བོད་ལུགས་གཉེན་སྒྲིག་དང་། འཚོ་བའི་བདེ་སྐྱིད། _རྩིས་ཆེ་ལེགས་མཐོང་།

1860



ཅི་ཞིག་ལ་དྲ་འབུ་ཞེས་ཟེར། དྲ་ལམ་དུ་དྲན་ཚད་འགོད། མཐོང་ཚད་སྤེལ། རིག་ཚད་ལ་ཡིད་ཆེས་པ་ལ་ཟེར་བ་མིན་འགྲོ། ཆ་རྐྱེན་དང་པོའི་ཆ་ནས་ང་ཡང་དྲ་འབུ་ཞིག་ཡིན། འོན་ཀྱང་ཆ་རྐྱེན་གཉིས་པ་དང་གསུམ་པའི་ཆ་ནས་ང་ལ་དྲ་འབུའི་མཚན་ཉིད་ཐམས་ཅད་ཚང་མེད་པའི་རེ་བ་ཡོད། གང་ལྟར་ཡང་དྲ་འབུ་ཞིག་བྱེད་འདོད་མེད་པའི་རྐྱེན་གྱིས་དྲ་ལམ་དུ་མཐོང་ཚད་སྐོར་ལ་གླེང་སློང་བྱེད་འདོད་མེད་ན་ཡང་། ཁ་སྔོན་ཁམས་ཕྱོགས་ཀྱི་ས་ཆ་ཞིག་ནས་གཉེན་སྒྲིག་ལ་འདོད་མོས་མེད་པའི་རྐྱེན་གྱིས་བུད་མེད་ཅིག་གཡང་ལ་མཆོངས་བའི་དོན་རྐྱེན་དེའི་རྐྱེན་པས་བོད་ཀྱི་སྤྱི་ཚོགས་ལ་བོད་ལུགས་གཉེན་སྒྲིག་གི་སྐོར་ལ་བསམ་ཚུལ་གླེང་སློང་བྱེད་མཁན་མི་ཉུང་བ་བྱུང་བ་ལ། གནས་ཚུལ་དེ་ཉིད་ད་ལྟའི་ཆར་དུས་ཚོད་གང་མཚམས་རྫོགས་ཟིན་ན་ཡང་། གནད་དོན་དེ་ནི་ད་དུང་མུ་མཐུད་གནས་ཡོད་པ་བཤད་མ་དགོས་པས་ངས་ཀྱང་བསམ་ཚུལ་ཁ་ཤས་ཤིག་བཤད་འདོད་བྱུང་།

དེ་ཡང་ཐོག་མར་གཉེན་སྒྲིག་ལ་ཡོངས་གྲགས་སུ་བཀོད་སྒྲིག་གཉེན་སྒྲིག་དང་། བརྩེ་དུང་གཉེན་སྒྲིག་ཅེས་པ་གཉིས་ཡོད་པ་ལས་དང་པོ་ནི་ཕ་མ་གཙོ་བོར་གྱུར་པས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེ་ནི་གནའ་བོའི་དུས་སུ་འཛམ་གླིང་ཡོངས་ཁྱབ་ཀྱི་ལུགས་སྲོལ་ཞིག་ཡིན་ཅིང་། ད་ལྟའི་ཆར་རྒྱ་གར་སོགས་སྲོལ་རྒྱུན་ཤུགས་ཆེ་བའི་སྤྱི་ཚོགས་རྣམས་སུ་ཡོད། གཉིས་པ་ནི་དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས་ནུབ་ཕྱོགས་ལ་རྒྱུ་མཚན་དང་རིགས་པ་ལས་ཀྱང་ཚོར་སྣང་དང་རང་དབང་གལ་ཆེ་བའི་ལྟ་གྲུབ་ཤུགས་ཆེན་དར་བ་ལ་བརྟེན་ནས་བྱུང་ཞིང་། ད་ལྟའི་ཆར་ཨ་རི་སོགས་ནུབ་ཕྱོགས་གཙོ་བོར་གྱུར་པ་དེང་རབས་ཀྱི་ལུགས་སྲོལ་ཤུགས་ཆེ་བའི་སྤྱི་ཚོགས་རྣམས་སུ་ཡོད།

