་ལ་མཛེས་རྒྱན་སྤྲས་པ་དང་། དགེ་སྒྲུབ་ཁང་ཉམས་གསོ་སོགས་ཀྱི་ལས་མང་དུ་བྱས། མི་ཁ་ཤས་ཀྱིས་ཁོ་ཞི་མོ་·དྷོ·མེ་དྷི་ལྗིས་དཔེ་དེབ་ལ་རྒྱས་སྤྲོས་ཀྱི་རྒྱན་སྤྲས་པ་ནི་དཔེ་དེབ་ཀྱི་ནང་དོན་ལས་སྤྲོ་སྣང་ལྷག་པར་རྒྱས་ཡོང་བ་ཞིག་རེད་ཅེས་ཟུར་ཟ་བྱས་ཡོད་ཀྱང་། ཁོ་ཞི་མོས་སྔར་བཞིན་ཕྱག་བྲིས་དུ་མ་ཞིག་འཚོལ་བསྡུ་བྱས་ཡོད་པར་མ་ཟད་དེ་དག་ལ་དཔེ་ཀློག་ཀྱང་མི་ཉུང་ཞིག་གནང་ཡོད། འབྱོར་ཕྱུག་ལྡན་པའི་དངུལ་ཁང་ལས་གཉེར་བ་འདིས་མཛེས་སྡུག་ལྡན་པའི་ཕོ་བྲང་དང་ཆོས་ཁང་འཛུགས་སྐྲུན་བྱེད་པར་ལྟ་སྐུལ་གནང་མྱོང་། ཧྥུ་རོ་རེན་སའི་ཧྲེང་ལུའོ་ལུན་ཙུའོ་ཆོས་ཁང་གི་ཉེ་འགྲམ་དུ་ཡོད་པའི་མེ་དྷི་ལྗིའི་ཁྱིམ་རྒྱུད་ཀྱི་བང་སོ་ནི་སྨི་ཁའེ་ལང་ཅི་ལོས་(1475-1564)ཇུས་འགོད་གནང་བ་ཞིག་ཡིན་ཞིང་། ཁོང་ནི་མེ་དྷི་ལྗིའི་རོགས་དངུལ་ལོངས་སྤྱོད་བྱེད་བཞིན་པའི་འཇིམ་རྐོས་མཁས་པ་ཞིག་ཀྱང་ཡིན།

 དུས་རབས་བཅོ་ལྔ་བའི་ནང་དུ་དཔལ་འབྱོར་ཉམས་རྒུད་དུ་སོང་ཡང་དོན་དངོས་སུ་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཀྱི་ཡོད། སྐུ་དྲག་ཁྱིམ་རྒྱུད་ཀྱིས་ཚོང་ལས་དང་བཟོ་སྐྲུན་ལས་རིགས་ལས་ཁེ་སྤོགས་འདང་ངེས་ཐོབ་ཐབས་བྲལ་བ་ཤེས་རྟོགས་བྱུང་བས། ཁོ་ཚོས་རི་མོ་དང་འཇིམ་རྐོས་སོགས་སུ་དངུལ་འབོར་ཆེན་བཏང་། དེ་ཡང་ཐོན་སྐྱེད་རང་བཞིན་གྱི་མ་དངུལ་འཇོག་གྲངས་ཉུང་དུ་སོང་བའི་དབང་གིས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཚུལ་སྔར་ལས་ཇེ་སྡུག་ཏུ་སོང་། དེ་ལྟར་ཡིན་ན། དཔལ་འབྱོར་ཉམས་རྒུད་དུ་སོང་བའི་རྐྱེན་གྱིས་འབྱོར་ཕྱུག་ཁྱིམ་རྒྱུད་ཀྱིས་རིག་གནས་ཀྱི་ཐད་དུ་དུས་ཚོད་ཤིན་ཏུ་མང་པོ་སྤྱད།

མཱ་ས་ལྗིན་གྱི་《འབུམ་རམས་པ་གསུམ་གྱི་ཕྱག་ཕེབས།》(1426)

སྒྱུ་རྩལ་ལ་རོགས་རམ་གནང་མཁན་རྣམས་ཀྱིས་རྟག་ཏུ་ཁོང་ཚོས་རི་མོའི་ནང་དོན་མངགས་བཅོལ་བྱས་པར་མ་ཟད། ད་དུང་དེ་འབྲེལ་གྱི་བསླབ་བྱ་ཡང་ཞིབ་ཕྲ་གཏོང་བཞིན་ཡོད། དེ་ཡང་དཔེར་ན། ངེས་པར་དུ་སློབ་མ་དམ་པ་ག་གེ་མོ་ཞིག་འབྲི་དགོས་ཞེས་པ་ལྟ་བུ། དེ་ལས་གཞན་དུ་སྒྱུ་རྩལ་ཐོན་རྫས་ཀྱི་ཚད་གཞི་དང་རིན་གོང་ཡང་ཁོང་ཚོས་གཏན་འཁེལ་བྱེད་བཞིན་ཡོད། དཔེར་ན། རི་མོའི་ནང་ཚོན་རྫས་སྔོན་པོའམ་གསེར་ཤོག་དང་། འཇིམ་བརྐོས་ནང་ལི་དང་རྡོ་ཀ་མ་རུའི་རྒྱུ་གཏན་འཁེལ་བྱས་པ་ལྟ་བུ། ལྷའི་ཕོ་ཉ་ཆུང་ཆུང་གི་བརྗོད་བྱ་ལ་མཁོ་བའི་རྒྱུ་ཧ་ཅང་མཐོན་པོ་དགོས་ཀྱི་ཡོད། ཧྥེའུ་ལ་ལའི་དཔོན་ཆེན་ཞིག་གིས་རི་མོའི་བརྩམས་ཆོས་ཀྱི་ཚད་གཞི་ལྟར་རི་མོ་པར་གླ་ཕོགས་སྤྲོད་ཀྱི་ཡོད་མོད། འོན་ཀྱང་། རོགས་རོམ་གནང་མཁན་དུ་མ་ཞིག་གིས་ནི་རི་མོའི་བརྩམས་ཆོས་འབྲི་བའི་དུས་ཡུན་དང་། ཐབས་རྩལ་དང་། བཀོལ་སྤྱོད་ཀྱི་རྒྱུ་ཆ་སོགས་ལ་གཞིགས་ནས་རིན་སྤྲོད་ཀྱིི་ཡོད།  སྒྱུ་རྩལ་པ་རྣམས་དང་མཉམ་དུ་བཞག་པའི་གྲོས་ཆིངས་སུ་ཡང་སྒྱུ་རྩལ་པ་རང་ཉིད་ཀྱིས་གཅིག་པུར་འབྲི་དགོས་ཞེས་པ་དང་། ཡང་ན་ལག་ཤེས་པའི་ལས་གྲྭ་ནས་ལས་རོགས་ཁག་གཅིག་གླས་ཏེ་ཆ་ཤས་རེ་ལེགས་གྲུབ་བྱེད་ཆོག་ཅེས་པ་སོགས་ཀྱང་ཡོད། མ་དངུལ་གཏོང་མཁན་རྣམས་ཀྱང་སྐབས་འགར་རི་མོའི་བརྩམས་ཆོས་སུ་འབྱུང་བ་ཡང་ཡོད་སྲིད་དེ། དཔེར་ན་ཐུའོ་མ་སོ་·དྷི་·མཱ་ས་ལྗིན་གྱི(1401-1428) བརྩམས་ཆོས་《འབུམ་རམས་པ་གསུམ་གྱི་ཕྱག་ཕེབས》ཞེས་པ་ལས་རི་མོའི་བརྩམས་ཆོས་འདི་ལ་རོགས་རམ་གནང་མཁན་གྱི་གཞུང་དཔང་བ་དང་ཁོའི་བུའི་ངོ་གདོང་ཡང་བྲིས་ཡོད། དེ་ལས་ལྡོག་སྟེ་སྐུ་དྲག་འགའ་ཞིག་གིས་སྐབས་འགར་སྒྱུ་རྩལ་བ་རྣམས་ལ་དགྲ་བོར་བརྙས་བཅོས་བྱེད་པའི་རི་མོ་འབྲི་རུ་འཇུག་པ་ཡང་ཡོད་དེ། དཔེར་ན། མི་ཞིག་གིས་དངུལ་བཏང་ནས་ཝེ་ལོ་ནའི་རི་མོ་བ་ཞིག་རོགས་སྐྱོར་གྱི་འགྲན་ཡའི་ཕོ་བྲང་དུ་འཛུལ་དུ་བཅུག་ནས། ཕོ་བྲང་གང་དེའི་གྱང་ངོས་སུ་ཆགས་སྲེད་ཀྱི་རི་མོ་འབྲི་བ་ལྟ་བུ་སོགས་ཤིན་ཏུ་མང་།


རིག་རྩལ་བསྐྱར་དར་སྐབས་ཀྱི་སྒྱུ་རྩལ་པ།


སྐབས་དེའི་རི་མོ་ཡང་ལག་ཤེས་བཟོ་རྩལ་གྱི་སྲོལ་རྒྱུན་ལ་བརྟེན་ནས་བྱུང་སྟབས། དུས་རབས་བར་མའི་སྐབས་སུ་རི་མོ་ཡང་“འཕྲུལ་ཆས་”ཀྱི་ལག་རྩལ་ཙམ་དུ་ངོས་འཛིན་བྱེད་ཀྱི་ཡོད་པས། གང་དེས་རི་མོ་བ་རྣམས་ཀྱི་ཐོབ་ཐང་གཏན་ཁེལ་བྱེད་དཀའ་བར་ཆགས་ཡོད། དེ་ཡང་རྒྱུ་མཚན་ནི་ཁོང་རྣམས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་བཙོང་ཡང་། མི་ཆོས་རིང་ལུགས་ཀྱི་སློབ་གསོ་ལེགས་པོ་ཞིག་མེད་པའི་རྐྱེན་གྱིས་རེད། སྨི་ཁའེ་ལང་ཅི་ལུའོ་ཡི་ཡབ་ཀྱིས་རྟག་ཏུ་རང་ཉིད་ཀྱི་བུ་འཇིམ་བརྐོ་མཁན་ཞིག་ཏུ་འགྱུར་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱེད་བཞིན་ཡོད། དེ་ཡང་ཁོང་གིས་འཇིམ་རྐོས་ནི་རྡོ་འབྲེག་པའི་ལག་རྩལ་ཙམ་དུ་ངོས་བཟུང་ཡོད་པའི་རྐྱེན་གྱིས་རེད། སྨི་ཁའེ་ལང་ཅི་ལུའོ་ཡིས་སྐབས་འགར་རང་ཉིད་ཀྱི་རི་མོའི་ངོས་སུ་མིང་ཡང་བྲིས་ཡོད། དེ་ཡང་རི་མོའི་སྟེང་དུ་“འཇིམ་བརྐོ་བ་སྨི་ཁའེ་ལང་ཅི་ལུའོ་”ཞེས་བྲིས་ཡོད་པས། དེ་ཡང་རང་ཉིད་ནི་སྤྱིར་བཏང་གི་རི་མོ་རྣམས་དང་མི་འདྲ་ཞེས་ནན་གྱིས་བཤད་པ་དང་འདྲ་བོ་འདུག འོན་ཀྱང་། མི་ཆོས་རིང་ལུགས་པ་ལའེ་ཨང་པ་ཏི་སི་ཐ·ཨར་པེ་ཏིས་ཕྱི་ལོ་1435ལོར་བརྩམས་པའི《རི་མོ་གླེང་བ》ཞེས་པའི་བརྩམས་ཆོས་སུ་དུས་སྐབས་དེའི་མི་རྣམས་ཀྱིས་སྔར་བཞིན་རི་མོ་ནི་“འཕྲུལ་ཆས”ཀྱི་སྒྱུ་རྩལ་ཙམ་ཞིག་ཡིན་པར་ངོས་འཛིན་བྱེད་པའི་སྣང་ཚུལ་ལ་གཞིགས་ནས། རི་མོ་བ་དང་འཇིམ་རྐོས་པ་ནི་ལག་ཤེས་པ་ཙམ་མ་ཡིན་པར། དེ་ནི་“མཆོག་ཏུ་གྱུར་པའི་སྒྱུ་རྩལ”གྱི་ལས་བྱེད་པ་པོ་ཞིག་ཡིན་ཞེས་གསུངས་ཡོད།
རྒྱབ་ལྗོངས་མཐོང་ཐུབ་པའི་སྒྱུ་རྩལ་པ་ཕལ་མོ་ཆེའི་ཡབ་རྣམས་ནི་གྲོང་ཁྱེར་གྱི་སིལ་ཚོང་པ་དང་ལག་ཤེས་པ་ཤ་སྟག་ཡིན་འདུག་ཅིང་། རྟག་པར་རྒྱས་སྤྲོས་དངོས་རྫས་ལས་རིགས་སུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་། མི་རྣམས་ཧང་སངས་དགོས་པ་ཞིག་ནི། སྒྱུ་རྩལ་པའི་མི་རབས་གཉིས་པ་ནི་སྐུ་དྲག་གི་བྱིས་པ་རྣམས་ཡིན། དེ་ཡང་དོན་འདི་ལ་གཞིགས་ན་འདིས་རིག་རྩལ་བསྐྱར་དར་དུས་སྐབས་སུ་སྐུ་དྲག་རྣམས་བལྟོས་བཅས་ཀྱིས་ཉམས་རྒུད་སོང་ཡོད་པ་མཚོན་ཐུབ་སྙམ། དེ་ནས་ཚོང་པ་དང་སློབ་གསོ་མྱོང་བའི་ཆེད་ལས་མི་སྣའི་བྱིས་པ་དག་ཡིན་ཞིང་། དེ་ཡང་དཔེར་ན། གཞུང་དཔང་མི་སྣ་དང་། ཁྲིམས་རྩོད་པ་དང་། དཔོན་རིགས་སོགས་ཀྱི་བྱིས་པ་ལྟ་བུའོ།། ལ་ཧྥེར་ལྟ་བུའི་སྒྱུ་རྩལ་པ་ལ་ལ་ནི་ཕ་ཤུལ་བུས་འཛིན་པའི་རིགས་སུ་གཏོགས་ཤིང་། དེ་ཡང་སྔར་བཞིན་རི་མོ་བ་ཁ་ཤས་ཤིག་ནི་ཞིང་བའི་བྱིས་པ་ཡིན་ནོ།།

