ནུབ་ཕྱོགས་ལྟ་གྲུབ་ཀྱི་ཐོ་རེངས་སྐར་ཆེན་བཞི།__ས་བུ་ཆེ།

2974



1 ཐཱ་ལེ་སིའི་དང་ཆུ།


སྤྱི་ལོའི་དུས་རབས་དྲུག་པ་ཙམ་གྱི་སྐབས་སུ། གྲྀ་སི[Greek]་རྒྱལ་ཕྲན་སིལ་མ་བདུན་གྱི་ཁྲོད་ནས་མི་ལེ་ཐུས[Miletus]ཞེས་བྱ་བའི་གྲོང་ཁྱེར་དེར་ནུབ་ཕྱོགས་ལྟ་གྲུབ་དང་། ཚན་རིག་གི་ཤིང་རྟ་ཆེན་མོ་ཐཱ་ལེ་སི་འཁྲུངས་ཡོད་པ་རེད། ཁོང་གིས་མི་ལེ་ཐུས་པ་ཟེར་བའི་གྲུབ་མཐའི་སྲོལ་གཏད་པ་ཙམ་གྱིས་མ་ཟད། ཡོངས་གྲགས་ལོ་རྒྱུས་ཁྲོད་ཀྱི་ནུབ་ཕྱོགས་ལྟ་གྲུབ་སྨྲ་བའི་དང་པོ། ཚན་རིག་ཡབ་ཆེན་སོགས་ཀྱི་མཚན་གྱི་ཆེ་བ་བཞེས་ཡོད་པས། སྙན་གྲགས་ཤིན་ཏུ་ཆེ་བ་དང་། གནའ་དེང་གི་ལྟ་གྲུབ་དང་ཚན་རིག་སོགས་ཀྱི་སྲོལ་རྒྱུན་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་མཁན་ཞིག་ཡིན། །

དུས་རབས་གསུམ་པའི་སྐབས་ཀྱི་ལོ་རྒྱུས་རྩོམ་པ་པོ་དི་ཨོ་གེ་ནེས་་ལཱ་ཨེར་ཐེའུ་སི[Diogenes laërtius]་དང་དུས་རབས་ལྔ་པའི་གྲྀ་སིའི་ལྟ་གྲུབ་སྨྲ་བོ་ཕྲོ་ཁ྄་ལུ་སི[Proclus]་སོགས་ཀྱིས་སོ་སོའི་དེབ་ཐེར་དུ་ཐཱ་ལེ་སིའི་དབྱིབས་རྩིས་རིག་པའི་སྐོར་གྱི་མཛད་རྗེས་བཀོད་ཡོད་དེ། བཤད་རྒྱུན་དེ་དག་ཏུ་ཐཱ་ལེ་སིས་དབྱིབས་རྩིས་ལ་བརྟེན་ནས་ཨེ་ཅེབ་གཏོར་གཟུགས་བང་སོ[Pyramids of Egypt]འི་མཐོ་ཚད་དང་མཚོ་ངོས་གྲུ་གཟིངས་ཀྱི་བར་ཐག་སོགས་རྩིས་ཡོད་པ་རེད། ཁོང་གི་དབྱིབས་རྩིས་ཐད་ཀྱི་ངེས་སྲོལ་ཁ་ཤས་ད་ལྟའི་དུས་སུའང་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད་དེ། དྲང་ཟུར་སྐོར་གྱི་ངེས་སྲོལ་ཞིག་ལ་ཡང་རྗེས་དྲན་གྱི་ཚུལ་དུ་ཐཱ་ལེ་སིའི་ངེས་སྲོལ་ཟེར་ནས་མིང་བཏགས་ཡོད་པ་རེད། ཡང་གྲྀ་སིའི་སྐད་གྲགས་ཆེ་བའི་ལོ་རྒྱུས་སྨྲ་བ་པོ་ཧེ་རོ་ཏོ་ཐུས[Herodotus]ཀྱིས་ཐཱ་ལེ་སི་སྐར་རྩིས་ལ་མཁས་པ་བརྗོད་ཡོད་དེ། ཐཱ་ལེ་སི་ཡིས་ཉི་འཛིན་བརྟག་ནས་སྐད་གྲགས་ཆགས་པ་རེད་ཅེས་ཁོང་གི་བརྩམས་ཆོས་སུ་དོན་དཔེ་དྲངས་ནས་བཀོད་ཡོད། །

འོན་ཀྱང་ཐཱ་ལེ་སིའི་ལོ་རྒྱུས་སྐོར་གྱི་ཆེས་ཡ་མཚན་ཆེ་བའི་གཏམ་རྒྱུད་ནི་འདི་འདྲ་ཞིག་ཡིན་ཏེ། ལྟ་གྲུབ་མཁས་པ་ཕི་ལཱ་ཐོ[Plato]་ཡི་གསུང་རྩོམ་དུ། ཐཱ་ལེ་སིས་ནམ་མཁའི་སྐར་ཚོགས་ལ་གཟིགས་ཏེ་འཇིག་རྟེན་ལས་འདས་པའི་གནད་དོན་ལ་ཐུགས་དགོངས་བཞེས་བཞིན་བྱོན་པའི་སྐབས། ལམ་ལ་གཟབ་གཟབ་མ་བྱས་པས་ཆུ་དོང་ནང་དུ་འགྱེལ་སོང་པ་རེད། ཚུལ་དེ་གཡོག་འཁོར་སྐྱེས་མ་ཞིག་གིས་མཐོང་བ་དང་། མོས་ཐཱ་ལེ་སི་ལ་ཁ་མཚར་གྱིས་ནས། གལ་ཏེ་ཁྱེད་ཀྱིས་ཞབས་འོག་གི་སའང་མཐོང་ཐུབ་མེད་ན། ནམ་མཁའི་གནས་ཚུལ་ནི་གང་ལྟར་དགོངས་ཐུབ་ཅེས་བཤད་པ་རེད། གཏམ་རྒྱུད་འདི་དངོས་གནས་ཡིན་མིན་གང་ལྟར་རུང་། ཕི་ལཱ་ཐོ་ནས་བཟུང་གཏམ་འདི་ལྟ་གྲུབ་སྨྲ་མཁན་དག་གི་དཔེ་ཆོས་གལ་ཆེན་ཞིག་ཏུ་གྱུར་ཐུབ་ཡོད་ལ། ད་ལྟའི་དུས་སུའང་། ནུབ་ཀྱི་མཁས་པ་ཆེན་པོ་དག་གིས་ལྟ་གྲུབ་སློབ་གཉེར་བྱེད་པ་དེ་ནམ་མཁའི་སྐར་མ་ལྟ་བར་དཔེ་ལེན་སྲིད་པ་དང་། ཡང་། གཞུང་ལུགས་གཅིག་རྐྱང་ལ་མགོ་འཁོར་ནས་ལག་ལེན་དང་དངོས་ཡོད་ལ་མཐུན་མ་ཐུབ་པ་བྱུང་སྐབས། མིག་གིས་ས་ལ་ལྟོས་ཞེས་ནས་འབོད་བརྡ་བྱེད་ཀྱང་སྲིད་པ་རེད། །

ཐཱ་ལེ་སིས་ནམ་མཁའི་སྐར་ཚོགས་ལ་གཟིགས་ནས་འཇིག་རྟེན་གྱི་གནས་ལུགས་གང་ཞིག་རྟོགས་ཡོད་ཅེ་ན། ཁོང་གིས་ཆོས་རྣམས་ཆུ་ལས་འབྱུང་བའི་རིགས་པ་ཞིག་གཏད་ཐུབ་ཡོད་པ་རེད། གལ་ཏེ་ང་ཚོའི་བོན་གཞུང་དང་ཆོས་གཞུང་གི་བརྗོད་ཚུལ་ཁུངས་ཐུབ་ཡིན་ན། བོན་དང་གནའ་བོའི་རྒྱ་གར་གྱི་ཆོས་པ་རྣམས་ཀྱིས་སྔ་མོའི་དུས་ནས་འབྱུང་བ་བཞི་ཡི་དགོངས་པ་གཏད་ཡོད་པ་དང་། འཇིག་རྟེན་གྱི་ཆོས་ཏེ་ད་ལྟ་ཚན་རིག་གིས་བཤད་པའི་དངོས་པོ་དེ་དག་ཐམས་ཅད་འབྱུང་བ་ས་ཆུ་མེ་རླུང་བཞི་ཡིས་འབྱུང་བ་ལྔ་པ་ནམ་མཁའི་ཁྲོད་དུ་གྲུབ་ཡོད་ཅིང་། ཆོས་རྣམས་འཇིག་པའི་སྐབས་སུ་སླར་ཡང་འབྱུང་བ་སོ་སོར་འགྱེད་འགྲོ་བར་བཤད་ཡོད་རེད། འོན་ཏེ། ཐཱ་ལེ་སི་འཁྲུངས་པའི་སྐབས་སུ། གྲྀ་སི་ལ་འབྱུང་བ་བཞི་ཡི་བཤད་སྲོལ་ཞིག་ཡོངས་ཁྱབ་སུ་མེད་པ་འདྲ་སྟེ། ཁོང་གིས་འཇིག་རྟེན་གྱི་འབྱུང་ཁུངས་སམ་ཆོས་ཀྱི་གྲུབ་རྐྱེན་འཚོལ་སྐབས་འབྱུང་བ་གཅིག་ཁོ་ན་སྟེ། ཆུ་ལ་བློ་འཁོར་ཡོད་པ་རེད། །

བཤད་སྲོལ་ཞིག་ལ། གྲྀ་སི་ལས་ཀྱང་སྔ་བའི་སུ་མེར་སོགས་དབུས་མཚོའི་ཤར་གྱི་ལེགས་བྱང་ཁྲོད་དུ་སྲོག་ཆགས་ཐམས་ཅད་ཆུ་གནས་ལས་འཕེལ་བར་བཤད་པའི་རིག་པ་ཞིག་ཡོད་ལ། དེ་བས་ན་འཇིག་རྟེན་ཆུ་འབྱུང་གི་བཤད་སྲོལ་ཡང་ཡོད་པ་རེད། ཐཱ་ལེ་སིའི་དགོངས་བཞེད་ལ་གནའ་མིའི་ལྟ་བ་དེ་ཡིས་བློ་བསྐྱེད་བྱས་ཡོད་པའང་མཁས་པ་དུ་མས་འདོད་པ་རེད། །

འོན་ཀྱང་། གནའ་མིས་ནི་དཔེ་དང་ལྷ་སྒྲུང་ལྟ་བུའི་སྒང་ནས་འཇིག་རྟེན་ཆུ་འབྱུང་དང་། སྲོག་ལྡན་ཆུ་འབྱུང་བཤད་ཀྱིན་ཡོད་པ་རེད། ད་ལྟའི་དུས་སུ། ཐཱ་ལེ་སི་ཁོ་རང་གི་གསུང་རྩོམ་སོགས་ཅི་ཡང་ང་ཚོའི་མཐོང་ལམ་དུ་མཇལ་རྒྱུ་ལྷག་མེད་ནའང་། ཨ་རེས་ཏོ་ཏེལ[Aristotle]་གྱི་ཁུངས་ཐུབ་བརྩམས་ཆོས་གཟུགས་འདས་རིག་པ[Metaphysics]་ཞེས་པ་དེར་འཁོད་དོན།

ལྟ་གྲུབ་སྨྲ་བའི་མཁས་པ་སྔོན་བྱོན་དག་གིས་ཆོས་ཐམས་ཅད་ཀྱི་རྩ་བ་ནི་གཟུགས་ཀྱི་རྩ་བའི་ངོ་བོ་ཡིན་པར་འདོད་ལ་ ་་་ ་་་ དེ་དག་གི་ཁྲོད་ཀྱི་ཐཱ་ལེ་སི་ཡིས་ཆུ་དེ་རྩ་བར་བཞེད་པ་རེད། །(1)

གསུང་དུམ་འདི་ལས་བསྟན་པ་ཇི་བཞིན། ཐཱ་ལེ་སིའི་དགོངས་དོན་ལ། ཆོས་རྣམས་ཀྱི་འབྱུང་གཞིའམ་རྩ་བའམ་མཐར་ཐུག་འགྲུབ་བྱེད་ནི་ཆུ་ཡིན་པར་འདོད་པ་དེ་རེད། གྲྀ་སིས་འབྱུང་བ་ཞེས་པའི་སྒྲ་དོད་དེའི་ཚབ་ཏུ་གཞི་རྒྱུ་ལྟ་བུ་འབོད་ཀྱིན་ཡོད་ལ། དེ་ནི་ཆོས་ཐམས་ཅད་ཀྱི་གཞི་རུ་གྱུར་བའི་རྒྱུ་ཆ་ལྟ་བུའི་དོན་ཡིན། །

འོ་ན། ཐཱ་ལེ་སིའི་དགོངས་པ་འདི་འདྲ་ཞིག་རིགས་པ་གང་ལ་བསྟེན་ནས་བཏོན་ཡོད་པ་རེད་ཅེ་ན། ཨ་རེས་ཏ་ཏོལ་གྱིས། ཐཱ་ལེ་སིས་སྐྱེས་དངོས་ཐམས་ཅད་རློན་པའམ་བཤེར་བག་ཅན་ལ་བརྟེན་ནས་ཡོད་པ་དང་། བརླན་བཤེར་ཅན་ཀུན་གྱི་རྩ་བ་ནི་ཆུ་ལ་ཐུག་ཡོད་པ་རེད་ཅེས་གསུངས་ཡོད་ཅེས་སོ། ། གྲྀ་སིའི་སྐད་དུ་ཆུ་དང་བརླན་བཤེར་གཉིས་མིང་གཅིག་ཏུ་བྱ་བཞིན་ཡོད་པ་རེད་ཟེར་ལ། མཁས་པ་གཞན་གྱིས་ཐཱ་ལེ་སི་ནི་མཚོ་འགྲུལ་ལ་བྱོན་རྒྱུ་མང་བས་བློ་བསྐྱེད་དེ་འདྲ་ཐེབ་པ་རེད་ཀྱང་ཟེར། ཡང་ཁ་ཤས་ཀྱིས་སྐབས་དེའི་གྲྀ་སིའི་སོ་ནམ་ལས་རིགས་ལག་ལེན་བྱེད་ཀྱིན་ཡོད་པས། སོ་ནམ་དང་འབྲེལ་བ་ཆེ་བའི་ཆུ་དེ་དངོས་པོའི་འབྱུང་གཞིར་རྩིས་ན་རྒྱུ་མཚན་ཡོད་པ་རེད་ཟེར། འོན་ཀྱང་མང་ཆེ་བས་གོང་ནས་འཆད་ཟིན་པ་ལྟར། ཐཱ་ལེ་སི་ལ་དེ་ལས་སྔ་བའི་གནའ་བོའི་བཤད་རྒྱུན་ཞིག་གིས་བློ་བསྐྱེད་བྱས་པ་རེད་ཟེར་ལ། ང་རང་གིས་མཐའ་མ་འདི་ནི་ལོ་རྒྱུས་འཕེལ་འགྱུར་ཐད་ནས་རྒྱུ་མཚན་ཆེས་ལྡན་པའི་འགྲེལ་སྟངས་ཤིག་ཡིན་པར་འདོད། །

ཆུ་དང་ཚེ་སྲོག་བར་ལ་འབྲེལ་བ་ཆེན་པོ་ལྡན་པ་སྨོས་མ་དགོས་པ་རེད། མ་ཟད་ཆུ་ནི་བཤེར་གཟུགས་སུ་གནས་ཆོག་པར་མ་ཟད། ད་དུང་རང་ཤུགས་ཀྱིས་ཁ་རླངས་སོགས་ཀྱི་རྣམ་པ་ལྟར་རླངས་གཟུགས་སུ་བསྟུན་ཐུབ་པ་དང་། དར་དུ་ཆགས་ན་སྲ་འཐུས་ཅན་དུའང་འགྱུར་ཐུབ་པ་རེད། གལ་ཏེ་ང་ཚོས་དངོས་པོ་ཀུན་ལ་གཟུགས་ཀྱི་ཆ་ནས་བཤད་དགོས་ན། རླངས་གཟུགས། བཤེར་གཟུགས། སྲ་གཟུགས་གསུམ་དུ་མ་བསྡུས་པའང་མེད་པ་རེད་ལ། གཟུགས་གཞན་ཏེ་མེ་སོགས་ནི་དེ་གསུམ་གྱི་འགྱུར་བའི་བརྒྱུད་རིམ་དུ་གོ་ན་ཆོག་གི་རེད། དེ་བས། ཆོས་ཀུན་ཆུ་ལས་འབྱུང་བར་བཤད་པ་དང་ཆོས་ཀུན་ཆུ་ཡིས་གྲུབ་པར་བཤད་ན་ཤིན་ཏུ་བདེ་པོ་ཡོད་པ་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་དེ་ལ་སུན་འབྱིན་དགོས་ན། དེ་ཡང་སླ་པོ་རེད་དེ། གནའ་དེང་གང་གི་དུས་ལ་ཐུགས་ཀྱང་དངོས་པོ་ཐམས་ཅད་ཆུ་མིན་པ་དེ་མིག་མཐོང་ལག་ཟིན་གྱི་མངོན་སུམ་ཚད་མ་རེད། །

