རིག་རྩལ་བསྐྱར་དར་གྱི་བྱུང་བ་མདོར་བསྡུས།(སྔ་དུམ)

3684


ཡོའུ་ཧན•མེའུ་ལེ་མན་གྱིས་བརྩམས།
གནམ་ལྷུན་གྱིས་རྩོམ་བསྒྱུར་བྱས།

སྔོན་འགྲོའི་གཏམ།


སྐབས་དོན་གང་གླེང་བར་བྱའི་གཞི་རིག་རྩལ་བསྐྱར་དར་གྱི་བྱུང་བ་མདོར་བསྟན་པ་ལ་ཐོག་མར་མིང་དོན་སྐོར་ཞིག་གི་ཚིག་འགྲེལ་སྔོན་དུ་འགྲོ་དགོས་པར་སྙམ་སྟེ། དེ་ཡང་རིག་རྩལ་ཞེས་པ་ནི་རིག་གནས་སམ་རིག་གཞུང་དང་སྒྱུ་རྩལ་ཞེས་པའི་མིང་གཉིས་བསྡུས་ནས་རིག་རྩལ་ཞེས་བརྗོད་པ་ཡིན་ཞིང་། བསྐྱར་དར་ཞེས་པ་ནི་གནའ་བོའི་གྷི་རི་སེ་དང་རོ་མན་གཉིས་ཀྱི་རིག་གནས་སྲོལ་རྒྱུན་དང་སྒྱུ་རྩལ་སོགས་ཡང་བསྐྱར་དབྱི་ཐ་ལིའི་ཡུལ་ལུང་དུ་དར་བས་ན། དུས་སྐབས་དེ་ལ་བསྐྱར་དར་ཞེས་བརྗོད་པ་ཡིན། མདོར་ན་གནའ་བོའི་གྷི་རི་སེ་དང་རོ་མན་གྱི་རིག་པའི་གཞུང་ལུགས་དང་སྒྱུ་རྩལ་བསྐོས་ལུགས་སོགས་རེ་ཞིག་ཉམས་ཤིང་། དུས་ཕྱིས་དབྱི་ཐ་ལིའི་ཡུལ་ལུང་དུ་སྐྱེས་ཆེན་དུ་མས་དེ་ཉིད་བསྐྱར་དུ་དར་བར་བྱས་པས་ན། དུས་སྐབས་དེ་ལ་ཡོངས་གྲགས་སུ་རིག་རྩལ་བསྐྱར་དར་ཞེས་བརྗོད་པ་ནི་རྩོམ་འདིའི་ཁ་བྱང་གི་འགྲེལ་ཡིན།

དེ་ལ་ཐོག་མར་རིག་རྩལ་བསྐྱར་དར་འབྱུང་བའི་གནས་ཁྱད་པར་ཅན་དབྱི་ཐ་ལིའི་ཡུལ་ལུང་གི་རྒྱལ་ཕྲན་དག་དང་། གནས་ཀྱི་བཀོད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། དཔལ་འབྱོར་གྱི་གནས་སྟངས་དང་། ཆོས་ལུགས་དང་། གཞུང་ལུགས་ཀྱི་མཛོད་འཛིན་པའི་སྐྱེས་བུ་དམ་པ་རྣམས་དང་། སྒྱུ་རྩལ་པ་དང་། རྒྱལ་ཁམས་གཞན་གྱི་བཙན་འཛུལ་སོགས་ཀྱི་བྱུང་བ་དང་བསྟན་དོན་སོགས་རིམ་པར་ཇི་ལྟ་བ་བཞིན་བསྟན་པར་བྱའོ།།

དེ་ལ་ཡང་རིག་པའི་གཞུང་ལུགས་གང་དང་གང་ལ་སློབ་སྦྱོང་བྱས་པ་ལ་ཡང་གང་དེར་ཐོས་པ་ཙམ་ཡང་བསྐྱེད་མི་དགོས་པར། ཐོག་མའི་དུས་ནས་ཀྱང་གང་ཞིག་ནི་བདེན་པ་དང་གང་ཞིག་ནི་རྫུན་དུ་འདོད་པའི་གོམས་པའི་ཕྱོགས་རེས་ཀྱི་དབང་དུ་མ་གྱུར་བར་བློ་གཟི་བོར་གནས་པ་དང་། བློ་གཟི་བོར་གནས་ནས་ཀྱང་གང་སློབ་པར་བྱ་བའི་གཞུང་ལས་བསྟན་པའི་ཡིན་མིན་གྱི་རྣམ་བཞག་ཐམས་ཅད་ལ་ཡང་རང་སྟོབས་ཀྱིས་ལེགས་པར་དཔྱད་པའི་བློ་དང་ལྡན་དགོས་ཤིང་། དེ་ནས་རྒྱ་ཆེན་གྱི་ཐོས་པ་མང་དུ་བརྟེན་ནས་གང་ལ་འཇུག་པའི་གཞུང་གི་བསྟན་དོན་དེ་གཏིང་ཕྱིན་པ་ཞིག་ཤེས་འདོད་པའི་དོན་གཉེར་གྱི་བློ་དང་ལྡན་དགོས་པ་བཅས་ནི་གཞུང་འདིར་འཇུག་པའི་སྒོ་ཡང་ཡིན། དེ་ལྟ་མ་ཡིན་པར་རིགས་གཞན་གྱི་བྱུང་རབས་དང་འཇིག་རྟེན་ཡུལ་ཆོས་ཀྱི་གནས་ཐམས་ཅད་ལ་ཐོས་བསམ་བྱེད་པ་ནི་དལ་འབོར་གྱི་ལུས་རྟེན་ཆུད་ཟོས་སུ་བཏང་བ་དང་། དངོས་རྒྱུད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུངས་ལས་གཞན་དག་ཐམས་ཅད་ནི་དགག་བྱར་འཛིན་པའི་བློ་དང་ལྡན་ན་ནི། འཛམ་གླིང་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་བའི་ཡོ་རོབ་ཀྱི་ལོ་རྒྱུས་དུམ་ཚན་འདི་ལ་འཇུག་པ་ཡང་དུས་ཚོད་ཟད་པའི་རྐྱེན་དང་། རང་ཉིད་སུན་པའི་རྒྱུ་རུ་འགྲོ་བས་དེ་ལས་ཤེས་རབ་བསྐྱེད་པའི་གོ་བ་ཕྲ་མོ་ཙམ་ཡང་ལོན་མི་སྲིད་པས་ན། རང་བློར་འཚམས་པའི་གཞུང་དེར་ཞིབ་མོར་ཞུགས་དང་བསྟན་དོན་ལ་གོ་བ་ལེགས་པོ་ཞིག་མི་ལོན་ན་ཡང་། སྐབས་དང་སྐབས་སུ་གང་དེར་གྱེར་ནས་བསྡད་ན་རང་གི་སྣང་ངོར་རིན་པོ་ཆེ་ལག་ཏུ་བཟུང་བ་ལྟ་བུའི་ཚོར་སྣང་འབྱུང་སྲིད་པས་ན་དེ་ལས་ལྷག་པའི་བདེ་བ་ཞིག་ནི་སྲིད་པའི་ཁམས་སུ་ཤིན་ཏུ་དཀོན་པར་སྣང་། འོན་ཀྱང་། གལ་ཏེ་མི་རིགས་གཞན་གྱི་རིག་གནས་དང་བྱུང་རབས་སོགས་ཀྱང་ཤེས་རབ་འཕེལ་བའི་རྒྱུར་གོ་བའི་དོན་གཉེར་ཅན་རེ་འགའ་ཡོད་ན། གཞུང་ལུགས་ཆེན་པོར་འཇུག་པའི་ཞོར་དུ་འདི་ལ་ཡང་སྤྱན་བལྟོས་རེ་འཕོང་དང་། ཐོས་བསམ་པ་རྣམས་ཀྱི་ཆེད་དུ་ཐ་ན་ཐ་སྙད་གཅིག་རེ་ཡང་གོ་གང་བདེ་བདེ་ཞིག་ཡོང་བའི་ཐབས་ལ་ཡང་འབད་པར་བྱས་ཡོད།


མདོར་བསྟན།


ཕྱི་ལོ་1508ལོའི་ཟླ་5པར་ཆོས་ཀྱི་གོང་མ་ཡིའུ་ལི་ཝུའུ་སི་སྐུ་རབས་གཉིས་པས་མེའུ་ཁེ་ལང་ཅི་ལོ་ལགས་ཧྥུ་རོ་རེན་ས་ནས་ཆོས་ཀྱི་གོང་མའི་གྲོང་ཁྱེར་རོ་མ་རུ་འབོད་འགུགས་བྱས་ཤིང་། ཆོས་ཀྱི་གོང་མས་སྒྱུ་རྩལ་པ་ཁོང་ལ་གསར་དུ་བཙུགས་པའི་ཞི་སི་ཐིན་ཆོས་ཁང་གི་གནམ་རྩེ་ལྡེབས་རིས་གསར་རྩོམ་བྱེད་དགོས་པའི་བཀའ་ཕབ། ཞི་སི་ཐིན་ཆོས་ཁང་ནི་ཧྥན་ཏི་ཀང་གོང་མའི་ཕོ་བྲང་གི་ཉེ་འགྲམ་དུ་གནས་པའི་མཆོད་ཁང་ཆུང་ངུ་ཞིག་ཡིན། མེའུ་ཁེ་ལང་ཅི་ལོས་མི་འདོད་པའི་རྣམ་འགྱུར་བཟུང་ནས་ལས་འགན་དེ་དང་ལེན་བྱས། དེ་ཡང་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ཡང་ཁོང་གིས་རང་ཉིད་ནི་འཇིམ་རྐོས་མཁན་ཞིག་ཡིན་པ་ལས་རི་མོ་བ་ཞིག་མིན་པར་འདོད་བཞིན་ཡོད་པས་རེད། འོན་ཀྱང་། མཇུག་མཐར་ཁོང་གིས་ཆོས་ཀྱི་གོང་མ་དང་གྲོས་ཆིངས་བཞག་ཅིང་། གོང་མས་ཀྱང་ཏ་ཁེ་3000སྤྲད་པས། ཉིན་དེ་ནས་སྨི་ཁའེ་ལང་ཅི་ལུའོ་ཡིས་ལས་ཀ་དེའི་འགོ་བཟུང་བར་གནང་།

འདི་ནི་དུས་ཡུན་རིང་ཞིང་ཤུགས་ཚད་ཀྱང་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཡིན་ཞིང་། མེའུ་ཁེ་ལང་ཅི་ལོས་ལས་ཁྲི་ལ་འཛེགས་ནས་རི་མོ་འབྲི་བའི་འགོ་མ་བཟུང་བའི་སྔ་རོལ་དུ་རྒྱུན་པར་ས་ངོས་སུ་ཉལ་ནས་གནམ་རྩེ་ལ་ཞིབ་ལྟ་གནང་གི་ཡོད། ཁོང་གི་ལྡེབས་རིས་ནི་ཆོས་ལུགས་རི་མོའི་རྡོ་རིང་ཆེན་པོ་ཞིག་ཀྱང་ཡིན། ཁོང་གིས་བྲིས་པའི་རི་མོའི་བརྩམས་ཆོས་ལ་《འཇིག་རྟེན་གསར་གཏོད་ཀྱི་རྣམ་ཐར་》དང་། 《ཐོག་མའི་ཉེས་པ།》《ཆུ་ལོག》《ཡེ་ཤུའི་མེས་པོ》སོགས་ཡོད་མོད། འོན་ཀྱང་། ཆོས་ཀྱི་གོང་མ་ཡིའུ་ལི་ཝུའུ་སི་སྐུ་རབས་གཉིས་པས《མཐའ་མའི་འདྲི་གཅོད》ཅེས་པ་ལས་བྱུང་བའི་ལུས་གཅེར་བུའི་རི་མོ་གང་དེ་མཐོང་བས་ཁོང་ཁྲོ་ཆེན་པོ་ལངས་ཏེ། རི་མོ་བས་ངེས་པར་དུ་མེ་ཏོག་མེད་པའི་ཤིང་འབྲས་ཀྱི་ལོ་མ་ཞིག་བྲིས་ནས་གང་དེ་འགེབས་དགོས་པའི་བཀའ་ཕབ་གནང་། དེ་ལྟར་བྱས་པས་མེའུ་ཁེ་ལང་ཅི་ལོ་ཞེན་པ་ལོག་སྟེ་མཐར་ཁོང་རོ་མ་དང་ཁ་བྲལ་ནས་གནས་གཞན་དུ་སླེབས། འོན་ཀྱང་། ཁོང་གིས་ཤིས་སི་ཐིན་ཆོས་ཁང་དུ་གསར་རྩོམ་བྱས་པའི་གནམ་རྩེ་རི་མོ་དེ་དག་ནི་ནུབ་ཕྱོགས་ཀྱི་རི་མོའི་ལོ་རྒྱུས་ལས་ངོ་མཚར་ཆེ་ཤོས་ཀྱི་སྣ་མང་གཟུགས་བརྙན་བརྩམས་ཆོས་ཤིག་ཏུ་ཆགས་ཡོད་པ་ནི་གདོན་མི་ཟའོ།།

མེའུ་ཁེ་ལང་ཅི་ལོའི་བརྩམས་ཆོས་ནི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རླབས་ཆེ་བའི་སྒྱུ་རྩལ་གྱི་བསྡུས་རིས་ཤིག་ཡིན་ཞིང་། དེ་ནི་རིག་རྩལ་བསྐྱར་དར་གྱི་དུས་རབས་སུ་བྱུང་བ་ཞིག་ཀྱང་རེད། ཧ་ལམ་ཕྱི་ལོ་1330ལོ་ནས་ཕྱི་ལོ་1530ལོའི་བར་དུ་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ཁག་ཅིག་དར་རྒྱས་ཆེན་པོ་བྱུང་ཞིང་། མ་ཟད་དེ་དག་ནི་ཡོ་རོབ་གླིང་གི་ཤེས་རིག་དང་སྒྱུ་རྩལ་གྱི་ལྟེ་གནས་སུ་གྱུར། དུས་སྐབས་འདི་ནི་གནའ་གཞུང་དུས་རབས་ཀྱི་ཡིག་སྨར་བསྐྱར་དུ་རྙེད་པའི་དུས་རབས་ཤིག་ཡིན་པས། མི་རྣམས་ཀྱིས་གནའ་བོའི་གྷི་རི་སེ་དང་རོ་མའི་དུས་རབས་ཀྱི་བསམ་བློ་དང་། ཨར་བཟོ། སྒྱུ་རྩལ་སོགས་གནའ་གཞུང་དུས་རབས་ཀྱི་རིན་ཐང་ལྟ་བ་བཅས་སླར་གསོ་གནང་། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་རང་བྱུང་གི་མཛེས་སྡུག་དང་མིའི་ལ་རྒྱ་ལ་བསྔགས་བརྗོད་གནང་ཞིང་། ཁོང་ཚོ་ཡང་དེང་རབས་འཛམ་གླིང་གི་བསམ་བློའི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་གསར་བསྐྲུན་བྱེད་པའི་གྲས་སུ་ཞུགས་གནང་མཛད། དུས་རབས་15པར་མེའུ་ཁེ་ལང་ཅི་ལོ་དང་ལའེ་ཝོ་ན་ཏོ·ཏ·ཧྥེན་ཆི། དེ་བཞིན་སྐབས་དེའི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་འཇིམ་བརྐོ་མཁན་དང་རི་མོ་བ་བཅས་ཀྱིས་ཕུན་སུམ་ཚོགས་པའི་ཁྱིམ་རྒྱུད་ཀྱི་རོགས་དངུལ་ལ་བརྟེན་ནས་ཡོ་རོབ་ཀྱི་ལོ་རྒྱུས་སུ་ཉམས་པ་མེད་པའི་བརྩམས་ཆོས་རབ་དང་རིམ་པ་གསར་རྩོམ་གནང་།