ད་ལྟའི་ཆར་ཕལ་མོ་ཆེས་བརྩེ་དུང་གི་གཉེན་སྒྲིག་ལ་དགའ་མོས་ཆེ་ཞིང་། བཀོད་སྒྲིག་གི་གཉེན་སྒྲིག་ལ་མཐོང་ཆུང་ལྟ་བུ་བྱེད་སྲོལ་ཡོད་ན་ཡང་། བརྩེ་དུང་གཉེན་སྒྲིག་གཙོ་བོར་བྱེད་པའི་ཨ་རི་ལྟ་བུར་བཟའ་ཚང་ཁ་འཐོར་གྱི་ཚད་གཞི་ནི་བརྒྱ་ཆ་ ༡་༢ ཡིན་པ་དང་། བཀོད་སྒྲིག་གཉེན་སྒྲིག་གཙོ་བོར་བྱེད་པའི་རྒྱ་གར་ལྟ་བུར་བཟའ་ཚང་ཁ་འཐོར་གྱི་ཚད་གཞི་ནི་བརྒྱ་ཆ་ ༥༣ ལྷག་ཡིན་པར་གྲགས། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པ་ལས་གཙོ་བོ་གཅིག་ནི་བརྩེ་དུང་གཉེན་སྒྲིག་ལྟ་བུར་མཚོན་ན་བརྩེ་དུང་གི་སེམས་ཚོར་ཡོངས་རྫོགས་གཉེན་སྒྲིག་མ་བྱས་པའི་གོང་ནས་བྱུང་ཟིན་པས་གཉེན་སྒྲིག་ཟིན་རྗེས་སྔར་གྱི་ཚོར་བ་ཟབ་མོ་རྣམས་ཉམས་རྒུད་དུ་འགྲོ་བ་ལས་ལྷག་མེད་པ་དང་། བཀོད་སྒྲིག་གཉེན་སྒྲིག་ལྟ་བུར་མཚོན་ན་གཉེན་སྒྲིག་ཟིན་རྗེས་ད་གཟོད་རིམ་པས་བརྩེ་དུང་གི་ཚོར་བ་སྐྱེ་མགོ་ཚུགས་ནས་ཚོར་བ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྱུར་བ་དེས་གཉེན་སྒྲིག་གི་མདུན་ལམ་ཇེ་བརྟན་དུ་འགྱུར་བའི་ཚུལ་ཉམས་མྱོང་ཅན་གྱི་བཟའ་ཟླ་མང་པོས་བཤད།

བཟའ་ཚང་ཁ་འཐོར་ནི་ཁྱོ་ག་དང་སྐྱེས་སྨན་གཉིས་པོ་ཙམ་མིན་པར་བུ་ཕྲུག་གི་མདུན་ལམ་ལ་ཡང་གནོད་པས་ཡག་པོ་མིན་ན་ཡང་། བཟའ་ཚང་ཁ་མ་འཐོར་བར་མཉམ་དུ་གནས་པ་ཙམ་གྱིས་ཡག་པོ་ཡིན་པར་བཤད་ན་ཡང་ག་ལ་རུང་། བཟའ་ཚང་ལྷན་གནས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བུ་དང་བུ་མོ་གང་རུང་ངམ། དེ་ཡང་གཙོ་བོ་བུ་མོ་ལ་དཔལ་འབྱོར་གྱི་རང་དབང་མེད་པ་ལ་ཐུག་ཡོད་ཅིང་། བཟའ་ཚང་གཉིས་ཀ་དཔལ་འབྱོར་གྱི་རང་དབང་ཅི་ཙམ་ཆེ་བ་དེ་ཙམ་གྱིས་ཁ་འཐོར་གྱི་ཉེན་ཁ་ཡང་ཆེ་བར་བཤད། ལྷག་པར་བུ་མོ་མང་པོ་ཞིག་བཀོད་སྒྲིག་གཉེན་སྒྲིག་གི་འོག་ཏུ་ཡོད་པ་ཡང་ཕ་མའི་གནོན་ཤུགས་ཀྱི་རྐྱེན་གྱིས་ཡིན་པས་ན་དེ་ཚོ་མང་པོ་ཞིག་ཁྱོ་གའི་ལྷན་དུ་ཡོད་ཀྱང་ཁྱོ་གས་རྒྱག་བརྡུང་དང་མནར་གཅོད་ལན་མང་གཏོང་བས་རྒྱ་གར་ལ་བུད་མེད་བརྒྱ་ཆ་༧༠ ལྷག་གིས་མནར་གཅོད་དེ་འདྲ་མྱོང་གི་ཡོད་པར་གྲགས་ཤིང་། སྐབས་དེ་འདྲར་བུད་མེད་དེས་རང་ཉིད་ཀྱི་ཁྱོ་ག་གཡུགས་ནས་ཕྱིན་ན་བུད་མེད་དེའི་སྲོག་ལ་ཉེན་ཁ་ཧ་ཅང་ཆེ་བ་ནི་ཁྱོ་གས་སྐྱེས་སྨན་བསད་པའི་དོན་རྐྱེན་ ༧༠ ལྷག་ཙམ་ཞིག་བུད་མེད་ཀྱིས་ཁྱོ་ག་གཡུགས་ནས་ཕྱིན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པར་ཉམས་ཞིབ་པ་རྣམས་ཀྱིས་བཤད།