དེ་བས་ཐཱ་ལེ་སིའི་རྗེས་སུ། ནམ་མཁའ། མེ། རླུང་སོགས་གཞི་རྒྱུ་ལ་འདོད་པའི་ལྟ་གྲུབ་སྨྲ་མཁན་བྱུང་ཡོད་པ་དང་། མཐར་ས་ཆུ་མེ་རླུང་འབྱུང་བ་བཞི་ཡིས་འཇིག་རྟེན་དངོས་མང་སྦྱོར་གྲུབ་བྱས་པར་འདོད་པའི་ལྟ་བའང་བྱུང་ཡོད་པ་རེད། །

ཉེ་དུས་སུ། ནུབ་ཕྱོགས་ཀྱི་མཁས་པ་པེར་ཐྲན་ད྄་་རུ་སེལ[Bertrand Russell]་ཡིས་ཐཱ་ལེ་སིའི་དགོངས་པ་འགྲེལ་སྐབས། ཁོང་གིས་དེང་རབས་རྫས་འགྱུར་ཁྲོད་དུ་ཆུ་དེ་ཡང་རླུང་རྡུལ་གཉིས་དང་སྲོག་རླུང་རྡུལ་ཡ་གསུམ་གྱིས་སྦྱོར་གྲུབ་བྱས[H2O]་ཡོད་པའི་ར་སྤྲོད་དེ་རྒྱུ་མཚན་དུ་བྱས་ནས་ཐཱ་ལེ་སིའི་དགོངས་པ་ཆེར་བསྟོད་བྱས་ཡོད་པ་རེད། དེང་རབས་རྫས་འགྱུར་ལྟར་ན། སའི་གོ་ལའི་སྟེང་གི་དངོས་པོ་ཐམས་ཅད་ལ་ཡང་རླུང་རྡུལ་གྱི་གྲུབ་ཆ་མེད་པ་གཅིག་རྐྱང་མེད་པ་རེད། མ་ཟད། འབར་གས་ཆེན་མོ་བྱུང་བའི་རྐྱེན་གྱིས། སྟོང་ཆེན་པོའི་རྡུལ་སྣ་ཚོགས་ཁྲོད་ནས་ཡང་རླུང་རྡུལ་དང་རབ་ཡང་རླུང་རྡུལ་གྱིས་བརྒྱ་ཆ་དགུ་བཅུ་གོ་དགུའི་ཆ་ཚད་བཟུང་ཡོད་པ་དང་། རྡུལ་རིགས་གཞན་གྱི་གྲངས་ལ་བརྒྱ་ཆ་གཅིག་ཙམ་ལས་མེད་པ་རེད། འོན་ཀྱང་རུ་སེལ་གྱི་སྐད་ཆ་ངོ་མ་ནི་འདི་ལྟ་སྟེ།

དངོས་པོ་ཐམས་ཅད་ཡང་རླུང་གིས་གྲུབ་ཡོད་ཅིང་། ཆུའི་གསུམ་ཆ་གཉིས་ནི་ཡང་རླུང་ཡིན་པ་རེད། །(2)

དེ་བས་འགྲེལ་འདི་ལ་བསྟོད་པ་ཆེ་དྲག་པའི་སྐྱོན་འདུག་སྟེ། ཡང་རླུང་རྡུལ་གཉིས་དང་སྲོག་རླུང་རྡུལ་གཅིག་གིས་ཆུ་སྦྱོར་གྲུབ་བྱས་པ་ཙམ་གྱིས་ཆུའི་གྲུབ་ཆའི་གསུམ་ཆ་གཉིས་དེ་ཡང་རླུང་ཡིན་པ་རིགས་པས་བསྒྲུབ་མི་ཐུབ་ལ། རྡུལ་གྲངས་དང་གྲུབ་ཆའི་ཆེ་ཆུང་བར་ལ་ཐད་ཀར་གྱི་འགྲེལ་བ་དེ་འདྲའང་མེད་པ་རེད། མ་ཟད་། གཙོ་བོ་ནི་ཐཱ་ལེ་སིའི་སྐབས་སུ་དེང་རབས་རྫས་འགྱུར་ནང་གསར་རྟོགས་བྱས་པའི་མཁས་པ་མང་པོའི་བློ་རིག་གི་གྲུབ་འབྲས་དེ་འདྲ་ཞིག་གློ་བུར་དུ་བྱུང་གི་མ་རེད་པས། དེང་གི་ཚན་རིག་གི་ཤེས་བྱ་དེ་དག་སྔོན་གྱི་མཁས་པ་ཞིག་གིས་ཐོལ་དུ་རྟོགས་ཡོད་ཟེར་ན་མཚར་པོ་ཡིན། །

རུ་སེལ་དང་ཡོངས་སུ་ལྡོག་པ་ཞིག་ནི་ཨ་རིའི་གཟུགས་ཁམས་རིག་པ་བ་ས྄་ཏེ་ཝེན་་ཝེན་པེར་ག྄[Steven Weinberg]་ལགས་རེད། ཁོང་གིས་ཐཱ་ལེ་སི་སོགས་ལ་དཔྱད་བརྗོད་བྱེད་སྐབས་གསུངས་དོན། སྔ་མོའི་གྲྀ་སིའི་མཁས་པ་དེ་དག་ནི་ཚན་རིག་པ་མིན་ལ། ལྟ་གྲུབ་པའང་མ་རེད། ཁོ་ཚོ་སྙན་ངག་པ་རེད་ཅེས་སོ། ། འདི་ཡང་ཤིན་ཏུ་ཐལ་ཆེ་སྟེ། ཐཱ་ལེ་སིས་ཆོས་ཐམས་ཅད་ཀྱི་འབྱུང་གཞི་བཙལ་བའི་སྐབས་སུ། སྙན་ངག་གམ་འཆར་ཡན་གྱི་སྐད་ཆ་ཞིག་གསུང་འདོད་མེད་པ་མཁས་པ་མང་པོས་ཞིབ་འཇུག་ལས་ཤེས་ཐུབ་ལ། ནེ་ཐྲི[Nietzsche]་ཡིས་གསུངས་པར། ཐཱ་ལེ་སིའི་དགོངས་པ་འདི་ནི་གཟུགས་དཔྱད་ཀྱི་ཚན་རིག་ཚོད་དཔག་ཅིག་ཡིན་པས་མ་ཟད། ད་དུང་དེ་ལས་བརྒལ་བའི་གཟུགས་འདས་ཀྱི་ལྟ་གྲུབ་སྙིང་སྟོབས་ཤིག་ཀྱང་ཡིན་པ་རེད་ཅེས་གསུངས་ཡོད་དེ།

དེ་ཡི་རྩ་བ་ནི་ལྐོག་འགྱུར་གྱི་མངོན་རྟོགས་དེའི་སྦུབས་སུ་ཡོད་པ་རེད།
་་་ ་་་
[ཐཱ་ལེ་སི་]ཁོང་གིས་ད་དུང་ ་་ཐམས་ཅད་ནི་གཅིག་ཉིད་ཡིན་་ པའི་སྤྲོས་མེད་སྤྱི་མཚན་གྱི་རྟོག་པ་དེ་འདྲ་ཞིག་ལོན་མེད་ཅིང་། ད་དུང་བྱེ་བྲག་དངོས་གཟུགས་ཀྱི་མཚམས་སྦྱོར་ཞིག་གི་རིམ་པར་ལུས་ཡོད་ནའང་། ཁོ་པའི་དུས་རབས་ཀྱི་གྲྀ་སི་པ་དག་གི་ཁྲོད་ནས། ཁོ་ནི་ཁྱད་པར་ཏུ་འཕགས་པ་ཞིག་ཡིན་ནོ། །
་་་ ་་་
ཐཱ་ལེ་སི་ཡིས་ ་་ཐམས་ཅད་ཆུའོ་་ ཞེས་གསུངས་སྐབས། མིའི་རིགས་ཀྱིས་རིག་གནས་བྱེ་བྲག་ཁྲོད་ཀྱི་འབུ་རྒྱུ་མ་ལྟ་བའི་དལ་འགྲོ་འཕྱེ་ནུར་དེ་ཐོད་བརྒལ་བྱས་ཏེ། མངོན་རྟོགས་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གི་དོགས་ལན་རྙེད་ཐུབ་འབད་ཡོད་པ་དང་། མངོན་རྟོགས་དེ་འདྲ་ལ་བརྟེན་ནས་དམའ་རིམ་ཤེས་ཚད་་དེའི་བཀག་རྒྱ་ལས་ཐར་ཐུབ་པ་བྱུང་ཡོད། །(3)

གང་ལྟར། མཁས་པའི་གྲལ་ནས་བསྟོད་སྨད་དྲང་གསུམ་གྱི་འདང་འཇོག་གང་འདྲ་ཐོབ་ཡོད་རུང་། ཐཱ་ལེ་སིའི་ལོ་རྒྱུས་དང་མཛད་པ་ནི་བསུབ་ཐུབ་པ་ཞིག་དང་མ་མཐོང་བར་བྱེད་ཆོག་པ་ཞིག་གཏན་ནས་མིན། ཁོང་གི་ཆུ་འབྱུང་གི་དགོངས་པ་དེ་ད་ལྟ་ཕལ་བོ་དག་གིས་ལྟས་ནའང་སྐྱོན་བཙུགས་ཐུབ་པ་ཞིག་དང་དེང་རབས་ཚན་རིག་གི་ཚད་མ་ལྟར་ན་བློ་རྒྱས་པོ་མིན་ནའང་། དགོངས་པ་དེས་ལོ་རྒྱུས་ལ་བསྒུལ་ཤུགས་ཆེན་པོ་བཟོས་ཡོད་པ་དང་། ཕྱོགས་གཅིག་ནས་དེ་ཡིས་ནུབ་ཕྱོགས་ནས་བརྒྱུད་པའི་དེང་རབས་ཤེས་བྱ་རིག་གནས་ཀུན་ལ་རྨང་གཞིའི་བཞེངས་བཀོད་ཀྱི་ནུས་པ་ཐོན་ཡོད་པ་རེད། །

དེ་ཡང་དང་པོར། ཆེ་ས་ནས། ཐཱ་ལེ་སི་ཡིས་ནུབ་ཕྱོགས་དང་ཁྱད་པར་གནའ་བོའི་གྲྀ་སི་པའི་འཇིག་རྟེན་བྱེད་པོ་སྨྲ་བའི་ལུགས་ཀྱི་འཆིང་རྒྱ་བརྒལ་ནས་རིགས་ལམ་ངོས་ཀྱི་འཇིག་རྟེན་འགྲེལ་བཤད་བརྒྱག་འདང་བྱས་ཡོད་པ་དེ་ཡིས་ཚན་རིག་དང་ལྟ་གྲུབ་ཀྱི་རིག་གནས་ཀྱི་སྒོ་མོ་ཕྱེས་པ་རེད། ཁྱད་པར་དུ་ཚན་རིག་བཤད་སྐབས། དེ་ཡི་ལོ་རྒྱུས་སྔ་ཐོག་ནི་ནུབ་ཕྱོགས་པའི་འཆད་རྒྱུན་གཙོ་བྱས་བཤད་དགོས་པ་ཞིག་ཡིན་ལ། འཛམ་གླིང་མི་རིགས་སོ་སོ་ཡིས་ཚན་རྩལ་གྱི་བྱས་རྗེས་ཆེ་ཆུང་སྣ་ཚོགས་བསྐྲུན་ཡོད་ནའང་། ཚན་རིག་སྙིང་སྟོབས་སམ་ཚན་རིག་པའི་བློ་མིག་ཟེར་སྐབས་ནུབ་ཕྱོགས་ཀྱི་ལྷ་མེད་འཆད་རྒྱུན་དེ་ལ་འཛིན་རྒྱུ་ལས་གཞན་མེད་པས། དེ་ཡི་ཁྲོད་དུ་སྲོལ་འབྱེད་ཀྱི་མཛད་རྗེས་བཞག་ཐུབ་ཡོད་པ་ནི་དངོས་ནས་བསྟོད་བསྔགས་འོས་པ་ཞིག་རེད། དེ་བཞིན། ལྟ་གྲུབ་ཟེར་སྐབས། ཐཱ་ལེ་སི་ཡིས་ནུབ་ཕྱོགས་ལྟ་གྲུབ་ཀྱི་སྲོལ་ཕྱེས་པ་རེད་ཟེར་ཆོག ནུབ་ཕྱོགས་ཀྱི་བྱེད་པོ་སྨྲ་བའི་ཆོས་ལུགས་ཁོར་ཡུག་དེ་འདྲའི་ནང་ནས། རིགས་པའི་རྗེས་འབྲང་གི་ལྟ་གྲུབ་འདི་འདྲ་སྐྱོང་ཐུབ་པ་ནི་ངོ་མཚར་ཆེ་བ་རེད། ང་ཚོས་བསམ་བློ་འདི་འདྲ་ཞིག་བཏོང་དང་། དུས་རབས་ཉེར་གཅིག་གི་དུས་ད་ལྟ་ལའང་བྱེད་པོ་ཡིད་ཆེས་ཀྱི་ལོག་རྟོགས་རྗེས་འབྲང་མཁན་ནི་དུང་ཕྱུར་གྱི་གྲངས་ཡོད་པ་དང་། དེ་དང་ཐཱ་ལེ་སི་ཡིས་བྱེད་པོ་ལྷ་རྒོལ་གྱི་སྙིང་སྟོབས་དེ་གཉིས་བསྡུར་བ་ཡིན་ན། ཁོང་གི་རླབས་ཆེན་གྱི་སྣང་བརྙན་དེ་རབ་ཏུ་བརྗིད་འགྱུར་བར་ངེས། །

གཉིས་པར། ཆོས་ཐམས་ཅད་ལ་རྩ་དོན་གཅིག་གིས་འགྲེལ་ཐུབ་པ། ཆོས་ཐམས་ཅད་ལ་མཐར་ཐུག་གི་གནས་ལུགས་ཁོ་ན་བ་ཞིག་ཡོད་པར་འདོད་པ་སོགས་ཀྱི་བློ་གྲོས་བྱེ་བྲག་བསྐྱེད་པ་དེ་ཡིས། སྣང་ཚུལ་དང་དོན་དམ་བར་དང་། མངོན་སུམ་དང་གསང་བའི་བར་ལ་འབྲེལ་བ་བྱས་ཐུབ་ཡོད་པ་དང་། གཅིག་ཆོག་གི་རྩ་ཚིག་གིས་སྣ་མང་གི་དཀའ་གནད་གྲོལ་ཐབས་བྱེད་པའི་འཇིག་རྟེན་ལྟ་བ་མཚོན་ཡོད་ལ། ནང་པ་མང་པོས་ཁོང་གིས་འདོད་པའི་མི་སོགས་བསྡུས་པའི་འཇིག་རྟེན་འདི་ལ་གནས་ལུགས་ངེས་ཅན་དང་གཏན་ཁེལ་བ་ཞིག་ཡོད་པ་སུས་ཀྱང་རྒོལ་མི་ཐུབ་པའི་དགོངས་བཞེད་དེ་ཁས་ལེན་བཀའ་ནའང་། ལྟ་བ་དེ་ཡིས་ཚན་རིག་གི་རྟོག་པ་དང་ལུགས་སྲོལ་འཛིན་པའི་འདུ་ཤེས་ཤིག་བལྟམས་སུ་བཅུག་ཡོད་པ་ལ་འདང་འཇོག་བྱས་ཀྱང་ཆོག་པ་རེད། །