ཕྱི་ལོ་1490ལོ་ནས་ཕྱི་ལོ་1530ལོའི་བར་དུ་རོ་མ་ནི་སྒྱུ་རྩལ་གསར་བཅོས་ཀྱི་དུས་སྐབས་མཐའ་མ་སྟེ། རིག་རྩལ་བསྐྱར་དར་གྱི་དུས་སྐབས་ཤིག་གི་ལྟེ་བར་ཆགས་ཡོད། སྐབས་དེའི་ཆོས་ཀྱི་གོང་མ་རྣམས་དང་། ཡིའུ་ལི་ཝུའུ་སི་སྐུ་རབས་གཉིས་ཀྱིས་མངགས་བཅོལ་བྱས་པའི་སྒྱུ་རྩལ་པ་རྣམས་ཀྱིས་རི་མོ་འབྲི་བ་དང་འཇིམ་བརྐོ་གནང་ཞིང་། ཆོས་ཁང་ཡང་བཞེངས། འོན་ཀྱང་། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ནང་ཁུལ་དུ་ཆབ་སྲིད་ཀྱི་ཟིང་ཆ་མང་ཞིང་། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་གནས་བབ་ཀྱིས་དབྱི་ཐ་ལིའི་སྤྱིའི་སྟོབས་ཤུགས་ཉམས་དམས་སུ་བཏང་། ཕྱི་ལོ་1514ལོ་ནས་བཟུང་ཕྱིའི་རྒྱལ་ཁམས་ཀྱིས་དབྱི་ཐ་ལིའི་ཡུལ་ལུང་དུ་བཙན་འཛུལ་དང་འཕྲོག་བཅོམ་རབ་དང་རིམ་པ་བྱས། ཧྥ་རན་སིའི་བཙན་འཛུལ་དང་དུས་ཕྱིས་ཀྱི་སི་ཕེན་གྱི་དབང་བསྒྱུར་སོགས་འགོག་ཐབས་བྲལ་བས། ཕྱི་ལོ་1530ལོའི་རྗེས་སུ་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་དག་ལ་སྒྱུ་རྩལ་བ་རྣམས་ཀྱིས་གསར་རྩོམ་གནང་བར་རོགས་རམ་གནང་བའི་ནུས་པ་དང་བྲལ་བར་གྱུར། དེའི་ཕྱིར། རིག་རྩལ་བསྐྱར་དར་གྱི་ལས་འགུལ་དེ་ཡང་ཡི་ཆད་པའི་རྣམ་པ་དང་བཅས་རིམ་གྱིས་ལོ་རྒྱུས་ཀྱི་སྟེགས་བུ་ལས་ཕྱིར་བུད་པར་གྱུར་ཅིང་། དེ་ཡང་རིག་རྩལ་བསྐྱར་དར་ལས་འགུལ་གྱི་ཆེས་རླབས་ཆེ་བའི་དུས་སྐབས་སུ་མངོན་པའི་ཡིད་དབང་འགུག་པའི་ནུས་པ་དང་འབད་འབུངས་ཀྱི་སྙིང་སྟོབས་གཉིས་ཀྱི་དབར་དུ་བསྡུར་བ་མངོན་གསལ་ཞིག་ཀྱང་ཡོད་སྙམ།


རྒྱས་པར་བཤད་པ།

དབྱི་ཐ་ལི་ཕྱེད་གླིང་གི་མཁར་གྲོང་རྒྱལ་ཕྲན།


མཁར་གྲོང་རྒྱལ་ཕྲན་ནི་དབྱི་ཐ་ལིའི་ཕྱེད་གླིང་གི་གཞི་རྩའི་ཆབ་སྲིད་ཀྱི་ཆ་ཤས་ཤིག་ཡིན་ཞིང་། སྤྱིར་དབྱི་ཐ་ལི་ཕྱེད་གླིང་གི་མི་ཕལ་མོ་ཆེ་ནི་གྲོང་གསེབ་ཏུ་གནས་བཅས་ཡོད་མོད། འོན་ཀྱང་། གྲོང་ཁྱེར་གྱི་རྒྱལ་ཕྲན་དེ་དག་ནི་སྐབས་དེའི་ནུབ་ཕྱོགས་འཇིག་རྟེན་གྱི་གྲོང་ཁྱེར་ཆེ་ཤོས་སུ་ཆགས་ཡོད། ཕྱི་ལོ་1200ལོར་དབྱི་ཐ་ལི་ཕྱེད་གླིང་དུ་རང་བཙན་གྱི་མཁར་རྫོང་རྒྱལ་ཕྲན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་མོད། འོན་ཀྱང་། སྟོབས་དང་ལྡན་པའི་མཁར་གྲོང་རྒྱལ་ཕྲན་འགའ་ཞིག་གི་སྟོབས་ཤུགས་ཆེན་པོར་ཆགས་པའི་དབང་གིས་རྒྱལ་ཕྲན་དུ་མ་ཞིག་ཀྱང་གཞན་གྱི་མངའ་ཁོངས་སུ་གྱུར་ཅིང་། དེའི་ཕྱིར། གྲོང་ཁྱེར་རྒྱལ་ཕྲན་གྱི་གྲངས་འབོར་ཡང་དེ་དང་བསྟུན་ནས་རིམ་གྱིས་ཇེ་ཉུང་དུ་སོང་། དུས་རབས་གཅིག་ཙམ་གྱི་རྗེས་སུ་དབྱི་ཐ་ལི་ཕྱེད་གླིང་གི་བྱང་ཕྱོགས་དང་དབུས་ཁུལ་དུ་ཉུང་མཐར་ཡང་མི་འབོར་ཁྲི་གཉིས་ཙམ་ཡོད་པའི་མཁར་གྲོང་རྒྱལ་ཕྲན་ཉེར་གསུམ་ལྷག་ཡོད་ཅིང་། རིག་རྩལ་བསྐྱར་དར་གྱི་ལས་འགུལ་ནི་མཁར་གྲོང་རྒྱལ་ཕྲན་འདི་དག་ལས་བྱུང་ཞིང་ཡར་ལྡན་དུ་འཕེལ་བ་ཡིན་ནོ།།

རིགས་རྩལ་སྐྱ་དར་སྐབས་ཀྱི་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ནི་ནུབ་ཕྱོགས་འཇིག་རྟེན་དུ་གྲོང་ཁྱིར་གྱི་རྣམ་པ་ཤས་ཆེར་་མངོན་པའི་གནས་ཡིན་ཞིང་། པར་རིས་འདིར་མངོན་པ་གང་དེ་ནི་ཧྥུ་རོ་རེན་སེའི་འདུ་འཛོམས་ཀྱི་གནས་ཤིག་ཡིན་ཞིང་། པར་རེས་ལས་ཆོས་དཔོན་དང་དགེ་སྒྲུབ་མ་རྣམས་ཀྱིས་གསོལ་འདེབས་བྱེད་ཀྱིན་ཡོད་མོད། འོན་ཀྱང་། གྲོང་འཁྱེར་གྱི་མི་རྣམས་རང་རང་གི་གནས་སུ་འགྲོ་བཞིན་པ་མཐོང་ཐུབ།


དཔལ་འབྱོར་འཕེལ་རྒྱས།


དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་མཁར་གྲོང་རྒྱལ་ཕྲན་གྱི་དཔལ་འབྱོར་དང་གསོན་ཤུགས་ཀྱིས་ཕྱུག་པའི་སྤྱི་ཚོགས་གཉིས་ནི་རིག་རྩལ་བསྐྱར་དར་ལས་འགུལ་ལེགས་པར་བྱུང་བའི་རྨང་གཞི་ཧ་ཅང་གལ་ཆེན་ཞིག་རེད། དུས་རབས་11པ་ནས་དུས་རབས་12པའི་བར་དུ་ཉོ་ཚོང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕན་དག་རང་བཙན་རང་བདག་དང་། དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་སྟབས། དབྱི་ཐ་ལི་ཕྱེད་གླིང་ནི་ཤར་ནུབ་ཕྱོགས་གཉིས་ཀྱི་དངོས་ཟོག་བརྗེ་རེས་བྱེད་པའི་ཡུལ་ལུང་ཞིག་ཏུ་རང་བཞིན་གྱིས་ཆགས།

དུས་རབས་12པ་ནས་དུས་རབས་13པའི་བར་དུ་《རོ་མའི་བཅའ་ཁྲིམས》ལ་ཞིབ་འཇུག་གཏིང་ཟབ་བྱས་པས། དེ་ཉིད་ཀྱིས་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ཁག་ལ་སྒྲིག་ལམ་སྲུང་སྐྱོང་དང་ཆབ་སྲིད་ཀྱི་འཚོ་བ་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཞིག་འདོན་སྤྲོད་བྱས་ཡོད། གནའ་བོའི་རོ་མ་བཙན་རྒྱལ་ནི་རང་སྐྱོང་གྲོང་ཁྱེར་དང་གྲོང་རྡལ་འབོར་ཆེན་ལ་བརྟེན་ནས་ཡོད་ཅིང་། ལྷག་དོན་ཕྱེད་གླིང་གི་བྱང་ཕྱོགས་བདེ་ཐང་གི་ཡུལ་ལུང་དུ་ཆགས་པའི་འགྲིམ་འགྲུལ་དྲ་བར་བརྟེན་ནས་དབང་བསྒྱུར་གྱི་ལས་བྱེད་བཞིན་ཡོད། དཔེར་ན། གནའ་གཏམ་དུ་ལམ་ཆེན་ཐམས་ཅད་རོ་མ་རུ་མཐུད་ནས་ཡོད་ཅེས་པ་ནང་བཞིན་ནོ།། ཡོ་རོབ་གླིང་གི་ཁྱབ་ཁོངས་སུ་གཏོགས་པའི་གཞུང་ལམ་གྱི་ཡན་ལག་ཐམས་ཅད་ཀྱང་རོ་མའི་ཡུལ་ལུང་ཀུན་ཏུ་འབྲེལ་ནས་ཡོད།
དབྱི་ཐ་ལི་ཕྱེད་གླིང་དུ་གནས་ཆགས་པའི་མི་རྣམས་ལ་ནག་ཤིའི་ནད་ཡམས་དང་དུས་རབས་14བར་བྱུང་བའི་རིམས་ནད་གཞན་དག་གིས་ཀྱང་མནར་མྱོང་། རིམས་ནད་ཀྱིས་དཔལ་འབྱོར་ཉམས་རྒུད་དུ་བཏང་ཞིང་། དབྱི་ཐ་ལིའི་དབུས་རྒྱུད་ཀྱི་ཐུའོ་སི་ཁ་ནའི་ལག་ཤེས་བཟོ་ལས་ཀྱང་ཉམས་རྒུད་དུ་ཕྱིན་པར་མ་ཟད། མི་གྲངས་ཀྱང་ཉུང་དུ་སོང་། འོན་ཀྱང་། དབྱི་ཐ་ལིའི་བྱང་རྒྱུད་དུ་ནད་ཡམས་དེ་དག་གི་འཇིགས་པ་ཆེར་མ་ཡོང་སྟབས་དཔལ་འབྱོར་སོགས་ཀྱང་སྔར་བཞིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་མོ་བྱུང་ཞིང་། དབྱིན་གྷི་ལན་དང་སི་ཕེན་ནས་ལུག་བལ་ཧྥུ་རོ་རེན་ས་རུ་ནང་འདྲེན་བྱས་ཤིང་། ཧྥུ་རོ་རེན་སའི་ཡུལ་ལུང་གི་འཁེལ་འཐག་ལས་རིགས་སུ་འཁེལ་འཐག་བཟོ་པ་ཁྱོན་བསྡོམས་ཁྲི་3ལྷག་ཙམ་ཡོད། འཁལ་འཐག་ཐོན་རྫས་དང་བལ་གྱི་ཐོན་རྫས་སོགས་ཀྱང་ས་དབུས་རྒྱ་མཚོ་ཕྱོགས་སུ་ཡང་བྲིན་ཚོང་བྱེད་བཞིན་ཡོད་ཅིང་། མ་ཟད་ཐོན་རྫས་དེ་དག་ནི་བྷོ་ཀིན་ཏུ་དང་། ཧྥུ་ལན་དྷི་དང་། དབྱིན་གྷི་ལན་དང་། ཡ་གླིང་སོགས་སུ་ཡང་བྲིན་འཚོང་བྱེད་བཞིན་ཡོད། ཞིང་ལས་ནི་ཐོའུ་སི་ཁ་ན་དང་ལོན་བྷ་དིའི་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ལུང་ནས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཡུལ་ལུང་དེ་དག་གི་མི་རྣམས་ཀྱིས་ན་འདམ་དང་འདམ་རའི་ཆུ་འབུད་ནས་བྱུང་བའི་ས་རྒྱུ་དང་ཆུ་འདྲེན་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་དང་། སྔོ་ཚལ། རྒུན་ཆང་སོགས་འབོར་ཆེན་ཐོན་བསྐྱེད་བྱས། ཞིང་ལས་ཐོན་རྫས་དེ་དག་གིས་གྲོང་ཁྱེར་གྱི་མི་འབོར་གྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། ཐོན་རྫས་ལྷག་མ་རྣམས་ལ་བརྟེན་ནས་ཚོང་ལས་ཉོ་ཚོང་དང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་ཡང་འཇོག་ཐུབ་ཀྱིན་ཡོད། ས་དབུས་རྒྱ་མཚོའི་ཡུལ་ལུང་གི་ཚགས་དམ་པའི་ཉོ་ཚོང་ལམ་ཐིག་གིས་རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་བྱུང་བར་རྩ་བའི་རྒྱུ་རྐྱེན་བསྐྲུན་ཡོད་པར་མ་ཟད། དབྱི་ཐ་ལིའི་ཧམ་སེམས་ཆེ་བའི་ཚོང་པ་རྣམས་ལ་ཁེ་བཟང་ཕུན་སུམ་ཚོགས་པ་ཞིག་ཡོང་བའི་རྒྱུ་ཡང་བསྐྲུན་ཡོད།