སྐབས་དེའི་མི་རྣམས་ཀྱིས་ལག་ཤེས་པ་དང་རི་མོ་བ་གཉིས་ཟུང་འབྲེལ་བྱས་ཡོད། དེ་ཡང་སྤྱིར་འོས་ཤིང་འཚམས་པ་ཞིག་རེད། དེ་ནི་སྔ་མ་དང་འདྲ་བར། རི་མོ་བས་ཀྱང་ངེས་པར་དུ་སློབ་མའི་དུས་སྐབས་ཤིག་བརྒྱུད་དགོས་པའི་རྐྱེན་གྱིས་རེད། འཛུགས་སྐྲུན་པ་དང་གཞས་གདངས་རྩོམ་མཁན་ལ་འདི་འདྲའི་དངོས་གཞིའི་སྦྱོང་བརྡར་འགའ་ཡང་མེད། ཝེ་ཉི་སིའི་རི་མོ་བའི་ལས་རིགས་མཐུན་ཚོགས་ཀྱིས་རི་མོ་བ་རྣམས་ཀྱིས་ངེས་པར་དུ་ལོ་ལྔའི་རིང་གི་སློབ་མའི་དུས་སྐབས་བརྒྱུད་དགོས་ཤིང་། དེ་རྗེས་སུ་དངུལ་བཟོ་བ་དང་། ལྷམ་བཟོ་བ། ཤིང་བཟོ་བ། དེ་བཞིན་སྦྱོང་བརྡར་ཐོབ་པའི་བཟོ་པ་གཞན་དག་དང་འདྲ་བར་ལོ་གཉིས་ཀྱི་རིང་དུ་གཞན་ལ་ལས་རོགས་བྱ་དགོས་པར་འདོད་ཀྱིན་ཡོད། ལས་བཟོ་བ་ཁ་ཤས་ལ་གཞི་ཁྱོན་ཅུང་ཆེ་བའི་བཟོ་ཁང་རེ་ཡོད་ཅིང་། ཁོང་ཚོའི་སློབ་མ་རྣམས་ཀྱིས་བཟོ་ཁང་དེ་དག་གི་ནང་དུ་སྦྱོང་བརྡར་བྱེད་བཞིན་ཡོད་པར་མ་ཟད། རྟག་པར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། སྐབས་འགར་དགེ་རྒན་དང་མཉམ་དུ་བརྩམས་ཆོས་གཅིག་གི་གསར་རྩོམ་ཡང་གནང་གི་ཡོད། དེ་བས་སྐབས་དང་སྐབས་སུ་སྣུམ་ཚོན་རི་མོ་འགའ་ཞིག་གི་རྩོམ་པ་པོ་སུ་ཡིན་མིན་བརྡར་ཤ་གཅོད་དཀའ་བ་དང་ར་སྤྲོད་བྱེད་དཀའ་བ་ཡང་འདིའི་རྐྱེན་གྱིས་ཡིན། བུད་མེད་རྣམས་ནི་སློབ་མར་འགྱུར་མི་ཐུབ་ལ། སློབ་ཆེན་དུ་ཡང་ཞུགས་མི་ཐུབ་པས། རིག་རྩལ་བསྐྱར་དར་དུས་སྐབས་ནས་དུས་རབས་16པའི་བར་བུད་མེད་རི་མོ་བ་སྐད་གྲགས་ཅན་གཅིག་ཀྱང་འབྱུང་མ་ཐུབ་པ་ཡིན།

སྒྱུ་རྩལ་བ་མང་པོ་ཞིག་གིས་ཁོང་ཚོར་ལས་བཟོ་བ་ལས་ཀྱང་བརྩི་འཇོག་བྱེད་དགོས་པར་བསྒྲགས་ཤིང་། ཧྥེན་ཅིས་རི་མོ་བ་རྣམས་ལ་བསྔགས་བརྗོད་ཀྱང་གནང་ཡོད་དེ། དེ་ཡང་ཁོང་གིས་“རི་མོའི་སྒྲོམ་སྟེགས་མདུན་དུ་བསྡད་དེ་རང་ཉིད་ཀྱི་བརྩམས་ཆོས་ལ་བལྟས་ཤིང་། རང་ཉིད་དགའ་བའི་གྱོན་ཆས་གྱོན། དལ་གྱིས་ཚོན་མདངས་རྣམ་པར་བཀྲ་བའི་པིར་རིས་ལག་ཏུ་བཟུང་ན། རྟག་ཏུ་རོལ་དབྱངས་པ་དང་བརྩམས་ཆོས་སྣ་ཚོགས་ལ་མྱོང་རོལ་བྱེད་པའི་མི་རྣམས་ཀྱིས་འདུག་རོགས་བྱས་ཡོད་པ་དང་འདྲ་བོ་འདུག་”ཅེས་གསུངས། སྒྱུ་རྩལ་པ་རྣམས་ཀྱིས་མི་ཆོས་རིང་ལུགས་པའི་ཕུགས་བསམ་ཁྲོད་ཀྱི་མཛེས་སྡུག་དང་གནམ་བདག་དོན་གཉེར་བྱས་ཤིང་། དོན་འདི་ནི་ང་ཚོས་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་པ་ཁག་གཅིག་གི་གནས་བབ་དེ“འཕྲུལ་ཆས་སྒྱུ་རྩལ”གྱི་ལས་གཉེར་བ་ཞིག་ནས་ཕོར་ཐིའུ་ཀལ་གྱི་རི་མོ་པ་ཞིག་གིས་བརྗོད་པའི་སྨི་ཁའེ་ལང་ཅི་ལུའོ་ཡི་གནས་བབ་ཏུ་ཡར་འཕགས་པའི་ཚུལ་ལ་གོ་བ་ལེན་པའི་རྐྱེན་དུ་འགྲོ་ཐུབ་པར་སྙམ། དབྱི་ཐ་ལིའི་མི་རྣམས་ཀྱིས་རླབས་ཆེན་གྱི་རྒྱལ་པོའི་སྙན་གྲགས་ལ་བརྩི་བཀུར་མི་བྱེད་པར། རི་མོ་བ་རྣམས་ལ་བླ་ན་མེད་པའི་མི་ཞེས་བརྗོད་ཀྱི་ཡོད། དེ་ཡང་རི་མོ་བ་ཐམས་ཅད་ཀྱང་གོ་གནས་འདི་འདྲའི་མཐོན་པོར་སླེབས་ཐུབ་མེད་ཀྱང་། སྤྱིའི་ཆ་ནས་བཤད་ན་རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་སྒྱུ་རྩལ་པ་རྣམས་ཀྱི་གོ་གནས་བལྟོས་བཅས་ཀྱིས་ཅུང་མཐོ་རུ་ཕྱིན་ཡོད། སྨི་ཁའེ་ལང་ཅི་ལུའོ་དང་། ཧྥུན་ཅི། ལ་ཧྥེར། ཐི་ཞང་སོགས་ཀྱིས་མི་དྲག་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་ཡོད་ཅིང་། མཆོག་གྱུར་རོ་མའི་གོང་མ་ཁྲ་ལི་སྐུ་ཕྲེང་ལྔ་པས་ཐི་ཞིང་ལ་གོ་གནས་ཀྱང་གནང་ཡོད། རི་མོ་པ་དང་། འཇིམ་རྐོས་པ། རྩོམ་པ་པོ་སོགས་ཁག་གཅིག་ལ་ཁོང་ཚོའི་མཁར་གྲོང་རྒྱལ་ཕྲན་གྱི་མི་རྣམས་ཀྱིས་དགའ་བོ་བྱེད་ཀྱི་ཡོད་པས། གཟི་བརྗིད་མཚན་སྙན་སྣ་ཚོགས་ཀྱང་ཐོབ་པར་གྱུར། དཔེར་ན“སྙན་ངག་པ་གྲགས་ཅན་”གྱི་མཚན་སྙན་ལྟ་བུའོ།།


རི་མོ་དང་འཇིམ་རྐོས།


གནའ་རབས་འཇིག་རྟེན་ལ་བརྟེན་ནས་རང་བྱུང་ཁམས་དང་མིའི་རིགས་ལ་བསྐྱར་དུ་ངོས་འཛིན་བྱས་པ་གང་དེས་ཡོ་རོབ་ཀྱི་རི་མོའི་སྒྱུ་རྩལ་ལ་འགྱུར་ལྡོག་ཆེན་པོ་བྱུང་། རིག་རྩལ་བསྐྱར་དར་སྐབས་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་པོ་ལ་ཐུའུ་རིང་ལུགས་གསར་པའི་ཤུགས་རྐྱེན་མཚོན་བཞིན་ཡོད། དུས་རབས་15པའི་དུས་མཇུག་ནས་དུས་རབས་16པའི་དུས་འགོའི་བར་དུ་པོ་ལ་ཐུའུ་རིང་ལུགས་པ་གསར་པས་པོ་ལ་ཐུའུ་ཡི་བསམ་བློ་བརྒྱུད་འཛིན་གནང་ཞིང་། དེ་ཡང་ལུགས་འདིས་རྟག་བརྟན་གྱི་འདུ་ཤེས་ནི་(དཔེར་ན་བདེན་དགེ་མཛེས་གསུམ་ལྟ་བུ།)མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཕ་རོལ་དུ་གནས་ཡོད་པར་འདོད། མི་ཆོས་རིང་ལུགས་པ་རྣམས་ཀྱིས་བསམ་བློ་ནི་མིའི་རང་གཤིས་ལས་བརྒལ་ཐུབ་པར་མ་ཟད། མཐའ་མཇུག་ཏུ་རྟག་པར་ཡིད་ཆེས་བྱེད་པ་མ་ཟད། མཇུག་མཐར་རྟག་བརྟན་གྱི་འདུ་ཤེས་དེ་ཉིད་རྟོགས་ཐུབ་པར་འདོད། སྒྱུ་རྩལ་པ་རྣམས་ཁོང་ཚོའི་བསམ་པའི་བཀོད་ཤུགས་ལ་བརྟེན་ནས་རྣམ་ཤེས་ཀྱི་མཛེས་པ་བསྐྱར་དུ་མངོན་ཅིང་། དེ་ལ་བརྟེན་ནས་དཀོན་མཆོག་ལ་འབྲེལ་གཏུག་བྱེད་ཐུབ་ཀྱི་ཡོད། ཏན་ཏེན་ལ་མཚོན་ན། སྒྱུ་རྩལ་ནི་“དཀོན་མཆོག་གི་ཚ་བོ་”ཡིན། སྨི་ཁའེ་ལང་ཅི་ལུའོ་ཡི་ངོས་ནས་བརྗོད་ན། མཛེས་སྡུག་གིས་“བདེན་དོན་གསལ་བོར་རྟོགས་ཐུབ་པའི་མི་རྣམས་ལྷ་ཡུལ་དུ་གཏོང་བར་”བྱེད་པ་ཡིན།
སྒྱུ་རྩལ་པ་རྣམས་ཀྱིས་འཇིག་རྟེན་ལས་དཀོན་མཆོག་གིས་བཀོད་པའི་བསྡུར་ཚད་ལ་བརྟེན་ནས་དངོས་ཡོད་རིང་ལུགས་ཀྱི་ཐབས་ལམ་གྱི་ངོས་ནས་མཛེས་སྡུག་མངོན་པར་བྱེད་ཀྱིན་ཡོད།

རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རི་མོ་བ་རྣམས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་ཀྱི་མཛེས་སྡུག་ནི་རང་བྱུང་ཁམས་ལས་བརྒལ་ཡོད་ཅེས་བསྔགས་བརྗོད་ཆེན་པོ་བྱེད་ཅིང་། ཧྥེན་ཅིས་“རི་མོས་རི་མོ་བ་རང་ཉིད་ཀྱི་བསམ་བློ་དང་རང་བྱུང་མཁས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་། རང་བྱུང་ཁམས་ཀྱི་མཛེས་སྡུག་དེ་རི་མོའི་སྒྱུ་རྩལ་ལས་མངོན་པར་བྱས་ཡོད་”ཅེས་གསུངས། རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་རང་བྱུང་ཁམས་ནི་རི་མོ་ལས་མངོན་པའི་རྒྱབ་ལྗོངས་ཁོ་ན་ཙམ་ཡིན་པ་ནི་སྨོས་མ་དགོས། རི་མོ་བ་རྣམས་ཀྱིས་རི་རྒྱུད་དང་བྲག་རྡོ། མེ་ཏོག་ལྡུམ་ར་སོགས་རི་མོའི་ཡུལ་དུ་བཟུང་སྟེ། དེ་དག་གི་མཛེས་སྡུག་སོགས་མཚོན་པར་བྱས་ཡོད།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལས་མངོན་པའི་དངོས་པོ་ཕལ་མོ་ཆེ་ནི་རི་མོ་ལས་མངོན་ཅིང་། མི་རྣམས་ཀྱིས་ཀྱང་རིམ་བཞིན་དངོས་ཡོད་འཇིག་རྟེན་རི་མོར་འབྲི་བའི་ལས་ལ་དོ་སྣང་ལྷག་པར་བྱེད་བཞིན་ཡོད། དཔེར་ན། ལ་ཏེན་ཨེར་གྱི་རི་མོ་ཞིག་ཏུ་གཟུགས་ཐུང་ཞིང་ལུས་རྒྱགས་པའི་ཆོས་ཀྱི་གོང་མ་ལི་ཨའོ་སྐུ་ཕྲེང་བཅུ་པས་རྒྱང་རིང་ལ་བལྟས་ཤིང་། ལག་ཏུ་དཔེ་ཀློག་བྱེད་སྐབས་སུ་སྤྱོད་པའི་ཆེ་ཤེལ་ཐོགས་པའི་རྣམ་པ་ཞིག་བྲིས་ཡོད་པ་ལྟ་བུའོ།།
རི་མོ་བ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་སྒོ་ནས་མཛེས་སྡུག་མངོན་པར་བྱས་ཡོད་ཅིང་། ཆའོ་ཐུའོ་ཏི·པང་ཏུའོ་ནཱ(1266-1337)ཡིས་ཧྥུ་རོ་རེན་སའི་ཧྲེང་རྒྱ་གྲམ་ལྷ་ཁང་གི་ཕེ་ལུའུ་ཆི་ལྷ་ཁང་དུ་བརྗེད་པར་དཀའ་བའི་མི་སྣའི་ལྡེབས་རིས་བྲིས་ཤིག་བྲིས་ཡོད། དེ་ཡང་ལྷག་དོན་དུ་མི་སྣའི་ངོ་གདོང་ལས་ཀྱང་གནའ་བོའི་དུས་རབས་ཀྱི་རྗེས་སུ་མཐོང་ཐབས་བྲལ་བའི་མི་གཤིས་དང་། བརྩེ་སེམས། རང་བྱུང་རིང་ལུགས་སོགས་ཀྱིས་མངོན་པར་ཕྱུག་པ་ཞིག་བྲིས་ཡོད། ཆའོ་ཐུའོ་ཡིས་ནི་རྟག་ཏུ་ཁོང་ནི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རི་མོ་པ་ཐོག་མ་ཡིན་པར་འདོད། ཁོང་གི་མཚན་སྙན་ནི་དབྱི་ཐ་ལིའི་ཡུལ་ལུང་ཀུན་ཏུ་ཁྱབ་ཅིང་། ཁོང་གི་རང་གཤིས་ཀྱིས་རྒྱུད་འཛིན་པ་རྣམས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

 ལ་ཧྥེའར་ཁྲུང་ཅིན་གྱི་དགེ་རྒན་ནི་ཁོ་ལས་ལོ་བརྒྱད་ཀྱིས་ཆེ་བའི་མི་ཁའེ་ལང་ཅི་ལོ་ནས་ཡིན་ཅིང་། ལ་ཧྥེར་གྱིས་སྔོན་ཆད་ཁོང་གིས་མཛེས་སྡུག་ལྡན་པའི་བུད་མེད་ཅིག་ཇི་ལྟར་ཞིབ་འབྲི་བྱས་པའི་སྐོར་ཞིག་བྲིས་ཡོད་དེ། དེ་ཡང་“ངའི་ཀླད་པའི་ནང་དུ་མཛེས་སྡུག་ལྡན་པའི་དངོས་པོ་དང་འབྲེལ་བའི་བསམ་ཚུལ་ཞིག་ཤར་བྱུང་། དེ་བས་ངས་དེ་ཉིད་གཞིར་བཟུང་ནས་རི་མོ་འབྲི་བཞིན་ཡོད་”ཅེས་གསུངས། ལ་ཧྥེར་གྱི་བྲིས་པའི་མི་སྣས་མངོན་པར་བྱས་པའི་ཞི་འཇམ་དང་ནང་གནས་ཀྱི་མཛེས་པ་ནི། སྨི་ཁའེ་ལང་ཅི་ལུའོ་དང་འདྲ་བར་དྲག་ཆར་རླུང་འཚུབ་ལྟར་སྤྲོ་སེམས་དང་སྟོབས་ཤུགས་ཀྱིས་ཁེངས་པའི་མི་སྣ་དང་བསྡུར་བ་གསལ་བོ་ཞིག་བྱ་ཆོག་གི་ཡོད། དུས་རབས་16པའི་དུས་སྟོད་དུ་པོ་ལ་ཐུའུ་རིང་ལུགས་གསར་པའི་ཤུགས་རྐྱེན་ཐེབས་པའི་ཐི་ཞིང་གིས་ཝུའེ་ན་སིའི་གཟུགས་བརྙན་བྲིས་པ་ལ་བརྟེན་ནས་ལྟད་མོ་བ་རྣམས་ལ་བུད་མེད་ཀྱི་མཛེས་སྡུག་ལྡན་པའི་ཡུན་གཏན་རྣམ་པའི་སྐོར་གྱི་འདུ་ཤེས་ཤིག་སྟོན་འདོད་པར་གྱུར།
གནའ་བོའི་གྷི་རི་སེ་དང་རོ་མའི་མི་རྣམས་ཀྱིས་རི་མོ་བ་དང་འཇིམ་བརྐོ་བ་དག་གིས་མིའི་རིགས་ཀྱི་རྣམ་པ་བསྐྱར་དུ་མངོན་པའི་སྐབས་སུ། དེ་དག་གི་བླ་སྲོག་རྒྱུས་ལོན་དང་ཞིབ་འབྲི་ལེགས་པར་བྱ་དགོས་པར་འདོད། ཧྥུན་ཅི་ཡི་བརྩམས་ཆོས་གྲགས་ཅན《མེང་ན་ལི་ཧྲ》(1503–1507)ཞེས་བྱ་བ་ལས་མངོན་པའི་མི་སྣའི་ལྐོག་གྱུར་དང་ཡིད་ཆེས་ཀྱི་རྣམ་པ་ཤས་ཆེ་ཞིང་། འཛུམ་དམུལ་དམུལ་གྱི་རྣམ་འགྱུར་དེ་ནི་ལྟ་བ་འདིའི་དཔང་རྟགས་ཧ་ཅང་ལེགས་ཤོས་ཤིག་རེད། ཨར་བྷེ་ཏེས་དུས་རབས་15པའི་དུས་འགོར་“རྣམ་ཤེས་ཀྱི་འགུལ་སྟངས་ནི་ལུས་ཀྱི་འགུལ་སྟངས་ལས་མཚོན་ཐུབ་”ཅེས་གསུངས། སྒྱུ་རྩལ་པ་རྣམས་ཀྱིས་ངེས་པར་དུ་རི་མོ་ལས་མངོན་པའི་མི་སྣའི་བརྩེ་དུང་དང་སྤྲོ་སེམས་སོགས་མཚོན་ཐུབ་དགོས་ཀྱི་ཡོད།

མདོར་ན། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་བ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་མཛེས་པ་དང་། འཇིག་རྟེན་ལུགས་ཀྱི་མཛེས་པ་སོགས་ལ་དོ་སྣང་བླ་ལྷག་གནང་ཞིང་། དེ་ཡང་སྒྱུ་རྩལ་གྱི་རིགས་སོགས་འཕེལ་རྒྱས་བྱུང་བ་ཡང་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་སྐུ་དྲག་དང་ཚོང་བ་རྣམས་ཀྱིས་དངུལ་གྱི་རོགས་དན་གནང་བ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།


རིག་རྩལ་བསྐྱར་དར་གྱི་ཚུལ།


    རིག་རྩལ་བསྐྱར་དར་གྱི་དར་རྒྱས་ཆེ་བའི་དུས་སྐབས་སུ(1490-1530)དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ལ་སྔ་རྗེས་སུ་ཧྥ་རན་སིའི་བཙན་འཛུལ་དང་སི་ཕེན་བའི་དབང་སྒྱུར་སོགས་བསྟུད་མར་བྱུང་སྟབས། དཔལ་འབྱོར་དང་ཆབ་སྲིད་ཀྱི་གསོན་ཤུགས་ཕལ་ཆེ་བ་ཉམས་པར་གྱུར། དཔལ་འབྱོར་ཉམས་རྒུད་དུ་སོང་བ་ལ་བརྟེན་ནས་ཕྱོགས་གཉིས་ལ་ཡང་རྨས་སྐྱོན་བྱུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་རིམ་པར་བྱུང་བས། གནས་ཚུལ་དེའི་དབང་གིས་སྒྱུ་རྩལ་པ་རྣམས་ཀྱིས་ཀྱང་འབྱོར་ཕྱུག་ལྡན་པའི་སྐུ་དྲག་ཁྱིམ་རྒྱུད་དག་གིས་ཕངས་སེམས་མེད་པར་གནང་བའི་རོགས་དངུལ་ལ་ལོངས་སྤྱོད་བྱེད་མི་ཐུབ་པར་གྱུར་ཅིང་། དེ་ཡང་ཆོས་ཚོགས་ནི་ཁོང་ཚོའི་རོགས་སྐྱོར་མཁན་གསར་པ་ཞིག་ཡིན།