ད་དུང་ཡང་། ཐཱ་ལེ་སི་ཡིས་ཁོང་གི་རྩ་བའི་དགོངས་པ་དེ་ལ་གཞིར་བྱས་ནས་ཚན་རིག་རིགས་འགྲེ་ཡི་ཐབས་ཚུལ་མགོ་བརྩམས་ཡོད་པ་རེད་དེ། ཁོང་གིས་ཆོས་ཐམས་ཅད་ཆུ་ལས་འབྱུང་བ་རྒྱུ་མཚན་དུ་བྱས་ནས་ས་གཞི་རྒྱ་མཚོའི་ཁར་འཕྱིང་ཡོད་པའི་ལྟ་བ་བཏོན་ཡོད་པ་རེད། ཨ་རེས་ཏོ་ཏལ་ལྟར་ན། ཁོང་གིས་ད་དུང་ས་གཞི་ཆུའི་ཁ་ལ་འཕྱིང་ནས་གནམ་ལ་འཕུར་མི་ཐུབ་རྐྱེན་ནི་ས་གཞི་དེ་ཤིང་དང་འདྲ་བས་རེད་ཅེས་གསུངས་ཡོད་པ་རེད། གསུངས་འདི་དག་ལ་ད་ལྟ་ང་ཚོས་བགད་མོ་ཤོར་སྲིད་ན་ཐང་མོད། སྐབས་དེའི་རིག་གནས་ལ་ལྟོས་ནས་དཔྱད་ཞིབ་བྱས་ན། འདི་དག་ནི་འཕེལ་རྒྱས་ཆེན་པོ་རེ་རེ་ཡིན་ཏེ། ཐཱ་ལེ་སིའི་སྔོན་དུ། ནུབ་ཕྱོགས་སྲོལ་རྒྱུན་ཁྲོད་དུ་རང་བྱུང་གཟུགས་ཁམས་ལ་ཕྱོགས་པའི་འགྲེལ་བཤད་མེད་པ་མ་ཟད། ཡོད་ཚད་ལྷ་ཡི་གང་འདོད་ཀྱི་བཀོད་པ་ཞིག་ཏུ་བཤད་ནས་སྐྱུར་ཡོད་པ་རེད། སྲོལ་རྒྱུན་དེ་འདྲའི་འཆིང་བ་སྒྲོལ་ཐུབ་ཡོད་པ་དང་། དེ་ནས་མགོ་བརྩམས་ཏེ་བདེན་དོན་དེ་རིགས་ལམ་དང་རིག་གཞུང་གི་རྩོད་གླེང་ཁྲོད་ནས་ལེན་པའི་སྲོལ་གཏད་པ་ནི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཏེ། འདི་ནི་ཤཀྱ་ཐུབ་པ་ཡིས་འཇིག་རྟེན་ཚངས་པས་བྱས་པར་འདོད་པའི་རྒྱ་གར་གྱི་ལྟ་བ་གཉིས་མེད་དེ་ལ་དཔྱད་རྒོལ་བྱས་ནས་ནང་སེམས་ཀྱི་ཚན་རིག་གི་མགོ་བརྩམས་པ་དང་མཚུངས་པ་མ་ཟད། ཁོང་གི་སློབ་མ་ཨ་ནཱ་ཀྵི་མན་དེར[Anaximander]་གྱིས་རང་གི་སློབ་དཔོན་གྱི་ཆུ་འབྱུང་གི་དགོངས་པ་སུན་འབྱིན་བྱས་ནས་འཇིག་རྟེན་འགྲེལ་བཤད་གཞན་མིན་ཞིག་དཀྲལ་བ་དེ་ཡིས་ཐཱ་ལེ་སིའི་ཚན་རིག་དང་ལྟ་གྲུབ་སྙིང་སྟོབས་ལ་དཔེ་གསོན་པོ་ཞིག་བཞག་ཡོད་པ་རེད། གང་ཟག་ལ་མི་རྟོན་པའི་རིག་གཞུང་སྨྲ་བའི་ལུགས་སྲོལ་དང་ཡོད་ཚད་དཔྱོད་པས་ཚད་མར་བསྟུན་པའི་ཐབས་ཚུལ་ཞིག་ཁོ་ཚོས་ལག་ལེན་བྱས་ཡོད་པ་རེད། །

ཐཱ་ལེ་སི་དང་སྟོན་པ་ཤཱཀྱ་ཐུབ་པའི་དུས་རབས་ནི་ཤིན་ཏུ་ཉེ་ལ། གནས་བརྟན་པའི་སྲོལ་ལྟར་བརྩིས་ན། རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྤྱི་ལོའི་སྔོན་གྱི་༥༤༤་ལོར་མྱ་ངན་ལས་འདས་པའི་ཕྱིར་ལོར། ཐཱ་ལེ་སིའང་སྐུ་འདས་པ་ཡིན་ལ། ཁོ་རང་སྤྱི་ལོའི་སྔོན་གྱི་༦༢༤་ལོར་སྐུ་བལྟམས་པ་དང་ཁྱོན་མི་ལོ་༧༨་ཙམ་ལ་འཚོ་བཞུགས་སྐྱོང་ཡོད་པ་རེད། བཤད་སྲོལ་ལ་ཁོང་གི་བོང་སོའི་དྲན་བྱང་དུ་ཚིག་ཀ་འདི་འདྲ་ཞིག་བཀོད་ཡོད་པ་རེད་དེ།

འདི་རུ་བླ་ན་མེད་པའི་ཐཱ་ལེ་སི་མཆོག་དུར་བཞུགས་བྱས་ཡོད་དེ།
ཁོང་གི་བོང་སོ་ཆུང་ན་ཡང་། ཁོང་གི་མཛད་རྗེས་ནི་རབ་ཏུ་ཆེ་བ་ཡིན། །(4)

—————————————————————————————————
ལུང་ཁུངས།

1. དུམ་བུ་འདི་དེབ་ཨ་རེས་ཏོ་རལ་གྱི་གསུང་འབུམ་ གཟུགས་འདས་རིག་པ་ ཞེས་པ་དེ་ལས་དྲངས་ཤིང་བསྒྱུར་བ་ཡིན། Aristotle, The Complete Works of Aristotle (Princeton University Press, 1984).
(2) དུམ་བུ་འདི་རུ་སེལ་གྱི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་ ཞེས་པ་དེ་ལས་དྲངས་ཤིང་བསྒྱུར་བ་ཡིན།
B. Russell, History of Western Philosophy (Routledge, 2004).
(3)དུམ་བུ་འདི་ནེ་ཐྲིའི་བརྩམས་ཆོས་ གྲྀ་སིའི་སྐྱོ་གར་དུས་རབས་ཀྱི་སྙིང་སྟོབས་ ཀྱི་རྒྱ་ནག་བསྒྱུར་མ་ལས་དྲངས་ཤིང་བསྒྱུར་འགོད་བྱས་པ་ཡིན།
尼采, 《希腊悲剧时代的哲学》(译林出版社, 2011).
(4) དུམ་བུ་འདི་ལྟ་གྲུབ་རིག་མཛོད་དྲ་ཚུགས་ལས་དྲངས་ཤིང་བསྒྱུར་འགོད་བྱས་པ་ཡིན།
https://www.iep.utm.edu/thales/
གཞི་བཅོལ་ས།
1.ཐེ་ལྱེའི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་རྒྱ་ནག་བསྒྱུར་མ། [美] 弗兰克·梯利, 《西方哲学史》(光明日报出版社, 2014).
2 དགེ་རྒན་ཆེན་མོ་ཏིང་ཤཽ་མཱང་། རྒྱ་ནག་སྐད་ཐོག་འཆད་ཁྲིད་ གནའ་བོའི་གྲྀ་སིའི་ལྟ་གྲུབ་བསམ་བློའི་ལོ་རྒྱུས། 邓晓芒, 《古希腊哲学思想史(讲座视频)》(https://www.bilibili.com/video/av12951043?from=search&seid=12596607620561409104 ).



2 ཕེ་ཐཱ་གོ་རཱ་སི་དང་གྲངས།


ཐཱ་ལེ་སི་ནས་དུས་རབས་ཕྱེད་ཙམ་སོང་རྗེས། གྲྀ་སིའི་མཁས་པ་གཞན་ཞིག་སྟེ་ཕེ་ཐཱ་གོ་རཱ་སི་འཁྲུངས་ཡོད་པ་རེད། འདི་ཉིད་ནི་རིག་གནས་ཀུན་ལ་མཁས་པ་ཞིག་དང་། ལྟ་གྲུབ་དང་། སྔ་མོའི་ཚན་རིག་ལ་མཛད་རྗེས་ཆེན་པོ་བཞག་ཡོད་མཁན་ཞིག་ཡིན་པར་མ་ཟད། ད་དུང་ཆོས་ལུགས་ཀྱི་ཐར་སྒྲོལ་ལ་ཐུགས་ཆེན་མཛད་མཁན་ཞིག་ཀྱང་ཡིན་པས་ནུབ་ཕྱོགས་སྐྱེས་རབས་ཁྲོད་དུ་དམིགས་བསལ་གྱི་རྣམ་པ་ཞིག་ཟིན་ཏེ་ཡོད། །

མདོ་སྡེ་པས་སྟོན་པའི་རྣམ་ཐར་འཆད་སྐབས་གཏམ་རྒྱུད་འདི་འདྲ་ཞིག་ཐོན་ཡོད་དེ། སྟོན་པས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནས་Sroṇakoṭiviṁsa(མཆོག་ཉལ་ཆ་ཡི་ཐོས་བྱེད་ཞེས་ནས་བསྒྱུར་དགོས་སམ)་བྱ་བ་ཞིག་ལ་སྒོམ་གྱི་བཀའ་ཁྲིད་མཛད་སྐབས། པི་ཝཾ་གི་དཔེ་ལ་སྦྱར་ནས་རྒྱུད་སྐུད་ཧ་ཅང་གྲིམས་དྲགས་པ་དང༌། ལྷོད་དྲགས་པ་མ་ཡིན་པར་གྲིམས་ལྷོད་རན་པའི་མཚམས་ནས་སྐད་སྙན་པ་འབྱུང་བར་གསུངས་ཡོད་པ་དང་། བྲམ་ཟེ་པ་དག་གིས་བཤད་ན། སྟོན་པ་ཤཱཀྱ་ཐུབ་པས་ཐལ་དྲག་གི་དཀའ་བ་སྤྱོད་སྐབས། བརྒྱ་བྱིན་གྱིས་རོལ་མོ་པ་ལ་སྤྲུལ་ནས། པི་ཝཾ་གི་དཔེ་ལ་གོང་ལྟར་སྦྱར་ནས་མཐར་ལྷུང་གི་དཀའ་སྤྱོད་མཚམས་འཇོག་དགོས་ཚུལ་ཞུས་པ་དང་། སྟོན་པས་ཀྱང་སྒོམ་སྤྱོད་ཀྱི་གྲིམས་ལྷོད་གཉིས་ཀྱི་བར་མར་འཇུག་པ་དེ་ལས་དབུ་མའི་དགོངས་གཞི་ཐོག་མར་འཁྲུངས་པ་སོགས་བཤད་བཞིན་ཡོད། གཏམ་རྒྱུད་འདི་གཉིས་ལ་འདོར་ལེན་གྱི་ཆ་གང་རུང་ཡོད་པ་འདིར་མ་སྨོས་ནའང་ཀློག་པ་པོ་དག་གིས་མཁྱེན་ཐུབ་རྒྱུ་རེད་མོད། འདིར་གཙོ་བོ་ངེས་དགོས་པ་ནི་གཏམ་རྒྱུད་འདི་གཉིས་ཀྱིས་རོལ་མོ་དང་རོལ་ཆའི་སྒྲ་ཡིས་སྒོ་ནས་རྒྱ་གར་པ་ཚོས་ནང་སེམས་ཀྱི་གོ་རྟོགས་ལ་བསམ་བློ་ཕྱོགས་བཞིན་ཡོད་པ་མཚོན་ནུས་ལ། རྒྱ་གར་བྲམ་ཟེ་དང་མི་རྒྱུད་གཅིག་པའི་གྲྀ་སི་པ་ཚོས་ཀྱང་རོལ་དབྱངས་དང་ནང་སེམས་ཀྱི་འབྲེལ་བའི་སྒང་ནས་བསམ་བློ་བཏོང་བཞིན་ཡོད་ལ། རྒྱ་གར་བ་དང་མི་འདྲ་བ་ནི། ཁོ་ཚོས་རིགས་པ་དེ་མུ་མཐུད་དུ་དེད་ནས་ཕྱི་རོལ་གྱི་གནས་ལུགས་ཤིག་སྤྲོ་ཨེ་ཐུབ་འབད་བཞིན་ཡོད་པ་དེ་རེད། དེ་ཡང་མཁས་པ་ཚོས་ལྟ་གྲུབ་ལོ་རྒྱུས་སུ་ཕེ་ཐཱ་གོ་རཱ་སི་དང་དེའི་ལྟ་གྲུབ་འཛིན་མཁན་དག་ལ་འདི་ལྟར་དཔྱད་ཞིབ་བྱས་དོན།

ཁོ་ཚོས་རོལ་མོ་ལ་དབང་རྩའི་འཁྲུག་ཆ་གསོ་བར་བྱེད་པའི་ནུས་པ་ལྡན་པ་ཁས་ལེན་པ་དང་། དེར་བརྟེན། རོལ་མོའི་མཐུན་འཇེབས་དང་། མིའི་ནང་སེམས་ཀྱི་འཆམ་མཐུན་བར་ལ་འབྲེལ་བ་ལྡན་པ་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་ཁོ་ཚོས་རོལ་མོའི་རིག་གནས་ཀྱི་ཞིང་ས་ནས་གསར་རྟོགས་བྱས་པ་དངོས་ནི་སྒྲ་གདངས་མཐོ་དམའི་བར་ཁྱད་དེ་ཨང་གྲངས་ཀྱིས་མཚོན་ནུས་པར་རྟོགས་པ་དེ་རེད། ཁོ་ཚོས་རོལ་ཆའི་རྒྱུད་སྐུད་ཀྱི་རིང་ཐུང་དང་། སྒྲ་གདངས་ཀྱི་འགྱུར་བ་གཉིས་ལྟོས་བཅས་སུ་ཡོད་པ་གསར་རྟོགས་བྱུང་བ་རེད། དཔེར་ན། ཨོག་ལེན་པི་ཝང་ཞིག་གི་རྒྱུད་སྐུད་དཀྲོལ་ན་སྒྲ་ངེས་ཅན་ཞིག་ཐོན་རྒྱུ་དང་། རྒྱུད་སྐུད་དེའི་ཕྱེད་ཀ་བཅད་ནས་དཀྲོལ་ན་སྒྲ་གདངས་སྔར་ལས་ཏུའུ་བརྒྱད་མཐོ་བ་ཅན་ཞིག་ཐོན་རྒྱུ་ཡིན་ཏེ། འདི་གཉིས་ཀྱི་བསྡུར་གྲངས་ནི་2:1ཡིན། དེ་ལྟར་སྒྲ་གདངས་ཀྱི་བར་ཁྱད་ཡོད་ཚད་གྲངས་ཀྱི་བསྡུར་བ་འདི་འདྲར་བརྒྱུད་ནས་མཚོན་ཐུབ་པས། ཕེ་ཐཱ་གོ་རཱ་སིའི་གྲུབ་མཐའ་སྨྲ་མཁན་དག་གིས་དགོངས་ཚུལ་དུ། རོལ་མོ་ནི་གྲངས་དང་བྱ་དངོས་ཐམས་ཅད་ཀྱི་འབྲེལ་བ་མཚོན་ནུས་པའི་དཔེ་ལེགས་ཤོས་དེ་ཡིན་པ་རེད། དེ་བས་ཨ་རིས་ཏོ་ཏལ་གྱིས་འདི་ལྟར་སྨྲས་པར། ་་ཁོ་ཚོས་སྒྲ་གདངས་འདེགས་འབེབ་ཀྱི་ཁྱད་ཆོས་དང་བསྡུར་ཚད་དེ་གྲངས་ཀྱིས་མཚོན་ནུས་པར་རྟོགས་པ་དང་། དངོས་པོ་ཐམས་ཅད་རང་བཞིན་གྱི་ཐོག་ནས་གྲངས་ཀྱི་སྒྲོམ་གཞི་ཞིག་ལ་བརྟེན་ཡོད་པར་སྣང་བས། གྲངས་ནི་དངོས་པོ་ཐམས་ཅད་ཀྱི་ཐོག་མར་བྱུང་བ་ཡིན་པར་འདྲ་ལ། ཞིང་ཁམས་ཡོངས་རྫོགས་རོལ་མོའི་བང་རིམ་དང་གྲངས་རིམ་ཡིན་པར་འདོད་པ་རེད་དོ། །(1)

དེ་ལྟར། ཕེ་ཐཱ་གོ་རཱ་སི་ཡིས་རོལ་མོའི་སྒྲ་དབྱངས་ཀྱི་བཅད་མཚམས་ལ་གཞིགས་ནས་ཕྱི་རོལ་འཇིག་རྟེན་ལ་འགྲེལ་བཤད་བརྒྱབ་ཡོད་པ་དང་། བཅད་མཚམས་དེ་དག་ཕར་དེད་ན་གྲངས་ཀྱིས་མཚོན་པ་ལས་ལམ་གཞན་མེད་པ་དང་། དེ་བས་ན་འཇིག་རྟེན་གྱི་ངོ་བོ་གྲངས་ཡིན་པར་འདོད་པའི་དགོངས་གཞི་རླབས་པོ་ཆེ་ཞིག་ཁོ་ཚོས་བཏོན་ཡོད་པ་རེད། ལྟ་འདིས་རྗེས་རབས་ལྟ་གྲུབ་སྨྲ་མཁན་དང་ཚན་རིག་པ་དག་ལ་བློ་བསྐྱེད་ཚད་མེད་གནང་ཡོད་དེ། དཔེར་ན་ཕེ་ཐཱ་གོ་རཱ་སིའི་ལྟ་བ་འདི་གནམ་རིག་སྐར་རྩིས་ཁྲོད་དུ་ ་་གཟའ་སྐར་རོལ་དབྱངས་་་ ཟེར་བའི་དོན་དུ་འཕེལ་ཡོད་དེ། ནུབ་ཕྱོགས་པ་ཚོས་གཟའ་སྐར་གྱི་བར་ཐག་དང་འབྲེལ་བ་སྟོན་པའི་ས་བཀྲ་དེ་ལས་སྙན་ཞིང་འཇེབ་པའི་རོལ་དབྱངས་ཀྱི་འཆམ་མཐུན་ཞིག་མཐོང་ནས་ཡོད་པས། ་་གཟའ་སྐར་གྱི་རོལ་དབྱངས་་ ཟེར་བའི་སྲོལ་དར་ཞིང་། ལྟ་བ་འདི་ཡིས་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་ཁེ་ཕ྄་ལེར[J. Kepler]་སོགས་ལ་ཤུགས་རྐྱེན་བྱས་ཡོད་པ་རེད། ཡང་། ལྟ་གྲུབ་སྨྲ་བའི་ཁྱུ་མཆོག་འཇར་མན་པ་ཁཱང་ཐི་ཡིས་ཚད་མའི་ཤེས་བྱ་སྒྲུབ་སྐབས། ཨང་རྩིས་དང་དུས་ཚོད། དབྱིབས་རྩིས་དང་གནས་ཡུལ་གཉིས་འབྲེལ་བ་བྱས་ནས་འཆད་ཡོད་པ་དང་། ལྟ་བ་དེའི་ཕུགས་དེད་ནའང། འཇིག་རྟེན་གྱི་ངོ་བོ་གྲངས་ལ་བཤད་པ་འདི་རེད། །