དབྱི་ཐ་ལིའི་རྒྱལ་ནང་དང་རྒྱལ་སྤྱིའི་ཉོ་ཚོང་དེ་ནི་དུས་རབས་14པའི་སྔ་དུས་ཀྱི་དངུལ་ཁང་ལས་རིགས་ཀྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། དུས་རབས་15པར་སླེབས་པའི་དུས་སུ་དངུལ་ཁང་ལས་རིགས་ཀྱིས་ཆོས་ཚོགས་ཀྱིས་སྐྱེད་ཆེའི་བུ་ལོན་ལ་རྒོལ་གཏམ་གཏོང་བའི་རིགས་ལ་ཁ་ཡ་བྱེད་མི་དགོས་པར་ཆགས་ཤིང་། དེ་ཡང་དངུལ་ཁང་གི་བུ་ལོན་གཏོང་ལེན་གྱི་སྐྱེད་ཀ་དེ་ནི་སྐྱེད་ཆེའི་བུ་ལོན་ནང་བཞིན་མི་རྣམས་ཀྱིས་ཐེག་དཀའ་བ་ཞིག་ནི་མ་ཡིན་པའི་རྐྱེན་གྱིས་རེད། དུས་མཚུངས་སུ་ཧྥུ་རོ་རེན་སའི་ཧྥོ་ལུའོ་ལིན་གསེར་ཊམ་ནི་ཡོ་རོབ་ཀྱི་ཁྲོམ་ར་སྤྱི་ལ་སྤྱོད་སྒོ་ཡོད་པའི་ཚད་ལྡན་དངུལ་ཊམ་དུ་ཆགས། གྲོང་ཁྱེར་དེའི་ཚོང་པ་རྣམས་དང་ཧྥ་རན་སིའི་ཨ་ཝེ་ནེན། དེ་བཞིན་ཚོང་དོན་དྲ་བར་གཏོགས་པའི་གྲོང་ཁྱེར་གཞན་དག་གི་ལས་ཚབ་ཚོང་པ་རྣམས་ནི་ཡོ་རོབ་ཀྱི་ཚོང་ལས་དང་། རྒྱལ་པོ། ཆོས་ཀྱི་གོང་མ་སོགས་ཀྱི་ནོར་སྲིད་ཀྱི་ངོས་ནས་བརྗོད་ན་ཤིན་ཏུ་གལ་འགངས་ཆེན་པོ་ཞིག་ཏུ་ཆགས་ཡོད། ཧྥུ་རོ་རེན་སའི་ཚོང་པ་རྣམས་ནི་དངུལ་འགྲུལ་འཛིན་ཡིག་དང་དངུལ་འཛིན་སྐོར་གྱི་འབྲེལ་ཡོད་ཤེས་བྱར་རྒྱུས་མངའ་ཆེན་པོ་ཡོད་པར་མ་ཟད། འཛད་སྤྱོད་པར་ཡང་དངུལ་བུན་མཁོ་འདོན་ཡང་བྱེད་ཤེས་ཀྱི་ཡོད་ཅིང་། འདི་ནི་ཧྥུ་རོ་རེན་སའི་ཚོང་པ་རྣམས་དང་ཡུལ་ལུང་གཞན་དག་གི་ཚོང་པ་དག་དབར་གྱི་མི་འདྲ་བའི་ཁྱད་པར་ཞིག་རེད། འོན་ཀྱང་། དངུལ་བུན་གཏོང་ལེན་བྱེད་པ་དེ་ཡང་ཉེན་ཁ་ཆེ་བའི་ལས་ཤིག་ཡིན་ཏེ། དུས་རབས་15པར་དབྱིན་ཇིའི་རྒྱལ་པོས་ཧྥུ་རོ་རེན་སའི་ཚོང་པར་བཙན་ཤེད་ཀྱིས་དངུལ་བུན་གཏོང་དུ་བཅུག་ཅིང་། དེ་ལྟར་མ་སྒྲུབ་ཚེ་ཁོང་ཚོ་ཕྱིའི་རྒྱལ་ཁམས་སུ་གནས་དབྱུང་བྱེད་པ་དང་། རྒྱུ་ནོར་ཐམས་ཅད་ཀྱང་གཞུང་བཞེས་གཏོང་དགོས་པའི་བཀའ་ཕབ།

འོན་ཀྱང་། ལོ་བརྒྱའི་དམག་འཁྲུག་གི་སྐབས་སུ་དབྱིན་ཇིའི་རྒྱལ་པོ་ནི་ཧྥ་རན་སིར་བཙན་འཛུལ་བྱས་པ་ལས་ཕམ་ཉེས་ཆེན་པོ་བྱུང་སྟབས། དངུལ་བུན་སྤྲོད་པ་ཡང་ཆད་འགྱངས་བྱུང་ཞིང་། དེ་ལ་བརྟེན་ནས་ཧྥུ་རོ་རེན་སའི་ཚོང་པ་ཆེ་གྲས་ཁ་ཤས་ཀྱང་མ་རྩ་སྟོང་བའི་གནས་སུ་གྱར། ཝེ་ཉི་སི་དང་རེ་ནཱ་ཡ་ཡང་ཉོ་ཚོང་དང་དངུལ་རྩའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན་པར་མ་ཟད། ད་དུང་ཡང་གྲུ་བཟོ་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་ལྟེ་གནས་ཤིག་ཀྱང་རེད། གྲོང་ཁྱེར་དེ་དག་དང་ཧིན་དྷི་ཤར་མའི་གླིང་ཕྲན། རྒྱང་ཤར་ཡུལ་ལུང་གི་དབར་དུ་ཉོ་ཚོང་གི་འབྲེལ་བ་བྱུང་ནས་དུས་ཡུན་རིང་བོ་ཞིག་འདས་ཡོད་ཅིང་། ལྷག་པར་དུ་ཝེ་ཉི་སི་ནི་ལས་འདིའི་གཙོ་བོར་ཆགས་ཡོད་དེ། དུས་རབས་8པ་ནས་བཟུང་ཝེ་ཉི་སི་ནི་ཐོག་མཐའ་བར་གསུམ་དུ་ཤར་ཕྱོགས་དབྱི་སི་ལམ་གྱི་འཇིག་རྟེན་དང་ནུབ་ཕྱོགས་ཡེ་ཤུའི་ཆོས་ལུགས་ཀྱི་འཇིག་རྟེན་གཉིས་དབར་དུ་ཉོ་ཚོང་དང་རིག་གནས་བརྗེ་རེས་བྱེད་པའི་གནས་ཁྱད་པར་ཅན་དུ་ཆགས་ཡོད།

ཝེ་ཉི་སིའི་ཚོང་པ་རྣམས་ཀྱིས་བྷར་ཀན་ཡུལ་ལུང་གི་ལུང་སྟོང་སོགས་རིམ་པར་བརྒྱུད་མཐར། གཞི་ནས་ཝེ་ཉི་སིའི་མཚོ་ཐོག་དངོས་ཟོག་དག་ཁན་སུ་ཋན་ཋེན་ཕོ་རུ་འབོར་འདྲེན་བྱེད་ཀྱིན་ཡོད། ཚོང་པ་རྣམས་ཀྱིས་ཚོང་ཟོག་བསྐྱེལ་འདྲེན་བྱེད་པ་དེ་ཡང་ལས་དབང་དང་འབྲེལ་བའི་རྒྱན་འཇོག་ཅིག་ཡིན་ཏེ། དེ་ཡང་ས་དབུས་རྒྱ་མཚོའི་ཐོག་ཏུ་གློ་བུར་དུ་དྲག་རླུང་ལྡིང་བ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པའི་མཚོ་ཇག་དང་འཕྲད་པ་དང་། ཡང་ཨེ་ཤ་ཡ་དབུས་མའི་སྐམ་སའི་སྐྱེལ་འདྲེན་ལས་ཀྱང་བསམ་ཡུལ་ལས་འདས་པའི་གནས་ཚུལ་གཞན་དག་དུ་མ་དང་འཕྲད་པ་ཡང་ཡོད། ཝེ་ཉི་སིའི་ཚོང་པ་རྣམས་ཀྱིས་དབྱི་ཐ་ལི་ཕྱེད་གླིང་དང་ཡོ་རོབ་བྱང་མའི་སྤུས་ལེགས་བལ་དངོས་དང་། བལ་སྐུད་དང་དེ་བཞིན་ལྕགས་རིགས་ཀྱིས་གྲུབ་པའི་དངོས་རྫས་སོགས་ཤར་ཕྱོགས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་པར་མ་ཟད། ཤར་ཕྱོགས་ནས་ཀྱང་སྲང་བལ་དང་། དར་གོས། དེ་བཞིན་ཚོང་ཟོག་གལ་ཆེ་ཤོས་སོགས་ཕྱིར་ནུབ་ཕྱོགས་སུ་སྐྱེལ་འདྲེན་གནང་བཞིན་ཡོད། བྲོ་རྫས་སུ་གྱུར་པའི་སུར་པན་དང་། ཤ་ཚ་དང་། ཛཱ་ཏི་དང་། བཅའ་སྒ་དང་། མངར་ཆ་སོགས་ཀྱང་ནུབ་ཕྱོགས་སུ་སྐྱེལ་འདྲེན་བྱས་ཤིང་། ཧིན་དྷི་ཤར་མའི་གླིང་ཚོམ་ནས་བྱུང་བའི་བྲོ་རྫས་འདི་དག་ནི་ཨེ་ལེག་སན་ཊར་རམ་ཁན་སུ་ཋན་ཋེན་ཕོ་བརྒྱུད་ནས་ཝེ་ཉི་སིའི་ཚོང་པ་རྣམས་ཀྱི་ལག་ཏུ་འབྱོར་བཞིན་ཡོད། བྲོ་རྫས་འདི་དག་ནི་ཡོ་རོབ་ཀྱི་ཕྱུག་བདག་རྣམས་ཀྱི་འདོད་བློ་བསྐོང་བའི་རྒྱས་སྤྲོས་ཀྱི་དངོས་རྫས་རིགས་ཤིག་རེད།

ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཚོང་པ་རྣམས་ཀྱིས་ཁེ་ལི་མེའུ་ཡ་ཕྱེད་གླིང་གི་གྲོང་རྡལ་དེ་ཉིད་བར་བརྒྱུད་ས་ཚིགས་སུ་བྱས་ཡོད་ཅིང་། ཕྱེད་གླིང་དེ་མཚོ་ནག་བྱང་རྒྱུད་དུ་བྱུང་ཞིང་། དེ་ཡང་མོ་སི་ཁུའི་རྒྱལ་ཕྲན་དག་དང་། ཏ་ཟིག་དང་། རྒྱ་གར་དང་། རྒྱ་ནག་སོགས་སུ་བྱུང་བའི་ཚོང་ཟོག་ཐམས་ཅད་ཀྱང་གནས་འདིར་འདུས་ནས་ཡོད། ཚོང་ལས་མ་རྩ་རིང་ལུགས་ལ་བརྟེན་ནས་གྲོང་དམངས་རིམ་གྲས་ཀྱི་གོ་གནས་དང་ཤུགས་རྐྱེན་མཐོར་འདེགས་བྱུང་བས། སྐུ་དྲག་གི་སྟོབས་ཤུགས་ཇེ་ཞན་དུ་གཏོང་བའི་འགོ་བཟུང་བར་གྱུར། སྤྱིར་སྐུ་དྲག་རྣམས་ཀྱང་ཉོ་ཚོང་གི་ལས་སུ་ཞུགས་ཡོད་མོད། འོན་ཀྱང་། གྲོང་ཁྱེར་གྱི་ཚོང་པའི་རིམ་གྲས་ཀྱིས་རང་གི་རྒྱུ་ནོར་དང་གོ་གནས་ལ་བརྟེན་ནས་མཁར་གྲོང་རྒྱལ་ཕྲན་གྱི་དབང་སྒྱུར་མཁན་གྱི་སྲིད་གཞུང་ལ་ཚོད་འཛིན་བྱེད་བཞིན་ཡོད། དཔལ་འབྱོར་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་རང་ཉིད་ཀྱི་རིམ་གྲས་ལ་བཟུང་བའི་མོས་སེམས་དང་སྤོབས་སེམས་ཤུགས་ཆེ་རུ་སོང་། དེ་ཡང་དཔེར་ན། ཧྥུ་རོ་རེན་སའི་ཆབ་སྲིད་རིག་པའི་གཞུང་ལུགས་པ་ཉི་ཁོ་ལོ་·མ་ལྗི་ཡ་ཝེ་ལིས་“ང་རང་ཉིད་ཀྱི་བླ་སྲོག་ལ་དགའ་བོ་ཡོད། དེ་ལས་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་”ཞེས་བཤད་པ་ལྟ་བུའོ།།


སྤྱི་ཚོགས་ཀྱི་གྲུབ་ཚུལ།


དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གྱི་སྤྱི་ཚོགས་གྲུབ་ཚུལ་ནི་དབྱིན་གྷི་ལན་དང་། ཧྥུ་རན་ཆུ་དང་། ཧྥུ་ལན་དྷི་དང་། ཧོ་ལན་སོགས་ཀྱི་ཚོང་ལས་གྲོང་ཁྱེར་དང་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་གནས་དང་ཧ་ལམ་འདྲ་བོ་ཡོད་ཅིང་། གྲོང་ཁྱེར་རྒྱལ་ཕྲན་དག་ཏུ“ལུས་རྒྱགས་པའི་མི་”སྟེ་གྲལ་རིམ་གོང་མའི་རིགས་ཤིག་ཡོད་ཅིང་། དེ་ནི་སྐུ་དྲག་དང་། ཚོང་པའི་རིམ་གྲས་དང་། བཟོ་སྐྲུན་ཚོང་པ་སོགས་ལ་གོ་བཞིན་ཡོད། གཞན་དུ་“སྤྱིར་བཏང་གི་མི་”ཞེས་པ་ནི་འབྱོར་འབྲིང་གྲལ་རིམ་ལ་གོ་ཞིང་། རིམ་གྲས་འདིར་ཚོང་བ་ཉི་ཚེ་བ་དང་ལག་ཤེས་པ་སོགས་འདུས་ཡོད། དབྱི་ཐ་ལིའི་ཐ་སྙད་ཅིག་སྐབས་འདིར་“བཤད་རིན་མེད་པའི་མི”ཞེས་བསྒྱུར་ན་ཆོག་ཅིང་། མི་དེ་རིགས་ཀྱིས་གྲོང་ཁྱེར་གྱི་མི་འབོར་ལས་ཕལ་མོ་ཆེ་ཞིག་ཟིན་གྱི་ཡོད། མཁར་གྲོང་རྒྱལ་ཕྲན་དག་ཏུ་བཟོ་བ་དང་ངལ་རྩོལ་པས་ངེས་པར་དུ་འཛད་སྤྱོད་ཀྱི་དཔྱ་ཁྲལ་ཤིན་ཏུ་མང་པོ་སྤྲོད་དགོས་ཀྱི་ཡོད། འོན་ཀྱང་། མཁར་གྲོང་རྒྱལ་ཕྲན་གྱི་སྐུ་དྲག་ཁྱིམ་རྒྱུད་ཀྱིས་དབྱི་ཐ་ལིའི་ཐོན་ཁུངས་ཕུན་ཚོགས་ཤོས་ཀྱི་ས་ཞིང་འབོར་ཆེན་བཟུང་ཡོད་པས། བོགས་ལེན་དུད་ཚང་དང་། ཞིང་པ་བོགས་ལེན་པ་དང་། ས་ཞིང་དབང་བའི་ཞིང་པ་སོགས་ལ་ཡང་རང་གི་ས་ཞིང་དུ་རྨོ་འདེབས་བྱེད་དུ་འཇུག་པ་ཡིན། དབྱི་ཐ་ལིའི་བྱང་རྒྱུད་དང་དབུས་རྒྱུད་ཀྱི་ཡུལ་ལུང་དུ་གནས་ཆགས་པའི་ཞིང་པ་ཕལ་མོ་ཆེ་དབུལ་ཞིང་ཕོངས་པའི་རང་རྨོའི་ཞིང་བ་ཡིན་ཞིང་། ལྷོ་རྒྱུད་ཡུལ་ལུང་དུ་གནས་ཆགས་པའི་ཞིང་པ་མང་པོས་ནི་སྔར་བཞིན་བདག་པོའི་ཆེད་དུ་འུ་ལག་རྒྱུག་དགོས་ཀྱི་ཡོད།