བོད་ཀྱི་རིག་གཞུང་ཕལ་མོ་ཆེ་ཡང་སྤྱི་ཚོགས་རྙིང་པའི་རིག་གཞུང་ཡིན་པ་བཤད་མ་དགོས་པས་གཉེན་སྒྲིག་གི་ལུགས་སྲོལ་ཡང་གཙོ་བོ་བཀོད་སྒྲིག་གཉེན་སྒྲིག་ཡིན་པ་ལ། བཤད་མ་ཐག་པ་ལྟར་སྤྱི་ཡོངས་ཀྱི་དབང་དུ་བཤད་ན་བརྩེ་དུང་གཉེན་སྒྲིག་ལས་བཀོད་སྒྲིག་གཉེན་སྒྲིག་བཟང་ན་ཡང་། བཀོད་སྒྲིག་གཉེན་སྒྲིག་ཡིན་པ་ཙམ་གྱིས་བརྩེ་དུང་གཉེན་སྒྲིག་ལས་བཟང་བའི་དོན་མ་ཡིན་པ་ནི། བཀོད་སྒྲིག་གཉེན་སྒྲིག་མང་པོ་ཞིག་བུ་ཕྲུག་གི་རང་དབང་འཕྲོགས་ནས་བྱས་པ་ཤ་སྟག་ཡིན་པ་དཔེར་ན་རྒྱ་གར་དུ་དེ་འདྲའི་དོན་རྐྱེན་ཧ་ཅང་མང་བ་དང་། ཁ་ཆེའི་ལུང་པ་རྣམས་སུ་བུ་མོ་ལོ་ན་བཅུ་ཡས་མས་རྣམས་རྒས་པོ་ལོ་ན་བདུན་ཅུའི་ཡས་མས་དང་ལྷན་དུ་ཆང་ས་རྒྱག་ཏུ་བཅུག་པ་དང་། བུ་མོ་ལོ་ཆུང་མང་པོ་ཞིག་ར་རེ་དང་ལུག་རེ་ཙམ་གྱི་ཆེད་དུ་ཕ་མ་ཚོས་གཉེན་སྒྲིག་བྱ་བཅུག་སྲོལ་ཡོད་པ་དེས་ད་ལྟའི་ཆར་འགྲོ་བ་མི་ཡི་ཐོབ་ཐང་དང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་མང་པོས་ལུགས་སྲོལ་འདི་ལ་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད།

བོད་ཀྱང་སྲོལ་རྒྱུན་ཧ་ཅང་ཤུགས་ཆེ་བས་ཕལ་ཆེར་དེ་དང་མཚུངས་པ་སྟེ། བོད་ལ་ལོ་ན་གཞོན་པའི་བུ་དང་བུ་མོ་ཕལ་མོ་ཆེར་བརྩེ་དུང་གི་རང་དབང་ཟེར་བ་ནི་ཡོད་སྲིད་པ་ཙམ་རེད་ལ། གཉེན་སྒྲིག་གི་རང་དབང་ནི་དེ་བས་ཀྱང་དཀོན་པས་དེའི་ཐད་ལ་དམིགས་བསལ་བུ་མོ་རྣམས་ལ་ཕ་མ་གཙོ་བོར་གྱུར་པས་གང་བཤད་ལས་རང་རང་སོ་སོས་དེའི་ཐད་ལ་རྨི་ལམ་ཙམ་ཡང་གཏོང་མི་ཕོད། བོད་ཀྱི་གཉེན་སྒྲིག་གི་སྐབས་མང་པོར་བུ་མོ་རྣམས་ཀྱིས་ཕ་མ་སོགས་ལ་ངུ་སྐད་དང་བཅས་ཏེ་ང་མི་འདི་ལ་མ་སྤྲད་རོགས་ཟེར་ནས་ཞུ་བ་བརྒྱབ་ན་ཡང་ཕ་མས་བུ་མོའི་སྐད་ཆ་ལ་ཉན་འདོད་རྩ་བ་ནས་མེད་པར་བག་མར་སྟེར་བ་འདི་ནི་ཡོངས་ཁྱབ་ཀྱི་ལུགས་སྲོལ་ཞིག་དང་། ཐ་ན་ད་ལྟའི་བར་གནས་པས་ད་ལྟ་ཡང་དུས་དང་དུས་སུ་འདི་འདྲའི་བརྙན་པར་གསར་པ་བོད་ཀྱི་ས་ཁུལ་གང་ས་གང་ནས་མཐོང་རྒྱུ་ཡོད་པ་ནི་འཛམ་གླིང་གི་ཕྱོགས་གཞན་ངོས་ནས་བལྟས་ན་དངོས་གནས་ངོ་ཚ་དགོས་པ་ཞིག་རེད།