གྲངས་ནི་ཚན་རིག་ལ་མཁོ་བའི་ཡོ་བྱད་གལ་ཆེན་ཞིག་ཡིན་པས། ཐཱ་ལེ་སིའི་འཇིག་རྟེན་ཆུ་འབྱུང་གི་ལྟ་བ་དང་བསྡུར་ན། འཇིག་རྟེན་ངོ་བོ་གྲངས་སུ་འཆད་པ་འདི་དེང་རབས་མིའི་རྣ་བར་ཤོངས་བདེ་བ་ཞིག་རེད། འོན་ཀྱང་ཕེ་ཐཱ་གོ་རཱ་སིས་གསུངས་པའི་གྲངས་ནི་ཧྲིལ་གྲངས་ཁོ་ན་ཡིན་པས། དེང་རབས་གྲངས་རིག་ནང་གི་གྲངས་ཀྱི་མཚན་ཉིད་ལས་ཤིན་ཏུ་གུ་དོག་པོར་ཆགས་ཡོད། དེ་བཞིན། ཕེ་ཐཱ་གོ་རཱ་སིས་སྐབས་རེར་གྲངས་དེ་བདེན་གྲུབ་ཅིག་ཏུ་འདོད་དེ་ཁོང་གིས་གྲངས་དེ་ཕུང་པོའི་ཆེས་ཕྲ་བའི་གྲུབ་ཆ་ལ་འདོད་ཀྱིན་ཡོད་པས་། ང་ཚོས་ཁོང་གི་ལྟ་བ་ལ་ཕྱིར་མཇལ་བྱེད་སྐབས་གཟབ་ནན་དགོས་པ་ཆགས་ཡོད། །

ཕྱོགས་གཞན་ཞིག་ནས། ཁོང་གིས་དེང་རབས་རིག་གཞུང་གི་ལྟ་བ་ལྟར། གྲངས་ལ་རྟོག་གྲུབ་ཀྱི་མཚན་ཉིད་ཀྱང་ཁ་ཤས་ངོས་འཛིན་བྱས་ཡོད་དེ། ཁོང་གིས་གྲངས་རིག་རྣལ་མ་སྟེ་ཨང་ཀི་བརྩི་བ་སོགས་ཀྱི་རིག་གནས་དང་། ལག་ལེན་གྲངས་རིག་སྟེ་གྲངས་བཀོལ་སྤྱོད་བྱས་ནས་ཆགས་པའི་རིག་གནས་ཏེ་རོལ་མོའི་སྒྱུ་རྩལ་དང་སྐར་རྩིས་ལྟ་བུ་ཁ་ཁར་འབྱེད་བཞིན་ཡོད་པ་རེད། ད་ལྟ་ང་ཚོས་བསྐྱར་ཞིབ་བྱས་ན། གྲངས་རིག་རྣལ་མ་ནི་རྟོག་པའི་ཡུལ་ཁོ་ནར་འཇུག་པ་ཡིན་ལ། ལག་ལེན་གྲངས་རིག་ནི་ཚོར་བའི་ཡུལ་ལ་འཇུག་པ་ཡིན་པས། དབྱེ་བ་འདི་འདྲ་ཕྱེས་པ་དེ་ཡིས་ཕེ་ཐཱ་གོ་རཱ་སིས་གྲངས་ཀྱི་རྟོག་གྲུབ་ཅན་གྱི་རང་བཞིན་མཁྱེན་ཡོད་པ་ར་སྤྲོད་ཐུབ་ཟེར། །

འཇིག་རྟེན་གྱི་ངོ་བོར་གྲངས་ལ་བཤད་པ་དེར་གཞི་བྱས་ནས། ཕེ་ཐཱ་གོ་རཱ་སིས་རིགས་པ་ཇེ་ཟབ་ཏུ་བཏོང་ཡོད་པ་དང་། ཁོང་གི་དགོངས་པ་འདི་ནི་འཇིག་རྟེན་ཆུ་སོགས་རྫས་སུ་བཤད་པའི་ལུགས་སྲོལ་དང་ཤིན་ཏུ་མི་འདྲ་བས། འདི་ལ་ཆོས་ལུགས་དང་ལྐོག་གྱུར་གྱི་ཁྱད་གཤིས་ཆེ་བ་མ་ཟད། དོན་དམ་པར། ཁོང་གི་རྗེས་འབྲང་པ་ཁག་གཅིག་གིས་འདི་ཉིད་ཆོས་ལུགས་གྲུབ་མཐའ་ཞིག་གི་རྩ་དོན་དུ་བཟུང་ནས་གསང་བའི་ལུགས་ཀྱི་སྒོམ་སྤྱོད་སྣ་ཚོགས་དར་སྤེལ་བྱས་ཡོད་པ་རེད། །

ཕེ་ཐཱ་གོ་རཱ་སིས་གྲངས་ཀ་༡། ༢། ༣། ༤་བཞི་པོ་རེ་རེ་བཞིན། ཐིག་ལེ། ཐིག་སྐུད། ངོས། ཕུང་པོ་བཞིར་གཟིགས་ཡོད་པ་རེད། ཁོང་གིས་གྲངས་ཀ་༡། ༢། ༣། ༤་བཞི་པོ་སྡུད་དེ་ཐོབ་པའི་གྲུ་གསུམ་དབྱིབས་དམིགས་བསལ་བ་ཞིག་ཡོད་པ་དེ་དད་རྟེན་དུ་བགྲངས་བཞིན་ཡོད་པ་རེད་ལ། ཕེ་ཐཱ་གོ་རཱ་སིའི་རྗེས་འབྲང་པ་ཚོས་གྲུ་གསུམ་དབྱིབས་དེའི་མིང་སྟེ་ཐེ་ཐྲག་ཐྱེ[tetractys]་བོས་ནས་མནའ་ཡང་སྐྱེལ་སྲོལ་ཡོད་པའི་ལོ་རྒྱུས་འདུག །

རི་མོ་འདིའི་ནང་གི་༡། ༢། ༣། ༤་བཞི་པོ་བསྣན་ན་༡༠་ཐོབ་ཀྱིན་ཡོད་པས། ཕེ་ཐཱ་གོ་རཱ་སིས་གྲངས་ཀ་༡༠་དེ་རྫོགས་པའི་གྲངས་ཀར་ངོས་འཛིན་བཞིན་ཡོད་པ་རེད། དེ་བས་རྫོགས་པར་བཀོད་པའི་འཇིག་རྟེན་ལའང་༡༠་ཡི་གྲངས་ཚད་ཚང་དགོས་པ་ཡིན་པས་ན། ཁོ་ཚོའི་འདོད་དོན་དུ། ནམ་མཁའི་གཟའ་སྐར་ཡང་བཅུ་དགོས་པ་རེད། སྐབས་དེར། སྐར་རྩིས་སུ་ཁས་ལེན་པའི་གཟའ་སྐར་ལ་དགུ་ཡོད་དེ། སའི་གོ་ལ། ཟླ་བའི་གོ་ལ། ཉི་་མའི་གོ་ལ། ལྷག་པ། ཕུར་བུ། པ་སངས། སྤེན་པ། མིག་དམར་སོགས་ཀྱི་གོ་ལ་སོགས་སོ། །ཕེ་ཐཱ་གོ་རཱ་སིའི་གཟིགས་ཕྱོགས་སུ། གྲངས་དགུ་འདི་ཆ་མ་ཚང་བ་ཡིན་པ་དང་འདི་ཁས་བླངས་ན་འཇིག་རྟེན་སྐྱོན་ལྡན་དུ་ཁས་ལེན་དགོས་པ་ལྟར་བྱུང་ཡོད། དེ་བས་ཁོང་གིས་སྐར་རྩིས་ལ་བཅོས་བསྒྱུར་བྱས་པ་རེད། དེ་ཡང་སྐབས་དེའི་གྲྀ་སིའི་སྐར་རྩིས་ནང་གཟའ་སྐར་དགུ་པོས་དབུས་མེ་ཟེར་བ་ཞིག་སྐོར་ནས་འཁོར་བཞིན་ཡོད་པར་འདོད་པ་རེད། དེ་ནི་ང་ཚོར་ཆ་རྒྱུས་ཡོད་པའི་ས་གཞི་དཀྱུལ་སྙིང་ཅན་དང་ཉི་མ་དཀྱུལ་སྙིང་ཅན་གྱི་སྐར་མའི་འཁོར་བསྐྱོད་འགྲེལ་སྟངས་དེ་འདྲ་མིན། དབུས་མེ་ནི་གོ་ལའི་གཟུགས་སུ་མ་གྲུབ་པས་གཟའ་སྐར་དུ་བགྲངས་ཐབས་མེད། དེ་ནས་ཕེ་ཐཱ་གོ་རཱ་སི་ཡིས་དབུས་མེའི་ཕ་རོལ་གྱི་སའི་གོ་ལའི་ཁ་གཏད་དུ་ལྡོག་པའི་སའི་གོ་ལ་ཞིག་ཡོད་པར་བསྒྲགས་ལ། དེ་ནི་སའི་གོ་ལ་དང་འཁོར་བསྐྱོད་གཅིག་མཚུངས་ཡིན་པས། དེ་ནམ་ཡང་དབུས་མེས་བཀག་ནས་སའི་གོ་ལའི་སྐྱེས་བོས་མཐོང་མི་ཐུབ་པ་ཡིན་ཚུལ་ཡང་ཁ་གསབ་བྱས་ཡོད་པ་རེད། །

ཨ་རེས་ཏོ་ཏལ་གྱིས་ཕེ་ཐཱ་གོ་རཱ་སིའི་འགྲེལ་བ་འདི་ལ་དཔྱད་བརྗོད་བྱེད་སྐབས་སུན་འབྱིན་ནན་པོ་བྱས་ཡོད་དེ།

འདི་ནི་དངོས་ཡོད་ཀྱི་རྒྱུ་མཚན་བཙལ་བའི་རིགས་པ་མ་ཡིན་པར། དངོས་ཡོད་དེ་རང་གི་གཞུང་ལུགས་དང་ལྟ་བ་དང་མཐུན་པར་ཡོ་བཅོས་བྱེད་པ་ཞིག་ཡིན། (2)

ཕེ་ཐཱ་གོ་རཱ་སིའི་འཇིག་རྟེན་ངོ་བོ་གྲངས་ཡིན་པར་འདོད་པའི་ལྟ་བ་དེ་ཆོས་ལུགས་སུ་འགྱུར་བཞིན་ཡོད་པ་དང་། ཁོང་གི་རྗེས་འབྲང་པ་ཚོས་ཀྱང་དེ་ཉིད་ཚད་མར་བཟུང་ནས་དད་མོས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ། ཚད་མ་དེ་ལ་དགག་པ་ཚབས་ཆེན་ཞིག་བྱུང་སོང་བ་རེད། །

དེ་ཡང་ཕེ་ཐཱ་གོ་རཱ་སི་ཡིས་གྲུ་གསུམ་དབྱིབས་ཀྱི་ངེས་སྲོལ་ཞིག་ཁྱབ་སྤེལ་བྱས་ནས་རང་གི་ལྟ་བའི་སྒྲུབ་བྱེད་དུ་བཀོལ་བཞིན་ཡོད་པ་རེད། ངེས་སྲོལ་དེ་ཡིས་དྲང་ཟུར་གྲུ་གསུམ་དབྱིབས་ཤིག་གི་དྲང་ཟུར་ཐིག་གཉིས་ཀྱི་རང་བསྒྱུར་གྱི་བསྡོམས་ནི་དྲང་ཟུར་གཏད་ཐིག་གི་རང་བསྒྱུར་ཡིན་པ་གཏན་ཁེལ་བྱས་ཡོད། སྤྱིར་ན་ངེས་སྲོལ་འདི་ཕེ་ཐཱ་གོ་རཱ་སི་ལས་ལོ་ཉིས་བརྒྱ་ལྷག་གི་སྔོན་དུ་པཱ་པེ་ལོན་གྱི་ཡུལ་ནས་རྟོགས་རྙེད་བྱས་ཡོད་པ་དང་པཱ་པེ་ལོན་ནས་གྲྀ་སིར་དར་སོང་བ་ཞིག་རེད། འོན་ཀྱང་ངེས་སྲོལ་འདི་ཕེ་ཐཱ་གོ་རཱ་སིས་ཐུགས་ཆེན་གནང་གི་ཡོད་པ་དང་། ཁོང་གིས་ངེས་སྲོལ་འདི་ནུབ་ཕྱོགས་ནང་དར་ཁྱབ་བྱས་པ་ཡིན་ཙང་། ངེས་སྲེལ་དེའི་མིང་ཡང་ནུབ་ཕྱོགས་སུ་ཕེ་ཐཱ་གོ་རཱ་སིའི་ངེས་སྲོལ་དུ་གྲགས། འོན་ཀྱང་། ཕེ་ཐཱ་གོ་རཱ་སིའི་ངེས་སྲོལ་འདི་དྲང་ཟུར་ཐིག་གཉིས་ཀྱི་རིང་ཚད་ཨང་ཀི་༡་ཡིན་སྐབས་ཁ་གཏད་ཐིག་གི་རིང་ཚད་དེ་ལུགས་མེད་གྲངས་ཤིག་ཏུ་འགྱུར་བཞིན་ཡོད་པ་རེད། དབྱིབས་རྩིས་ལ་ཆ་རྒྱུས་མེད་ན། རྒྱུ་མཚན་དེ་འདི་ནས་བཤད་ཁག་པོ་ཡིན་ནའང་། མདོ་དོན་ཕེ་ཐཱ་གོ་རཱ་སིའི་སློབ་མ་ཞིག་གིས་སྐྱོན་དེ་རྙེད་ཡོད་པ་རེད། ཕེ་ཐཱ་གོ་རཱ་སིའི་གསུངས་དེ་ཚད་མར་འཛིན་པའི་རྗེས་འབྲང་པ་དག་གིས་སྐྱོན་དེའི་གནོད་པ་ཟློག་ཆེད། སློབ་མ་དེ་རྒྱ་མཚོར་གཡུག་ནས་གསད་པར་གྲགས། འོན་ཀྱང་མཐར་ཐུག་ན། ཁོ་ཚོས་རང་གི་དད་མོས་ཀྱི་རྩ་དོན་གལ་ཆེན་དེའི་སྐྱོན་ཆ་སྦས་ཐབས་མ་བྱུང་བས། ཕེ་ཐཱ་གོ་རཱ་སིའི་གྲུབ་མཐའ་དེ་རིམ་གྱིས་ཉམས་རྒུད་དུ་གྱུར་བ་རེད། །

ནུབ་ཕྱོགས་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད། ནུབ་ཕྱོགས་ཀྱི་ལྟ་གྲུབ་ནི་ཕི་ལཱ་ཐོའི་དགོངས་བཞེད་ཀྱི་འགྲེལ་བ་རྒྱས་བསྡུས་ཙམ་དུ་ཟད་ཟེར་བ་རེད། དེ་བཞིན། ཨེའུ་ཁ྄་ལིད[Euclid]་ཟེར་བའི་མཁས་པ་དེས་དབྱིབས་རྩིས་ཀྱི་རྩ་གཞུང་བརྩམས་ཡོད་པ་དང་། ཁོང་ལ་དབྱིབས་རྩིས་ཀྱི་ཤིང་རྟ་ཆེན་པོ་འབོད་སྲོལ་ཡོད། འོན་ཏེ། དེང་གི་རིག་གཞུང་དཔྱད་ཞིབ་ལས་མཐོང་པ་ཡིན་ན། ཕི་ལཱ་ཐོ་དང་ཨེའུ་ཁ྄་ལིད་གཉིས་ཀའི་དགོངས་པའི་རྩ་བ་དེ་ཕེ་ཐཱ་གོ་རཱ་སི་དང་འབྲེལ་ཏེ་ཡོད་པ་རེད།* མཁས་པ་མང་པོས་ཕེ་ཐཱ་གོ་རཱ་སི་ལ་ཆོས་ལུགས་ཀྱི་གཤིས་ཀ་ལྡན་པ་དང་། དེའི་ལྟ་གྲུབ་དེ་རིམ་གྱིས་ཆོས་ལུགས་གཞུང་ལུགས་ཤིག་ཏུ་འགྱུར་ཡོད་པ་སོགས་ལ་མི་དགའ་བའི་རྣམ་གྱུར་སྟོན་བཞིན་ཡོད་ནའང་། ཁོ་ཚོས་གཅིག་གཅར་ཏུ་ཁས་ལེན་བྱེད་པ་ཞིག་ནི། ཕེ་ཐཱ་གོ་རཱ་སི་ནི་ལོ་རྒྱུས་སུ་བྱུང་བའི་མཁས་པ་ཆེས་གནད་འགག་ཅན་དེ་ཡིན་པ་དང་། སྐབས་རེ་ཁོང་ནི་ཐཱ་ལེ་སི་ལས་ཀྱང་གལ་ཆེ་བར་འདོད་ཀྱིན་ཡོད། །