“ཤ་རྒྱགས་པའི་མི་”དེ་དག་གིས་གྲོང་ཁྱེར་གྱི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི་ལྔའམ་དེ་ལས་ཀྱང་ཉུང་བ་ཞིག་ལས་ཟིན་གྱི་མེད། ཐོབ་ཐང་དང་དབང་གྲགས་ཆེ་བའི་སྐུ་དྲག་དེ་དག་གིས་རང་ཉིད་ཀྱི་གོ་གནས་ནི་གུང་རིམ་གྱི་མཚན་ཐོབ་པ་དང་གོས་དམར་ནབ་པའི་ཆོས་དཔོན་རྣམས་དང་འདྲ་བོ་ཡོད་པར་འདོད་ཅིང་། གལ་ཏེ་ཁོང་ཚོ་རོ་མ་རུ་ཡོད་པའི་དབང་དུ་བཏང་ན། རང་ཉིད་ཀྱི་གོ་གནས་ནི་ཆོས་ཀྱི་གོང་མ་དང་འདྲ་བོ་ཡོད་པར་འདོད་བཞིན་ཡོད། སྤྱིར་སྐབས་དེར་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་ནི་ཡུལ་ལུང་གཞན་དག་དང་འདྲ་བར་སྤྱི་ཚོགས་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་། དཔལ་འབྱོར་ལ་འཕེལ་རྒྱས་ཇི་ཙམ་བྱུང་བ་དེ་ཙམ་གྱིས་སྤྱི་ཚོགས་རིམ་གྲས་ཀྱི་འཁོར་རྒྱུག་རང་བཞིན་ཆེ་རུ་འགྲོ་བར་ཡང་སྐུལ་མ་ཐེབས་བཞིན་ཡོད། དེ་ཡང་གང་དེའི་རྣམ་པ་མངོན་གསལ་དུ་དོད་པའི་མཁར་གྲོང་རྒྱལ་ཕྲན་ནི་ཕྱུག་པོར་ཆགས་ཟིན་པའི་ཧྥུ་རོ་ཆེན་ས་ཡིན། ཉོ་ཚོང་ལ་བརྟེན་ནས་ཕྱུག་པོར་གྱུར་པའི་སྐུ་དྲག་གི་ཁྱིམ་རྒྱུད་གསར་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་གོང་རིམ་དབང་སྒྱུར་གྲལ་རིམ་གྱི་གྲས་སུ་ཚུད་ཅིང་། དུས་རབས་15པའི་དུས་མཇུག་ཏུ་སླེབས་པ་ན་འདི་ལྟ་བུའི་གོ་སྐབས་ཀྱང་རིམ་གྱིས་ཉུང་དུ་ཆགས་སོང་།

ཕན་ཚུན་ངོ་བསྟོད་ཀྱི་རྨང་གཞིའི་ཐོག་བཙུགས་ཤིང་རྙོག་འཛིང་ཆེ་བའི་གུས་ལུགས་ཀྱི་སྲོལ་རྒྱུན་གྱིས་སྤྱི་ཚོགས་གྲལ་རིམ་བར་གྱི་ཁྱད་པར་སྲུང་འཛིན་བྱེད་བཞིན་ཡོད་ཅིང་། དུས་རབས་14པ་ནས་དུས་རབས་15པའི་བར་དུ་སྤྱི་ཆ་ནས་དཔལ་འབྱོར་ཉམས་རྒུད་དུ་སོང་མོད། འོན་ཀྱང་། འབྱོར་ཕྱུག་གི་ཁྱིམ་རྒྱུད་དེ་དག་ནི་སྔར་བས་ཀྱང་ཕྱུག་པོར་ཆགས་པས། གང་དེས་གོ་གནས་གང་ཞིག་ནི་ཁོ་ཚོར་མི་འཚམས་པའི་གོ་ནོར་གྱི་རིགས་ཁས་ལེན་མི་འདོད་པར་གྱུར། དེའི་ཕྱིར། དབང་ཤུགས་ཁྱད་པར་ཅན་ལྡན་པའི་སྨི་ལན་གྱི་དགུང་བློན་གྱིས་མི་རྣམས་ཀྱིས་ཁོང་གི་ཆུང་མར་འབོད་པའི་སྐབས་སུ་ངེས་པར་དུ་“ཁྱད་འཕགས་”ཞེས་པའི་ཚིག་འདི་མིང་གི་ཐོག་མར་སྦྱོར་དགོས་པ་རབས་ནན་གྱིས་བཤད། སྐུ་དྲག་རྣམས་ཀྱིས་གླེང་མོལ་བྱེད་པའི་སྐབས་སུ་ཡང་ཕན་ཚུན་ལ་ངོ་བསྟོད་ཀྱི་ཚིག་དང་ལྕམས་བུའི་ཚིག་སོགས་ལ་དོ་སྣང་ལྷག་པར་བྱེད་ཅིང་། ཁོ་ཚོས་རྒྱལ་པོར་སྤྲིངས་པའི་འཕྲིན་ཡིག་སོགས་སུ་ཡང་“འཇིག་རྟེན་འདིར་དཔོན་ཁྱེད་ཀྱིས་བཀའ་གསུང་ཁོ་ན་ལས་གཞན་དུ་ཁོ་བོར་དགའ་སྤྲོ་ལྷག་པར་འཕེལ་བའི་དོན་ཞིག་མི་འདུག་”ཅེས་སོགས་འབྲི་ངེས་ཤིང་། ངོ་བསྟོད་དེ་དག་ཏུ་བཀྲ་མི་ཤེས་པ་ལྟ་བུའི་སྣང་བ་ཞིག་ཀྱང་ཡོད་དེ། དེ་ཡང་“ང་ནི་ཁྱེད་ཀྱི་འོད་སྟོང་འབར་བའི་གཟི་བརྗིད་ཀྱི་འོག་ཏུ་མ་གཏོགས་གནས་མི་ཐུབ”ཅེས་པ་ལྟ་བུའོ།།

སྐབས་འགར་ངོ་བསྟོད་དེ་དག་ཀྱང་ཚད་ལས་བརྒལ་མེད་དེ། ཁོ་ཚོ་ནི་དོན་དམ་དུ་དབང་སྒྱུར་མཁན་དེ་དག་ལ་བརྟེན་ནས་འཚོས་ཡོད་པས་སོ།།
གྲོང་ཁྱེར་དེ་དག་ཏུ་གནས་འཚོས་པའི་ཁྱིམ་རྒྱུད་ཆེན་པོ་དག་གི་སྣེ་མོ་ལས་འཛིན་པ་རྣམས་ཀྱིས་རྟག་ཏུ་དྲིན་དང་རྔམ་ཟིལ་ནི་གལ་ཆེན་དུ་བཟུང་ནས་གྲོང་ཁྱེར་ལ་དབང་སྒྱུར་བྱེད་བཞིན་ཡོད། ཁོ་ཚོས་སྐུ་དྲག་གི་གོ་གནས་དང་དམིགས་བསལ་དབང་ཆ། དངུལ་སྨར་སོགས་རང་འདོད་ལྟར་བགོ་ཡང་སྲིད། ཧྥེའུ་ལ་ལའི་ཡུལ་ལུང་གི་དགུང་བློན་གྱིས་ལོ་ལྟར་ཁྱིམ་ཚང་རེ་རེ་བཞིན་སྒོ་རྡུང་ནས་དབུལ་བོའི་ཚབ་བྱས་ནས་“སློང་མོ་”ཡང་བྱེད་པ་ཡིན། སྤྱིར་དོན་དངོས་སུ་ཁོ་ཚོས་དོན་དེའི་ཐད་དུ་སྲིད་ཇུས་རེ་ཡང་བསྟན་ཁེལ་བྱེད་པ་འགའ་ཡང་མེད། ཐབས་ལམ་དེ་དག་ལ་བརྟེན་ནས་ཁོ་ཚོས་དགུང་བློན་གྱི་དབང་གྲགས་གཏན་འཁེལ་བྱས་ཤིང་། མི་གཞན་དག་ཐམས་ཅད་ཀྱང་དགུང་བློན་གྱི་བློན་འབངས་ཡིན་པར་ཁག་ཐེག་བྱེད་ཀྱིན་ཡོད། འོན་ཀྱང་། རྒྱལ་པོ་དང་ཁྱིམ་རྒྱུད་དཔོན་པོ་དག་གིས་ནི་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་གཞན་དག་ལ་དབང་སྒྱུར་བྱེད་བཞིན་ཡོད་ཅིང་། ཡང་སྐབས་འགར་གདུག་རྩུབ་ཆེན་པོས་ཁོ་ཚོའི་དགྲ་བོ་ཡང་རྩ་མེད་དུ་གཏོང་ཡང་སྲིད་པ་ཡིན།


རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་ཆབ་སྲིད་འཚོ་བ།


རིག་རྩལ་བསྐྱར་དར་དུས་སྐབས་སུ་དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གྱི་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ནི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་གྲུབ་འབྲས་ལས་མངོན་བཞིན་ཡོད་པར་མ་ཟད། ད་དུང་ཡང་གསར་བཅོས་རང་བཞིན་གྱི་ཆབ་སྲིད་གྲུབ་ཚུལ་ལས་ཀྱང་མངོན་བཞིན་ཡོད། མཁར་གྲོང་རྒྱལ་ཕྲན་འགའ་ཞིག་གིས་རྩ་ཁྲིམས་བཅས་ནས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། འདི་དང་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རིག་གནས་གྲུབ་འབྲས་གཉིས་ཕན་ཚུན་འབྲེལ་བ་གཏིང་ཟབ་ཅིག་ཆགས་ཡོད། དེ་ལྟར་ཡིན་ན་ཡང་མཁར་གྲོང་རྒྱལ་ཕྲན་འདི་དག་ཏུ་དམངས་གཙོ་ཟེར་བ་ཞིག་ཡེ་ནས་མེད་དེ། དཔེར་ན། དུས་རབས་14པའི་དུས་སྐབས་སུ་སྐུ་དྲག་རྣམས་ཀྱིས་ཀྱང་ཞི་ཡེ་ན་སོགས་ཀྱི་ཡུལ་ལུང་གི་བཟོ་བ་དང་ཚོང་པའི་འོས་ལངས་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དྲག་གནོན་ཐལ་དྲགས་བྱས་པ་ལྟ་བུའོ།།

དུས་རབས་14པ་ནས་དུས་རབས་15པའི་བར་གྱི་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ནི་རྩ་ཁྲིམས་བཅའ་མཁན་གྱི་དབང་སྒྱུར་པ་ཉུང་ཤས་ཀྱི་ཆབ་སྲིད་ཀྱིས་ཁ་ལོ་བསྒྱུར་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཡང་དབང་ཤུགས་ཆེ་ཤོས་ལྡན་པའི་ཁྱིམ་རྒྱུད་ཀྱིས་ཁ་ལོ་སྒྱུར་བཞིན་ཡོད། ཁྱིམ་རྒྱུད་འདི་དག་གི་མི་རྣམས་ནི་སྲིད་གཞུང་གི་སྲིད་འཛིན་སྡེ་ཁག་དང་། ཁྲིམས་འཛུགས་སམ་བློ་འདྲིའི་གྲོས་ཚོགས་དང་། དེ་བཞིན་མཁར་གྲོང་རྒྱལ་ཕྲན་ག་གེ་མོ་བཅོས་སྐྱོང་གནང་བའི་དམིགས་བསལ་ཅན་གྱི་དོ་དམ་པའི་གྲས་སོགས་སུ་ཡང་ཁྱབ་ནས་ཡོད། འདེམས་ཤོག་འཕེན་དབང་ཡོད་པའི་སྐྱེས་པའི་རིགས་ཀྱི་སྤྱི་དམངས་ཀྱིས་ཟིན་པའི་ཚད་ནི་ཡུལ་ལུང་སོ་སོར་དེ་ཙམ་འདྲ་བོ་མེད་དེ། དཔེར་ན། དུས་རབས་བཅོ་ལྔ་བའི་ཝེ་ཉི་སིའི་སྐྱེས་པའི་རིགས་ཀྱི་སྤྱི་དམངས་བརྒྱ་ཆའི་གཉིས་ཙམ་ལ་འདེམས་བསྐོའི་དབང་ཆ་ཡོད་ཅིང་། དུས་རབས་14པའི་པོ་ལུའོ་ཉི་ཡའི་ཡུལ་ལུང་གི་སྐྱེས་པའི་རིགས་ཀྱི་སྤྱི་དམངས་བརྒྱ་ཆའི་བཅུ་གཉིས་ཙམ་ལ་འདེམས་བསྐོའི་དབང་ཆ་ཡོད་པ་ལྟ་བུའོ།། འོན་ཀྱང་། ཝེ་ཉི་སིའི་འདེམས་བསྐོའི་དབང་ཆའི་གྲངས་ཀ་ནི་ཚབ་མཚོན་རང་བཞིན་ལྡན་པའི་རིགས་ཡིན་ཏེ། གང་དེས་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་དབྱི་ཐ་ལིའི་ཡུལ་ལུང་གི་ཆབ་སྲིད་དབང་ཆའི་ཚད་ཡོད་རང་བཞིན་མཚོན་བཞིན་ཡོད། ཝེ་ཉི་སི་དང་། ཞི་ཡེ་ན་དང་། ལུའུ་ཁ་དང་། ཧྥུ་རོ་རེན་ས་སོགས་ནི་དབྱི་ཐ་ལིའི་བརྟག་འཇགས་རང་བཞིན་ཤས་ཆེར་ལྡན་པའི་དབང་སྒྱུར་པ་ཁ་ཤས་སུ་གཏོགས་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་ལུགས་ཤིག་རེད། འོན་ཀྱང་། རེ་ནཱ་ཡ་དང་། པོ་ལུའོ་ཉི་ཡ་དང་། ཕེ་ལུའུ་ཅ་སོགས་ནི་སྤྱི་མཐུན་དང་སྲིད་དབང་སྒེར་འཛིན་གཉིས་དབར་དུ་གཡོ་འགུལ་ཙམ་བྱས་ནས་གནས་ཡོད།