མང་པོ་ཞིག་གིས་བོད་ཀྱི་གཉེན་སྒྲིག་ནི་བཀོད་སྒྲིག་གཉེན་སྒྲིག་ཡིན་པས་བཟང་པོ་ཡིན་པར་བཤད་ན་ཡང་། བོད་ཀྱི་གཉེན་སྒྲིག་ནི་སྐབས་མང་པར་བཀོད་སྒྲིག་གཉེན་སྒྲིག་ལས་བརྒལ་ནས་བཙན་དབང་གི་གཉེན་སྒྲིག་གི་རྣམ་པར་འགྱུར་བཞིན་ཡོད་པ་ནི་རང་སྲོག་བཅད་དང་གཅོད་བཞིན་པའི་བུ་མོ་འདི་དག་གི་ལས་དབང་ལས་དངོས་སུ་མཐོང་བཞིན་དུ་ད་དུང་འགྲེལ་བརྗོད་གཞན་ཞིག་བྱེད་ན། མངོན་སུམ་ལ་བསྙོན་དོར་ཟེར་བ་དེ་ཡང་དེ་འདྲ་མིན་ན་ཅི་ཞིག་ཡིན། ད་དུང་ཕ་རོལ་པོས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འདི་ཙམ་སྟོན་ན་ཡང་དེ་ཉིད་སྡུག་བསྔལ་དང་དཀའ་ངལ་ཡིན་པར་ངོས་ལེན་མེད་ན་ཁྱོད་ཅག་གི་སྙིང་རྗེ་ཟེར་བ་དེ་ཡང་ཅི་ཞིག་ཡིན་མ་འཚལ། ཕ་མ་བཀའ་དྲིན་ཆེ་བས་ཕ་མའི་ངག་ལ་ཉན་དགོས་ཟེར་ན་མི་ཚེ་གཅིག་གི་རང་དབང་འཕྲོགས་ན་བཀའ་དྲིན་ཆེ་ཆུང་ཡང་བརྟགས་དགོས་པ་ཞིག་མ་རེད་དམ།

གཉེན་སྒྲིག་གི་ལུགས་སྲོལ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་མོ་ཆེས་སྤྱིར་ལོ་ན་གཞོན་པའི་བུ་ཕྲུག་དང་། ལྷག་པར་དུ་བུད་མེད་རྣམས་ཚོར་བ་དྲག་པས་གནས་ཚུལ་ཡག་པོ་མི་ཤེས་ཤིང་། ཕ་མ་རྣམས་ཉམས་མྱོང་ཆེ་བས་གནས་སྐབས་བུ་ཕྲུག་རྣམས་ཀྱིས་འདོད་མོས་མི་བྱེད་ཀྱང་ཕུག་ལ་དེ་ལྟར་བཟང་དྲན་ན་ཡང་། ང་ལ་མཚོན་ན་བསམ་ཚུལ་འདི་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན། རྒྱུ་མཚན་ནི་ཕ་རོལ་པོའི་ལྟ་ཚུལ་དང་བསམ་ཚུལ་ལ་གུས་བརྩི་མི་བྱེད་པར་ང་ནི་མཁས་པ་ཡིན། ཉམས་མྱོང་ཅན་ཡིན། ཁོ་ཅག་ནི་དབང་པོ་མ་སྨིན་པས་གནས་ལུགས་དང་རྒྱུ་མཚན་མི་ཤེས། ངས་གང་ཡིད་ཆེས་པ་འདི་རང་འགྲིག་བསྡད་ཡོད་པས་ནམ་ཞིག་ཁོ་ཅག་གིས་ཀྱང་ངེས་ཤེས་སྐྱེས་ངེས། དེས་ན་གནས་སྐབས་ཁོ་ཅག་གིས་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་ངས་གང་ཡིད་ཆེས་པ་འདི་རང་བྱ་དགོས་སྙམ་པའི་བསམ་སྤྱོད་འདི་ལས་ཆབ་སྲིད་ཀྱི་ལམ་ལུགས་འཇིགས་སུ་རུང་བ་དག་ཀྱང་བྱུང་བ་ཡིན།

བདེ་སྐྱིད་ཅེས་པ་ནི་མཐར་གཏུགས་ན་སེམས་ཚོར་ཙམ་ཡིན་ཅིང་། སེམས་ཚོར་ནི་གཙོ་བོ་རང་རང་གིས་གང་འདོད་དང་གང་མོས་ལ་རག་ལས་པས་ན་དམངས་གཙོ་ལྟ་བུར་མཚོན་ན་མང་མོས་ཡིན་པ་ཙམ་གྱིས་འགྲིག་ཡོད་པའི་ངེས་པ་མེད་ན་ཡང་། འགྲིག་མེད་ན་ཡང་མང་མོས་ཡིན་པའི་རྒྱུ་མཚན་གྱིས་ཕལ་མོ་ཆེར་འདས་པ་ལ་འགྱོད་པ་ཆུང་ཞིང་། ད་ལྟ་ལ་སེམས་ཁ་ཁེང་ཆེ། མ་འོངས་པར་རེ་བ་ཆེ་བ་སོགས་ཀྱིས་མ་མཐར་ཡང་སེམས་ཁམས་ཀྱི་བདེ་སྐྱིད་ཆེ་བ་ནི། རང་དབང་ཡོད་པ་དང་མེད་པའི་སྤྱི་ཚོགས་གང་ལ་བསྡད་འདོད་ཡོད་བསམ་གཞིགས་ཙམ་གྱིས་དང་གསལ་པོར་འགྱུར། དེའི་རྒྱུ་མཚན་གྱིས་ནང་ཆོས་ཀྱི་ནང་དུ་ཡང་། རང་དབང་ཐམས་ཅད་བདེ་བ་ཡིན།། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། ཟེར་བའི་ལེགས་བཤད་འདི་བྱུང་ན་ཡང་ཕང་དགོས་པ་ཞིག་ལ་སེར་མོ་བའི་ཁྲོད་དུ་ཕྱོགས་གཅིག་ནས་འདི་མི་ཤེས་མཁན་དཀོན་ལ་ཕྱོགས་གཅིག་ནས་འདི་ཤེས་མཁན་ཀྱང་དཀོན་པ་འདྲ།