ཆོས་ཀྱི་གོང་མས་རིག་རྩལ་བསྐྱར་དར་གྱི་རྫོགས་ལྡན་དུས་སྐབས་དེ་ལོ་རྒྱུས་ལས་ཉམས་པ་མེད་པའི་དོན་སྙིང་ཅན་ཞིག་ཏུ་བསྐྲུན། དུས་རབས་16པའི་སྟོད་ཀྱིི་ལོ་20ཡི་རིང་དུ་ཆོས་ཀྱི་གོང་མས་སྡིག་བཤགས་འཛིན་ཡིག་བཙོང་བ་ལ་བརྟེན་ནས་རྒོལ་གཏམ་དྲག་པོ་བྱུང་། རང་ཉིད་ཀྱི་དབང་གྲགས་དང་གཟུགས་བརྙན་སྲུང་སྐྱོང་བྱ་ཆེད་དུ་ཆོས་ཀྱི་གོང་མས་རོ་མར་སྒྱུ་རྩལ་པར་མངགས་བཅོལ་བྱས་ནས་མི་རྣམས་ཀྱིས་ཆོས་ཚོགས་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱ་རྩིས་བྱས་པར་མ་ཟད། རིག་རྩལ་བསྐྱར་དར་གྱི་དུས་སྐབས་ཆེན་པོའི་སྒྱུ་རྩལ་གྱི་གྲུབ་འབྲས་ཀྱང་ཐོབ་རེ་བྱས། དུས་རབས་15པའི་ལོ་རབས་70པ་ནས་བཟུང་གནའ་བོའི་རོ་མ་བསྐྱར་འདོན་བྱས་པ་ལ་བརྟེན་ནས་མི་རྣམས་ཀྱིས་གནའ་བོའི་རོ་མ་བཙན་རྒྱལ་ལ་དགའ་པོ་བྱེད་ཚད་ཆེ་རུ་ཕྱིན་ཅིང་། ལ་ཧྥེར་གྱིས་གནའ་བོའི་རོ་མ་བསྐྱར་འདོན་བྱས་པ་ལ་དོ་ཁུར་བྱས་ཏེ་གང་དེའི་བསྐྱར་སྐྲུན་ལ་ལྟ་ཞིབ་ནན་མོ་གནང་། རོ་མའི་ཆོས་སྐྱོང་སྲིད་གཞུང་གི་ཤུགས་རྐྱེན་ཐེབས་པ་དང་། ཆོས་ཚོགས་ལ་བརྟེན་དགོས་པ་སོགས་ཀྱི་དབང་གིས་རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་རི་མོ་བ་རྣམས་ཀྱིས་སྤྱོད་བཞིན་པའི་རས་ཡོལ་ནི་སྔར་བས་ཀྱང་རྒྱ་ཆེ་རུ་ཕྱིན་ཅིང་། ཁོང་ཚོས་ལུགས་མཐུན་གྱིས་པར་རིས་བཀོད་སྒྲིག་ལ་དོ་ཁུར་དེ་ཙམ་མི་བྱེད་པར་མཐོང་ཚོར་གྱི་ནུས་པར་བརྟེན་ནས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་པའི་གནས་ཙམ་ལ་རེ་བ་བྱས་ཡོད།

 མི་ཆོས་རིང་ལུགས་པ་ཁ་ཤས་ཀྱིས་ཆོས་ཀྱི་གོང་མ་ནི་རླབས་ཆེ་བའི་གནའ་བོའི་རོ་མའི་རྒྱུད་འཛིན་པ་ཡིན་ཞེས་བསྒྲགས་ཤིང་། དེ་བས་ཆོས་ཀྱི་གོང་མ་རྣམས་ཀྱིས་ཀྱང་གནའ་བོའི་རོ་མ་བཙན་རྒྱལ་གྱི་མིང་རེ་ཟུང་རང་ཉིད་ལ་འདོག་ཆོག་གི་ཡོད་དེ། དེ་ཡང་ཆོས་ཀྱི་གོང་མ་ཡིའུ་ལི་ཝུའུ་སི་སྐུ་ཕྲེང་གཉིས་པ(ཆོས་ཀྱི་གོང་མའི་འགན་ཡུན་ནི་1503–1513)ཡིས་བཀའ་ཕབ་ནས་གཟེངས་རྟགས་ཤིག་བཟོས་ཤིང་། དེའི་སྟེང་དུ་“ཆོས་ཀྱི་གོང་མ་ཡིའུ་ལི་ཝུའུ་སི་·ཁའེ་ས་སྐུ་ཕྲེང་གཉིས་པ”ཞེས་བྲིས་ཡོད། མ་ཟད་ཆོས་ཀྱི་གོང་མ་ཞེས་པའི་མིང་འདི་ཡང་ཏག་ཏག་གནའ་བོའི་རོ་མའི་དུས་སྐབས་སུ་མཆོད་དཔོན་ཆེན་པོའི་མིང་ཙམ་ཡིན།

ཧྥུན་ཅིའི་《མཐའ་མཇུག་གི་དགོང་ཚིགས》ནི་རིག་རྩལ་བསྐྱར་དར་གྱི་དུས་སྐབས་སུ་བྱུང་བའི་ཉམས་འགྱུར་གྱིས་ཕྱུག་པའི་བརྩམས་ཆོས་ཐོག་མ་ཞིག་ཡིན་ཞིང་། ཉམས་འགྱུར་ལ་སྐབས་འགར་“བརྗིད་ཆེའི་ཉམས་འགྱུར”ཞེས་ཀྱང་བརྗོད། དུས་རབས་16པའི་ལོ་རབས་20པར་དར་སོ་ཆེ་བའི་ཉམས་འགྱུར་རིང་ལུགས་ཞེས་པའི་ཐ་སྙད་ནི་དབྱི་ཐ་ལིའི་སྐད་ཀྱི“ཉམས་འགྱུར”ཞེས་པའི་ཐ་སྙད་ལས་བྱུང་བ་ཞིག་རེད། གང་དེའི་ཁྱད་ཆོས་ནི་བསྡུར་ཚད་ཀྱི་སྒྲོ་འདོགས་ཆེ་བའི་ཟློས་གར་རང་བཞིན་གྱི་རྣམ་པ་དང་སྤྱི་ཡོངས་རང་བཞིན་གྱི་བརྩེ་དུང་གི་ཕན་འབྲས་ལས་བྱུང་བའི་ཞིབ་ཕྲ་ཞིག་ཀྱང་རེད། ཏུའོ་ན་ཐུའོ་·པུའུ་ལ་མན་ཐེས་(1444-1514)རོ་མའི་ཧྲེང་པི་ཏེ་ཆོས་ཁང་ཆེན་མོ་ནི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རླབས་ཆེ་ཞིང་བརྗིད་ཉམས་ཆེ་བའི་དཔེ་མཚོན་བརྩམས་ཆོས་ཤིག་རེད། ཁོང་གིས་བརྗིད་ཉམས་ལྡན་པའི་ལྷ་ཁང་གི་ཇུས་འགོད་ཞུས་ཤིང་། སྨི་ཁའེ་ལང་ཅི་ལུའོ་དང་དེ་བཞིན་རྒྱུད་འཛིན་པ་ཞིག་གིས་ལེགས་སྒྲུབ་བྱས་པ་རེད།

  ལེ་ཝོ་ནཱ་ཌོ•དྷོ•ཧྥུན་ཅུའི་བརྩམས་ཆོས་རི་མོ《མཇུག་མཐའི་དགོང་ཚིགས།》(1495—1498)

རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རི་མོ་བ་རྣམས་སྔར་ལས་ཀྱང་གྲུབ་འབྲས་ཆེན་མོ་དང་། དཀའ་ངལ་ཆེ་བ། རྙོག་འཛིང་ཆེ་བ། ངོ་མཚར་ཆེ་བའི་སྣུམ་ཚོན་རི་མོའི་བརྩམས་ཆོས་སོགས་ལ་དགའ་བོ་བྱེད་ཀྱི་ཡོད། ཉམས་འགྱུར་རིང་ལུགས་ཀྱི་བརྩམས་ཆོས་ཀྱིས་བསམ་པའི་བཀོད་ཤུགས་ཀྱིས་ཁེངས་པའི་གཅུས་འཁྱོག་ཐག་གཅོད་དང་གཏན་འཁེལ་མེད་པའི་ཚོར་སྣང་ལ་བརྟེན་ནས་མི་རྣམས་ལྷིང་འཇགས་ཡོང་དཀའ་བའི་རྣམ་པ་ཞིག་ཏུ་གཏོང་བས་དེ་ལ་ཡང་གཏན་འཁེལ་མེད་པའི་རང་བཞིན་གསར་པ་ཞིག་ལྡན་ཡོད། ཉམས་འགྱུར་རིང་ལུགས་ཀྱིས་རིག་རྩལ་བསྐྱར་དར་གྱི་བསམ་བློ་དང་རྒྱབ་འགལ་དུ་སོང་བའི་གནས་རེ་མཚོན་བཞིན་ཡོད་ཅིང་། ཕྱི་མས་གནའ་བོའི་ཕུན་སུམ་ཚོགས་པའི་ཉམས་འགྱུར་བསྐྱར་དུ་མངོན་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། རི་མོ་བ་ལ་ལས་གསལ་མཐོང་གི་ཁྲིམས་སྲོལ་སྣང་མེད་དུ་བཞག་པས། དུས་སྐབས་དེའི་བརྩེ་དུང་རིང་ལུགས་དང་ལྐོག་གྱུར་རིང་ལུགས། དེ་བཞིན་འཁྲུལ་སྣང་སྒྱུ་རྩལ་གྱི་བྱེད་ཐབས་བཅས་ཀྱིས་གནའ་གཞུང་རིང་ལུགས་ཀྱི་ཉམས་འགྱུར་གཡོག་ཡོད། སྨི་ཁའེ་ལང་ཅི་ལུའོ་ཡིས་ལས་རིགས་དོན་དུ་གཉེར་བའི་མཐའ་འཇུག་ཏུ་ཁོང་ལ་ཡང་ཉམས་འགྱུར་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད། ཁོང་གིས་ཆོས་ཀྱི་གོང་མ་ཡིའུ་ལི་ཝུའུ་སི་སྐུ་ཕྲེང་གཉིས་པའི་བང་སོར་བརྐོས་པའི་བརྗིད་ཉམས་ལྡན་པའི་རྡོ་ཀ་མ་རུའི་སྐུ་བརྙན་(1515)གྱི་མགོ་བོ་སྐད་གྲགས་ཆེན་པོ་ཡོད། གང་དེའི་གདོང་གི་རྣམ་འགྱུར་ལ་ཡང་སྒྲོ་འདོགས་ཆེན་པོ་དང་ལྡན། གང་དེས་སྨི་ཁའེ་ལང་ཅི་ལུའོ་ཡིས་རང་ཉིད་དང་བཅས་མི་ཐམས་ཅད་ལ་ཡང་ཚད་ཡོད་ཀྱི་རང་བཞིན་ཡོད་པའི་གནད་ཚོད་དེར་སྐྱོ་སྣང་བཅིངས་པའི་ཚུལ་མཚོན་པར་བྱས་ཡོད། སྤྱིར་ལ་ཧྥེར་དང་ཐི་ཤང་གིས་མཚོན་དོན་བརྩམས་ཆོས་ཀྱི་་མི་སྣ་ཐམས་ཅད་ལ་ཡང་བླ་ན་མེད་པའི་རང་བཞིན་ཞིིག་ལྡན་མོད། འོན་ཀྱང་། སྔར་བཞིན་ཁོང་ཚོའི་མི་གཤིས་སོར་འཇོག་བྱས་ཡོད།