མཁར་གྲོང་རྒྱལ་ཕྲན་གཞན་དག་ཁ་ཤས་ནི་ཁྱིམ་རྒྱུད་ག་གེ་མོ་ཞིག་གི་རྒྱུད་འཛིན་གྱིས་སྲིད་དབང་སྒེར་འཛིན་བྱས་ཡོད་ཅིང་། དེ་ཡང་དཔེར་ན། ལྕགས་བཞུ་ལས་རིགས་དང་འཁེལ་འཐག་ལས་རིགས་དབྱར་མཚོ་ལྟར་ཡར་ལྡན་དུ་གནས་པའི་སྨི་ལན་ལྟ་བུ་ཡིན། དེ་ནི་ཐོག་མར་ཝེ་སི་ཁང་ཋིའི་ཁྱིམ་རྒྱུད་ཀྱིས་དབང་སྒྱུར་བྱེད་མུར་དུ་གནས་ཡོད། ཕྱི་ལོ་1447ལོར་གླས་དམག་གི་ལུས་རྟེན་བླངས་པའི་ཧྥུ་ལང་ཆེ་སི་ཁོ·སི་ཧྥུར་ཀྲས་ཝེ་སི་ཁང་ཋིའི་སྒྱུག་མོ་མཐའ་མ་དེ་མནའ་མར་བླངས། དེའི་ཉེ་བའི་ལོ་གསུམ་གྱི་རྗེས་སུ་སི་ཧྥུར་ཀྲས་སྨི་ལན་སྲིད་དབང་གི་སྒྲིག་གཞི་མགོ་རྟིང་སློག་པའི་རོགས་དན་བྱས་པར་མ་ཟད། སྨི་ལན་གྱི་སྐུ་དྲག་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱི་དབང་སྒྱུར་བཙན་ཤེད་ཀྱིས་ཁྱབ་སྤེལ་དུ་བཏང་། དེའི་རྗེས་སུ་སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱིས་ཆབ་སྲིད་ཀྱི་རོལ་རྩེད་མང་དུ་བརྩེས་ཤིང་། ཕྱུག་པོ་གཞན་དག་དབར་དུ་ཡང་དཀྲུག་ཤིང་བརྒྱབ་ནས་ཕན་ཚུན་གསོད་པའི་ལས་ཀྱང་བྱས། སྐབས་འགར་དྲག་ཤུགས་ཀྱི་ཐབས་ལམ་ཁོ་ན་ལ་བརྟེན་ནས་དམིགས་ཡུལ་འགྲུབ་པར་བྱེད་པ་ཡང་ཡོད། སྨི་ལན་གསར་པའི་དགུང་བློན་གྱིས་གོ་གནས་ཅུང་ཟད་མཐོ་བའི་གྲོང་མི་དགུ་བརྒྱས་གྲུབ་པའི་གྲོས་ཚོགས་ཤིག་གནས་ཆོག་པའི་བཀའ་ཁྲོལ་ན་ཡང་། ཁོས་རང་སྣང་གང་ཤར་གྱིས་ཁྲིམས་དཔོན་དང་སྲིད་གཞུང་དཔོན་རིགས་ལ་ཐད་ཀར་དུ་དབང་སྒྱུར་བྱེད་བཞིན་ཡོད། མཁར་གྲོང་རྒྱལ་ཕྲན་ཁ་ཤས་ནི་དབང་གྲགས་ཆེ་བའི་ཁྱིམ་རྒྱུད་རེ་འགས་དབང་སྒྱུར་བྱེད་བཞིན་ཡོད་དེ། དེ་ཡང་དཔེར་ན། ཧྥེའུ་ལ་ལའི་ཨའེ་སི་ཐུ་ཁྱིམ་རྒྱུད་དང་། མན་ཐུའོ་ཝའི་གྷི་ས་ལྗིའི་ཁྱིམ་རྒྱུད་ལྟ་བུའོ།།

འོན་ཀྱང་། ཝེ་ཉི་སིའི་སྲིད་དབང་འཛུགས་ལུགས་ནི་སྔོན་ཆད་དང་རྩ་བ་ནས་མི་འདྲ་སྟེ། ཡ་དྷེ་ལི་ཡ་རྒྱ་མཚོའི་མཚོ་ཁར་གནས་ཆགས་པའི་མཁར་གྲོང་རྒྱལ་ཕྲན་ཐམས་ཅད་ཀྱིས་ཀྱང་སྤྱི་མཐུན་གྱི་སྲིད་དབང་འཛུགས་ལུགས་རྒྱུན་འཁྱོངས་བྱེད་མས་སུ་ཡོད་ཅིང་། གང་དེའི་རྩ་ཁྲིམས་ཀྱིས་ཚོགས་པ་སོ་སོའི་ཆབ་སྲིད་ཁེ་ཕན་གྱི་དོ་མཉམ་ཁག་ཐེག་བྱེད་བཞིན་ཡོད་དེ། དེ་ཡང་ཐོག་མ་ནི་ཊོ་གྷི་ཞེས་འབོད་པའི་སྤྱི་ཁྱབ་ལྟ་སྐུལ་པ་ཡིན་ཞིང་། འདི་ནི་གྲོས་ཁང་གོང་མས་བདམས་པའི་ཚེ་གང་གི་ལས་གནས་ཤིག་ཡིན་ཞིང་། གང་དེས་གཙོ་བོ་སྲིད་འཛིན་གྱི་འགན་འཁུར་བཞིན་ཡོད་པས། རྒྱལ་པོ་དང་འདྲ་བར་དམིགས་བསལ་གྱི་དབང་ཆ་ཡང་ཡོད། དེ་ནས་གྲོས་ཚོགས་ཆེན་པོ་ཡིན་ཞིང་། དེ་ནི་འདེམས་བསྐོའི་དབང་ཆ་ཡོད་པའི་སྐུ་དྲག་2500ལས་གྲུབ་པའི་ཚོགས་པ་ཆེན་པོ་ཞིག་ཡིན། གྲོས་ཚོགས་ཀྱི་གྲོས་མིའི་གྲས་ནས་འདེམས་བསྐོ་བྱས་པ་ལ་བརྟེན་ནས་གྲོས་ཁང་གོང་མ་བྱུང་བ་ཡིན། གྲོས་ཁང་གོང་མ་ནི་སྐུ་དྲག་གྲལ་རིམ་གྱི་འཐུས་ཚབ་པ་ཡིན། དེའི་གྲས་སུ་ཡིད་དུ་འོང་ཞིང་སྤུས་དག་གི་ཁང་བརྩེགས་སུ་གནས་པའི་ཚོང་པའམ་སྐུ་དྲག་གསར་པ་རེ་འགའ་ཡང་འདུ། སྤྱིར་དབུལ་བོ་རྣམས་ཀྱིས་ཝེ་ཉི་སིའི་མི་འབོར་གྱི་ཕྱེད་ལྷག་ཟིན་ཡོད་མོད། འོན་ཀྱང་། ཁོ་ཚོར་ཆབ་སྲིད་ཀྱི་དབང་ཆ་གང་ཡང་མེད།

རི་བོ་ཨར་བྷེ་སིའི་ཕྱོགས་གཞན་དག་གི་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་དང་། དབྱི་ཐ་ལིའི་ཡུལ་ལུང་ཁག་གི་སྒེར་གཅོད་པ་དང་དབང་སྒྱུར་པ་དག་གིས་ཀྱང་(སྐབས་འདིའི་དབང་སྒྱུར་པ་ཞེས་པ་ནི་སྲིད་གཞུང་དོ་དམ་བྱེད་མཁན་འགའ་ཞིག་དང་ཁྱིམ་རྒྱུད་ལ་གོ་དགོས།)སྲིད་གཞུང་གི་སྲིད་འཛིན་སྡེ་ཁག་གི་ནུས་པ་ཇེ་ཆེར་བཏང་བས། ལས་ཆོད་ཆེ་བའི་དཔོན་པོའི་སྒྲིག་སྲོལ་ཆུང་ངུ་ཞིག་ཆགས་འགོ་བཟུང་། ཧྥོ་རོ་རེན་ས་དང་ཝེ་ཉི་སི་གཉིས་ཀྱིས་ཆེད་དམིགས་ཀྱི་ཕྱི་དོན་ལས་ཁུངས་དང་ཚོང་ལས་སྤྱི་ཁང་ཡང་བཙུགས། ཕན་ཚུན་གཉེན་སྒྲིག་གི་འབྲེལ་བ་ཡང་ཡོད་ཅིང་། དབང་གྲགས་ཆེན་པོ་ཡོད་པའི་ཁྱིམ་རྒྱུད་དག་གིས་ཉོ་སྒྲུབ་སོགས་ཀྱི་ཐབས་ལ་བརྟེན་ནས་སྲིད་གཞུང་གི་སྲིད་འཛིན་སྡེ་ཁག་གི་གོ་གནས་སོགས་ཐོབ་པར་བྱེད་བཞིན་ཡོད། དབང་གྲགས་ཅན་གྱི་ཁྱིམ་རྒྱུད་དག་གི་དབར་དུ་(དཔེར་ན། མེ་དྷི་ལྗི་ཁྱིམ་རྒྱུད་དང་སི་ཧྥུར་ཀྲ་ཁྱིམ་རྒྱུད་ཀྱི་དབར་ལྟ་བུའོ།།)སྒེར་གྱི་འབྲེལ་བ་ལ་བརྟེན་ནས་ཕྱི་འབྲེལ་ལས་དོན་སྒྲུབ་སླ་བོར་ཆགས་ཡོད། མེ་དྷི་ལྗི་ཁྱིམ་རྒྱུད་ཀྱིས་གྲོང་ཁྱེར་དང་ཁྱིམ་རྒྱུད་ཀྱི་ནོར་སྲིད་ལ་དོ་དམ་ལེགས་པོ་ཡོང་བའི་ཆེད་དུ་དངུལ་རྩའི་རིགས་གཅིག་མཁས་པ་གླ་བཞིན་ཡོད་ཅིང་། ཁོ་ཚོས་ཁྱིམ་རྒྱུད་ཀྱི་ཁེ་ཕན་ནི་བླ་ན་མེད་པར་འདོད་པས། རང་ཉིད་ཀྱི་ཁྱིམ་རྒྱུད་ཀྱི་ཆེད་དུ་སྐབས་འགར་ཧྥོ་རོ་རེན་སའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་ཡང་ཡོད། ཁོ་ཞི་མོ་·དྷི་·མའེ་ཏི་ཆིས་གྲོང་ཁྱེར་འདི་བརླག་པར་གྱུར་ན་ཡང་། དེ་ཉིད་ཤོར་བའི་འཚོ་བ་ཡང་རོལ་ཆོག་པར་བཤད་མྱོང་བ་ལྟ་བུའོ།།

  “ལུས་རྒྱགས་པའི་མི།” (སྐུ་དྲག) ཧྥུ་ལིན་ཆེར་སུ་ཁུ•སུ་ཧྥུར་ཀྲུའི་བརྩམས་ཆོས་རི་མོ།

གླས་དམག་གི་དཔོན་པོ་ནི་དབྱི་ཐ་ལིའི་ཆབ་སྲིད་དང་དམག་དོན་གནས་བབ་སོགས་གང་ཅིའི་ཐད་ནས་ཀྱང་གལ་འགངས་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཏུ་ཆགས་ཡོད་ཅིང་། དབྱི་ཐ་ལིའི་རྒྱལ་པོ་རྣམས་ཀྱིས་ཧ་ལམ་དམག་དཔུང་གཙུག་ཆེན་དུ་འཛིན་བཞིན་ཡོད། ལོ་ན་གཞོན་པའི་རྒྱལ་པོས་ཀྱང་དམག་དོན་སྦྱོང་བརྡར་བྱ་དགོས་ཤིང་། དེ་ཡང་ཁོས་ངེས་པར་དུ་མདུང་རིང་བཟུང་ཞིང་རྟ་བཞོན་ནས་དྲག་རྩལ་འགྲན་སོགས་ཀྱང་ངེས་པར་ཤེས་དགོས་ཀྱི་ཡོད། ཁོས་ད་དུང་ཡང་རི་དྭགས་རྔོན་ཤེས་ཤིང་། སྐབས་འགར་བྱ་གླག་ཀྱང་འཁྱེར་ནས་འགྲོ་བཞིན་ཡོད། དགུང་བློན་དང་ཁོ་ཚོའི་སྒེར་གྱི་དམག་དཔུང་རེ་འགའ་ཡང་གླས་དམག་དང་འདྲ་བར་རིན་གོང་མཐོ་ཤོས་གཏོང་མཁན་གྱི་དོན་དུ་སྲོག་བསྡོས་བྱེད་བཞིན་ཡོད། དེ་ཡང་ཁོ་ཚོའི་གླ་བདག་ནི་དབྱི་ཐ་ལིའི་རྒྱལ་པོ་དང་། ཧྥ་རན་སིའི་རྒྱལ་པོའམ་ཡང་ན་མཆོག་གྱུར་རོ་མ་གོང་མ་སོགས་གང་ཡིན་ཡང་ཆོག་གི་ཡོད། མཐའ་གཅིག་ཏུ་འདི་ཡིན་ཞེས་གཏན་ཁེལ་བ་ཞིག་ནི་ནམ་ཡང་མེད་དེ།
གཞན་ཡང་རྗེས་འབྲང་པ་དང་དཔོན་རིགས་འབོར་ཆེན་གྱིས་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རྒྱལ་པོ་དང་དབང་སྒྱུར་པ་ཉུང་ཤས་ཤིག་ལ་བསྙེན་བཀུར་བྱས་ནས་ཡོད་ཅིང་། དཔེར་ན། ཝུར་པི་ནོ་རྒྱལ་ཁབ་ནི་མཁར་གྲོང་རྒྱལ་ཕྲན་གཞན་དག་དང་བསྡུར་ན་འབྱོར་ཕྱུག་དེ་ཙམ་མིན་མོད། འོན་ཀྱང་། ཕོ་བྲང་དེ་གར་སྤྱིའི་ཆ་ནས་དཔོན་རིགས་355ཙམ་གླས་ཡོད་ཅིང་། དེའི་གྲས་སུ་མངའ་ཁོངས་ཡོད་པའི་དཔོན་ཆེན་གྱི་མཚན་ཐོབ་ཅན་45དང་། ཁྱིམ་རྒྱུད་ཁ་ཤས་ཀྱི་སྐུ་དྲག་17དང་། སྐྱེས་པ་ཞབས་ཞུ་བ22དང་། དྲུང་ཡིག་པ་5དང་། ནང་འཁོར་གཡོག་པོ་19་དང་། མ་བྱན་5་དང་། ཞབས་ཞུ་བ་19་དང་། མ་ཧྥུའི་མཚན་ཐོབ་ཅན་50དང་། དེ་ལས་གཞན་དུ་མི་གྲངས་125ནི་གཡོག་པོ་དང་བྱ་བ་ཅི་ཡང་སྒྲུབ་པའི་མི་རེ་ཟུང་ཡིན།