བོད་ཀྱི་སྤྱི་ཚོགས་སུ་ཕ་མ་སོགས་རྒན་རབས་ཕལ་མོ་ཆེར་གཞོན་སྐྱེས་རྣམས་ནི་བླུན་པོ་ཡིན་པའི་འདུ་ཤེས་ཆེ་ཞིང་། རང་ཉིད་ད་ལྟ་ལོ་ན་རྒས་པས་སྔར་བྱས་མང་པོ་ཞིག་ལ་སྙིང་པོ་མ་མཐོང་བ་ཙམ་གྱིས་གཞོན་སྐྱེས་རྣམས་ལ་ཡང་བྱ་བ་གང་དང་གང་བྱས་ཀྱང་སྙིང་པོ་མེད་པར་བཤད་ནས་དེ་དག་གི་འཚོ་བ་ལ་ཚོད་འཛིན་བྱེད་གང་ཐུབ་བྱེད་པ་ལ། གཞོན་སྐྱེས་ཕལ་མོ་ཆེར་མཚོན་ན་བདེ་སྐྱིད་ནི་ཕ་མ་དང་རྒན་པ་རྣམས་ཀྱི་མི་མཐོང་བ་དང་མི་ཐོས་པའི་ས་ནས་ལྐོག་ནས་རྙེད་ཅི་ཐུབ་བྱ་དགོས་པ་ཞིག་ཡིན་པས་སྲོལ་རྒྱུན་གྱི་གཞོན་སྐྱེས་ཕལ་མོ་ཆེར་མཚོན་ན་བདེ་སྐྱིད་ནི་རྐུ་དགོས་པ་ཞིག་ལས་ཐོབ་ཐང་ཡོད་པ་ཞིག་མ་རེད།དེའི་རྐྱེན་གྱིས་བོད་རིགས་ཀྱི་གཞོན་སྐྱེས་མང་པོ་ཞིག་ནི་གཞོན་སྐྱེས་ཀྱི་ཉམས་མྱོང་ཕལ་ཆེར་མེད་པར་ལོ་ཚོད་རྫོགས་པ་ཤ་སྟག་རེད་ལ། ཕལ་མོ་ཆེར་མི་ཚེའི་དོན་སྙིང་ནི་ཕ་མ་ལ་ཞབས་ཕྱི་ཞུ་རྒྱུ་དེ་རེད་ཅེས་བཤད་པ་ལས་རང་རང་གི་དམིགས་ཡུལ་སྒྲུབ་རྒྱུ་ཟེར་བ་ནི་བོད་གངས་ཅན་གྱི་ལྗོངས་འདིར་གོ་རྒྱུ་ཡོད་ནས་ལོ་བཅུ་ཕྲག་ཁ་ཤས་ལས་ཕྱིན་མེད།

བོད་ཀྱི་བུ་མོ་རྣམས་ཙམ་མིན་པར་གྲྭ་པ་མང་པོ་ཞིག་ཀྱང་མི་འདོད་བཞིན་དུ་གྲྭ་པར་བཅུག་པ་ལ། ཕ་མ་གཙོ་བོར་གྱུར་པའི་རྒན་པ་མང་པོས་ངས་ང་རང་གི་བུ་འདི་ཁོ་རང་རང་ལ་འདོད་པ་ཡོད་མེད་ལ་མ་ལྟོས་པར་ལམ་ཁ་བཟང་ཤོས་ལ་བཅུག་ཡོད་པས་ངས་དེ་འདྲ་ཡག་པོ་བྱས་ཡོད་དྲན་ན་ཡང་། དོན་དངོས་སུ་གྲྭ་པ་ཧ་ཅང་མང་པོ་ཞིག་རང་ཉིད་གྲྭ་པ་བྱས་ན་ཡང་ངེས་འབྱུང་གི་རྐྱེན་གྱིས་མ་ཡིན་པར་ཕ་མའི་རྐྱེན་གྱིས་ཡིན་པས་ཆོས་ཀྱང་བྱེད་མ་ཐུབ། ཉོན་མོངས་ཀྱང་སྤོང་མ་ཐུབ། རང་ལ་དམིགས་བསལ་གྱི་སྤྲོ་བ་དང་། རྨི་ལམ་བཅས་ཡོད་ན་ཡང་རང་དབང་མེད་པས་ན། རང་མགོ་རང་གིས་བསྐོར་ནས་མི་ཚེ་ཟད་བཞིན་ཡོད་པའི་གནོང་འགྱོད་ཧ་ཅང་ཆེ་ན་ཡང་གྲྭ་པ་ནས་ཐོན་སོང་ན་ཕ་མ་གཉིས་པོའི་ཐུགས་ཕམ་འགྲོ་དྲན་པའི་སེམས་ཁྲལ་ཁོ་ནས་རང་གི་མི་ཚེ་ཟད་དུ་བཅུག་གི་ཡོད། དོན་དངོས་སུ་མི་ཚེ་ཆུད་ཟོས་སུ་གཏོང་ཟེར་བ་ནི་འདི་འདྲ་ལ་མི་ཟེར་ན་གང་ལ་ཟེར།