    རིག་རྩལ་བསྐྱར་དར་མཇུག་འགྲིལ་བ།


དུས་རབས་15པའི་དུས་མཇུག་ཏུ་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་དག་གི་དཔལ་འབྱོར་དང་ཆབ་སྲིད་ཉམས་རྒུད་དུ་འགྲོ་བའི་དུས་སུ་སླེབས་ཤིང་། དེར་བརྟེན་ཕྱེད་གླིང་དེར་ཡང་ཕྱིའི་རྒྱལ་ཁམས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ནུས་ཤུགས་དང་བྲལ་བར་གྱུར། དུས་ཕྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་ཏེ་སི་ཕེན་དང་ཧྥ་རན་སེས་དབྱི་ཐ་ལིའི་ཕྱེད་གླིང་དུ་དམག་ཐེངས་ཁ་ཤས་བརྒྱབ། སི་ཕེན་གྱིས་ཐོག་མར་མེ་གླིང་དུ་སྤེལ་བའི་མྱུལ་དཔྱད་དང་མི་སེར་སྤེལ་བའི་ལས། དེ་བཞིན་ཡོ་རོབ་གླིང་གི་ནུབ་བྱང་རྒྱུད་ཀྱི་ཉོ་ཚོང་ཡང་འཕར་སྣོན་བྱུང་བ་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་བྱུང་སྟེ། དཔལ་འབྱོར་དང་རིག་གནས་ཀྱི་གསོན་ཤུགས་ཀྱང་ནུབ་རྒྱ་མཚོ་ཆེན་མོ་སོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས། སི་ཕེན་དང་ཡོ་རོབ་གླིང་གི་ནུབ་བྱང་རྒྱུད་དང་། ལྷག་པར་དུ་དབྱིན་གྷི་ལན་དང་། ཧྥ་རན་ཞི། ཧོ་ལན། གཞན་སྐམ་ས་ཆེན་པོ་གསར་པ་སོགས་སུ་ཡང་ཁྱབ་སྤེལ་བཏང་།


ཉམས་རྒུད་དུ་སོང་བའི་དཔལ་འབྱོར།


དུས་རབས་15པའི་དུས་སྨད་དུ་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་མཁར་གྲོང་རྒྱལ་ཕྲན་གྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པས། རིག་རྩལ་བསྐྱར་དར་འཕེལ་རྒྱས་བྱུང་བའི་དངོས་པོའི་རྨང་གཞི་ཡང་དེ་དང་བསྟུན་ནས་ཉམས་ཞན་དུ་ཆགས། དོན་དངོས་སུ་སྐབས་དེའི་ས་དབུས་རྒྱ་མཚོའི་ཡུལ་ལུང་ཧྲིལ་པོའི་དཔལ་འབྱོར་གྱི་སྔོན་ཐོན་གནས་བབ་ཤོར་ཟིན་ཡོད། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གྱིས་ཡ་གླིང་དབར་གྱི་ཚོང་དོན་འགྲིལ་ལམ་ཕལ་མོ་ཆེ་ཡང་གཞན་ལག་ཏུ་ཤོར། དེ་ཡང་སྐབས་ཤིག་རིང་འཕེལ་རྒྱས་ཆེན་མོ་བྱུང་བའི་ཐུར་ཁེའི་མིས་མཚོ་ནག་ཏུ་གནས་པའི་རེ་ན་ཡའི་ཚོང་དོན་ས་ཚིགས་དང་། ཡ་གླིང་དུ་བསྐྱོད་པའི་སྲོལ་རྒྱུན་གྱི་འགྲིལ་ལམ་དང་། ཨའེ་ཆིན་རྒྱ་མཚོའི་ནང་ཁུལ་གྱི་འགྲུལ་ལམ་སོགས་བཙན་བཟུང་བྱས་པའི་རྐྱེན་གྱིས་ཡིན། ཐུར་ཁེའི་དབང་སྒྱུར་གྱིས་རེ་ན་ཡའི་ཚོང་དོན་དྲ་བ་སྟོབས་ཆེན་དེ་ཨའེ་ཆིན་ཧའེ་ཡི་ཤི་ནས་ཨུ་སི་གླིང་ཕྲན་ལྟེ་བར་བྱས་པའི་ཚོང་དོན་ཙམ་དུ་བསྒྱུར། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ཐམས་ཅད་ལས་ཝེ་ཉི་སི་ནི་རྒྱུན་མཐུད་འཕེལ་རྒྱས་བྱུང་བའི་རྒྱལ་ཁབ་གཅིག་པུར་ཆགས། ཨོ་སི་མན་བཙན་རྒྱལ་གྱིས་ཕྱི་ལོ་1453ལོར་ཅུན་ཧྲི་ཐན་ཏིང་པའོ་དབང་དུ་བསྡུས་རྗེས་སུ་། ཝེ་ཉི་སིའི་ཚོང་པས་ཐུར་ཁེ་བ་དང་མཉམ་དུ་གྲོས་ཆིངས་བཞག་ཅིང་། དེ་ཡང་ཁོ་ཚོར་ཤར་ཕྱོགས་ཉོ་ཚོང་གི་སྒེར་སྡེམ་དབང་ཆ་ཐོབ་པས། མཁར་གྲོང་རྒྱལ་ཕྲན་གཞན་དག་གིས་སྲོལ་རྒྱུན་གྱི་ཤར་ཕྱོགས་ཚོང་ར་སོགས་དང་ཡང་བསྐྱར་འབྲེལ་གཏུག་བྱེད་ཐབས་བྲལ་བར་གྱུར། འོན་ཀྱང་། ཝེ་ཉི་སི་ཡི་དཔལ་འབྱོར་དེ་ཡང་གཞི་ཁྱོན་ཆུང་བའི་བཟོ་སྐྲུན་ལས་རིགས་སྔར་ལས་ཀྱང་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དེ་ཡང་ཐུར་ཁེ་བས་ཝེ་ཉི་སི་ཡི་ས་དབུས་རྒྱ་མཚོའི་ཤར་རྒྱུད་ཀྱི་ཁེ་ཕན་ལ་ཉིན་བཞིན་འཇིགས་སྣང་སྐུལ་གྱི་ཡོད་པས། ཝེ་ཉི་སི་ཡི་གཡོར་གྲུ་དེ་ཉེན་ཁར་མ་འཛེམས་པར་མཚོ་ནག་སོགས་སུ་བསྐྱོད་ཐབས་བྲལ་བས་རེད།

དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་དག་གི་ཚོང་པ་རྣམས་ཀྱིས་ཐབས་ཤེས་གཞན་དག་ལ་བརྟེན་ནས་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱས། རེ་ན་ཡས་སི་ཕེན་གྱི་ལྷོ་མཚོའི་འགྲམ་རྒྱུད་དུ་ཆགས་པའི་མུའུ་སི་ལིན་གྱི་གྲོང་ཁྱེར་མ་ལ་ཅ་རུ་ཉོ་ཚོང་གྲུ་ཁ་གསར་པ་བཙུགས་ཤིང་། དེ་ལ་བརྟེན་ནས་ཁོ་ཚོ་ཡང་ངེས་པར་དུ་མུའུ་སི་ལིན་དཀྱིལ་གྱི་ཚོང་པར་བརྟེན་དགོས་པར་གྱུར། སི་ཕེན་གྱི་གྲུ་བའི་རུ་དཔུང་གིས་རྒྱ་གར་དང་དེ་བཞིན་ཤར་ཕྱོགས་ཀྱི་དྲི་ཞིམ་རྒྱུ་ཆའི་ཉོ་ཚོང་སོགས་སྒེར་བསྡོམས་བྱེད་པའི་འགོ་ཚུགས།

དུས་ཡུན་རིང་པོའི་ནང་དར་རྒྱས་ཆེ་བའི་ཧྥུ་རོ་རེན་སའི་དར་གོས་དང་ལུག་བལ་ཐོན་ལས་སོགས་ནི་ཧྥ་རན་སེ་དང་ཧོ་ལན་ནས་བྱུང་བའི་ཐོན་སྐྱེད་བྱེད་མཁན་དང་ཡོ་རོབ་ནུབ་བྱང་གི་ཚོང་པའི་དབར་གྱི་འགྲན་རྩོད་དྲག་པོ་དང་འཕྲད་པར་གྱུར་ཅིང་། རླབས་ཆེན་གྱི་དབྱི་ཐ་ལིའི་ཚོང་པ་ཁྱིམ་རྒྱུད་ཀྱིས་མི་རྣམས་ཀྱིས་ངོམ་སོ་བྱེད་པའི་དར་རྒྱས་ཆེ་བའི་དུས་རབས་དེ་ཡང་རིམ་གྱིས་ཉམས་རྒུད་དུ་སོང་། སྐབས་དེར་ཡོ་རོབ་གླིང་གི་དཔལ་འབྱོར་ཙམ་མ་ཟད། འཛམ་གླིང་ཧྲིལ་པོའི་ཉོ་ཚོང་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བཤད་ཆོག ཕོར་ཐི་ཀལ་དང་། སི་ཕེན། དབྱིན་གྷི་ལན། ཧོ་ལན་བཅས་ཀྱི་ཚོང་པ་རྣམས་ཀྱིས་གླིང་ཆེན་གསར་པ་ནས་་ཐོན་རྫས་གསར་པ་བཙལ་ཏེ་ཁེ་སྤོགས་ཧ་ཅང་ཆེན་པོ་ཐོབ་ཀྱི་ཡོད། ཕོར་ཐི་ཀལ་དང་སི་ཕེན་གྱི་ཚོང་དོན་སྔ་རྗེས་སུ་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ནི་ནུབ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ཅིག་ཡིན། དབྱིན་གྷི་ལན་དང་། ཧོ་ལན། ཕོར་ཐི་ཀལ་བཅས་ཀྱི་ཚོང་གྲུ་ཆེ་གྲས་དག་ཕན་ཚུན་འགྲན་རྩོད་བྱས་པ་ལས་དེ་དག་ཧྥོ་ལུའོ་ལུན་ས་དང་རེ་ན་ཡ་སོགས་ལས་རྣམ་པར་རྒྱལ་ཅིང་། ཝེ་ཉི་སི་ཡང་རིམ་བཞིན་ཕམ་པར་བཟོས།


ཕྱི་ཡུལ་གྱི་བཙན་འཛུལ།


དབྱི་ཐ་ལིའི་ཕྱེད་གླིང་ལ་ཧྥ་རན་སི་དང་སི་ཕེན་དང་དེ་བཞིན་སྟོབས་ཤུགས་གཞན་དག་གི་ཐེ་ཇུས་མ་ཐེབས་ཚེ། མཁར་གྲོང་རྒྱལ་ཕྲན་དེ་དག་གིས་རྒྱུན་མཐུད་ཀྱིས་དཔལ་འབྱོར་སོགས་གོང་འཕེལ་དུ་གཏོང་ཆོག་གི་ཡོད་ཅིང་། ཕྱོགས་གཅིག་ནས་ཕན་ཚུན་དགྲ་ཟླར་ལངས་པའི་ཕྱོགས་སུ་དམག་འཁྲུག་རྒྱག་པ་དང་། དུས་མཚུངས་ས་དབུས་རྒྱ་མཚོའི་ཡུལ་ལུང་དུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་བཞིན་པའི་ཨའོ་སི་མན་བཙན་རྒྱལ་ལ་དོགས་ཟོན་བྱེད་ཆོག་གི་ཡོད། འོན་ཀྱང་། མཁར་གྲོང་རྒྱལ་ཕྲན་དེ་དག་དབར་གྱི་དཔལ་འབྱོར་ཁེ་ཕན་མི་འདྲ་བ་དང་། རྟག་ཏུ་ནང་འཁྲུག་བྱེད་པར་ཡང་གོམས་པས་ཧྥ་རན་སེས་རང་ཉིད་ཀྱི་ཁེ་ཕན་རྒྱ་ཆེར་གཏོང་བར་བཀག་འགོག་བྱེད་ཐབས་བྲལ་བར་གྱུར་ཡོད།