ཧྥ་རན་སི་དང་རི་བོ་ཨར་བྷེ་སུ་བྱང་རྒྱུད་ཀྱི་རྒྱལ་པོའི་རྒྱལ་ཁབ་དག་དང་འདྲ་བར། དབྱི་ཐ་ལིའི་སྟོབས་ལྡན་རྒྱལ་ཕྲན་ཧྥུ་རོ་རེན་ས་དང་། སྨི་ལན། ཝེ་ཉི་སི། ན་པུའུ་ལེ་སི་དང་། དེ་བཞིན་ཆོས་ཀྱི་གོང་མའི་རྒྱལ་ཁབ་སོགས་ལ་བཙན་འཛུལ་གྱི་རང་བཞིན་ཆེས་ཆེར་མངོན་ནས་ཡོད། རྒྱལ་ཁབ་དེ་དག་གིས་དྲག་ཤུགས་དང་། འཇིགས་སྐུལ། མནའ་འབྲེལ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཅུང་ཟད་ཉམ་ཆུང་དུ་གནས་པའི་ཁྱིམ་མཚེས་རྒྱལ་ཁམས་ལ་ཚོད་འཛིན་བྱས་ནས། དེ་དག་རེ་རེ་བཞིན་རྩ་མེད་དུ་གཏོང་བཞིན་ཡོད། དེ་ཡང་དཔེར་ན། མིག་མངས་བརྩེ་བའི་སྐབས་སུ་རྡེའུ་ཡིས་རྡེའུ་ཟ་བ་དང་འདྲ་བོ་འདུག རྒྱལ་ཕྲན་སྟོབས་ལྡན་འདི་དག་གི་དབར་དུ་དམག་འཁྲུག་མེད་པའི་སྐབས་སུ། ཧྥོ་རོ་རེན་ས་དང་ཝེ་ཉི་སི་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་སྨི་ལན་གྱི་སྟོབས་ཤུགས་ལོན་བྷ་དི་ཡུལ་ལུང་དུ་རྒྱ་སྐྱེད་གཏོང་བར་བཀག་འགོག་བྱས་ཤིང་། དེ་མཚུངས་སུ་རང་རང་གི་ཡུལ་ལུང་དུ་ཡང་རང་ཉིད་ཀྱི་བཙན་དབང་ལ་ཤུགས་སྣོན་ལྷག་པར་བྱེད་བཞིན་ཡོད། དེ་ཡང་ཝེ་ཉི་སི་ཡིས་རི་བོ་ཨར་བྷེ་སུ་ནས་བྷོ་ཆུའི་འབབ་རྒྱུད་བར་གྱི་ཡུལ་ལུང་ཐམས་ཅད་བདག་ཏུ་བཟུང་ཡོད་ཅིང་། སྐབས་དེར་རེ་ནཱ་ཡིས་ས་ཁམས་ཀྱི་གནས་བབ་ལ་བརྟེན་ནས་སྨི་ལན་དང་ཧྥ་རན་སིའི་ཧམ་སེམས་ལ་གདོང་གཏོད་བཞིན་རང་སྐྱོང་སྲིད་དབང་གི་རྒྱུན་འཁྱོངས་ཐབས་བྱེད་མས་སུ་གནས། ཡུལ་ལུང་དེ་གའི་ཚོང་པའི་གྲལ་རིམ་དང་རི་སྒང་དུ་གནས་ཆགས་པའི་སྐུ་དྲག་དབར་དུ་འགལ་བ་ཆགས་ཡོད།

    ཡ་ཕིན་ཉི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཐུའོ་སི་ཁ་ནི་དང་ས་མཚམས་འབྲེལ་བའི་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཀྱི་འཁོར་སྐྱོད་བྱེེད་ཐབས་ནི་མཁར་གྲོང་རྒྱལ་ཕྲན་གཞན་དག་དང་འདྲ་བོ་འདུག་སྟེ། དེ་ཡང་ཆོས་ཀྱི་གོང་མ་ནི་རྒྱལ་པོ་དང་འདྲ་བར་འཇིག་རྟེན་པའི་ལུགས་ཀྱི་དབང་སྒྱུར་མཁན་ཡིན་ཞིང་། ཁོང་ནི་ཆོས་ཚོགས་སུ་གོ་གནས་ཆེས་མཐོ་བའི་ཆོས་དཔོན་གཙོ་བོ་སྟེ། གོས་དམར་ནབ་པའི་ཆོས་དཔོན་རྣམས་ཀྱིས་བདམས་ཐོན་བྱུང་བ་ཞིག་ཡིན་པར་མ་ཟད། དེ་ཡང་ཚེ་གང་གི་འགན་བཞེས་ཤིག་ཀྱང་ཡིན། ཡང་དེ་ལས་ལྡོག་སྟེ་གོས་དམར་ནབ་པའི་ཆོས་དཔོན་རྣམས་ཀྱང་དོན་ལ་ཆོས་ཀྱི་གོང་མས་བསྐོས་ནས་བྱུང་བ་ཤ་སྟག་ཏུ་ངེས། འཇིག་རྟེན་ལུགས་ཀྱི་རྒྱལ་པོ་དང་དབང་སྒྱུར་པ་རྣམས་དང་འདྲ་བར་ཆོས་ཀྱི་གོང་མས་ཀྱང་ཆོས་ཀྱི་རྒྱལ་ཁམས་སུ་ཧམ་སེམས་ཆེ་བའི་སྐུ་དྲག་རྣམས་དང་ཁེ་དབང་འཕྲོག་རེས་བྱེད་དགོས་ཀྱི་ཡོད། ཁོང་ཚོས་ད་དུང་ཡང་མཁར་གྲོང་རྒྱལ་ཕྲན་གཞན་དག་གི་ལྐོག་ཇུས་སོགས་ལ་ཐེ་ཇུས་བྱེད་སྲིད་ཅིང་། ཡང་སྐབས་དང་སྐབས་སུ་ཁེ་ཕན་གཅིག་མཐུན་ཡིན་པའི་མཁར་གྲོང་རྒྱལ་ཕྲན་དག་དང་མནའ་འབྲེལ་བྱེད་པ་ཡང་ཡོད། འོན་ཀྱང་། དུས་རབས་14པའི་དུས་མཇུག་ཏུ་སླེབས་སྐབས་སུ་འོད་སྟོང་འབར་བའི་ལོ་རྒྱུས་ལྡན་ཞིང་། འཇིག་རྟེན་སྐྱེ་བོ་ཀུན་གྱིས་རྟག་བརྟན་གྱི་རྒྱལ་ཁབ་ཅེས་འབོད་པའི་ཆོས་ཀྱི་གོང་མའི་རྒྱལ་ཁབ་དེ་ནི་དབྱི་ཐ་ལིའི་ཕྱེད་གླིང་གི་མཁར་གྲོང་རྒྱལ་ཕྲན་ཨང་བརྒྱད་པ་ཙམ་ཡིན་ཞིང་། གང་དེར་དབང་སྒྱུར་བཞིན་པའི་ཆོས་ཀྱི་གོང་མའི་ལམ་ལུགས་ཀྱི་ཁྱབ་ཁོངས་ཀྱང་ཕྱོགས་དེ་ཙམ་དུ་ཟད་པས། དབྱི་ཐ་ལིའི་མཁར་གྲོང་རྒྱལ་ཕྲན་གཞན་དག་ནི་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཀྱི་དབང་སྒྱུར་དང་ཐེ་གཏོགས་སོགས་ལས་ཉིན་རེ་བཞིན་གྲོལ་བར་གྱུར། འགྱུར་ལྡོག་དེ་ནི་“པ་པི་ལུན་གྱི་བཙོན་པ་”(ཕྱི་ལོ་1309ནས་ཕྱི་ལོ་1378ལོའི་བར།)ཞེས་པ་ནས་བྱུང་བ་ཡིན་ཞིང་། སྐབས་དེར་ཧྥ་རན་སིའི་རྒྱལ་པོས་ཨ་ཝེ་ནེན་གྱི་ཆོས་ཀྱི་གོང་མ་རྣམས་ལ་ཚོད་འཛིན་བྱས་ཤིང་། མ་ཟད་རོ་མའི་ཆོས་ཀྱི་གོང་མས་ཀྱང་ཨ་ཝེ་ནེན་གྱི་ིཆོས་སྐྱོང་སྲིད་གཞུང་ལ་རྒོལ་བ་མང་དུ་བཏང་བས། མཇུག་མཐར་ཆོས་ཀྱི་གོང་མས་དབྱི་ཐ་ལིའི་འཇིག་རྟེན་དུ་ཚོད་འཛིན་བྱས་པའི་ཚད་ཀྱང་རིམ་གྱིས་ཉམས་ཞན་དུ་གྱུར་ཅིང་། ཧྥོ་རོ་རེན་ས་དང་། སྨི་ལན། ཝེ་ཉི་སི་སོགས་འཕེལ་རྒྱས་ཆེན་མོ་བྱུང་།


ཧྥུ་རོ་རེན་ས། རིག་རྩལ་བསྐྱར་དར་བྱུང་བའི་གྲོང་ཁྱེར་ཞིག་གི་དབྱེ་ཞིབ།


ཧྥོ་རོ་རེན་ས།

ཧྥོ་རོ་རེན་ས་ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་གྱི་འབྱུང་གནས་ཡིན་ཞིང་། དེ་ཡང་ཐུའོ་སི་ཁ་ནའི་སྙན་ངག་པ་ཏན་ཏེན་གྱི་ལུང་བསྟན་མངོན་འགྱུར་བྱུང་བ་སྟེ། ཤེས་རིག་གསར་པ་ཞིག་དབྱི་ཐ་ལིའི་ཕྱེད་གླིང་དུ་དར་ཅིང་འཕེལ་བར་གྱུར། རིག་རྩལ་བསྐྱར་དར་གྱི་ཐོག་མའི་དུས་སྐབས་སུ་ཡུལ་ལུང་འདིའི་ཐོ་སུ་ཁ་ནའི་ཡུལ་སྐད་ནི་ཡུལ་ལུང་གཞན་དག་གི་སློབ་གསོ་མྱོང་བའི་དབྱི་ཐ་ལའི་མི་རྣམས་ཕལ་མོ་ཆེས་“ཚིག་དོན་ལེགས་པའི་སྐད་རིགས་”ཤིག་ཏུ་བཟུང་ནས་བཀོལ་སྤྱོད་གནང་བཞིན་ཡོད།

ཧྥུ་རོ་རེན་ས་ནི་གྱང་གིས་བསྐོར་ཡོད་ཅིང་། དབྱི་ཐ་ལིའི་སྐམ་སར་ཆགས་ཡོད། དེ་ཡང་རི་མ་ཐང་དང་ཐང་གཤོངས་སོགས་ཀྱི་ཡུལ་ལུང་དུ་མ་ཞིག་བདག་ཏུ་བཟུང་ཡོད། དབྱར་དུས་ཀྱི་ཟླ་བ་ཁ་ཤས་ཕུད། ཨ་ནུ་གཙང་པོས་འཕྲེད་ཀྱིས་བཅད་པའི་གྲོང་ཁྱེར་འདིར་གནས་ཆགས་པའི་མི་རྣམས་ཀྱིས་གཙང་པོ་བརྒལ་ནས་ས་དབུས་རྒྱ་མཚོའི་བྷེ་སའི་གྲུ་ཁར་སླེབས་ཀྱི་ཡོད། ཕྱི་ལོ་1406ལོར་ཧྥུ་རོ་རེན་སས་བྷི་ས་དབང་དུ་བསྡུས་ཤིང་། ཕྱི་མ་འདི་ནི་འཁེལ་འཐག་ལས་རིགས་ཀྱི་ལྟེ་གནས་ཡིན་ཞིང་། མ་ཟད་རེ་ནཱ་ཡའི་མཚོ་ཐོག་ཉོ་ཚོང་གི་འགྲན་ཡ་སྟོབས་ལྡན་ཞིག་ཀྱང་ཡིན་མོད། འོན་ཀྱང་། དུས་ཕྱིས་ནང་ཁུལ་གྱི་འགལ་བ་དུ་མའི་དབང་གིས་རིམ་གྱིས་སོ་སོར་གྱེས་པ་དང་ཉམས་རྒུད་དུ་གྱུར། བྷེ་ས་ནི་མཚོ་འགྲམ་དུ་གནས་པའི་དབང་གིས། གྲོང་ཁྱེར་འདི་དབང་སྒྱུར་བྱས་པའི་རྐྱེན་གྱིས་ཧྥུ་རོ་རེན་སའི་ཚོང་དོན་ཡང་འཕེལ་རྒྱས་ཆེན་པོ་བྱུང་སྟབས། དུས་དེ་ནས་བཟུང་མཚོ་ཐོག་གི་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར།

འོན་ཀྱང་། ཧྥུ་རོ་རེན་ས་ནི་གནའ་བོའི་རིག་གནས་བསྐྱར་དར་བྱུང་བའི་ལྟེ་བར་གྱུར་བ་ལ་ཡང་། ད་དུང་ཡང་ཕྱོགས་གཞན་གྱི་རྒྱུ་རྐྱེན་ཡང་དུ་མ་ཞིག་ཡོད་དེ། ཐོག་མར་དུས་ཡུན་ཤིན་ཏུ་རིང་པོར་གྲོང་ཁྱེར་དེའི་ལྷ་གཉེར་བ་དང་། ཁྲིམས་རྩོད་པ། གཞུང་དཔང་བ་སོགས་ནི་རོ་མན་གྱི་བཅའ་ཁྲིམས་དང་ལ་ཏིང་སྐད་ཡིག་ལ་བྱང་ཆུབ་པ་ཞིག་ཡོད་ཅིང་། གཞན་དུ་སྤྱིར་ཆོས་ཚོགས་ཀྱི་ཤུགས་རྐྱེན་རབ་དང་རིམ་ཞིག་ཐེབས་ནས་ཡོད་ཀྱང་། མེ་དྷེ་ལྗི་ཁྱིམ་རྒྱུད་ཀྱི་དབང་སྒྱུར་པ་རྣམས་ཀྱིས་སྟོབས་དང་ལྡན་པའི་འཇིག་རྟེན་ལུགས་ཀྱི་རིག་གནས་ལས་འགུལ་ལ་སྐུལ་མ་མང་དུ་གནང་བཞིན་ཡོད། དེའི་ཕྱིར། ཧྥུ་རོ་རེན་སའི་གྲོང་མིའི་འཚོ་བར་ཡེ་ཤུའི་ཆོས་ལུགས་ཀྱི་རིག་གནས་སྲོལ་རྒྱུན་དང་འཇིག་རྟེན་པའི་རིག་གནས་སྲོལ་རྒྱུན་གྱི་ཤུགས་རྐྱེན་བཟང་པོ་ཐེབས་ཡ གྲོང་ཁྱེར་དེའི་གསོན་ཤུགས་ལྡན་པའི་ལག་ཤེས་བཟོ་ལས་ཀྱི་སྲོལ་རྒྱུན་དང་དེ་བཞིན་རྒྱས་སྤྲོས་དངོས་རྫས་ཐོན་སྐྱེད་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་དཔལ་འབྱོར་གྱིས་ནི་ཧྥུ་རོ་རེ་སའི་མི་རྣམས་ཀྱིས་བློ་ཁོག་ཆེན་པོས་སྒྱུ་རྩལ་གསར་བཅོས་དང་ལེན་བྱེད་ཐུབ་པར་གྱུར། ཁོང་ཚོས་གྲོང་མི་རྣམས་ལ་ཐོབ་པའི་རིག་གནས་སོགས་གྲུབ་འབྲས་ལ་གཞིགས་ནས་གཟི་བརྗིད་བླ་ན་མེད་པ་ལྟ་བུའི་ཚོར་སྣང་འབྱུང་བཞིན་ཡོད།