རྒན་རབས་མང་པོས་བུ་མོ་མནའ་མར་བྱིན་ན་རིམ་པས་ཕྲུ་གུ་སོགས་སྐྱེས། བུ་གྲྭ་པར་བཅུག་ན་རིམ་པས་ཆོས་བསླབས་ནས་ཐམས་ཅད་ཀྱི་འཚོ་བ་ལྷིང་འཇགས་ལ་འགྲོ་ཡི་ཡོད་པ་དངོས་སུ་མཐོང་བས་རང་ཉིད་ཀྱིས་གང་བྱས་པ་ལ་ཡོན་ཏན་མ་གཏོགས་སྐྱོན་མི་འདུག་དྲན་ན་ཡང་། དོན་དངོས་སུ་བུ་ཕྲུག་མང་པོ་ཞིག་གིས་ཕ་མ་གཙོ་བོར་གྱུར་པའི་རྒན་རབས་རྣམས་ཀྱི་སེམས་ཕམ་དུ་བཅུག་འདོད་མེད་པ་དེས་རང་ཉིད་ཀྱི་འདོད་མོས་དང་། རང་ཉིད་ཀྱི་དམིགས་ཡུལ། རང་ཉིད་ཀྱི་རྨི་ལམ་ཡོངས་སུ་རྫོགས་པ་རང་ཉིད་མ་གཏོགས་གཞན་སུས་ཀྱང་མི་མཐོང་བའི་མིག་ཆུའི་ཁྲོད་དུ་སྦས་ནས་མདོར་ན་བཀའ་དྲིན་ཆེ་བའི་རྒན་རབས་རྣམས་ཀྱི་ཐུགས་དང་འགལ་བ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་པ་སོགས་ཀྱི་སེམས་ཁྲལ་དང་ཞེད་སྣང་གིས་གཞོན་སྐྱེས་ཕལ་མོ་ཆེར་མཚོན་ན་དོན་དམ་གྱི་རང་ཉིད་ནི་ལྐོག་གསོད་གཏོང་བ་ལས་ཐབས་གཞན་མེད་པར་འགྱུར་གྱི་ཡོད།

འདི་ནི་དཔེ་མཚོན་གྱི་ཚུལ་དུ་བཤད་ན་རྟ་རྒོད་རྣམས་འདུལ་བ་ན་རྟ་རང་ཉིད་མི་ཡིས་ཞོན་པའི་ཕྱིར་དུ་སྐྱེས་པ་མིན་ན་ཡང་། མི་རྣམས་གདུག་རྩུབ་ཆེ་བས་རྒྱག་པ་དང་བརྡུང་བ་སོགས་ཡ་ང་སྙིང་རྗེ་མེད་པའི་བྱ་བ་མང་པོ་བྱས་པས་ན་མཐར་རྟ་རྒོད་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་ག་དུབ་ནས་མགོ་མ་རྒོལ་ཀ་མེད་དུ་འགྱུར་བ་ལ་རྟ་བཏུལ་ཞེས་བཤད་སྲོལ་ཡོད་ཅིང་། དོན་དངོས་སུ་རྟ་ཞིག་ཐུལ་བ་ན་རྟ་རང་ངོས་ནས་བཤད་ན་ཉིན་དེ་ནས་བཟུང་རྟ་ཡི་འཚོ་བ་དངོས་བོར་ནས་མི་ཡི་གཡོག་ཏུ་གྱུར་པས་ན་ཕལ་ཆེར་ཤི་བ་དང་འདྲ། གོ་ཐོས་ལ་གླང་པོ་ཆེ་འདུལ་བ་ན་ཐོག་མར་གླང་པོ་ཆེའི་ཕྲུ་གུ་ཆུང་ངུ་དག་ལྕགས་ཐག་ལྟ་བུ་ཐག་པ་སྦོམ་པོ་ལ་བཏགས་ནས་རྒྱག་བརྡུང་སོགས་བྱེད་པ་ན་གླང་པོ་ཆེའི་ཕྲུ་གུས་ཤུགས་ཡོད་ཚད་ཀྱིས་འཐེན་ན་ཡང་ཐག་པ་གཅོད་མི་ཐུབ་པས། མཐར་གླང་པོ་ཆེ་དུལ་བ་ན་སྟོབས་ཤུགས་ཆེ་རུ་སོང་ཡང་ཐག་པ་སྤྱིར་བཏང་བ་རེས་བཏགས་ན་ཡང་གླང་པོ་ཆེས་འཐེན་པ་ཙམ་ཡང་མི་བྱེད་པ་ནི་སྐབས་དེར་སྔར་ནས་སེམས་ཤུགས་ཆགས་ཟིན་པའི་རྒྱུ་མཚན་གྱིས་ཡིན་པར་བཤད།