 ཧྥ་རན་སིས་སྔོན་ཆད་སྨི་ལན་ལ་བརྩི་སྲུང་ཟོལ་མེད་བྱས་ཤིང་། ཧྥུ་རོ་རེན་སས་ཕྱི་ལོ1451ལོར་དགྲ་བོར་ཆགས་པའི་ཝུའེ་ཉི་སི་དང་མཉམ་དུ་གནའ་མཐུན་གྲོས་མཐུན་བཞག འོན་ཀྱང་། མཁར་གྲོང་རྒྱལ་ཕྲན་འདི་གསུམ་གྱིས་རྫིག་ཉམས་དོད་པའི་ཧྥ་རན་སིས་དབྱི་ཐ་ལིའི་ཕྱེད་གླིང་དུ་འཇིགས་སྐུལ་གཏོང་བཞིན་པ་ཡང་ངོས་འཛིན་ལེགས་པོ་བྱུང་ཡོད། དེ་ལྟ་ཡིན་ན་ཡང་། ཕྱི་ལོ་1453ལོར་ཁན་སི་ཋན་ཋེན་ཕོ་ཉམས་ཞན་དུ་སོང་བས། ཐུར་ཁེའི་གྲུ་གཟེངས་སོགས་རིམ་གྱིས་ཡ་ཏུ་ལེ་ཡའི་མཚོ་ངོས་ལས་མངོན་པར་གྱུར། དེ་བས་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་དག་གི་དབར་གྱི་འཁྲུག་པ་དེ་ཡང་ངེས་པར་དུ་མཚམས་འཇོག་དགོས་ཡོད།ཕྱི་ལོ་1454ལོར་ཧྥུ་རོ་རེན་ས་དང་སྨི་ལན། ཝེ་ཉི་སི་བཅས་ཀྱིས་《ལོ་ཏི་ཞི་ཆིངས་》ལ་མིང་རྟགས་བཀོད་ནས་ཆབ་སྲིད་ཀྱི་སྒྲིག་ལམ་གསར་པ་བཙུགས་ཤིང་། ཞི་ཆིངས་དེ་ནི་ཐུར་ཁེ་དང་ཧྥ་རན་སིའི་སྟོབས་ཤུགས་ཆེ་རུ་འགྲོ་བའི་བཀག་རྡོར་གྱུར་བས། ལོ་40ཡི་རིང་དུ་བལྟོས་བཅས་ཀྱི་ཞི་བདེའི་དུས་སྐབས་ཤིག་བྱུང་། དེའི་རིང་དུ་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་གྲུབ་འབྲས་ལེགས་ཤོས་རེ་འགའ་ཡང་བྱུང་ཡོད།

 དབྱི་ཐ་ལིར་མནའ་འབྲེལ་བཙུགས་པས་དབྱི་ཐ་ལིའི་ཕྱེད་གླིང་གི་ཆེས་སྟོབས་དང་ལྡན་པའི་མཁར་གྲོང་རྒྱལ་ཕྲན་དག་དབར་དུ་སྟོབས་ཤུགས་དོ་མཉམ་གྱི་རྣམ་པ་ཞིག་བྱུང་ཡོད། དེ་ཡང་རྒྱལ་ཁབ་ག་གེ་མོ་ཞིག་གམ་ཡང་ན་རྒྱལ་ཁབ་གཞན་གཉིས་ཀྱིས་མཉམ་འབྲེལ་གྱིས་རྒྱལ་ཁབ་གཞན་པར་བཙན་འཛུལ་བྱས་པ་དཔེར་ན། ཝེ་ཉི་སི་དང་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཀྱིས་ཧྥེའུ་ལ་ལར་བཙན་འཛུལ་བྱེད་བའི་སྐབས་སུ་རྒྱལ་ཁབ་གཞན་གྱིས་མཉམ་འབྲེལ་བྱས་ཏེ་སྐབས་དེའི་གནས་ཚུལ་སླར་གསོ་ཧུར་ཐག་བྱས་ཡོད། དམག་འཁྲུག་དེ་དག་ཏུ་ཞུགས་མཁན་དག་ནི་རྟག་ཏུ་གླ་ཆ་ཐོབ་པའི་གླས་དཔོན་གྱིས་རྒྱལ་ནང་དུ་སྒྲིག་འཛུགས་བྱས་པའི་གླས་དམག་དག་ཡིན། སྐབས་དེའི་སྨི་ལན་གྱི་སྟོབས་དང་ལྡན་པའི་དམག་དཔུང་ནི་ཧྥ་རན་སིའི་བཙན་འཛུལ་བཀག་འགོག་བྱེད་པའི་ལྕགས་རི་ལྟ་བུ་ཞིག་ཡིན།

དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་གྱི་དབང་གིས་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཡང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཧྥུ་རོ་ལུན་ས་རུ་མེ་ཏི་ཆིའི་ཁྱིམ་རྒྱུད་ཀྱི་སྒེར་གཅོད་དབང་སྒྱུར་ལ་སྤྱི་མཐུན་ཤོག་ཁག་གིས་ངོ་རྒོལ་བྱེད་བཞིན་ཡོད། དུས་རབས་15པའི་ལོ་རབས་80པར་ཕེ་ལུའུ་ཅ་ནི་དགྲར་འཛིན་ཁྱིམ་རྒྱུད་ཆེན་པོ་གཉིས་ཀྱི་འཐབ་རྩོད་བྱ་ཡུལ་དུ་གྱུར། ཕྱི་ལོ་1491ལོར་ཕྱོགས་ཁག་དེའི་མི་སྣ་130ལ་འགེགས་གསོད་ཀྱི་ཆད་པ་བཅད། དེ་དག་གི་ཕུང་པོ་ཀ་པའི་སྟེང་དུ་བཀལ་ནས་ཁྲོམ་སྟོན་བྱས། དེར་བརྟེན་འགྱོད་བཤགས་ཡོང་བའི་ཆེད། མི་ཉུང་ཤས་ཀྱིས་ཐང་ཆེན་དུ་མཆོད་སྟེགས་35བཙུགས་ཤིང་། ཆོས་དཔོན་རྣམས་ལ་ཉིན་གསུམ་གྱི་རིང་མཆོད་འབུལ་བྱས་ཏེ་ཉེས་པ་དག་ཐབས་བྱེད་དགོས་པའི་བཀའ་བཏང་། མཁར་གྲོང་རྒྱལ་ཕྲན་གྱི་སྐུ་དྲག་ཁྱིམ་ཚང་མང་པོ་ཞིག་གཏུམ་སྤྱོད་ཀྱི་ཕྱོགས་ཙམ་ནི་དུས་གཏན་དུ་མིའི་རིགས་ཀྱི་རྗེས་སུ་ལུས་མི་སྲིད་དེ། ཁོ་ཚོས་གདུག་རྩུབ་ཆེ་བའི་སྒོ་ནས་འགྲན་ཡ་ཕམ་པར་བཟོས་རྗེས་སུ། གང་དེའི་བེམ་པོའི་སྟེང་ནས་གསོལ་འདེབས་ཀྱི་ལས་བྱེད་ཀྱིན་ཡོད། ཧྥུ་རོ་རེན་སའི་ཆེས་སྟོབས་དང་ལྡན་པའི་ཁྱིམ་རྒྱུད་དག་གིས་་ཁྱིམ་རྒྱུད་ཀྱི་མཚན་སྙན་སྲུང་སྐྱོང་བྱ་ཆེད་འཁོན་ལན་རང་བཞིན་གྱི་དམར་གསོད་གཏོང་སྐབས་ཀྱང་སྔར་བཞིན་དད་གུས་ཆེན་པོས་ཆོས་ཁང་དུ་བསྐྱོད་པ་ཡིན། དེར་བརྟེན་ཆོས་ལུགས་དང་ཁྱིམ་རྒྱུད་ལ་བློ་དཀར་བའི་ངེས་ལུགས་འདི་གཉིས་ཀྱི་བར་དུ་ཚགས་དམ་པའི་དོ་མཉམ་ཞིག་རྒྱུན་འཁྱོངས་བྱ་ཐུབ་ཀྱི་ཡོད།

དེའི་ཕྱིར། དབྱི་ཐ་ལིའི་ཕྱེད་གླིང་ནི་ཧྥ་རན་སིའི་རྒྱལ་པོ་དང་མཆོག་གྱུར་རོ་མའི་གོང་མ་གཉིས་དབར་ཧམ་སེམས་ཀྱིས་འགྲན་རྩོད་བྱེད་པའི་གཡུལ་སར་གྱུར་ཅིང་། རྒྱལ་ཁབ་འདི་གཉིས་ཀྱི་དབང་སྒྱུར་པས་དམག་དཔུང་མངག་གཏོང་བྱས་ཆོག་པའི་གཞི་ཁྱོན་ནི་མཁར་གྲོང་རྒྱལ་ཕྲན་གྱི་དམག་དཔུང་ལས་ཆེས་ཆེར་བརྒལ་ཡོད། མཆོག་གྱུར་རོ་མ་གོང་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བས། འཐབ་ཇུས་ཀྱི་གོ་བབ་གལ་ཆེན་ཡོད་པའི་པོ་ཀེན་ཏིའི་རྒྱལ་ཕྲན་ཐོབ་པར་གྱུར་ཅིང་། དེ་ཡང་ཧ་པུའུ་སི་པའོ་རྒྱལ་རབས་དང་ཧྥ་རན་སིའི་རྒྱལ་པོ་ཁྲ་ལི་སྐུ་རབས་བརྒྱད་(དབང་སྒྱུར་དུས་སྐབས་1483-1498)བར་གྱི་འཐབ་རྩོད་དྲག་པོར་གྱུར་པ་རེད། ཕྱི་མ་དེར་སྨི་ལན་གྱི་སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱིས་ངན་སྐུལ་བྱས་ཤིང་། སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱི་དགྲ་བོ་ན་པུའུ་ལེ་སི་ཡི་རྒྱལ་རྒྱུད་འཐོབ་པའི་སེམས་ཐག་བཅད། ཁོས་ན་པུའུ་ལེ་སི་ཡི་རྒྱལ་རྒྱུད་ཀྱི་བདག་དབང་ཐོབ་རེ་བྱེད་པ་ནི་རྐང་མི་ཚུགས་པ་ཞིག་ཡིན་རུང་། ན་པུའུ་ལེ་སི་དང་ཧྥོ་ལུའོ་ལུན་ས་དང་དེ་བཞིན་གྲོང་ཁྱེར་དེའི་པོའར་ཅི་ཡའི་ཁྱིམ་རྒྱུད་ཀྱི་རོ་མའི་ཆོས་ཀྱི་གོང་མ་ཡ་ལི་ཧྲན་ཏ་སྐུ་ཕྲེང་དྲུག་པ(ཆོས་ཀྱི་གོང་མའི་འགན་ཡུན་(1492-1503)སོགས་ཀྱིས་མནའ་འབྲེལ་བྱས་ཏེ་སྨི་ལན་ལ་འགོག་རྒོལ་བྱས།