མཐར་ཧྥུ་རོ་རེནསའི་གྲོང་མི་རྣམས་ལ་བལྟོས་བཅས་ཀྱིས་སློབ་གསོ་ལེགས་པོ་ཐེབས་པས། ཐུའོ་སི་ཁ་ནའི་གྲོང་གསེབ་དང་དེ་བཞིན་ཡུལ་ལུང་གཞན་དག་གི་ཤེས་ལྡན་མི་སྣ་སོགས་ལ་ཡང་གྲོང་ཁྱེར་འདིར་ཡོང་འདོད་ཀྱི་འདུན་པ་ཤུགས་དྲག་པོ་བྱུང་། གྲོང་ཁྱེར་འདིར་སློབ་གྲྭ་མང་པོ་ཞིག་ཡོད་ཅིང་། ད་དུང་ཡང་སློབ་ཆེན་ཞིག་ཀྱང་ཡོད། ཡི་གེ་ཤེས་པའི་མི་འབོར་གྱི་ཚད་ནི་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་ལས་ཀྱང་ཁྱད་དུ་འཕགས་པས་འགྲན་ཟླ་དང་བྲལ་བར་གྱུར་ཡོད། དུས་རབས་15པར་མི་གྲངས་ཁྲི་10ལས་ཉུང་མཐར་ཡང་བྱིས་པ་8000ལྷག་ཆོས་ཚོགས་ཀྱི་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། གྲོང་བཙུགས་སློབ་གྲྭ་དང་དེ་བཞིན་སྒེར་བཙུགས་སློབ་གྲྭ་སོགས་སུ་ཞུགས་ནས་སློབ་གསོ་མྱོང་བཞིན་ཡོད། དེ་ཡང་གྲོང་ཁྱེར་དེའི་ངལ་རྩོལ་བཟོ་བ་ཞིག་ཡིན་ན་ཡང་ཏན་ཏེན་གྱི་སྙན་ངག་སོགས་བློ་ལ་སྐྱོར་ཐུབ་ཅིང་བྱང་ཆུབ་པར་གྱུར་ཡོད།

དུས་རབས་14པའི་དུས་སྟོད་དུ་སྲིད་གཞུང་གི་གནས་ཡུལ་ནི་སྔར་བཞིན་ཕོ་བྲང་རྙིང་པ་དེར་ཡོད་ཅིང་། གང་དེས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དངོས་ཟོག་འབེལ་པོ་ཡོད་པའི་གྲོང་ཁྱེར་འདིའི་དངུལ་རྩ་དང་། ཚོང་དོན། གོས་འཐག། དར་གོས་དང་དེ་བཞིན་མུ་ཏིག་སོགས་ཀྱི་ལས་རིགས་ཀྱི་འོད་སྟོང་འཕྲོ་བའི་ངོ་བོ་གསལ་བོར་སྟོན་ཐུབ་ཀྱི་ཡོད། དུས་རབས་14པའི་དུས་དཀྱིལ་དུ་སླེབས་སྐབས་སུ་ཧྥུ་རོ་རེན་ས་ནི་ཡོ་རོབ་ཀྱི་གྲོང་ཁྱེར་ཆེན་པོ་ལྔ་པར་གྱུར་ཅིང་། དུས་རབས་14བའི་ལོ་རབས་30པར་བྱུང་བའི་ནད་ཡམས་ཀྱི་སྔོན་དུ་གྲོང་ཁྱེར་འདིར་མི་འབོར་ཁྲི་10ལྷག་ཙམ་གནས་སྡོད་བྱས་ཡོད་ཅིང་། དེ་རྗེས་དུས་རབས་15པའི་དུས་མཇུག་ཏུ་ནག་ཤིའི་ནད་ཡམས་ཀྱི་རྐྱེན་གྱིས་མི་འབོར་ཕྱེད་ཙམ་རྐྱེན་ལམ་དུ་ཤོར་བ་དེ་ཡང་སྔར་གྱི་མི་འབོར་གྱི་གྲངས་ཚད་དུ་སླེབས་པར་གྱུར་པས། དབྱིན་ཇིའི་ལོན་ཏོན་དང་སི་ཕེན་གྱི་སའེ་ཝེ་ལི་ཡའི་མི་འབོར་དང་གྲངས་མཉམ་པར་ཆགས། འོན་ཀྱང་། སྔར་བཞིན་ཝེ་ཉི་སི་དང་ན་པུའུ་ལེ་སིའི་མི་འབོར་དང་འགྲན་ཐབས་བྲལ་བར་ཆགས་ཡོད། གྲོང་ཁྱེར་ཕྱི་མ་འདི་གཉིས་ལ་སྐབས་དེར་མི་འབོར་ཉུང་མཐར་ཡང་ཁྲི་10ལྷག་ཡོད།



ཧྥུ་རོ་རེན་སའི་གྲོས་འཚོགས་ཀྱི་རྣམ་པ།

“ཀོ་ལང་ཏི་”ཞེས་འབོད་པའི་ཚོང་པ་ཕྱུག་པོ་རྣམས་ཀྱིས་ཧྥུ་རོ་རེན་སར་དབང་སྒྱུར་བྱས་ཤིང་། ཁོ་ཚོར་རྒྱུ་ནོར་ཅུང་ཉུང་བའི་ཚོང་པ་དང་། ཁྲིམས་རྩོད་པ་དང་། ལག་ཤེས་བཟོ་བ་སོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཚོང་པ་དང་། བཟོ་སྐྲུན་ཚོང་པ་དང་། ལྷག་པར་དུ་གྱོན་ཆས་བཟོ་མཁན་གྱི་ཚོང་པ་རྣམས་ཀྱིས་མཉམ་འབྲེལ་གྱིས་ལས་རིགས་ཚོགས་པ་ཆེན་པོ་བདུན་བཙུགས་ཤིང་། ལས་རིགས་ཚོགས་པ་ཆེན་པོ་བདུན་གྱིས་རྒྱུན་མཐུད་ཀྱིས་གཞི་ཁྱོན་ཅུང་ཆུང་བའི་ལས་ཚོགས་བཅུ་གཞི་ལ་ཚོད་འཛིན་བྱེད་བཞིན་ཡོད། ལས་རིགས་ཚོགས་ཆེན་གྱིས་ད་དུང་འཐུས་མི་དགུ་བདམས་ནས་སྲིད་གཞུང་གི་ལས་ཀར་ཞུགས་བཞིན་ཡོད་ཅིང་། དེ་དང་མཉམ་དུ་གྲོང་ཁྱེར་དོ་དམ་གྱི་སྲིད་འཛིན་ཚོགས་པ་ཞིག་ཀྱང་བཙུགས་ཡོད། སྲིད་འཛིན་ཚོགས་པས་བཅའ་ཁྲིམས་གསར་པ་བཟོ་བའི་གྲོས་འགོ་འདོན་བཞིན་ཡོད་པར་མ་ཟད། ཕྱི་འབྲེལ་གྱི་ལས་དོན་ལ་ཡང་དོ་དམ་བྱེད་བཞིན་ཡོད། ཆོས་ལུགས་དང་འབྲེལ་བའི་དུས་ཆེན་སྣ་ཚོགས་སུ་ཡང་སྲིད་འཛིན་ཚོགས་པའི་གཙོ་འཛིན་གྱིས་ཁྲོམ་སྐོར་རུ་ཁག་གི་སྣེ་ཁྲིད་ནས་གཞུང་ལམ་ཆེ་ཆུང་ཐམས་ཅད་དུ་བསྐྱོད་བཞིན་ཡོད། ཧྥུ་རོ་རེན་སར་ད་དུང་མི་དམངས་ཚོགས་ཆེན་དང་གྲོང་ཁྱེར་སྲིད་དོན་གྲོས་ཚོགས་སོགས་ཀྱང་ཡོད་ཅིང་། ལས་ཁུངས་འདི་དག་ཐམས་ཅད་ཀྱང་དོན་ལ་ཁྲིམས་འཛུགས་ལས་ཁུངས་ཤ་སྟག་ཡིན། རྒྱུ་ནོར་ངེས་ཅན་ཡོད་པའི་ཁྲལ་འཇལ་གྲོང་མི་དག་གིས་གྲོས་ཚོགས་འདི་གཉིས་སུ་ཞུགས་པའི་ཁོངས་མི་དྲུག་བརྒྱ་ནས་བདུན་བརྒྱའི་བར་འདེམས་བཞིན་ཡོད། སྲིད་འཛིན་ཚོགས་པའི་ཐབས་ཇུས་དེ་མི་དམངས་ཀྱི་གྲོས་འཆམ་བརྒྱུད་ནས་ཐག་གཅོད་དགོས་པའི་སྐབས་སུ། གྲོས་ཚོགས་ཀྱི་མི་ཁ་ཤས་ཤིག་སྐོང་ཚོགས་བྱས་ནས་ཚོང་དོན་དང་འབྲེལ་བའི་ལས་དོན་སོགས་ལ་གྲོས་བསྡུར་བྱེད་པ་ཡིན།

དུས་རབས་15པའི་སྐབས་སུ་ཧྥུ་རོ་རེན་སའི་ཕྱུག་བདག་གྲལ་རིམ་གྱིས་སྲིད་གཞུང་གི་ལས་དོན་ལ་སྟངས་འཛིན་ནན་པོ་བྱས་ཤིང་། སྐུ་དྲག་རྣམས་ནི་དབུལ་བོ་རྣམས་ཀྱིས་ཁེངས་ལོག་བྱེད་པར་སྐྲག་སྐྲག་ལ་བསྡད་ཡོད། ཕྱི་ལོ་1378ལོར་ཧྥུ་རོ་རེན་ས་ནས་བལ་ཤད་བཟོ་པའི་འོས་ལངས་བྱུང་ཞིང་། དེ་ལ་ཡོངས་གྲགས་སུ་“ཤིང་ལྷམ་གྱི་འོས་ལངས་”ཞེས་ཀྱང་འབོད། འདི་ལྟར་འབོད་དོན་ནི་འོས་ལངས་ལ་ཞུགས་པའི་ངལ་རྩོལ་པ་མང་པོ་ཞིག་གིས་ཤིང་ལྷམ་མ་གཏོགས་ཉོ་མི་ཐུབ་པའི་རྐྱེན་གྱིས་རེད། སྐབས་དེའི་འཁལ་འཐག་བཟོ་པས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ཅིང་། དེ་བཞིན་འཁོན་སེམས་འཆིངས་པའི་ལས་རིགས་ཚོགས་ཆུང་འགའ་ཞིག་གི་རོགས་རམ་ལ་བརྟེན་ནས་ཁོ་ཚོས་ཁྲག་དྲི་བྲོ་བའི་འོས་ལངས་ཤིག་གི་ཇུས་གཞི་བཏིང་ཞིང་། སྐབས་དེར་ལག་ལེན་དུ་བསྟར་བཞིན་པའི་ལས་ཚོགས་ཀྱི་ཡན་ལག་སོགས་རྒྱ་ཆེར་གཏོང་བའི་རེ་བ་བཟུང་། དེའི་རྗེས་སུ་མཐོ་རིམ་སྤྱི་ཚོགས་དྲག་ཤུགས་ཀྱི་འོས་ལངས་བསྐྱར་དུ་ཡོང་བར་འཇིགས་པས། བཟོ་བའི་སྟོབས་ཤུགས་ལ་ཚོད་འཛིན་གང་ཐུབ་བྱས་ཤིང་། ཁོ་ཚོ་ཁོང་ཁྲོ་ལངས་ཀྱང་གཉའ་མི་སྒུར་ཐབས་མེད་པའི་གནས་སུ་བརྫངས།

དུས་རབས་15པའི་སྐབས་སུ་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ནི་ལྷིང་འཇགས་མེད་པ་ཞིག་ཡིན་ན་ཡང་། ཧྥུ་རོ་རེན་སའི་སྐུ་དྲག་གསར་པ་རྣམས་ཀྱིས་བརྟན་ལྷིང་གི་ཁྲོད་ནས་འགྱུར་ལྡོག་ཕྲན་བུ་རེ་བཏང་ཞིང་། རིག་རྩལ་བསྐྱར་དར་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཧྥུ་རོ་རེན་ས་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་བྱུང་བ་ཡིན་པར་མ་ཟད། གསར་བཅོས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་གྲོང་ཁྱེར་འདིའི་བལྟོས་བཅས་སམ་བརྟན་ལྷིང་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་ཀྱིས་གང་དེ་སྐྱེ་མཚར་བྱུང་བར་ས་རྒྱུ་ལེགས་པོ་ཞིག་གི་རྨང་བཏང་ཡོད།

ཕྱི་ལོ་1434ལོར་ཁོ་ཞི་མོ་·དྷི·མའེ་ཏི་ཆི་(1389-1464)ཧྥུ་རོ་རེན་སའི་ཆབ་སྲིད་ཀྱི་གཙོ་འཛིན་དུ་གྱུར་ཅིང་། དེ་བས་མེ་དྷི་ལྗི་ཁྱིམ་རྒྱུད་ཀྱིས་ཧྥུ་རོ་རེན་ས་ཚོད་འཛིན་བྱེད་པའི་དུས་རབས་ཀྱི་འགོ་ཡང་བཟུང་བར་གྱུར། ཁྱིམ་རྒྱུད་འདི་ནི་དངུལ་རྩའི་ལས་རིགས་དང་བཟོ་སྐྲུན་ལས་རིགས། འཁེལ་འཐག་ཉོ་ཚོང་ལས་རིགས་སོགས་ནང་བྱུང་བ་ཡིན་ཞིང་། སྐུ་དྲག་ཁྱིམ་རྒྱུད་འགའ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཁོ་ཞི་མོས་ཆེས་སྟོབས་དང་ལྡན་ཅིང་སྣང་མེད་དུ་འཇོག་མི་རུང་བའི་དགྲར་འཛིན་གྱི་ཁྱིམ་རྒྱུད་དག་ཀྱང་གནས་དབྱུང་དུ་བཏང་། དེའི་རྗེས་སུ་མེ་དྷི་ལྗི་ཁྱིམ་རྒྱུད་ཀྱིས་སྲིད་གཞུང་ལ་ཚོད་འཛིན་བྱས། ཁོ་ཚོས་ད་དུང་ཡང་ཐབས་མཁས་ཀྱིས་འདེམ་བསྐོ་ལམ་ལུགས་ལ་ཁ་ལོ་བསྒྱུར་ཅིང་། རང་གི་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱས། ཁོ་ཞི་མོའི་ངོས་ནས་ཀྱང་ཁྱིམ་རྒྱུད་འདིས་ཚོང་རའི་ཐོག་ཏུ་སྙིང་རྗེ་མེད་པའི་ལས་མང་དུ་བྱས་ཡོད་པ་མཐོང་ཐུབ།