—————————————————————————————————
* མཆན།
ཕི་ལཱ་ཐོ་རང་གིས་ཕེ་ཐཱ་གོ་རཱ་སིས་ཁོང་ལ་ཤུགས་རྐྱེན་གང་འདྲ་བཞག་ཡོད་མེད་གླེང་གིན་མེད་པ་དང་། ཁོང་གིས་ལྟ་གྲུབ་སྨྲ་མཁན་གཞན་ལ་དཔྱད་ཞིབ་བྱེད་སྐབས། ཕེ་ཐཱ་གོ་རཱ་སི་ལ་དེ་འདྲའི་གལ་ཆེན་ཡང་བརྩི་བཞིན་མེད་པ་རེད། འོན་ཀྱང་། དེང་རབས་ཀྱི་རིག་གཞུང་དཔྱད་ཞིབ་ལྟར་ན། ཕི་ལཱ་ཐོའི་དགོངས་གཞི་ནི་ཕེ་ཐཱ་གོ་རཱ་སི་དང་ཆེས་ཉེ་བ་དང་འདྲ་བ་དེ་ཡིན་ལ། མཁས་པ་འགའ་རེས། ང་ཚོས་ཕི་ལཱ་ཐོའི་བསམ་བློ་ངེས་པ་ཡིན་ན་ཕེ་ཐཱ་གོ་རཱ་སིའང་ཆབས་གཅིག་ཏུ་ཤེས་སོང་པ་རེད་ཅེས་གསུངས་བཞིན་འདུག །
ལུང་ཁུངས།

(1) དུམ་བུ་འདི་ཧྥེ་སེར་སོགས་ཀྱི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་ ཞེས་པ་དེ་ལས་དྲངས་ཤིང་བསྒྱུར་འགོད་བྱས་པ་ཡིན།
Samuel E. Stumpf and J. Fieser, Socrates to Sartre and Beyond: A
History of Philosophy, 8e(McGraw-Hill Education,2012).
(2) དུམ་བུ་འདི་ཨ་རེས་ཏོ་ཏལ་གྱི་ གསུང་རྩོམ་ཕྱོགས་བསྒྲིགས་ ལས་དྲངས་ཤིང་བསྒྱུར་འགོད་བྱས་པ་ཡིན།
Aristotle, The Complete Works of Aristotle (Princeton University Press,
1984).
གཞི་བཅོལ་ས།

1.ཐེ་ལྱེའི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་རྒྱ་ནག་བསྒྱུར་མ། [美] 弗兰克·梯利,《西方哲学史》(光明日报出版社, 2014).
2.ཧྥེ་སེར་སོགས་ཀྱི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས། Samuel E. Stumpf and J. Fieser, Socrates to Sartre and Beyond: A History of Philosophy,8e(McGraw-Hill Education,2012)



3 ཛེ་ནོ་དང་མདའ།


ནུབ་ཕྱོགས་ཀྱི་ཡ་ཐོག་ལྟ་གྲུབ་མཁས་པ་ཚོའི་ཁྲོད་ཀྱི་རིག་པ་རྣོ་བའི་ཚད་དུ་འཇོག་པ་ནི་ཨེ་ལེ་པ་ཛེ་ནོ་མཆོག་ཡིན། ཕེ་ཐཱ་གོ་རཱ་སི་ཡིས་འཇིག་རྟེན་གྱི་ངོ་བོ་རྫས་མ་ཡིན་པ་ཞིག་འཆད་སོང་པའི་རྗེས་ཀྱི་དུས་རབས་ཕྱེད་ཙམ་ནང་། ཕྱོགས་གཅིག་ནས་ལྟ་གྲུབ་པ་ཚོས་འཇིག་རྟེན་ནམ་སྟོང་ཆེན་པོའི་ཁམས་ལ་ངོ་བོ་ཐ་མི་དད་པ་ཞིག་ཡོད་པར་དགོངས་བཞིན་ཡོད་ལ། ཕྱོགས་གཞན་ནས་ཐཱ་ལེ་སི་ནས་མགོ་བརྩམས་པའི་རྫས་བཅས་འཇིག་རྟེན་གྱི་འགྲེལ་བ་དེ་དར་འཕེལ་བྱུང་ནས་ས་མེ་རླུང་སོ་སོ་དང་ས་ཆུ་མེ་རླུང་བཞི་པོའི་ཚོགས་ནས་ངོ་བོ་གྲུབ་པར་བཤད་པའི་ལྟ་བ་བྱུང་ཡོད་པ་རེད། འོན་ཀྱང་ཕཱར་མེན་དེས་བྱ་བ་དེ་ཡིས་རྗེས་མའི་ལུགས་སྣ་ཚོགས་ལ་སྐྱོན་ཚབས་ཆེན་ཡོད་དེ། དེ་དག་ཀུན་གྱིས་རྫས་སུ་གྲུབ་པའི་རྒྱུ་ཞིག་ཡོད་པར་འདོད་མོད། རྒྱུ་དེ་གནས་ཐུབ་པའི་ཡུལ་ལམ་ནམ་མཁའ་ཞིག་དེ་དག་གི་སྔོན་འགྲོར་ཆགས་དགོས་པ་བསྟན་ཡོད་པས་ཡིན་ན། ས་ཆུ་སོགས་འཇིག་རྟེན་གྱི་རྒྱུ་དང་པོར་བཤད་ཁག་པོ་ཡིན་ཏེ། མ་མཐའ་ཡང་སྣོད་ནམ་མཁའ་དང་འབྱུང་བ་གང་རུང་གཉིས་པོ་མཉམ་བྱུང་ཡིན་དགོས་པ་རེད་ཅེས་གསུངསསོ། ། དེ་བས། ཁོང་གིས་སྐྱོན་དེ་འདྲ་ཞིག་སེལ་ཆེད་དུ་ནམ་མཁའ་ཡོད་པར་མི་འདོད་པའི་མུ་ཞིག་སྟེགས་སོང་པ་རེད་ལ། ཁོང་གིས་འཇིག་རྟེན་དེ་ གཅིག་ཉིད་ ཅེས་བྱ་བ་ཞིག་ཏུ་འདོད་ལ། དེ་ནི་ཆ་ཤས་སུ་མེད་པ། བགོ་བ་མེད་པ། གཡོ་བ་མེད་པ་ཞིག་ཡིན་ཞིང་། དེ་ནི་ཀུན་སྙོམས་ཀྱི། རྟག་བརྟན་གྱི་ཟླུམ་གཟིགས་ཤིག་ཡིན་དགོས་པ་དང་། དེ་ནས་རིགས་འདེད་བྱས་ན་འཇིག་རྟེན་འདིར་འགུལ་བ་དང་འགྱུར་བ་བྱེ་བྲག་མེད་ཅེས་གསུངས་པ་རེད། ལྟ་བ་འདི་བློ་རྒོད་པོས་ཀྱང་དྲན་འཆར་མི་ཐུབ་པ་ཞིག་ཡིན་པས་ན། སྐབས་དེའི་ལྟ་གྲུབ་སྨྲ་བོ་དང་རྟོག་གེ་པ་དག་གིས་དེ་ལ་དགག་རྒོལ་རབ་རིམ་བྱས་ཡོད་པ་དང་། མཁས་པ་ཁ་ཤས་ཀྱིས་དེ་ལ་དགག་པ་བྱེད་དུས་ཅི་ཡང་མི་སྨྲ་བར་ཕར་ཚུལ་གོམ་པ་སྤོས་ནས་འགུལ་བ་ཡོད་པའི་དཔེ་བསྟན་པའི་གཏམ་རྒྱུད་ཀྱང་འདུག །

འོན་ཀྱང་ཕཱར་མེན་དེས་ཀྱིས་རྒོལ་བ་འདི་དག་ལ་ཕྱི་རྒོལ་གྲལ་བསྒྲིགས་བྱས་ཡོད་དེ། ཁོང་གིས་ང་ཚོས་ཚོར་ངོས་ནས་འགུལ་བ་སོགས་མཐོང་བཞིན་མྱོང་བཞིན་ཡོད་ནའང་། དེ་ནི་སྒྱུ་མ་ལྟ་བུ་ཡིན་པ་ལས། ཚོར་བ་དང་ཉམས་མྱོང་ནི་ཚད་མར་མི་འོས་པ་རེད་ཅེས་གསུངས་སོ། །

ཕཱར་མེན་དེས་ཀྱི་ལྟ་བ་འཛིན་སྐྱོང་བྱེད་མཁན་ཆེས་གལ་ཆེ་བ་དེ་ནི་ཁོང་གི་དངོས་སློབ་ཛེ་ནོ་བྱ་བ་དེ་ཡིན། ཛེ་ནོ་ཧ་ལམ་སྤྱི་ལོའི་སྔོན་གྱི་༤༩༠འི་ལོ་ནས་༤༢༥འི་ལོའི་བར་བཞུགས་ཡོད་པ་ཡིན། ཛེ་ནོ་ཡིས་རང་ལྟ་སྐྱོང་བ་དང་ཕ་རོལ་རྒོལ་བའི་ཆེད་དུ། སྔོན་གྱི་མཁས་པ་དང་མི་འདྲ་བའི་ཐབས་ཚུལ་ཞིག་སྤྱོད་ཡོད་དེ། དེ་ནི་རྣམ་པ་ལྟག་འགལ་ཅན་དང་ངོ་བོ་རྩོད་སྒྲུབ་ཐབས་ཚུལ་ཞེས་པ་དེ་རེད། ཐབས་ཚུལ་དེ་ནི་ང་ཚོས་རྒྱུས་མངའ་ཡོད་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྩོད་སྟངས་དང་ཤིན་ཏུ་འདྲ། དེ་ཡང་ཁོང་རྣམ་གཉིས་ཀྱིས་ཐོག་མར་ཕ་རོལ་པོའི་དམ་བཅའ་དེ་རེ་ཞིག་ཏུ་ཁས་ལེན་བྱེད་པ་དང་། དེ་ནས་ཕ་རོལ་པོའི་རིགས་ལམ་ལྟར་སོང་ནས་དེའི་ལྟ་བ་དང་རིགས་པའི་ཁྲོད་ཀྱི་འགལ་བ་ཐེར་འདོན་བྱེད་པ་དང་། མཐར་ཕ་རོལ་པོའི་དམ་བཅའ་ཚུགས་མི་ཐུབ་པ་བསྟན་ནས་དེའི་དགག་བྱར་གྱུར་བའི་རང་ཕྱོགས་ཀྱི་དམ་བཅའ་ཇེ་བཙན་དུ་བདེན་སྐྱེལ་བྱེད་བཞིན་ཡོད་པ་རེད། །

ཛེ་ནོ་ཡི་ཕུལ་དུ་བྱུང་བའི་ཁྱད་ཆོས་ནི་རྩོད་སྒྲུབ་ཐབས་ཚུལ་ཡིན། ཁོང་ནི་ཨེ་ལི་ཡ་གྲུབ་མཐའི་མཁས་ཆེན་ཡིན། ཁོང་གི་མདུན་ནས། ཨེ་ལི་ཡ་གྲུབ་མཐའི་དཔྱོད་པ་གཅིག་བཅར་སྨྲ་བ་དེ་དོན་རྟོག་རང་གི་འགུལ་བསྐྱོད་ལ་སྤོ་བསྒྱུར་བྱུང་ཡོད་པ་དང་། དེ་ཚན་རིག་གི་བླ་སྲོག་ཏུ་ཆགས་ཡོད་པ་ཡིན་པས། ཁོང་ནི་རྩོད་སྒྲུབ་ཐབས་ཚུལ་གྱི་ཤིང་རྟ་ཆེན་མོ་ཡིན། །(1)

ང་ཚོས་ཤེས་པ་ལྟར། སངས་རྒྱས་ཆོས་ལུགས་ཀྱི་ཆེས་ཐོག་མའི་རྩོད་པའི་སྐོར་ལ་བསྟན་བཅོས་ཐུང་ངུ་གཉིས་ཡོད་པ་རྣམས་བོད་ཀྱི་བསྟན་འགྱུར་ནང་དུ་ཡོད་དེ། དེ་ནི་ཀླུ་སྒྲུབ་ཀྱི་རྩོད་པ་ཟློག་པ་དང་། ཞིབ་མོ་རྣམ་འཐག་ཅེས་བྱ་བ་གཉིས་ཡིན་ལ། དེ་གཉིས་ཀས་རྩོད་པའི་བྱ་ཐབས་སྐོར་འདི་ལྟར་གསལ་བཤད་དང་ར་སྤྲོད་བྱས་ཡོད་པ་ནི། ཁས་ལེན་རུང་བའི་དམ་བཅའ་གང་ཡང་མེད་པར་སྟོན་པ་དེ་རེད། དེ་ཡང་རྒོལ་པ་པོས་དམ་བཅའ་གང་ཞིག་ཁས་བླངས་རུང་དེ་ཡི་ཁ་གཏད་ཀྱི་སྒྲུབ་ངག་ལ་བརྟེན་ནས་དེ་རྩོད་སྒྲུབ་ཀྱི་ཐབས་ཤེས་སྟེང་ནས་གཏོར་ཐུབ་པ་ཡིན། །(2)

ཐབས་ཚུལ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། འདི་ཡིས་རིགས་པ་གཙོ་བྱེད་ཀྱི་ལྟ་གྲུབ་ཐབས་ཚུལ་ཚུགས་ཐུབ་ཡོད་པ་རེད། རིགས་པ་གཙོ་བྱེད་ཀྱི་ཕྱོགས་གཏོགས་དེ་མཐའ་མར་དཔྱོད་ཤེས་རིང་ལུགས་སུ་འཕེལ་ཡོད་པ་དང་། དེ་ནི་དེང་རབས་ཚན་རིག་གི་ཐབས་ཚུལ་ཏེ་དངོས་མྱོང་གཙོ་བྱེད་ཀྱི་ལུགས་དང་། ལྡོག་ཟླར་གྱུར་ཡོད་པ་རེད། རང་རེས་བོད་ཀྱི་ཚིག་བབ་ཏུ། དཔྱོད་པ་སྨྲ་བ་དང་དཔྱོད་ཤེས་རིང་ལུགས་ཟེར་དུས་ཚན་རིག་དང་འདྲ་རྟགས་འགོད་ཀྱིན་ཡོད་པ་དང་། དེའི་ལྡོག་ཕྱོགས་སུ་ཆོས་ལུགས་སྣ་ཚོགས་འཇོག་གིན་ཡོད་པ་རེད་མོད། ཞིབ་ཕྲའི་དབྱེ་ཞིབ་བྱས་ན། རིགས་པ་གཙོ་བྱེད་ཀྱི་དཔྱོད་ཤེས་རིང་ལུགས་ནི་ཚན་རིག་དང་མི་འདྲ་ལ། ཁྱད་པར་ཏུ་དེང་རབས་ཚན་རིག་དང་འདྲ་བ་མིན་པར་མ་ཟད། ང་ཚོས་ཚན་རིག་གི་ལྡོག་ཕྱོགས་སུ་འདོད་པའི་ཆོས་ལུགས་སྣ་ཚོགས་ཀྱིས་ཚོར་མིན་དཔྱོད་ཤེས་དེ་ཁས་མི་ལེན་པའང་མ་ཡིནཏེ། ནང་ཆོས་ལྟ་བུའི་ལྟ་གྲུབ་ནི་རིགས་པ་དང་དཔྱོད་པ་གཙོ་བོ་ཡིན་གྱི་ལས་ལུང་གཙོ་བོ། རྒྱུ་མཚན་མ་དྲངས་པའི་ཡིད་ཆེས་གཙོ་བོ། ཉམས་མྱོང་གཙོ་བོ་བྱེད་པའི་ལྟ་གྲུབ་དང་འདྲ་བ་ཡིན་རྒྱུ་མ་རེད། དོན་དུ་ཆོས་ལུགས་ཁག་དང་ཚན་རིག་ཆེས་མི་འདྲ་ས་ནི་ཆོས་ལུགས་ཀྱིས་དཔྱོད་ཤེས་ཁོ་ན་ཚད་མར་བཟུང་ནས་དངོས་ཡོད་ལ་སྒྱུ་མ་འབོད་ཀྱིན་ཡོད་པས། ཚན་རིག་དང་ཆོས་ལུགས་ཀྱི་ཐབས་ཚུལ་དང་ལྟ་བའི་དབྱེ་མཚམས་ལ་དཔྱོད་པ་བཟུང་ནས་བཤད་ན་བདེན་མོད། ཚན་རིག་ནི་དཔྱོད་ཤེས་རེད་ཟེར་བ་ནི་ཤིན་ཏུ་རང་ཏུ་ནོར་བ་ཞིག་རེད། དེ་བས་ནང་ཆོས་ཀྱི་ཆོས་ལུགས་ངོས་ཀྱི་སྐྱོན་བརྗོད་བྱེད་སྐབས་དང་། ཚན་རིག་ཚད་མར་སྒྲུབ་པའི་སྐབས་སུ། ང་ཚོས་གནད་འདི་ལ་དོགས་གཟབ་དགོས་པ་འདྲ། །