ཕྱི་ལོ་1494ལོར་ཁྲ་ལི་སྐུ་ཕྲེང་བརྒྱད་པས་དམག་མི་ཁྲི་3ཁྲིད་དེ་དབྱི་ཐ་ལིའི་ཕྱེད་གླིང་ལ་བཙན་འཛུལ་བྱས་ཤིང་། ཁོང་གི་དམག་དཔུང་དུ་ཧྥ་རན་སིའི་སྐྱ་དམག་དང་སུའེ་ཙེར་གྱི་རྐང་དམག སུའུ་གྷི་ལན་གྱི་མདའ་བ་སོགས་ཀྱིས་སྨྱུག་མ་བརྡོལ་བ་བཞིན་དབྱི་ཐ་ལིའི་བྱང་རྒྱུད་དུ་བཙན་འཛུལ་བྱས། ཧྥུ་རོ་རེན་ས་རུ་དབང་སྒྱུར་བྱེད་བཞིན་པའི་མེ་དྷི་ལྗིའི་ཁྱིམ་རྒྱུད་ཀྱིས་བྷེ་ས་ནི་ཧྥ་རན་སིས་དམག་དཔུང་ཕྱིར་འཐེན་པའི་ཆེད་དུ་ཕུལ་བས། མེ་ཏི་ཆི་ཡི་སྤྱོད་ལམ་འདིས་ཧྥུ་རོ་རེན་སའི་སྤྱི་མཐུན་ཕྱོགས་ཁག་ལ་ཁོང་ཁྲོ་ཆེན་པོ་བསླངས། ཧྥ་རན་སིའི་དམག་དཔུང་ཧྥུ་རོ་རེན་ས་རུ་བསྐྱོད་ཅིང་། ཧྥུ་རོ་རེན་སའི་དམངས་ཚོགས་ཀྱིས་གྲོང་ཁྱེར་ལ་དབང་སྒྱུར་བྱས་ནས་ལོ་དྲུག་ཅུ་ལྷག་པའི་མེ་དྷི་ལྗི་ཁྱིམ་རྒྱུད་སྲིད་སྟེགས་ནས་མར་ཕབ། ཧྥུ་རོ་རེན་ས་གསར་པའི་སྲིད་གཞུང་གིས་གྲོས་ཚོགས་ཆེན་པོ་ཞིག་བཙུགས་ཤིང་། གང་དེས་ཁྲིམས་འཛུགས་སྒྲིག་གཞི་བཟོས་པར་མ་ཟད། གྲོང་ཁྱེར་དེའི་སྒྱུ་རྩལ་པ་རྣམས་ཀྱི་རོགས་སྐྱོར་པ་གསར་པར་གྱུར། ཁོང་ཚོས་སྒྱུ་རྩལ་མཁས་ཅན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བཙན་དང་ཕུགས་བསམ་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་བྱ་དགོས་པའི་མངགས་བཅོལ་བྱས། ཧྥུན་ཅི་དང་སྨི་ཁའེ་ལང་ཅི་ལུའོ་གཉིས་ཀྱིས་གྲོས་ཚོགས་ཆེན་མོའི་ཚོམས་ཆེན་ནས་ཧྥུ་རོ་རེན་ས་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་ཞིག་བྲིས་ཤིང་། ལོ་བདུན་སོང་རྗེས་སུ་གྲོང་ཁྱེར་སྲིད་གཞུང་གིས་སྨི་ཁའེ་ལང་ཅི་ལུའོ་ལ་རླབས་ཆེན་གྱི་ཏ་ཝེའི་བརྐོས་བརྙན་ཞིག་གསར་རྩོམ་བྱ་དགོས་པའི་མངགས་བཅོལ་བྱས། སྨི་ཁའེ་ལང་ཅི་ལུའོ་ཡིས་དུས་རབས་15པའི་ཏོ་ན་ཐའེ་ལུའོ་ཡི་གཟུགས་ཕྱེད་སྐུ་ལ་ལད་མོ་བྱས་ཤིང་། བརྩམས་ཆོས་དེས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕ་རོལ་བོར་འགྲན་སློང་བྱས་པ་ལས་རྒྱལ་ཁ་ཐོབ་པའི་ཚུལ་མཚོན་པར་བྱས་ཡོད།

དུས་མཚུངས་སུ་ཁྲ་ལི་སྐུ་རབས་བརྒྱད་པའི་དམག་དཔུང་ན་པུའུ་ལེ་སི་ཕྱོགས་སུ་བསྐྱོད་ཅིང་། ཧྥ་རན་སིའི་དམག་དཔུང་གིས་ལམ་ནང་གང་ཐུག་ལ་འཕྲོག་བཅོམ་བྱས་ཤིང་། གང་འཕྲད་ཀྱི་བྱ་དངོས་ཐམས་ཅད་ཀྱང་རྩ་མེད་དུ་བཏང་། ཁོ་ཚོ་ན་པུའུ་ལེ་སི་ལ་སླེབས་སྐབས་སུ་གནས་དེ་གའི་མི་རྣམས་ཀྱི་དགའ་བསུ་ལེགས་བྱས་ཤིང་། དེ་ཡང་ཁོ་ཚོས་དཔྱ་ཁྲལ་ལྗིད་པོ་འཇོག་མཁན་གྱི་དབང་སྒྱུར་མཁན་དག་བཙིར་གནོན་བྱས་ནས་སྲིད་སྟེགས་ལས་ཕབ་པས་ཡིན། འོན་ཀྱང་། ཞི་ཞི་ལི་དང་ཝེ་ཉི་སི། ཆོས་ཀྱི་གོང་མའི་རྒྱལ་ཁབ་སོགས་ལ་དབང་སྒྱུར་བྱེད་པའི་ཨ་ལ་ཀུང་ཝང་ཧྥེ་ཏི་ནན། མཆོག་གྱུར་རོ་མའི་གོང་མ་སོགས་ཀྱིས་ཧྥ་རན་སིའི་མནའ་འབྲེལ་གྱི་དར་ཆ་བསྐྱར་སྒྲིག་བྱས་ཤིང་། དེ་བསྟུན་ཧྥ་རན་སིའི་དམག་དཔུང་ཕམ་ཉེས་སུ་བཏང་བས། ཧྥ་རན་སིའི་དམག་དཔུང་ཡང་མཇུག་མཐར་དབྱི་ཐ་ལིའི་ཕྱེད་གླིང་ནས་ཁ་བྲལ་དགོས་བྱུང་མོད། འོན་ཀྱང་། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གྱི་རྙོག་དྲ་དེ་གཞི་ནས་ཧྥོ་ལུའོ་ལུན་ས་རུ་འགོ་ཚུགས་པར་གྱུར།

ཧྥོ་ལོ་ལིན་སེའི་ཏུའོ་བདག་ཐུབ་ལྷན་ཚོགས་ཀྱི་དགེ་སྒྲུབ་པ་ཅི་ལུའོ་ལ་མོ·ས་ཕུའུ་ན་ལུའོ་ལས་(1452 —1498)སྔོན་ཆད་ཧྥ་རན་སའི་བཙན་འཛུལ་བྱུང་བའི་སྔོན་དཔག་བྱས་མྱོང་། ཁོང་གིས་ཧྥུ་རོ་རེན་སའི་མེ་དྷི་ལྗིའི་ཁྱིམ་རྒྱུད་ལ་རྒོལ་བ་བྱས་པར་མ་ཟད། ཆོས་ཀྱི་གོང་མ་ལའང་དེ་བཞིན་རྒོལ་བ་བྱས། དེ་ཡང་དེ་དག་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་ཕལ་བའི་ངོ་བོ་བཙོག་པར་བཟོས་ནས་རུལ་སུངས་སུ་གྱུར་པའཅི་རྐྱེན་གྱིས་རེད། ཁོང་གིས་སྔོན་ཆད་ཧྥ་རན་སིའི་ཁྲ་ལི་སྐུ་རབས་བརྒྱད་པ་ཕེབས་པར་དགའ་བསུ་ཞུས་ཤིང་། དེ་ཡང་ཁོང་ནི་དཀོན་མཆོག་གི་ཕྱག་ཏུ་ཐོགས་པའི་ལག་ཆ་ཞིག་ཡིན་པས། དཀོན་མཆོག་གིས་དབྱི་ཐ་ལིའི་ནད་གཞི་བཅོས་པར་བཏང་བ་ཡིན་པར་འདོད་བཞིན་ཡོད་པའི་རྐྱེན་གྱིས་རེད། འདིར་ཧྥུ་རོ་རེན་སའི་མི་རྣམས་ཀྱི་སྡིག་ཉེས་ཀྱང་འདུ། མེ་དྷི་ལྗིའི་ཁྱིམ་རྒྱུད་སྲིད་སྟེགས་ནས་ཕབ་པས་ས་ཕུའུ་ན་ལུའོ་ལས་དོན་དངོས་སུ་ཧྥུ་རོ་རེན་ས་སྤྱི་མཐུན་རྒྱལ་ཁབ་ལ་ཁ་ལོ་བསྒྱུར་ཡོད། ཁོས་ཆོས་ཚོགས་ཀྱི་ཞན་ཆ་ལ་སུན་འབྱིན་བྱས་པས། ཆོས་ཀྱི་གོང་མ་ཡ་ལི་ཧྲན་ཏ་སྐུ་རབས་དྲུག་པས་ཁོང་ཆོས་ཚོགས་ལས་ཕྱིར་ཕུད་བཏང་། ས་ཧྥུ་ན་ལོ་ལས་ད་དུང་ཧྥུ་རོ་རེན་ས་སྤྱི་ཚོགས་ཀྱི་རིམ་གྲས་ཁག་གི་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུས་པས། དེ་ཉིད་སྐུ་དྲག་རྣམས་ཁོང་ཁྲོ་ལངས་པའི་རྐྱེན་དུ་གྱུར། ཁོང་གི་དགྲ་བོས་ཆོས་ཀྱི་གོང་མས་ཆོག་མཆན་བཀོད་པ་ལྟར། ཕྱི་ལོ་1498ལོར་ཐོག་མར་ཁོང་ལ་སྲོག་ཁྲིམས་བཅད་ཅིང་། དེ་ནས་ཡང་བསྐྱར་ལྟ་བ་ལོག་པའི་ཉེས་ཁྲིམས་ལ་བརྟེན་ནས་ཁོང་མེར་བསྲེགས་པའི་ཁྲིམས་ཐག་བཅད།