འདི་ནི་དུད་འགྲོ་ཙམ་མིན་པར་ང་ཚོ་མི་ཡི་འགྲོ་བ་མང་པོ་ཞིག་ལ་ཡང་དངོས་སུ་འབྱུང་བཞིན་པ་སྟེ། ང་ཚོ་མང་པོ་ཞིག་གིས་གནས་ཚུལ་གང་འགྲིག་མིན་ཤེས་ཤིང་། གང་བདེན་མིན་ཤེས། དེ་བཞིན་གང་བྱས་ན་བཟང་མིན་ཀྱང་ཤེས་ན་ཡང་། ང་ཚོས་གུས་བཀུར་མི་བྱེད་ཀ་མེད་ཀྱི་རྒན་རབས་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱིས་ང་ཚོའི་སེམས་འདི་རིམ་པས་བསད་ནས་ང་ཚོ་ཤེས་བཞིན་དུ་མི་ཤེས་པ་ལྟ་བུ་བྱ་དགོས། ནུས་བཞིན་དུ་མི་ནུས་པའི་གྲས་སུ་སྡོད་དགོས། མི་འདོད་བཞིན་དུ་འདོད་པ་ལྟར་བྱ་དགོས་པའི་འཚོ་བ་སྐྱེལ་དགོས་པ་ལ། འདི་ལ་ཁ་ཤས་ཀྱིས་ཆོག་ཤེས་ཟེར་ན་ཡང་དོན་དངོས་སུ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་རེད་ལ། འདི་འདྲའི་འཚོ་བ་ལ་ཡང་ཁ་ཤས་ཀྱིས་སྐྱིད་པོ་མཐོང་ན་ཡང་དོན་དངོས་སུ་འདི་དག་མང་པོ་ཞིག་གིས་ཡང་སྙིང་སྐྱིད་པོ་ཟེར་བ་དེ་ཅི་ཞིག་ཡིན་པ་ཙམ་ཡང་ཤེས་ཀྱི་མེད།

ངས་ནམ་རྒྱུན་རང་རེའི་སྤྱི་ཚོགས་ཀྱི་བདེ་སྐྱིད་སྒྲུབ་ལུགས་ནི་འདི་འདྲ་ཞིག་ཡིན་པར་མཐོང་གི་ཡོད། དེ་ཡང་ཆུང་དུས་སྐབས་སུ་རྩེད་མོ་སོགས་རྩེས་ན་བརྡབ་བསྣད་འགྲོ་ཉེན་ཡོད་པས་རྒད་པོ་ཞིག་ལྟར་ཙོག་གེར་བསྡད་ན་ཕྲུ་གུ་བཟང་པོར་བརྩི། ཅུང་ལོ་ན་སྨིན་པ་ན་སྤྱོད་པ་མ་གཟབ་ན་འཕྲོ་བརླགས་ཆགས་ཉེན་ཡོད་ཟེར་ནས་བཟང་བཙོན་དུ་བཅུག་གང་ཐུབ་བྱེད། དེ་ནས་ལོ་ན་ཆེ་ཙམ་དུ་གྱུར་པ་ན་ད་ནི་དཀའ་ལས་རྒྱག་པའི་དུས་ཚོད་ཡིན་པ་ལས་སྐྱིད་པོ་གཏོང་བའི་དུས་ཚོད་མ་རེད་ཟེར་ནས་ལས་ཀ་བྱེད་གང་ཐུབ་བྱེད་དུ་བཅུག དེ་ནས་ད་ནི་ཆང་ས་རྒྱག་པའི་དུས་ཚོད་རེད་ཟེར་བ་སོགས་ཀྱིས་འདོད་མི་འདོད་ལ་མ་ལྟོས་པར་གཉེན་སྒྲིག་བྱེད་དུ་བཅུག་སྟེ་འཚོ་བའི་རང་དབང་འཕྲོགས། དེ་རྗེས་ད་ནི་ལོ་ན་ཆེ་བས་ཚུགས་མ་བཟུང་ནས་སྐྱིད་པོ་གཏོང་བ་ནི་ངོ་ཡང་ཚ་ཟེར་ནས་སྤྱོད་པའི་རང་དབང་འཕྲོགས། དེ་ནས་ད་ནི་ལོ་ན་རྒས་པས་ཆོས་མ་བསྒྲུབས་ནས་སྐྱིད་པོ་བཏང་ན་སྙིང་པོ་ཅི་ཡོད་ཟེར། མདོར་ན་དེ་ལྟར་བྱས་ནས་ཆུང་ནས་ཤི་ཡི་བར་དུ་སྡུག་པོ་མྱོང་དགོས་པའི་དུས་ཚོད་ཁོ་ན་ལས་སྐྱིད་པོ་གཏོང་བའི་དུས་ཚོད་རེད་ཟེར་བ་ཞིག་མེད།