ཆབ་སྲིད་བརྟན་ལྷིང་ཡོང་ན་དཔལ་འབྱོར་ཡང་འཕེལ་རྒྱས་འབྱུང་སྲིད་སྟབས། ཧྥུ་རོ་རེན་སའི་སྐུ་དྲག་ཕལ་མོ་ཆེས་མེ་དྷི་ལྗིའི་ཁྱིམ་རྒྱུད་ཀྱི་དབང་སྒྱུར་དང་ལེན་བྱེད་བཞིན་ཡོད་མོད། འོན་ཀྱང་། དབང་གྲགས་ཅན་གྱི་ཁྱིམ་རྒྱུད་དབར་གྱི་དབང་ཆ་འཕྲོག་རྩོད་དང་ཁེ་ཕན་འཕྲོག་རེས་བྱེད་པའི་མཚམས་བཞག་མེད། ཧྥུ་རོ་རེན་ས་དང་ཝེ་ཉི་སིའི་དབར་དུ་དམག་འཁྲུག་བྱུང་བའི་སྐབས་སུ་ལྐོག་གཡོ་སྣ་ཚོགས་ཤིག་ཀྱང་རྫོགས་མཐའ་མེད་པར་བྱུང་ཡོད་མོད། འོན་ཀྱང་། ཁོ་ཚོས་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ལ་བློ་དཀར་སེམས་དཀར་བྱས། དེ་ལྟར་ཡིན་ནའང་། སྐུ་དྲག་ཁ་ཤས་ཀྱིས་ད་དུང་རྒྱུན་མི་ཆད་པར་མེ་དྷི་ལྗི་ཁྱིམ་རྒྱུད་ཀྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་བཞིན་ཡོད། ཕྱི་ལོ་1479ལོར་ཕ་ཆིའི་ལྐོག་གཡོ་བྱུང་ཞིང་། ཁོ་ཞི་མོའི་ཚ་བོ་རླབས་ཆེན་གྱི་ལོ་ལིན་ལྗི་(1449ནས་1492བར།)མེ་སུའི་སྐབས་ཀྱི་ལྐོག་གསོད་ལས་ཐར་ཐུབ་པ་བྱུང་ཞིང་། དུས་ཚོད་འགའ་ཞིག་གི་རྗེས་སུ་མེ་དྷི་ལྗི་ཁྱིམ་རྒྱུད་ཀྱི་དགྲ་བོ་དག་ཕོ་བྲང་རྙིང་པའི་ཕྱི་རོལ་དུ་དཔྱང་དུ་བཏག་ཅིང་། དེའི་གྲས་སུ་བྷེ་སིའི་ཆོས་དཔོན་ཆེན་པོ་ཡང་ཡོད། ལོ་ལུན་ཙུས་ད་དུང་སྙན་ངག་ཤིག་བྲིས་ཏེ་མི་བཞིའི་མགོ་ཐོག་ཏུ་བཞག ཁོས་སང་དྷུ་ལོ•པོ་ཐི་ཆེ་ལི(ཕལ་ཆེར་1445-1510)མངགས་ནས་གནས་འདིའི་རྣམ་པ་འབྲི་རུ་བཅུག དེ་བཞིན་རིག་རྩལ་བསྐྱར་དར་སྐབས་ཀྱི་རིག་གནས་དང་དྲག་ཤུགས་ཀྱི་ཆབ་སྲིད་གཉིས་མཉམ་འགྲོགས་བྱས་ནས་བྱུང་བ་ཡིན།

མེ་དྷི་ལྗི་ཁྱིམ་རྒྱུད་ཀྱིས་ཧྥུ་རོ་རེན་ས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་སྲ་བརྟན་དུ་གཏོང་བར་རོགས་རམ་བྱེད་མཁན་ནི་རྒྱལ་ཁབ་ཕྱི་ནང་གི་ལས་དོན་སྒྲུབ་པར་བདམས་པའི་མི་བདུན་ཅུས་གྲུབ་པའི་གྲོས་ཚོགས་དེ་ཡིན། ལའོ་ལུན་ཙོ་དང་རོ་མའི་ཆོས་བདག་གཉིས་ཀྱིས་མཉམ་དུ་ཁྱིམ་རྒྱུད་དངུལ་རྩའི་ལས་རིགས་ཀྱི་ཁེ་དབང་དང་ཤུགས་རྐྱེན་ཇེ་ཆེར་བཏང་། མེ་དྷི་ལྗི་ཁྱིམ་རྒྱུད་ལ་མཚན་སྙན་མང་པོ་ཐོབ་མྱོང་ཞིང་། དེ་དག་ལས་ལུའོ་ལུན་ཙུའོ་རང་ཉིད་བློ་ཡིད་ཚིམ་ཤོས་ནི་ཆོས་ཀྱི་གོང་མས་ཁོང་གི་ལོ་13ལ་སླེབས་པའི་བུ་དེ་གོས་དམར་ནབ་པའི་ཆོས་དཔོན་ལ་བསྐོས་པ་དེ་ཡིན། ཁོས་དོན་དེར“ང་ཚོའི་ཁྱིམ་རྒྱུད་ཀྱི་ཆེས་རླབས་ཆེ་བའི་གྲུབ་འབྲས”ཞེས་འབོད་པར་བྱེད།


གསོན་ཤུགས་ཕྱོགས་བཞིར་ཁྱབ་པའི་རིག་གནས།


འཕེལ་རྒྱས་བྱུང་བའི་དཔལ་འབྱོར་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་རིག་གནས་སོགས་ལ་བརྟེན་ནས་ཧྥུ་རོ་རེན་ས་ནི་རིག་རྩལ་བསྐྱར་དར་ལས་འགུལ་གྱི་ལྟེ་བར་གྱུར་ཅིང་། དབྱི་ཐ་ལིའི་ཕྱེད་གླིང་དུ་ཧྥུ་རོ་རེན་སའི་གཙོ་འཛིན་གྱི་གནས་བབ་རིམ་བཞིན་བརྟན་ཆགས་སུ་ཕྱིན། དུས་མཚུངས་སུ་ཧྥུ་རོ་རེན་སའི་མི་དམངས་ཀྱིས་ཀྱང་གནའ་བོའི་དུས་རབས་ཀྱི་ཤེས་རིག་ལ་བསྐྱར་དུ་ཤེས་རྟོགས་དང་བསྔགས་བརྗོད་བྱས། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྙན་ངག་དང་ལྷུག་རྩོམ། རི་མོ་བཅས་ཀྱིས་གནའ་རབས་ཀྱི་འཇིག་རྟེན་ལ་བསྟོད་བསྔགས་བྱེད་པ་ནི་བསྟན་དོན་གྱི་གཙོ་བོར་བཟུང་ཞིང་། མིའི་རིགས་ཀྱི་ལས་ཀྱི་བྱེ་བྲག་ཏུ་གྱུར་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཞིག་ཡིན་པའི་ལུགས་ནན་གྱིས་བཤད། མི་རྣམས་ལ་དཀོན་མཆོག་གི་གཟུགས་བརྙན་ཡང་ལེགས་པར་བསྟན་པར་མཛད། སྐབས་དེའི་མི་རྣམས་རིམ་བཞིན་ལྷ་རིག་པའི་འཆིང་རྒྱ་ལས་གྲོལ་ཅིང་། རྣམ་པ་གསར་རྐྱང་གི་ངོས་ནས་མཛེས་སྡུག་ལ་རོལ་མྱོང་དང་། བཟང་སྤྱོད་ཅེས་པར་ཡང་མཚན་ཉིད་གསར་བ་འཇོག་གནང་མཛད།


གནའ་གཞུང་ཤེས་རིག་བསྐྱར་དུ་མངོན་པ།


ཐོ་སི་ཁཱ་ནའི་སྙན་ངག་པ་པི་ཏེ་ལ་ཁེ་ནི་གནའ་གཞུང་གི་ལ་ཏིང་སྐད་ཀྱི་ཡིག་ཚངས་བསྐྱར་དུ་རྙེད་ཅིང་གང་དེར་བསྔགས་བརྗོད་གནང་མཁན་སྔ་ཤོས་ཀྱི་གྲས་དང་། ཤུགས་རྐྱེན་ཟབ་ཤོས་ཀྱི་མི་སྣ་ཞིག་ཀྱང་ཡིན། ཁོང་ནི་ཧྥུ་རོ་རེན་སའི་དཔང་མི་ཞིག་གི་བུ་ཡིན་ཞིང་། དུས་ཕྱིས་དགེ་སྒྲུབ་པ་ཞིག་གི་མདུན་ནས་ལ་ཏིང་སྐད་ཡིག་ལ་སྦྱང་བ་གནང་། དགེ་སྒྲུབ་པ་འདིའི་ཤུགས་རྐྱེན་གྱི་དབང་གིས་ཁོང་གིས་ཆུང་དུས་ནས་བཟུང་གནའ་གཞུང་གི་འཇིག་རྟེན་དུ་མཐའ་གཅིག་ཏུ་གཞོལ་བར་གྱུར་ཅིང་། དེ་ནི་ཉམས་རྒུད་དུ་གྱུར་པའི་དུས་རབས་ཤིག་ཡིན་པར་འདོད། ཧྥ་རན་སིའི་རྒྱལ་པོས་ཆོས་བདག་ལ་ཚོད་འཛིན་བྱས་པའི་“ཨ་ཝེ་ཉི་ཝུང་ཆོས་སྐྱོང་སྲིད་གཞུང”གི་དུས་སྐབས་སུ་(1309-1378)ལོ་ན་གཞོན་པའི་པི་ཏེ་ལ་ཁེ་དང་འཛམ་གླིང་གི་ཡུལ་ལུང་གཞན་དག་ནས་ཕེབས་པའི་ཁྲིམས་རྩོད་པ་དང་ཆོས་གཉེར་མི་སྣ་སོགས་མཉམ་དུ་ཨ་ཝེ་ནེན་དུ་བསྡད་ཡོད་ཅིང་། དེ་རྗེས་སུ་ཁོང་དང་གྲོགས་པོ་རྣམས་ཀྱིས་ཕྱོགས་ཀུན་ཏུ་གནའ་བོའི་དུས་སྐབས་ཀྱི་ཕྱག་བྲིས་མང་དུ་འཚོལ་གནང་མཛད།

ཁོང་རྣམས་ཀྱིས་ཡིག་ཚངས་གཞན་དག་དང་མཉམ་དུ་ཝེ་རོ་ནའི་ཆོས་ཁང་ཆེན་མོར་ཉར་ཚགས་བྱས་པའི་གནའ་བོའི་རོ་མའི་གཏམ་བཤད་མཁས་པ་དང་ཀུན་སྤྱོད་རིག་པ་བ་མ་ཁུའུ་སི་·ཐུའུ་ལིའུ་སི་·ཞི་སེ་ལོའི་《ཨ་ཐེན་སིར་སྤྲིངས་པ་》ཞེས་བྱ་བའི་གསུང་རྩོམ་ཞིག་རྙེད་ཅིང་། ཞི་སེ་ལོ་ལ་ཞིབ་འཇུག་བྱས་པར་བརྟེན་ནས་པི་ཏེ་ལ་ཁེས་གནའ་བོའི་མཚན་ཉིད་རིག་པ་ནི་འཚོ་བར་ཉམས་རྒྱུས་ལེན་པའི་ལམ་སྟོན་དུ་བེད་སྤྱོད་གནང་། པི་ཏེ་ལ་ཁེའི་རྒྱུན་འཛིན་པ་རྣམས་ཀྱིས་གནའ་བོའི་དུས་རབས་ཀྱི་ཕྱག་བྲིས་ཤེས་རྟོགས་བྱུང་ཞིང་། དེ་འབྲེལ་གྱི་ཡིག་ཚངས་དུ་མ་ཡང་བཤུ་འབྲི་བྱས། ཁོང་རྣམས་ཀྱིས་ད་དུང་ཡང་ཡིག་ཚངས་དེ་དག་གི་དཔྱད་གཏམ་སྣ་ཚོགས་ཀྱང་རྙེད་པས། དེ་ཡང་ཁོང་ཚོས་དགའ་བོ་བྱེད་པའི་གནའ་རབས་ཀྱི་རྩོམ་པ་པོ་རྣམས་ཀྱི་གཞུང་ལ་གོ་བ་བསྐྱེད་པའི་རྐྱེན་དུ་གྱུར། ཁོང་རྣམས་ཀྱིས་ཁན་སུ་ཋན་ཋེན་ཕོ་དང་རི་བོ་ཨར་བྷེ་སུའི་གཙུག་ལག་དཔེ་མཛོད་ཁང་ནས་གནའ་བོའི་གྷི་རི་སེའི་གསུང་རྩོམ་དུ་མ་ནང་འདྲེན་བྱས་ཤིང་། དེ་དག་གི་གྲས་སུ་སུའོ་ཕུའུ་ཁེ་ལེ་སིའི་སྐྱོ་གར་ཡང་ཡོད། གྷི་རི་སེའི་སྐད་ཡིག་ལ་བྱང་ཆུབ་པའི་སློབ་དཔོན་རྣམས་ཀྱང་ཁན་སུ་ཋན་ཋེན་ཕོ་ནས་སླེབས་ཤིང་། དེ་དང་བསྟུན་ནས་གནའ་བོའི་གྷི་རི་སེའི་ཡིག་ཚངས་དང་། དེ་བཞིན་ཨ་རབ་དང་ཤིས་པོ་ལའེ་ཝུན་ནས་བྱུང་བའི་ཡིག་ཚངས་སོགས་ཀྱང་རིམ་གྱིས་དབྱི་ཐ་ལིའི་ཡུལ་ལུང་དུ་ཁྱབ་སྤེལ་བྱུང་།

 པར་འདེབས་ལག་རྩལ་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་དང་། གསུང་རྩོམ་དང་། རྣམ་ཐར་དང་། རང་རྣམ་དང་སྙན་ངག་སོགས་ཀྱི་གསུང་འབུམ་སྣ་ཚོགས་ཀྱང་ཁྱབ་སྤེལ་བྱས་ཤིང་། པར་འདེབས་ལག་རྩལ་གྱིས་མི་རྣམས་ཀྱིས་གནའ་བོའི་ཡིག་ཚངས་སྐོར་ལ་ཤེས་རྟོགས་བྱེད་པར་ཤུགས་སྣོན་བྱས་ཡོད་ལ། མ་ཟད་རྩོམ་རིག་དཔྱད་བརྗོད་སོགས་འཕེལ་རྒྱས་བྱུང་བར་ཡང་རྒྱུ་ཚོགས་བསྐྲུན་ཡོད། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མཁས་པ་ཕལ་མོ་ཆེས་ཞི་སེ་ལོའི་བརྩམས་ཆོས་ནི་གནའ་གཞུང་ལྷུག་རྩོམ་གྱི་ཚབ་མཚོན་འཁྲུལ་མེད་ཅིག་ཡིན་པར་བཞེད། ཕྱི་ལོ་1500ལོར་སླེབས་སྐབས་སུ་དབྱི་ཐ་ལིར་ཁོང་གི་བརྩམས་ཆོས་ཀྱང་དེབ་ཚར་200ལས་ལྷག་པ་ཞིག་པར་སྐྲུན་བྱས་ཤིང་། དེ་དག་གི་གྲས་སུ་ཁོང་གི་འཕྲིན་ཡིག་དང་། དེ་བཞིན་ཤུགས་རྐྱེན་ཟབ་པའི་《གཏམ་བཤད་སྨྲ་བ་》སོགས་བརྩམས་ཆོས་དུ་མ་ཞིག་ཀྱང་འདུས་ཡོད། ཧྥུ་རོ་རེན་ས་དང་། ན་པུའུ་ལེ་སི། ཝེ་ཉི་སི་སོགས་མཁར་གྲོང་རྒྱལ་ཕྲན་དག་ཏུ་དཔེ་མཛོད་ཁང་བརྩིགས་པར་མ་ཟད། མཁས་པ་རྣམས་ལ་ཡང་རིག་གཞུང་ཞིབ་འཇུག་ལ་མཁོ་བའི་ཡིག་ཚངས་སོགས་ཀྱང་མཁོ་འདོན་བྱས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།