ཧྥ་རན་སིའི་རྒྱལ་པོ་གསར་པ་ལུའུ་དབྱི་སྐུ་རབས་བཅུ་གཉིས་པས་(དབང་སྒྱུར་དུས་སྐབས་1498-1515)དབྱི་ཐ་ལིའི་ཕྱེད་གླིང་ལ་བཙན་འཛུལ་བྱས་ཏེ་སྨི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ཡོང་རེ་བྱས། ཁོང་གི་བཙན་འཛུལ་ལ་རུལ་སུངས་སུ་གྱུར་པའི་ཆོས་ཀྱི་གོང་མ་ཡ་ལི་ཧྲན་ཏ་སྐུ་རབས་དྲུག་པས་རྒྱབ་སྐྱོར་བྱས་ཤིང་། ཕྱི་མས་ཧྥ་རན་སིས་ཁོང་གི་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲ་བརྟན་དུ་གཏོང་རོགས་བྱེད་པ་དང་། རང་གི་བུ་ལ་ཁེ་ཕན་ཆེན་པོ་ཐོབ་པའི་རེ་བ་བྱས། ཧྥ་རན་སིའི་རྒྱལ་པོ་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཆོས་ཀྱི་གོང་མས་ལུའུ་དབྱིའི་གཉེན་སྒྲིག་མེད་པར་བཏང་ཚུལ་ཁྱབ་བསྒྲགས་བྱས་ཤིང་། དེ་ལྟར་བྱས་ན་ལུའུ་དབྱིས་ཧྥ་རན་སེའི་རྒྱལ་པོ་སྔོན་མའི་ཡུགས་མོ་ཞིག་བསུ་དགོས་ཀྱི་ཡོད་ཅིང་། པུའུ་ལེ་ཐ་ཉི་སྔར་བཞིན་དེའི་མངའ་ཁོངས་སུ་ཡོད་པར་ཁག་ཐེག་བྱེད་ཐུབ་པས་རེད། ཡ་ལི་ཧྲན་ཏ་སྐུ་རབས་དྲུག་པའི་དགྲ་བོ་ཡིའུ་ལི་ཝུའུ་སི་སྐུ་རབས་གཉིས་པ་ཕྱི་ལོ་1503ལོར་གསེར་ཁྲིར་མངའ་གསོལ་རྗེས་སུ། ཁོང་གིས་པོར་ཅི་ཡའི་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཆེན་པོ་དེ་རོ་མ་ནས་མཐར་སྐྲོད་བཏང་། དེའི་རྗེས་སུ་དར་སོ་ཆེ་བའི་ཆོས་ཀྱི་གོང་མ་དེས་ཝེ་ཉི་སི་དང་དེའི་མནའ་གྲོགས་ཀྱིས་བཙན་བཟུང་བྱས་ནས་དེ་སྔའི་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ཡུལ་ལུང་དག་ཕྱིར་བླངས་ཤིང་། ཝེ་ཉི་སི་པ་ལ་འགོག་རྒོལ་བྱེད་པའི་མནའ་མཐུན་ཞིག་ཀྱང་བཙུགས་པར་མ་ཟད། ལོ་རྒྱུས་ལས་རང་ཉིད་ཀྱིས་དངོས་སུ་དམག་དྲངས་པའི་ཆོས་ཀྱི་གོང་མ་མཐའ་མར་གྱུར་ཡོད། ལོ་དེར་སི་ཕེན་གྱི་དམག་དཔུང་གིས་ཧྥ་རན་སིའི་དམག་དཔུང་ཕམ་པར་བཟོས་ཤིང་། ཧ་པུའུ་སི་པའོ་ཁྱིམ་རྒྱུད་ཀྱིས་ཀྱང་ན་པུའུ་ལེ་སི་རྒྱལ་པོའི་རྒྱལ་ཁབ་ཁྱུར་མིད་དུ་བཏང་། སྨི་ལན་ནི་ལུའུ་དབྱི་སྐུ་ཕྲེང་བཅུ་གཉིས་པའི་ཆོ་ལོ་རུ་གྱུར་ཞིང་། ཕྱི་ལོ་1512ལོར་ཧྥ་རན་སིའི་དམག་དཔུང་ཡང་ཕྱིར་བསྐྲད། དེ་དང་འདྲ་བར་ཕྱི་ལོ་1512ལོར་སི་ཕེན་གྱི་དམག་དཔུང་གིས་ཧྥུ་རོ་ལུན་སའི་དམག་ཕམ་པར་བྱས་ཤིང་། མེ་ཏི་ཆིའི་ཁྱིམ་རྒྱུད་ཀྱིས་བསྐྱར་དུ་སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་བསློགས། དེའི་ལོ་གསུམ་གྱི་རྗེས་སུ་ཧྥ་རན་སིའི་དམག་གིས་སྨི་ལན་གྱི་སུའེ་ཙེར་གྱི་གླས་དམག་ཕམ་པར་བཟོས་ཤིང་། སྨི་ལན་ཡང་བསྐྱར་བཙན་བཟུང་བྱས། ཕྱི་ལོ་1522ལོར་ཧ་པུའུ་སི་པའོ་ཁྱིམ་རྒྱུད་ཀྱི་གོང་མ་ཁྲ་ལི་སྐུ་ཕྲེང་ལྔ་པས་དབྱི་ཐ་ལིར་དམག་བརྒྱབ་ནས་ཧྥ་རན་སིའི་དམག་ཕམ་པར་བཏང་བས། ཕྱི་ལོ་1535ལོར་སི་ཕེན་གྱི་མིས་ལུན་པ་ཏི་ལ་ཚོད་འཛིན་བྱས།


མཁར་གྲོང་རྒྱལ་ཕྲན་ཉམས་རྒུད་དུ་སོང་བ།


དུས་རབས་16པའི་སྟོད་ཀྱི་ལོ་30ཡི་དུས་ཚོད་མང་ཆེ་བར་དབྱི་ཐ་ལིར་བཅའ་སྡོད་བྱས་པའི་ཕྱིའི་རྒྱལ་ཁམས་ཀྱི་དམག་དཔུང་གིས་ཕན་ཚུན་འཐབ་འཛིང་བྱས་ཤིང་། ཕྱོགས་གཞན་ནས་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ཁག་དང་མནའ་འབྲེལ་བྱས་ནས་དགྲ་འགོག་ལས་བྱས། ཕྱི་ལོ་1525ལོར་དབྱི་ཐ་ལིར་བཅའ་སྡོད་བྱས་པའི་དམག་གྲངས་ཁྲི་3.2ཡོད་ཅིང་། མ་ཟད་སི་ཕེན་གྱིས་དམག་གྲངས་ཁྲི་བཅུ་ལྷག་ཀྱང་ཡོད། ཝེ་ཉི་སི་ཁོ་ནས་རྒྱལ་ཁབ་ཆེན་པོ་འདི་གཉིས་འགོག་ཐུབ་པར་གྱུར་ཡོད། ཕྱི་ལོ1521ལོར་སླེབས་སྐབས་སུ་མཆོག་གྱུར་རོ་མའི་གོང་མ་ཁྲ་ལི་སྐུ་རབས་ལྔ་པ(སི་ཕེན་གྱི་རྒྱལ་པོ་ཁ་ལུའོ་སི་སྐུ་རབས་དང་པོ།)དང་ཧྥ་རན་སིའི་རྒྱལ་པོ་ཧྥོ་ལང་སོ་ཝ་སྐུ་ཕྲེང་དང་པོའི་དབར་དུ་དམག་འཁྲུག་ཐེངས་དང་པོ་ལངས་ཤིང་། ཕྱི་མ་ནི་ཨའོ་སི་མན་ཐུར་ཁེ་དང་སུའུ་ཏན་མནའ་འབྲེལ་དུ་ཞུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་པོ་ཐོག་མར་ཆགས་ཡོད། ཕྱི་ལོ་1525ལོར་ཁྲ་ལི་སྐུ་རབས་ལྔ་བའི་དམག་དཔུང་གིས་དབྱི་ཐ་ལིའི་ཕ་ཝེ་ཡ་ནས་ཧྥ་རན་སིའི་དམག་དཔུང་རྩ་མེད་དུ་བཏང་ཞིང་། ཧྥ་རན་སིའི་རྒྱལ་པོ་ཡང་འཛིན་བཟུང་བྱས་ནས་མ་ཏེ་ལི་རུ་བསྐྱལ། རང་གི་ཁྱིམ་རྒྱུད་ཀྱིས་ཕྱིར་བླུས་པའི་བར་དུ་ཁོང་གནས་དེར་འདུག་དགོས་བྱུང་། ཕྱི་ལོ་1527ལོར་ཁྲ་ལི་སྐུ་ཕྲེང་ལྔ་པའི་གླས་དམག་གིས་གླ་ཆ་ཧ་ཅང་ཉུང་བའི་དབང་གིས་ཁོང་ཁྲོ་ཆེན་པོས་རོ་མ་བཙན་གྱིས་འཕྲོག《ཁང་པུའུ་ལེ་ཞི་ཆིངས་》(1529)གཞིར་བཟུང་ན་ཧྥ་རན་སིའི་དམག་དཔུང་གིས་ན་པུའུ་ལེ་སི་དང་སྨི་ལན་དོར་མོད། འོན་ཀྱང་། སི་ཕེན་གྱི་དམག་དཔུང་གིས་ཧྥ་རན་སིའི་དུས་ཕྱིས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པས། ཝེ་ཉི་སི་ཕུད། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གྱི་རྒྱལ་ཁབ་ཐམས་ཅད་ལ་མཆོག་གྱུར་རོ་མའི་གོང་མ་ཁྲ་ལི་སྐུ་ཕྲེང་ལྔ་པས་ཚོད་འཛིན་བྱས་ཡོད། རོ་མར་སི་ཕེན་གྱི་ཚོང་པ་ཧ་ཅང་མང་པོ་ཡོད་ཅིང་། ཆོས་ཀྱི་གོང་མས་ཀྱང་རིམ་བཞིན་རོ་མའི་གོང་མ་ལ་བརྟེན་ནས་ཐུར་ཁེའི་ཁ་གཏད་དུ་ལངས། དུས་མཚུངས་སུ་ཁྲ་ལི་ཡིས་གནམ་བདག་ཆོས་ཚོགས་ཀྱི་ནོར་སྲིད་དཔྱ་ཁྲལ་བསྡུས་ཏེ་ནོར་ཤུགས་དང་དངོས་ཤུགས་འབོར་ཆེན་གསོག་འཇོག་བྱས་ཡོད།

དབྱི་ཐ་ལིའི་ཕྱེད་གླིང་དུ་བྱུང་བའི་དུས་ཡུན་རིང་པོའི་དམག་འཁྲུག་གིས་མཁར་གྲོང་རྒྱལ་ཕྲན་གྱི་ནོར་སྲིད་དང་མི་ཤུགས་ཐོན་ཁུངས་རྩ་མེད་དུ་བཏང་ཞིང་། གྲོང་ཚོ་ཁ་ཤས་ལ་རྩ་མེད་རང་བཞིན་གྱི་རྡུང་རྡེག་ཕོག་པར་གྱུར། དུས་རབས་14པ་ནས་དུས་རབས15པའི་བར་ཕྱུག་པོར་གྱུར་པའི་ཚོང་པ་རྣམས་ཀྱིས་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་སྐུ་དྲག་དག་ཉམས་ཞན་དུ་བཏང་བས། ད་ལྟ་ཟང་ཟིང་གི་དུས་གནས་བེད་སྤྱད་དེ་སླར་ཡང་གྲོང་ཁྱེར་ཁ་ཤས་སུ་ཁོ་ཚོའི་སྙན་གྲགས་ཆེ་བའི་གོ་གནས་སླར་གསོ་བྱེད་བཞིན་ཡོད། སྐུ་དྲག་རྣམས་ཀྱིས་རང་ཉིད་ཀྱི་དབང་ཆ་སྲུང་འཛིན་བྱེད་ཧུར་ཐག་གིས་འབད་ཅིང་། གསར་དར་གྲལ་རིམ་ལ་འགོག་རྒོལ་གཏིང་ཕྱིན་པ་བྱས། ལྷག་པར་དུ་ཅུང་དབུལ་ཕོངས་ཡིན་པའི་སྐུ་དྲག་དང་གཉེན་སྒྲིག་བྱས་པར་མ་ཟད། སྐུ་དྲག་གི་ཉམས་འགྱུར་གྱིས་ཕྱུག་པའི་ཚོང་པ་གྲལ་རིམ་ཕྱུག་པོ་རྣམས་ལ་ལད་ཟློས་ཀྱང་བྱས་པ་རེད། དེ་ཡང་སྔོན་ཆད་སྤྱི་མཐུན་ཕྱོགས་ཁག་གིས་མཐར་སྐྲོད་བཏང་བའི་མེ་ཏི་ཆིའི་ཁྱིམ་རྒྱུད་ཀྱིས་ཟླ་བཅུའི་རིང་སྐོར་བཅོམ་བྱས་པའི་རྗེས་སུ། ཕྱི་ལོ་1530ལོར་གྲོང་ཁྱེར་ཡང་ཕྱིར་ཕྲོགས་པར་གྱུར། འོན་ཀྱང་། རིག་རྩལ་བསྐྱར་དར་ལས་འགུལ་དེ་ཡང་ཧྥོ་ལོ་ལུན་སཱ་ནས་མཇུག་རྫོགས།

ཞེས་བྱ་བ་རིག་རྩལ་བསྐྱར་དར་གྱི་བྱུང་བ་རགས་རིམ་ཞིག་བཀོད་པ་དེ་ཡང་འདི་ཙམ་གྱིས་འཐུས་པར་བྱ་ཞིང་། ཕྱི་མོའི་ཡི་གེ་ལས་ཐོན་པ་གང་རུང་ཞིག་ཀྱང་བསྡུས་པ་བྱས་ཡོད་ལ། ཕལ་ཆེ་བ་ནི་རང་རེའི་སྐད་དུ་བསྒྱུར་ཀྱང་ལས་དང་པོ་བར་སོང་གཤིས་གང་ཡིན་ངོ་འཕྲོད་དཀའ་བས་འདིར་བཞག་ལ། སྐབས་དེའི་བྱུང་བ་བཀོད་པའི་ཡིག་ཆ་ཤིན་ཏུ་མང་མོད། མཐའ་དག་པའམ་ཕལ་མོ་ཆེ་ནི་མི་རིགས་གཞན་གྱི་ཡི་གེའི་ལས་སུ་ཤས་ཆེ་བས། ཡིག་རིགས་གཞན་གྱི་གཞུང་རྒྱ་ཆེ་བཀླགས་པ་ལས་ཤེས་པར་འགྱུར་རོ།། སརྦམངྒལམ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།