གང་ལྟར་ཛེ་ནོ་ཡིས་ཀྱང་ཁོང་གི་དགེ་རྒན་ལྟར་མིག་མཐོང་རྣ་ཟིན་སོགས་ཀྱི་ཚོར་བ་ཚད་མར་མི་འདོད་ལ། འགུལ་བ་ཡོད་མེད་གླེང་སྐབས། རིགས་པ་དང་དཔྱོད་པ་ཁོ་ནའི་སྟེང་ནས་གླེང་གིན་ཡོད་པ་དང་། ལོ་རྒྱུས་སུ་ཁོང་གིས་རྩོད་ཡ་དག་གི་དམ་བཅའ་ལས་ལྟག་འགལ་དུ་སོང་བའི་རིགས་ལམ་བཞི་བཅུ་ལྷག་ཐེར་འདོན་བྱས་ཡོད་པར་བཤད་ལ། ལྟག་འགལ་དེ་དག་ལས་ཆེས་སྐད་གྲགས་ཆེ་བ་ནི་འཕུར་བའི་མདའ་མོ་འགུལ་མེད་ཡིན་ཞེས་པ་དེ་རེད། །

ཛེ་ནོས་སྨྲས་པར། དེ་ལ་འཕུར་བཞིན་པའི་མདའ་མོ་ཞིག་ཡོད་པའི་དབང་དུ་བཏང་ན། དེ་ཡིས་དུས་ཚོད་བྱེ་བྲག་པ་ཐམས་ཅད་ཀྱི་ཁྲོད་ནས་གནས་ངེས་ཅན་དང་གནས་གཏན་ཁེལ་བ་རང་གི་རིང་ཐུང་དང་འདྲ་བ་རེ་རེ་བཟུང་ཡོད་པ་དང་། གལ་ཏེ་དེ་ལྟར་འཕུར་མདའ་ཞིག་གིས་དུས་ཚོད་བྱེ་བྲག་པ་རེ་རེ་ཐམས་ཅད་ཀྱི་ནང་དུ་རང་གནས་རེ་རེ་འཛིན་ཐུབ་གྱིན་ཡོད་ན། དོན་དུ་འཕུར་མདའ་དེ་འགུལ་བ་མེད་པ་རེད་དེ། དེ་བྱེ་བྲག་པ་ཐམས་ཅད་ཀྱི་དུས་དང་གནས་ཡུལ་དུ་འགུལ་མེད་ཡིན་པའི་ཕྱིར་རོ། །

ཛེ་ནོས་མདའ་མོ་ཞིག་ས་ཆ་ཀ་པ་ནས་ཁ་པར་འཕུར་དགོས་ན། དུས་ཚོད་བྱེ་བྲག་རེ་རེས་ནང་ནས་གནས་ངེས་ཅན་རེ་འཛིན་དགོས་པ་བསྟན་ནས། གནས་དེ་འདྲའི་ནང་འཕུར་མདའ་འགུལ་མེད་ཡིན་པར་རིགས་པས་དེད་པ་རེད། དེ་ནི་དུས་ཚོད་ནས་འཕྲོས་ཏེ་གཙོ་བོ་གནས་ཀྱི་ཆ་ནས་འགུལ་བ་དགག་བཞིན་ཡོད་པ་ཞིག་རེད་དེ། ཁོས་འགུལ་བ་དགག་སྐབས། གཙོ་བོ་མདའ་ལྟ་བུའི་དངོས་པོ་ཞིག་གིས་ནམ་ཡང་རང་གི་གནས་ངེས་ཅན་རེ་རེ་བཟུང་ནས་འགུལ་མེད་དུ་བསྡད་ཡོད་པ་དེ་གནད་འགག་ཏུ་བཟུང་ཡོད་པ་རེད། ང་ཚོས་འདི་ནས་གཤིབ་བསྡུར་བྱེད་སྤྲོ་བ་ཞིག་ནི་ཀླུ་སྒྲུབ་ཀྱིས་འགུལ་བ་དགག་པའི་རིགས་ལམ་དེ་རེད། །

འགྲོ་པོ་ཡིན་པར་གྱུར་པ་ནི། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང་། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང་། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །འགྲོ་བ་པོ་ཡིན་པར་གྱུར་པ་འགྲོ་བའི་བྱ་བ་དང་ལྡན་པར་གྱུར་པ་ནི། འགྲོ་བའི་བྱ་བ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད། འགྲོ་བ་པོ་མ་ཡིན་པར་གྱུར་པ་འགྲོ་བའི་བྱ་བ་དང་མི་ལྡན་པ་དེ་ཡང་ཡིན་པ་དང་མ་ཡིན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དོ༑ འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་འགྱུར་བ་ཡང་། ཡིན་པ་དང་མ་ཡིན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དོ། །(3)

གོང་ལྟར། ཀླུ་སྒྲུབ་ཀྱིས་འགུལ་བ་བྱུང་སའི་གནས་དེ་གཙོ་བོར་བཟུང་ཡོད་མ་རེད། ཁོང་གིས་གཙོ་བོ་དུས་ཚོད་ཀྱི་སྟེང་ནས་འདས་མ་ད་གསུམ་གྱི་འགལ་བ་དང་འགུལ་བྱེད་ཀྱི་འགྲོ་པ་པོའི་ལས་ལ་དབྱེ་ཞིབ་བྱས་ནས་འགུལ་བ་འགོག་ཀྱིན་ཡོད་པ་རེད། དེ་བས། བལྟས་ཚོད་དུ་ཛེ་ནོ་དང་ཀླུ་སྒྲུབ་ཀྱི་ཐབས་ཚུལ་ལ་བློ་ཕྱོགས་འདྲ་བོ་ཡོད་ནའང་། ཞིབ་སའི་རིགས་པའི་གནད་འཛིན་ས་ནི་མི་འདྲ་བ་ཡིན། རོབ་བྱས་ནས་དཔྱད་ན། ཛེ་ནོའི་བསམ་བློ་བཏོང་ཕྱོགས་ནི་ཡུལ་དུ་གྱུར་བའི་ཕྱི་རོལ་གྱི་ཆ་དེ་ཁོ་ན་ཡིན་པ་དང་། ཀླུ་སྒྲུབ་ཀྱི་ཐུགས་དགོངས་འཁོར་ཕྱོགས་ལ་ངེས་པར་དུ་ཡུལ་ཅན་ཞིག་དགོས་པ་དང་། དེ་བས་ཆ་ནས་དེའི་སྡོམ་ཚིག་གིས་ནི་སྐྱེ་བོའམ་འགུལ་བའི་ལས་བྱེད་མཁན། འགུལ་ཡོད་མེད་བརྟག་མཁན་གྱི་སེམས་ལྡན་གྱི་ནང་རོལ་དེ་གལ་ཆེན་པོར་ཆགས་པ་རེད། །

འོན་ཀྱང་འདི་དེ་ཛེ་ནོ་དང་ཀླུ་སྒྲུབ་ཀྱི་རྩ་བའི་ཁྱད་པར་མ་ཡིན་ཏེ། ང་ཚོས་སྔོན་ནས་བཤད་ཟིན་པ་ནང་བཞིན། ཛེ་ནོ་དང་ཁོང་གི་དགེ་རྒན་ཕཱར་མེན་དེས་གཉིས་ཀྱིས་འགུལ་བ་སོགས་དགག་དགོས་པའི་དམིགས་ཡུལ་ནི། འཇིག་རྟེན་འདི་ལ་ངོ་བོ་རྟག་བརྟན་མི་འགུལ་བ་ཞིག་ཡོད་པར་སྒྲུབ་པའི་ཆེད་དུ་རེད། ཆོས་ལུགས་སུ་བཤད་ན། ཕཱར་མེན་དེས་དང་ཛེ་ནོ་ཡིས་སྒྲུབ་འདོད་པ་ནི་ཚངས་པ་ལྟ་བུའི་ལྷ་ཁོ་ན་བ་ཞིག་ཡོད་པར་སྟོན་པ་དང་། འགུལ་བ་ལ་སོགས་ང་ཚོའི་མྱོང་ཚོར་ནི་རྨི་ལམ་ལྟར་ཡིན་པ་ལས་བདེན་པ་མ་ཡིན་པར་སྟོན་རྒྱུ་དེ་རེད། དེ་ལ་ཛེ་ནོས་གསུངས་པར། གལ་ཏེ་ལྷ་ཆེན་ཞིག་ནི་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྟོབས་པོ་ཆེ་དེ་ཡིན་ན། དེ་ནི་གཅིག་ཉིད་ཡིན་དགོས་ཏེ། གལ་ཏེ་ལྷ་གཉིས་སམ་མང་པོ་ཡོད་པ་ཡིན་ན། ལྷ་དེ་དག་ལ་ཐམས་ཅད་དབང་བསྒྱུར་གྱི་ནུས་པ་འབྱོར་མི་སྲིད། གལ་ཏེ་དེ་ལ་གཞན་དབང་བསྒྱུར་བའི་ནུས་པ་མེད་གྱུར་ན། དེ་ཡང་ལྷ་ཡིན་མི་སྲིད། །(4)

ཆོས་ལུགས་ཀྱི་ལྷ་དེ་ང་ཚོས་ལྟ་གྲུབ་ནང་གི་ངོ་བོ་ལ་གོ་ཆོག་པ་ཡིན་ཏེ། ནུབ་ཀྱི་སྲོལ་ལྟར་ན། འཇིག་རྟེན་འདི་གང་ལྟར་རུང་ལྷ་ཞིག་གིས་བྱེད་དགོས་པ་དང་། ལྟ་གྲུབ་སྨྲ་མཁན་ཚོས་ལྷ་དེ་ངོ་བོ་ལ་གོ་ནས་འཆད་ཀྱིན་ཡོད་པ་དང་། ཆོས་པ་ཚོས་ངོ་བོ་དེ་ལྷ་ཡི་གཟུགས་སུ་བསྒོམས་ནས་མཆོད་ཀྱིན་ཡོད་པའི་ཁྱད་པར་ཙམ་རེད། དེ་བས། ཕཱར་མེན་དེས་དང་ཛེ་ནོ་ཡིས་འགུལ་བ་མེད་པ་བསྒྲུབས་ནས་རྟག་བརྟན་གཅིག་ཁོ་ན་བ་ཞིག་སྒྲུབ་པ་དེ་ནི་ལྷ་གཅིག་སྨྲ་བའི་སྲོལ་ལ་རང་གི་དགོངས་ཚུལ་འབུལ་སྟངས་ཤིག་ཡིན་ལ། དམིགས་ཡུལ་འདི་ཁོང་གཉིས་ཀྱིས་སྒྲུབ་ཐུབ་ཡོད་མེད་ང་ཚོས་འདི་ནས་མི་བཤད་པར་གྱིས་ནས་ཀླུ་སྒྲུབ་སོགས་དབུ་མ་བ་དག་གི་དགོངས་གཞི་ལ་བསྡུར་ཞིབ་བྱས་ན། ལྟ་གྲུབ་འདི་གཉིས་ཀྱི་ཆེས་ཐ་དད་དུ་ཆགས་པའི་ཁྱད་ཆོས་འདི་ལྟར་མཐོང་ཐུབ་དེ། དབུ་མ་བས་སྒྲུབ་འདོད་པ་དང་། དེའི་རྗེས་འཇུག་པ་དག་གིས་སྒྲུབ་ཟིན་པར་འདོད་པའི་དམིགས་ཡུལ་ལྟ་བུ་ནི་ངོ་བོའམ་བྱེད་པོ་ལྷ་དགག་པའི་ཆེད་དུ་དང་རྟེན་འབྲེལ་དང་ངོ་བོ་སྟོང་ཉིད་སྟོན་པའི་ཆེད་དུ་ཡིན་པ་དང་། ཛེ་ནོ་དང་ཀླུ་སྒྲུབ་བར་ལ་འགལ་འབྲེལ་གྱི་གཏམ་མང་པོ་ཡོད་ནའང་། ང་ཚོས་ལམ་རྟགས་ལྟར་འཛིན་ཆོག་པའི་ལྟ་བའི་ལབ་ཙེ་ནི་འདི་ཡིན་པར་སྣང་། །

འཕུར་མདའ་འགུལ་མེད་ཀྱི་བཤད་སྟངས་ལ་ད་ལྟ་ང་ཚོས་མཁས་པའི་ལེགས་བཤད་ཀྱི་བློ་འབྱེད་བྱས་པ་ལྟར་ཕྱོགས་དུ་མའི་ངོས་ནས་གླན་ཀ་འཕེན་ཐུབ་པ་རེད་མོད། ཛེ་ནོ་འཚོ་བཞུགས་བྱེད་པའི་གནའ་བོའི་དུས་རབས་ལ་མཚོན་ན། དེ་ནི་རིག་པ་ཤིན་ཏུ་རྣོ་བའི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པ་དང་། ལྟ་གྲུབ་པ་དག་གིས་མཁས་རྟགས་སྟོན་པའི་རྩོད་གཞི་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད། མ་ཟད། ཛེ་ནོའི་འཕུར་མདའ་འགུལ་མེད་སོགས་ཀྱི་དགོངས་གཞི་ནི་གྲངས་རིག་གི་མཚམས་མེད་ཀྱི་དོན་རྟོག་དེ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད་ལ། དོན་རྟོག་དེ་རྩིས་རིག་གི་གལ་ཆེའི་རྨང་གཞི་ཞིག་ཏུ་ཆགས་ཡོད་པ་རེད། །

མཐར། ང་ཚོས་དབྱིན་ཇུའི་ལྟ་གྲུབ་སྨྲ་བོ་ཝེ་དེ་ཧེད[A. N. Whitehead]་ཀྱིས་སྐད་ཆ་ཞིག་གིས་མཇུག་རྫོགས་པར་བྱེད་དེ། ཁོང་གིས་གསུངས་པར། མི་མང་ཆེ་ཤོས་ཀྱིས་ཛེ་ནོའི་ལྟ་བ་ལ་འཐད་ཀྱིན་མེད་ནའང་། དུས་རབས་གང་འདྲ་ཞིག་ཏུ་ཐོན་རུང་། མི་ཐམས་ཅད་ཀྱིས་ཁོང་གི་ལྟ་བ་ལ་ནན་ཏན་གྱི་དགག་སྒྲུབ་བྱེད་པའི་དགོས་གལ་མཐོང་བཞིན་ཡོད་པས། འདི་ནི་ཁོང་གི་ཁྱད་འཕགས་ཀྱི་ཡོན་ཏན་ཡིན་ཏེ། དུས་རབས་རིམ་བྱུང་དུ་ཁོང་གི་གསུང་རྩོམ་ལ་དགག་སྒྲུབ་ཐོན་ཀྱིན་ཡོད་པ་འདི་ནི་མཛད་རྗེས་ཀྱི་རྩེ་མོ་ལྟ་བུ་ཡིན་ནོ། །

—————————————————————————————————
ལུང་ཁུངས།

1. དུམ་བུ་འདི་ཧེ་གེལ་གྱི་དེབ་ ལྟ་གྲུབ་ལོ་རྒྱུས་ཀྱི་འཆད་ཁྲིད་ཟིན་ཏིག་ རྒྱ་ནག་བསྒྱུར་དེབ་ལས་དྲངས་ཤིང་བསྒྱུར་བ་ཡིན། [德]黑格尔, 《哲学史讲演录》(商务印书馆, 1959).
(2) དུམ་བུ་འདི་སྟེར་པཱ་ཀྱེའི་བརྩམས་ཆོས་ སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པ་ རྒྱ་ནག་བསྒྱུར་དེབ་ལས་དྲངས་ཤིང་བསྒྱུར།
[俄]舍尔巴斯基, 《佛教逻辑》(商务印书馆, 1997).
(3) དུམ་བུ་འདི་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་རྩོམ་ རྩ་ཤེའི་འགྲེལ་པ་འཐད་སྣང(སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་འཕྲུལ་དེབ། ༢༠༡༨་ལོ།)་ ནས་དྲངས།
(4) དུམ་བུ་འདི་ཧེ་གེལ་གྱི་དེབ་ ལྟ་གྲུབ་ལོ་རྒྱུས་ཀྱི་འཆད་ཁྲིད་ཟིན་ཏིག་ རྒྱ་ནག་བསྒྱུར་དེབ་ལས་དྲངས་ཤིང་བསྒྱུར་བ་ཡིན།
[德]黑格尔, 《哲学史讲演录》(商务印书馆, 1959).
གཞི་བཅོལ་ས།

1.ཐེ་ལྱེའི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་རྒྱ་ནག་བསྒྱུར་མ།
[美] 弗兰克·梯利,《西方哲学史》(光明日报出版社, 2014).
2 ཧེ་གེལ་གྱི་དེབ་ ལྟ་གྲུབ་ལོ་རྒྱུས་ཀྱི་འཆད་ཁྲིད་ཟིན་ཏིག་ རྒྱ་ནག་བསྒྱུར་མ།
[德]黑格尔, 《哲学史讲演录》(商务印书馆, 1959).