ནང་ཆོས་ནི་བདེ་སྐྱིད་སྒྲུབ་སྟངས་ཤིག་ཡིན་པར་གྲགས་ན་ཡང་། བོད་ཀྱི་བླ་མ་རྣམས་ཀྱིས་དམྱལ་བ་གཙོ་བོར་གྱུར་པའི་སྡུག་བསྔལ་ཤ་སྟག་བཤད་པ་ལས་ནང་ཆོས་ལ་བརྟེན་ནས་འཚོ་བའི་ནང་དུ་བདེ་སྐྱིད་སྒྲུབ་ཚུལ་བཤད་པ་ནི་སྤྱི་ཚོགས་རྙིང་པར་གོ་རྒྱུ་མེད་པ་ལྟ་བུ་རེད་ལ། ཐ་ན་ཚེ་འདིའི་ཆེད་དུ་ནང་ཆོས་ཉམས་སུ་ལེན་པ་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བར་བཤད་མཁན་ཀྱང་ཧ་ཅང་མང་། དེའི་ཐོག་ཏུ་འཇིག་རྟེན་གྱི་ཁམས་ལ་ཡོངས་སུ་ཁྱབ་པའི་ཕོ་མོའི་བརྩེ་དུང་ནི་ཀུན་གྱིས་མཐོང་ཆུང་བྱེད། འཁྲིགས་སྤྱོད་སོགས་ནི་གླེང་ཡང་མི་ཕོད་པ་ལྟ་བུ་བཟོས་པས་མདོར་ན་མི་ལ་མི་ཞིག་བྱེད་པའི་སྤོབས་པ་ཙམ་ཡང་མེད་ན་ནང་ཆོས་ལ་བརྟེན་ནས་ཐར་པ་ཐོབ་མཁན་རེ་ཟུང་རེ་ཡོད་ན་མ་གཏོགས་ཕལ་མོ་ཆེ་ནི་ནང་ཆོས་ལ་བརྟེན་ནས་འཁོར་བའི་ནང་གི་འཁོར་བར་བཅུག་ནས་ཡོད། དེ་ལྟར་བདེ་སྐྱིད་སྒྲུབ་པའི་སྒོ་དང་སྒེའུ་ཁུང་ཡོངས་སུ་རྫོགས་པ་བཀག་ནས་ཁམས་གསུམ་འཁོར་བ་ལ་བདེ་བ་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་པར་སྒྲོགས་ན་ཡང་མེད་པ་བཟོ་མཁན་སུ་རེད་ཤེས་མཁན་ག་ལ་ཡོད།

འོན་ཀྱང་འདི་དག་ང་ཚོའི་མི་རབས་གོང་མ་རྣམས་ཁོ་ནའི་སྐྱོན་མིན་པར་སྐབས་དེའི་ཁོར་ཡུག་གི་རྐྱེན་གྱིས་ཀྱང་ཡིན་པས་དུས་ཚོད་དང་སྟོང་ཆ་དེ་འདྲ་ཞིག་ཏུ་སྐྱེས་ཡོད་ན་ང་ཚོས་ཀྱང་དེ་འདྲ་རང་བྱ་ངེས་ན་ཡང་། སྤྱི་ཚོགས་གང་ཡིན་ཀྱང་ཡར་རྒྱས་འགྲོ་བར་ང་ཡི་ལུགས་དང་ཁྱོད་ཀྱི་ལུགས་མིན་པར་སྙིགས་དོར་བཅུད་ལེན་དང་ལེགས་སྤེལ་ཉེས་འགོག་བྱ་དགོས་ཤིང་། དེ་ལྟར་ཡོང་བར་དུས་རབས་དང་མཐུན་པའི་གོམ་པ་སྤོས་ནས་འགྲོ་དགོས་པ་བཤད་མ་དགོས་པ་ལ། དུས་རབས་ཉི་ཤུ་པའི་བར་དུ་ལུགས་སྲོལ་རྙིང་པ་ལ་ཞེན་པའམ། ཡར་རྒྱས་མེད་པ་ནི་ཁོར་ཡུག་གི་སྐྱོན་ཡིན་ན་ཡང་། དུས་རབས་ཉེར་གཅིག་པའི་རྗེས་སུ་ཡང་རྙིང་ཞེན་གྱི་དབང་དུ་སོང་ན་དེ་ནི་སྤྱི་ཚོགས་སམ་གང་ཟག་སོ་སོའི་རྗེས་ལུས་ཡིན་པ་གསལ་པོ་ཡིན་པས། ད་ནས་བཟུང་རང་གཞན་སུ་ཡིན་ཀྱང་འདྲ། གནའ་དེང་གང་གི་ལུགས་ཡིན་ཀྱང་འདྲ། ཆོས་དང་འཇིག་རྟེན་གང་ལ་ཡོད་ཀྱང་འདྲ། དུས་ཀྱི་རབས། སེམས་ཀྱི་ཁམས། ནང་པའི་ཆོས་སོགས་གང་དང་ཡང་མི་མཐུན་པ་རྣམས་རྟུག་པ་བཞིན་དུ་དོར་བར་བྱའོ།། 


17-3-2020


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།