4 དེ་མོ་ཁ྄་རི་ཐུས་དང་རྡུལ་ཕྲ་རབ།


ཕཱར་མེན་དེས་ཀྱིས་གཅིག་ཉིད་སྨྲ་བའི་ལྟ་གྲུབ་དེ་ཕྱོགས་གཅིག་ནས་ཛེ་ནོས་དར་སྤེལ་བྱས་ཏེ་ལྟག་འགལ་སྣ་ཚོགས་བྱུང་ཐུབ་ཡོད་པ་དང་། ཕྱོགས་གཞན་ནས། དེ་ཡིས་རྡུལ་ཕྲ་རབ་སྨྲ་བའི་ལྟ་གྲུབ་ལ་ཐད་ཀར་གྱི་བློ་སྒོ་ཕྱེས་ཡོད་པ་རེད། ཕཱར་མེན་དེས་ཀྱིས་གཅིག་ཉིད་ནི་འཇིག་རྟེན་ཧྲིལ་པོ་ལ་བཤད་པ་ཡིན། དེ་ནི་སྙོམས་ལྡན། རྟག་བརྟན་པ་དང་། ཆ་ཤས་སུ་བགོ་མི་ཐུབ་པ་དེ་འདྲ་ཞིག་ཡིན། གྲྀ་སི་ནས་བྱུང་བའི་རྡུལ་ཕྲ་རབ་ཀྱི་དོན་རྟོག་དེ་ལའང་དེ་འདྲའི་མཚན་ཉིད་ལྡན་པ་ཡིན་ཏེ། རྡུལ་ཕྲ་རབ་རེ་རེ་ནི་སྙོམས་པ། མི་ཞིག་པ། དེ་ལས་ཆུང་དུ་བགོ་རྒྱུ་མེད་པ་ཞིག་ཡིན་ལ། དེ་ནི་རྒྱ་བོད་ལྟ་གྲུབ་ནང་གི་རྡུལ་ཆ་མེད་ཀྱི་མཚན་ཉིད་དང་འདྲ་བ་ཞིག་རེད། འོན་ཀྱང་། ཕཱར་མེན་དེས་ཀྱི་འཇིག་རྟེན་ཧྲིལ་པོ་དེ་ཆ་མེད་དུ་ལྟ་བ་དང་མི་འདྲ་བར། རྡུལ་ཕྲ་རབ་ནི་གཅིག་ཉིད་པ་ཞིག་མ་རེད། ཡང་ན་འཇིག་རྟེན་ནི་རྡུལ་ཕྲ་རབ་ཁེར་བུ་བ་ཞིག་མ་ཡིན་པར་དེ་ནི་རྡུལ་ཕྲ་རབ་གྲངས་ལས་འདས་པས་གྲུབ་པ་ཞིག་རེད། འདིའི་ཕྱོགས་ནས་རྡུལ་ཕྲ་རབ་སྨྲ་བ་པོ་ཚོས་ཕཱར་མེན་དེས་ལ་ངོ་ལོག་བྱས་ཡོད་པ་དང་། ཕཱར་མེན་དེས་ཀྱིས་དགག་ཟིན་པའི་ནམ་མཁའ་དང་འགུལ་བསྐྱོད། འགྱུར་བ་སོགས་ཀྱང་བསྐྱར་སྒྲུབ་བྱས་ཏེ་ཡོད་པ་རེད། །

འདི་ནས་བཟུང་། ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་དབྱེ་མཚམས་ཁྱད་པར་བ་ཞིག་ཐོན་ཡོད་པ་རེད་དེ། དེ་ནི་གཅིག་ཉིད་དང་སྣ་ཚོགས། ཐ་དད་དང་ཐ་མ་དད་པའི་བར་གྱི་ཁྱད་པར་དེ་རེད། དེ་ན་གྲྀ་སི་ནང་སྐྱེས་བུ་སུ་ཞིག་གིས་རྡུལ་ཕྲ་རབ་ཀྱི་འཆད་སྲོལ་དངོས་སུ་བརྩམས་པ་རེད་ཅེ་ན། ཡོངས་གྲགས་སུ་ལེའུ་སིབ་ཕུས[Leucippus]་ཡིན་པར་བཤད། འོན་ཀྱང་དེང་གི་མཁས་པ་མང་པོས་མི་དེ་འདྲ་ཞིག་ཡོད་མེད་བདེན་དཔང་མི་ཐུབ་ཟེར་བཞིན་ཡོད་ལ། དེར་གཞིགས་ནས་བཤད་ན། རྡུལ་ཕྲ་རབ་སྨྲ་བའི་ལུགས་དེ་གྲྀ་སི་ནས་ཇི་ལྟར་བྱུང་ཚུལ་ལ་ཏག་ཏག་ཅིག་བཤད་རྒྱུ་མེད་པར་ཆགས་ཡོད་པ་རེད། འོན་ཀྱང་འབྱུང་ཁུངས་བཙལ་ཁག་པོ་ཡིན་རུང་། རྡུལ་ཕྲ་རབ་ཀྱི་ལྟ་བ་དེ་ཡོད་པ་ནི་ཐེ་ཚོམ་མེད་ལ། ནུབ་ཕྱོགས་སུ་རིང་ལུགས་དེའི་མཁས་གཙུག་ལ་དེ་མོ་ཁ྄་རི་ཐུས[Democritus]་བགྲང་རྒྱུ་ཡོད་པ་རེད། །

གྲྀ་སིའི་འདོད་པའི་རྡུལ་ཕྲ་རབ་དེ་ཡང་གཟུགས་ཀྱི་འགྲུབ་བྱེད་ཆེས་མཐར་ཐུག་གམ་ཆུང་བ་དེ་ཡིན་པ་རེད། འོན་ཀྱང་འཇིག་རྟེན་ལ་གོ་བ་ལེན་སྟངས་ཤིག་གིས། ཁོ་ཚོའི་སྐད་ཆའི་ཁྲོད་དུ་རྟག་པར་འཇིག་རྟེན་དང་གཟུགས་ཁམས་གཉིས་དོན་གཅིག་ཏུ་བྱེད་ཀྱིན་ཡོད་པ་དང་། དེ་བས་རྡུལ་དེ་འཇིག་རྟེན་གྱི་འགྲུབ་བྱེད་ཆེས་ཕྲ་བ་རེད་ཅེས་བཤད་རྒྱུ་འབྱུང་གིན་ཡོད་པ་རེད། ཁོ་ཚོས་རྡུལ་ཕྲ་རབ་ཟེར་དུས་རྡུལ་ཆ་མེད་ཅིག་ལ་གོ་བཞིན་ཡོད་པ་དང་། དེ་དག་གི་བར་ལ་ནམ་མཁའ་ཡོད་པའང་འདོད་ཀྱིན་ཡོད། རྡུལ་ཕྲ་རབ་དེ་ཐོག་མར་གང་ལས་སྐྱེས་པ་རེད་ཅེས་དྲིས་ན། ཁོ་ཚོས་ལན་འདེབ་ཐུབ་ཀྱིན་མེད་དེ་རྡུལ་ཕྲ་རབ་ནི་ཐོག་མའི་དུས་ནས་ནམ་མཁར་གནས་ཡོད་པ་དང་། དེ་ལ་སྐྱེ་འཇིག་ཡོད་མ་ཡིན་ཞེས་མཚན་ཉིད་ཨུ་ཚུགས་སུ་འཇོག་གིན་ཡོད། དེ་བཞིན་དུ། ཁོ་ཚོས་རྡུལ་ཕྲ་རབ་དག་ནི་འགུལ་བསྐྱོད་བྱེད་པ་ཡིན་ཏེ། དེ་དག་འགུལ་བསྐྱོད་བྱས་པའི་དབང་གིས་གཟུགས་སྣ་ཚོགས་སྦྱོར་གྲུབ་བྱས་པ་རེད་ཅེས་བཤད།

གྲྀ་སི་པ་དང་འདྲ་བར། རྒྱ་བོད་ཀྱི་མཁས་པ་ཚོས་ཀྱང་རྡུལ་ཕྲ་རབ་ཀྱི་དགོངས་གཞི་སྔོན་དུས་ནས་བཏོན་ཐུབ་ཡོད་པ་དང་། དེ་སྐོར་ལ་དབྱེ་ཞིབ་དང་རྩོད་པའང་སྣ་ཚོགས་བྱུང་ཡོད་པ་རེད། ཉེ་དུས་རིང་ལ། བརྗོད་གཞི་འདི་ཡང་ཚན་རིག་དང་ཆོས་ལུགས་ཀྱི་འགལ་འབྲེལ་ངོས་ནས་གླེང་གཞི་ཚ་བོ་ཞིག་ལ་ཆགས་ཡོད་པས། འདི་ནས་མང་ཙམ་མི་གླེང་བར་འོག་གི་མཁས་པའི་འགྲེལ་བཤད་དེ་དཔྱད་གཞི་ལ་བཞག་པས་ཆོག་པར་བྱེད།

བྱེ་མདོ་གཉིས་ཀྱི་རྡུལ་ཕྲན་དེ་ཉིད་ཆ་མེད་དུ་འདོད་ཚུལ་ལས། རགས་པའི་རྩོམ་གཞི་གྱུར་བའི་རྡུལ་ཕྲ་རབ་ཆ་མེད་དུ་འདོད་པ་དེ་ནི་བློས་ཆ་ཤས་སུ་གསིལ་རྒྱུ་མེད་པའམ་ཕྱོགས་ཀྱི་ཆ་གསིལ་རྒྱུ་མེད་པའི་རྡུལ་ཕྲ་རབ་གཅིག་ལ་འདོད་དམ་སྙམ། དེ་ཡང་འབྱུང་བ་ས་ཆུ་མེ་རླུང་བཞི་དང་འབྱུང་གྱུར་གཟུགས་དྲི་རོ་རེག་བྱ་བཞི་བཅས་རྡུལ་རྫས་བརྒྱད་འདུས་པའི་སྟེང་ནས་གཟུགས་ཅན་རྣམས་གྲུབ་པ་དང་། དེའི་སྟེང་ནས་གཟུགས་ཅན་ཕྲ་རགས་ཀྱི་རྣམ་གཞག་བྱེད་ཅིང་། ཆ་ཅན་གྱི་གཟུགས་ཅན་རྣམས་རིམ་གྱིས་ཆ་སོ་སོར་ཕྱེ་ན་མཐར་རྡུལ་ཕྲ་རབ་ཀྱི་ངོ་བོར་ཆ་གསིལ་རྒྱུ་མེད་པ་འགྲོ་བ་དང་། ཡང་རྡུལ་ཕྲ་རབ་དུ་མ་འདུས་པའམ་རྡུལ་ཕྲ་རབ་གཞན་རྣམས་ཕན་ཚུན་འདབ་ཆགས་པར་གྱུར་པ་ལས་གཟུགས་ཅན་རགས་པའི་བར་རིམ་གྱིས་གྲུབ་པར་འཇོག་ལ། རྡུལ་ཕྲ་རབ་ནི་རང་སྡེ་བྱེ་མདོ་གཉིས་ཀྱི་རྡུལ་རྣམས་ཀྱི་ནང་ནས་ཕྲ་ཤོས་དང་གཟུགས་ཅན་རྣམས་ཀྱི་ཐོག་མའི་རྩོམ་གཞི་ཡིན་པར་མ་ཟད་རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་དང་ཆ་ཤས་གསིལ་རྒྱུ་མེད་པས་ཆ་མེད་དུ་འདོད་ལ། དེ་ཡང་ཁ་ཆེ་བྱེ་བྲག་དུ་སྨྲ་བ་རྣམས་ནི་སྐོར་ནས་ཡོད་ཀྱང་ཕན་ཚུན་མི་རེག་པར་གནས་ཏེ། མཛོད་རང་འགྲེལ་ལས། ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ་ཞིག་མི་རེག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེས་ན། རེ་ཞིག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་གྱུར་ན་ནི་རྫས་རྣམས་འདྲེས་པར་གྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པ་ཡིན་ནོ། །(1)

རྒྱ་བོད་མཁས་པ་དག་གིས་རྡུལ་ཕྲ་རབ་ནས་རྩོད་དེ་ཆོས་ལུགས་ཀྱི་གཞུང་པོད་རི་རབ་ལྟར་བརྩིགས་བཞིན་པའི་ཚེ་ལ། གྲྀ་སིའི་རྡུལ་ཕྲན་སྨྲ་བ་དེ་ལྷ་མེད་སྨྲ་བའི་ལུགས་སུ་ཞུགས་ཏེ་དངོས་གཙོའི་ལྟ་གྲུབ་སུ་བསྐྱོད་ཀྱིན་ཡོད་པ་རེད། སྤྱིར་ན། ནང་ཆོས་ཀྱི་ལྷ་ལས་འདས་པའི་ལྟ་བ་དང་ནུབ་ཕྱོགས་ཀྱི་ལྷ་མེད་སྨྲ་བ་གཉིས་ཀར་མཚོན་ན། གཉིས་ཀིས་བྱེད་པོ་ལྷ་དགག་ཀྱིན་ཡོད་པས་འདྲ་ནའང་། དེ་དགག་པ་མཛད་རྗེས་སླར་ཡང་སོ་སོ་ལམ་ཁ་ཁ་ལ་གྱེས་ཏེ་ཡོད་པར། གཅིག་གིས་ཕྱིར་ལྡོག་ནས་ཉམས་མྱོང་གཞིར་བཞག་གི་གཟུགས་ཁམས་ལ་ཕྱོགས་སོང་བ་དང་མཐར་དེ་ནས་གཟུགས་ཁམས་ཚན་རིག་སྒྲིག་བཞེངས་ཐུབ་ཡོད་པ་དང་། གཅིག་གིས་མུ་མཐུད་རིགས་པའི་མཐའ་རྙེད་ཐབས་བྱས་ཤིང་མཐར་ཉམས་མྱོང་གི་ཤེས་བྱ་ལ་དེ་ཙམ་འཕེལ་རྒྱས་མེད་པར་ཆགས་པ་རེད། །

ད་ལྟ་ང་ཚོས་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་སྐབས། རྟག་པར་འཐུས་ཤོར་འདི་འདྲ་ཞིག་ལ་བཤད་ཀྱིན་ཡོད་དེ། ང་ཚོ་ལ་ཚན་རིག་མ་ཡོད། འཇིག་རྟེན་གཟུགས་ཁམས་དབང་བསྒྱུར་བྱེད་པའི་ཤེས་བྱ་མ་འཕེལ་ཟེར་ནས་ཡོད་པ་རེད། དེ་ནི་ཕྱོགས་གཅིག་ནས་འཐུས་ཤོར་ཡིན་པ་ཁས་ལེན་ཆོག་ལ། ནུབ་ལ་མཚོན་ནའང་དེ་བཞིན། གང་ཞིག་ཐོབ་པས་ཕྱིར་ན་ཤོར་བའང་ཡོད་དེ། ནུབ་ཀྱིས་འགྲོ་སྟངས་དེ་ཡིས་ཏག་ཏག་རྒྱ་བོད་སྤྱི་ཚོགས་དང་མ་འདྲ་བའི་སྐྱོན་ཞིག་བསློང་ཡོད་པ་ནི། ཛེ་ནོ་ཡི་རྩོད་སྒྲུབ་དང་དེ་མོ་ཁ྄་རི་ཐུས་གཉིས་ཀྱི་གཏད་པའི་དངོས་གཙོའི་རིང་ལུགས་དེ་མཐར་མིའི་རང་དབང་ཡོངས་སུ་རྒོལ་བའི་རིག་པ་ཞིག་ཏུ་འཕེལ་རྒྱས་སུ་ཕྱིན་པ་དང་། ཁོང་གཉིས་ཀྱི་ཐོག་མའི་བློས་སློང་དང་ཐོག་མའི་དུས་ཀྱི་འབྲས་བུ་ནི་ལྷ་མེད་ཀྱི་ལྟ་བ་སྒྲུབ་རྒྱུ་དེ་ཡིན་མོད། མཐའ་མའི་འབྲས་བུ་ནི་འཕྲུལ་འགུལ་ལུགས་དང་འཕྲུལ་འགུལ་གཏན་ཁེལ་སྨྲ་བའི་ལུགས་སུ་ལྷུང་བ་དེ་རེད། །

དེ་ཡང་གལ་ཏེ་འཇིག་རྟེན་འདི་ཉིད་ཀྱི་ཡོད་ཚད་རྡུལ་ཕྲ་རབ་ཀྱི་འགུལ་བསྐྱོད་དང་དེའི་སྦྱོར་འདུ་འགྱེད་འཐོར་གྱིས་གཏན་ཁེལ་བྱས་ཡོད་པ་ཡིན་ཞིང་། དེ་ཐམས་ཅད་ཀྱི་རྩ་བ་ཡིན་ན། རྡོ་སོགས་རྡུལ་གྱི་དབང་གིས་བསྒྱུར་ཡོད་པས་མ་ཟད། སེམས་ལྡན་དག་ཀྱང་རྡུལ་དབང་དུ་འདུག་དགོས་པས། དེ་ན་རང་དབང་གི་རྩ་བ་དེ་མེད་པར་ཆགས་ཡོད་པ་དང་། ཡོད་ཚད་རྡུལ་གྱི་འགུལ་བསྐྱོད་ལྟར་ངེས་པ་ཅན་དུ་ཆགས་ཡོད་པ་རེད། །

ཡོད་ཚད་རྡུལ་ཕྲ་རབ་ཀྱིས་གྲུབ་པ་ཡིན་ན། ཚོར་བ་དང་བླང་དོར། བསམ་ཚུལ་སོགས་ཀྱང་རྡུལ་གྱིས་དབང་བསྒྱུར་བྱས་པ་ཡིན་དགོས། དེ་མོ་ཁ྄་རི་ཐུས་ཀྱིས་སྨྲས་པ་ལྟར་ན། བླའམ་བདག་ཟེར་བ་དེའང་རྡུལ་ཕྲ་རབ་ཟླུམ་པོའི་གཟུགས་དབྱིབས་ཅན་ཞིག་ཡིན་པ་རེད། དེ་ཟླུམ་པོ་ཡིན་དོན་ནི། ཟླུམ་པོ་ནི་གཟིགས་དབྱིབས་ཐམས་ཅད་ཁྲོད་ཀྱིས་འཛུལ་ཞུགས་ཀྱི་ཡོན་ཏན་ཆེས་ཆེ་བ་དེ་ཡིན་པས་རེད་ཟེར། དཔེར་ན། ང་ཚོས་གཏོར་གཟུགས་སམ་ཟླ་གམ་གཟུགས་ཤིག་བསྒྲིལ་བ་ཡིན་ན། དེ་འགུལ་བསྐྱོད་ཁག་པོ་ཡིན། འོན་ཀྱང་ཟླུམ་པོ་སྤོ་ལོ་ལྟ་བུ་ཞིག་བསྒྲིལ་བཞག་པ་ཡིན་ན། དེ་ཡིས་འགུལ་ཤུགས་རྒྱུན་མཐུད་ལེགས་པོ་འཁྱོང་ཐུབ་ལ། དེ་བས་ཆ་ནས་གཞན་ལའང་ནུས་ཤུགས་སྤྲོད་སླ་མོ་ཡིན་པ་རེད། དེ་མོ་ཁ྄་རི་ཐུས་ཀྱིས་ཡོན་ཏན་དེའི་ཆ་ནས་བླའམ་བདག་དེ་ཟླུམ་གཟུགས་སུ་འདོད་ཀྱིན་ཡོད་པ་རེད། །

དེ་བས། འདི་ལྟར་རྡུལ་ཕྲ་རབ་སྨྲ་བའི་ལུགས་དེ་འགྲེལ་བཞིན་འགྲེལ་བཞིན་དེ་ལ་སྐྱོན་ཆེན་པོ་ཞིག་ཐོན་བཞིན་ཡོད་པ་རེད། དེ་ནི་ཆ་མེད་དེ་སྒྲ་ཡིས་སྟེང་ནས་ཚུགས་མི་ཚུགས་ཙམ་གྱི་རྩོད་པ་ཙམ་ཞིག་མ་རེད། །

དེ་ཡང་རྒྱ་གར་གྱི་རྡུལ་ཕྲ་རབ་སྨྲ་མཁན་གྱི་ཕྱི་ནང་གི་གྲུབ་མཐའ་དག་ལ་ཆ་མེད་ཡིན་ཐུབ་མིན་སྟེང་ནས་རྒོལ་བ་སྤྲད་ཡོད་པ་ནང་བཞིན། གྲྀ་སིའི་རྡུལ་ཕྲ་རབ་སྨྲ་མཁན་དག་ལའང་སྐྱོན་བརྗོད་གཅིག་མཚུངས་སུ་བྱུང་ཡོད་པ་རེད། འོན་ཀྱང་དེ་ནི་རྡུལ་ཕྲ་རབ་ཀྱི་སྐྱོན་ཆེས་ཆེ་བ་དེ་མ་རེད། རྡུལ་ཕྲ་རབ་སྨྲ་བའི་ལུགས་ཀྱི་སྐྱོན་ཆེས་ཆེ་བ་དེ་ནི་འཕྲུལ་འགུལ་ལུགས་ཀྱི་ལྟ་བ་དེ་ཡིན་ཏེ། སེམས་སོགས་རྡུལ་གྱིས་གྲུབ་པར་བཤད་པ་དེ་ཡི་རྗེས་དཔག་ནི་སེམས་ལ་རང་དབང་མེད་པ་དང་། ཆོས་ལུགས་ཀྱི་ངོས་ནས་ཐར་བ་ཁས་མི་ལེན་པ་དང་། ཆབ་སྲིད་ཀྱི་ངོས་ནས་རང་དབང་ལ་རྩ་བ་འཛུགས་ས་མེད་པར་བྱས་པ་དེ་རེད། རྡུལ་ཕྲ་རབ་ཀྱི་རིང་ལུགས་སུ་མི་དང་སེམས་ཅན་གཞན་དག་ནི་དོན་དམ་དུ་རང་དབང་མེད་པའི་འཕྲུལ་ཆ་ཞིག་ཏུ་འགྱུར་ཡོད་པ་རེད། དེ་བས། རིགས་པ་འདི་མུ་མཐུད་དུ་དེད་ན། ལས་དབང་ཟེར་བའི་ལྷ་ཡོད་སྨྲ་བའི་ལྟ་བ་དེ་བསྐྱར་གསོ་བྱེད་སྲིད་པ་རེད་ལ། ཨུ་ཐོ་པེན་གྱི་ངེས་པ་སྨྲ་བའི་ཆབ་སྲིད་ཀྱི་འཇིགས་པ་ཆེན་པོ་འཕེལ་རྒྱུ་དེ་རེད། རྡུལ་ཕྲ་རབ་སྨྲ་བའི་མཁས་པ་གཞན་ཞིག་སྟེ་ཨེ་ཕི་ཁུ་རུས[Epicurus]་ཀྱིས་དེ་འདྲའི་ཡ་ང་བའི་རིགས་པ་ལྡོག་ཆེད། རྡུལ་ཕྲ་རབ་ལ་ལྟོས་བཅས་ཀྱི་རང་བཞིན་སྦྱར་བ་རེད། འོན་ཀྱང་ཁོང་གི་ལེགས་བཅོས་དེ་འཐུས་ཕྱིན་པ་ཞིག་མ་རེད་འདོད། །

སྐྱོན་ཆེན་པོ་དེ་འདྲ་ཞིག་ཁུར་ནས། ཨེ་སག་་ནེའུ་ཏོན[Isaac Newton]་སྐད་གྲགས་ཆགས་པའི་སྐབས་སུ། རྡུལ་ཕྲ་རབ་ཀྱི་ལྟ་བ་དེ་ཚན་རིག་གི་གཙོ་རྒྱུགས་སུ་ཆགས་པ་དང་། རེ་ཞིག་ལ་དེ་ཡིས་སུས་ཀྱང་དོགས་སློང་བྱེད་མི་ཐུབ་པའི་ལྟ་བའི་གོ་གནས་ཤིག་བཟུང་བ་རེད། ནེའུ་ཏོན་གྱི་བརྩམས་ཆོས་འོད་རིག་པ་ཞེས་པ་དེར་བྲིས་དོན།

ང་རང་གི་འདོད་ཚུལ་ཡིན་ན། ཐོག་མའི་དུས་སུ། ལྷ་ཆེན་གྱིས་དངོས་པོ་དག་སྲ་འཐས་ཅན་གྱི། ལྗིད་དང་ལྡན་པའི། མཁྲེགས་བརྟན་གྱི། བརྟོལ་དུ་མེད་པའི། འགུལ་བསྐྱོད་ནུས་པའི་རྡུལ་ཆ་མེད་དུ་བཟོས་ཡོད་སྲིད། །(2)

སྐད་ཆ་འདིས་འཕྲུལ་འགུལ་ལུགས་ལ་རྒྱབ་བརྟེན་བཙན་པོ་བཅས་ཡོད་པ་དང་། ནེའུ་ཏོན་རྗེས་ཀྱི་ནུབ་ཕྱོགས་ལ་མཚོན་ན། འཕྲུལ་འགུལ་ལུགས་དེ་རིམ་གྱིས་མི་དང་སྤྱི་ཚོགས་དཔྱད་ཞིབ་ཀྱི་ཚད་མར་གྱུར་བ་དང་། དེ་ལས་འཕྲོས་དེ་མིའི་རང་དབང་གི་རྩ་བ། དགོས་པ་སོགས་ལ་གཞུང་ལུགས་ཀྱི་དགག་པ་དང་ལག་ལེན་གྱི་གཏོར་གཤིག་ཆེན་པོ་ཐེབ་བྱུང་པ་དང་། ཕྱི་ཚུལ་དུ་རྨོངས་དད་སྣ་ཚོགས་ཀྱི་ལྟ་བ་ལ་ཚན་རིག་གསར་པས་བློ་འབྱེད་བྱེད་ཀྱིན་ཡོད་ནའང་། དོན་དམ་དུ་ལས་དབང་གཏན་ཁེལ་དུ་འདོད་པའི་བསམ་བློ་དེ་སྔར་ལས་ཇེ་ཆེར་ཁྱབ་ཀྱིན་ཡོད་པ་རེད། །

འདི་ལས་འཕྲོས་པའི་བསམ་བློ་གཅིག་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཐད་ནས་བྱུང་བའི་སྤྱི་ཚོགས་བཙན་བཀོད་ཀྱི་ལས་འགུལ་དེ་རེད། བསམ་བློའི་ཚོད་ལྟ་དེ་འདྲ་ཞིག་གི་དབང་གིས་མི་དུང་ཕྱུར་མང་པོའི་ཚེ་སྲོག་དོན་མེད་དུ་ཤོར་ཡོད་པ་རེད། ། བསམ་བློ་གཞན་ཞིག་ནི་དགེ་སྡིག་གི་རྩ་བ་མེད་པར་འདོད་པའི་རང་ཁེ་རིང་ལུགས་རེད། རིང་ལུགས་དེ་ད་སྐབས་ཀྱང་ཡོངས་སུ་ཚར་གཅོད་ཐུབ་མེད་དེ། མཁས་པ་མང་པོས་འདི་ལ་དགག་པ་རབ་དང་རིམ་པ་བྱས་ཚར་ཡོད་ནའང་། རང་ཁེ་རིང་ལུགས་དེ་དེང་རབས་སྤྱི་ཚོགས་ཀྱི་རྩ་བའི་ངན་བསླད་ཅིག་གི་ངོས་ནས་ད་དུང་གནས་བཞིན་ཡོད་པ་རེད། སྤྱིར་ན་རང་ཁེ་བསམ་པ་དེ་ལ་ང་ཚོས་དགག་རྒོལ་བྱེད་དོན་མེད་མོད། ང་ཚོའི་མཐོང་དགོས་པ་ནི། རང་ཁེ་དེ་བཟང་སྤྱོད་དོན་སྙིང་མེད་པར་སྨྲ་བའི་ལྟ་གྲུབ་ཏུ་འཕེལ་བཞིན་ཡོད་པ་དང་། དེ་ལྟར་ལག་ལེན་བྱེད་ཀྱིན་ཡོད་པའི་ཉེན་ཁ་དེ་རེད། །

དེ་ནས་ཚན་རིག་པའི་ཁྲོད་ཀྱི་ཁ་ཤས་ཀྱིས་རྡུལ་ཕྲ་རབ་ཀྱི་གཞུང་ལུགས་དང་དེའི་འབྲས་བུར་གྱུར་བའི་འཕྲུལ་འགུལ་ལུགས་ལ་བསྐྱར་ཞིབ་བྱེད་མགོ་བརྩམས་པ་དང་། དུས་རབས་ཉི་ཤུའི་ནང་ཐོག་མར་ཨེན་སི་ཐེན[Einstein]་གྱི་ལྟོས་བཅས་སྨྲ་བ་བྱུང་པ་དང་། དེ་ནས་ཀོན་ཊམ་རྣམ་བཞག་བྱུང་པ་རེད། དེ་གཉིས་ཀྱིས་ལྟ་བའི་གཡོ་འགུལ་ཁྲོད་ནས། རྡུལ་ཕྲ་རབ་སྨྲ་བའི་ཆེ་ས་ཡོངས་སུ་ཉམས་མེད་རུང་། ཞིབ་ས་རུ་གནམ་སའི་འགྱུར་བ་བྱུང་ཡོད་པ་དང་། རྡུལ་ཕྲ་རབ་སྟེང་ནས་ཚུགས་པའི་གཟུགས་འདས་ཀྱི་ལྟ་གྲུབ་སྟེ་ཆབ་སྲིད་ལྟ་གྲུབ། བླང་དོར་རིག་པ་སོགས་ཁྲི་ཁ་ནས་ཕྱིར་འཐེན་བྱེད་ཐུབ་ཡོད་པ་རེད། །

འོན་ཀྱང་། ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། དེ་མོ་ཁ྄་རི་ཐུས་དང་ཁོང་གི་རྡུལ་ཕྲ་རབ་ཀྱི་རིང་ལུགས་དེས་ལོ་རྒྱུས་ལ་དྲང་ཕྱོགས་ཀྱི་ནུས་པ་རླབས་པོ་ཆེ་ཐོན་ཡོད་པ་ནི་ཁས་ལེན་ཐུབ་པ་ཞིག་རེད་ལ། ནག་ཉེས་ཡོད་ཚད་སྔ་མོའི་རྡུལ་ཕྲ་རབ་སྨྲ་བའི་ལྟ་བ་ཞིག་ལ་འགེལ་དོན་ཡང་རྦད་དེ་མེད། གཏམ་རྒྱུད་གཅིག་ཏུ། དེ་མོ་ཁ྄་རི་ཐུས་ཁོ་རང་གྲྀ་སའི་གྲོང་ཁྱེར་ཆེན་པོ་ཨེ་ཐེན་ལ་འབྱོར་སྐབས། སུས་ཀྱང་ཁོ་རང་ངོ་མ་ཤེས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཡིན་ནའང་། ལོ་ཉིས་སྟོང་གི་ལོ་རྒྱུས་ཀྱི་བསགས་འཕྲོ་ཡིན་པའི་དེ་རིང་འཛམ་གླིང་འདི་ལ་མཚོན་ན། ཁོང་གི་ལྟ་གྲུབ་དང་ཁོང་གི་མཚན་བཟང་ནག་བསུབ་དང་བོར་བརླག་བྱས་མེད་དེ། དུས་དེ་རིང་འདིར། མི་ཚོས་ཁོང་གི་མཚན་གྱི་བོས་ནས་བགྲོ་གླེང་དང་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་ཐེངས་གཅིག་གཉིས་མ་རེད། །

—————————————————————————————————
ལུང་ཁུངས།

1. དུམ་བུ་འདི་ ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོའི་སྐབས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས(དགའ་ལྡན་ཤར་བྱང་སློབ་གཉེར་ལྷན་ཚོགས་ཀྱིས་ ༢༠༡༩་ལོར)་ ཞེས་པ་དེའི་ནང་བསྡུས་ཡོད་པའི་དཀའ་ཆེན་བསྟན་འཛིན་སྐལ་ལྡན་གྱི་གསུངས་ མདོ་སྡེ་པའི་འདོད་ཚུལ་ཐུན་མོང་མ་ཡིན་པའི་སྐོར་ ཞེས་པ་ལས་དྲངས་ཤིང་བཀོད་པ་ཡིན།
(2) དུམ་བུ་འདི་ལེའུ་ཆིང་ཧྭ་ཡིས་བརྩམས་པའི་དཔྱད་རྩོམ་ འཕྲུལ་འགུལ་ལུགས་ཀྱི་རང་བྱུང་ལྟ་བའི་ཚད་བཀག་ ཅེས་པ་ལས་ཡང་འདྲེན་བྱས་ཤིང་བསྒྱུར་བ་ཡིན།
刘庆华, 《论机械论自然观的局限性》(2010).
གཞི་བཅོལས།

1.ཐེ་ལྱེའི་བརྩམས་ཆོས་ ནུབ་ཕྱོགས་ལྟ་གྲུབ་ལོ་རྒྱུས་རྒྱ་ནག་བསྒྱུར་མ།
[美] 弗兰克·梯利,《西方哲学史》(光明日报出版社, 2014).
2 ཝེ་སད་ཧྥོལ་གྱི་དེབ་ དེང་རབས་ཙན་རིག་གི་སྒྲིག་བཞེངས་ ཞེས་པའི་དེབ་ཀྱི་རྒྱ་ནག་བསྒྱུར་མ།
[英]韦斯特福尔, 《近代科学的建构:机械论与力学》(复旦大学出版社, 2000).

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།