བོད་ཡིག་བརྡ་ཆད་ཀྱི་གཉན་རིམས་དང་དེའི་ཉེན་འགོག་གཅིག་གོ་བརྒྱ་ཆོད། __རྨེ་རུ་ཡུལ་ལྷ་ཐར།

15295


    ____ལོ་འདི་ཚོར་བོད་ཀྱི་མཁས་པར་འདོད་པ་ཚོས་མིང་བརྡ་ཐ་སྙད་དག་ཉོག་ཏུ་བསྲེས་ཚུལ་ལས་འཕྲོས་པ།

   ཉེ་བའི་ལོ་དུས་ནང་། བོད་དུ་སྤྱི་ཚོགས་ཕྱོགས་འགྱུར་གྱི་དུས་འགྱུར་རིམ་པར་བྱུང་སྟེ། སྲིད་འབྱོར་རིག་གསུམ་གང་ཐད་ནས་གནམ་ས་བླ་འོག་བརྗེ་བའི་འགྱུར་ལྡོག་བྱུང་། འགྱུར་ལྡོག་དེ་དག་ལ་དགེ་སྐྱོན་གྱི་ཆ་གང་མང་མཆིས་པ་ངེས་གཏན་ཡིན་ལ། དེས་བོད་ཀྱི་སྔ་དུས་སྤྱི་ཚོགས་སྒྲིག་གཞིར་འགྱུར་བ་བཏང་བའང་དངོས་གནས་ཡིན་ནོ། །ལྷག་པར། གོ་རིམ་དེའི་ནང་བོད་ཀྱི་དཔལ་འབྱོར་ལ་སྒྲིག་གཞི་རང་བཞིན་གྱི་འགྱུར་བ་བྱུང་ཞིང་། སྲིད་ལུགས་ལ་བཅད་གཏུབ་རང་བཞིན་གྱི་སིལ་ཆད་བྱུང་ལ། རིག་གནས་ལའང་གསར་བརྗེ་རང་བཞིན་གྱི་དུས་འགྱུར་བྱུང་ངོ་། །གལ་ཏེ། བརྒྱ་ལ་འགྱུར་བ་ཆེར་མེད་པའི་རིགས་ཤིག་འདྲེན་དགོས་ན། ཆོས་ལུགས་ཞེས་པའི་སྒྲོམ་གཞི་ཆེན་པོ་འདི་ཡིན་མོད། དེའང་དོན་ལ་ཕྱི་ཤུན་མཆིས་མོད་ནང་སྙིང་རུལ་གྱིན་པའི་ཕུང་བོ་ཞིག་གོ་སྙམ།

   གནས་སྐབས་འདི་དག་བསྐྱུར་ཞོག འདིར་རིག་གནས་ཀྱི་ཁོངས་ནས་ཀྱང་དོན་དག“ཆུང་ངུ”ཞིག་འདྲེན་པར་བྱ་སྟེ། དེས་དེང་སང་གི་རང་རེའི་གནས་བབ་གསལ་རྗེན་དུ་མཐོང་ཐུབ་པས་སོ། །དོན་དག“ཆུང་ངུ”དེ་གང་ཡིན་ཟེར་ན། བོད་ཀྱི་སྐད་ཡིག་ལས་མང་པོ་ཞིག་གིས་ཆེས་ཆུང་ངུའམ་གླེང་རིན་ཆེར་མེད་པར་བསམ་པའི་བརྡ་ཆད་དང་ཐ་སྙད་ཀྱི་སྐོར་འདི་ཡིན། བོད་དུ་སྔ་རབས་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་ཆེན་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་བྱུང་ཞིང་། གླིང་བཞི་ཧྲིལ་གྱིས་ཁ་ལོ་བསྒྱུར་བར་བྱེད་པའི་བཙན་པོ་དབུ་རྨོག་མཐོ་བ་དེ་དག་ཀྱང་བྱུང་བའི་སྟབས་ཀྱིས།  སྔ་ཕྱིར་བཀས་བཅད་དང་སྐད་གསར་བཅད་ཀྱི་ལས་རིམ་འཕྲོ་རིམ་འཕྲོར་བྱུང་བ་ཡིན་ཞིང་། དེས་བོད་ཀྱི་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་སྐད་ཡིག་ལོ་རྒྱུས་སྲུང་ཐག་གཅིག་གིས་བཟུང་སྟེ་ནུབ་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་མཚམས་བར་ཐུག་པ་དེའོ། །དེའི་ཕྱིས་ནས། བོད་ཀྱི་བསོད་ནམས་ཟད་ཅེས་ན་རེད་ལ་རིག་གནས་པ་སོ་སོས་བརྡ་ཆད་གུ་ཡངས་སུ་བཏང་ཞེས་ནའང་འགྲིག་སྟེ། གང་ལྟར་བོད་ཀྱི་བརྡ་གསར་བ་དང་ཐ་སྙད་གསར་བ་དག་ལ་རྫི་བོ་མེད་པ་ཆགས་ཏེ་རིམ་གྱིས་རང་ཡན་དང་སོ་སོར་ཆད། མདོ་དབུས་ཁམས་གསུམ་གྱི་ཡི་གེ་བ་ཚོས་པ་བ་གཅིག་པུ་བརྩད་དེའང་ད་ལྟའི་བར་དུ་སོན། དེ་ལྟར་ཡིན་ནའང་། དོན་བཟང་བོ་མ་སྒྲུབ་པའང་ག་ལ་ཡིན་ཏེ། ལོ་ངོ་བཅུ་ཕྲག་ལྷག་གི་ཡར་སྔོན་ལ《བོད་རྒྱ་ཚིག་མཛོད་ཆེན་མོ》ལྟ་བུའི་ཐུན་མོང་ཁས་ལེན་གྱི་སྲོལ་བཟང་ཚུགས་མྱོང་བས་སོ། །དེའི་ཕྱིས་ནས། ཐོག་མར་ཕལ་གྱིས་ཁས་ཙམ་ལེན་པའི་བརྡ་ཆད་གསར་བ་ཁག་ཅིག་བྱུང་། དེ་ནས་ཕྱེད་ཀྱིས་བཀོལ་ཙམ་བྱེད་པའི་ཐ་སྙད་མང་པོ་མཐུད་ནས་བྱུང་། མཐའ་མར། རང་འདོད་བཙན་གྱིས་སྟོན་བྱེད་བརྡ་ཆད་གང་མང་ཕྱོགས་བཞི་མཚམས་བརྒྱད་ནས་འཕྱུར་ཏེ། མཁས་པས་གཞན་ལུགས་ཐལ་བཞིན་འདོར་ཞིང་ཕལ་བས་གྲོང་སྐད་སྲོག་བཞིན་འཛིན། རང་གི་གོ་ཁ་ཁོ་ན་བསྲུང་སྟེ་གཞན་གྱི་བདེན་པར་དཔྱད་པ་མེད། དེ་ལྟར། རང་ཅག་ཕྱིར་འཁོར་མེད་པའི་བརྡ་ཆད་ཀྱི་བར་གསེང་ཞིག་ནས་གོ་འཛོལ་དུ་ཕྱིན་འདུག་ལ། གཙོ་ཕལ་དབྱེ་བ་མ་འཁོར་བར་སོ་སོའི་འདམ་བུའི་ཚལ་དུ་འཕག་འཚག་རྒྱག་བཞིན་མཆིས། ཡང་། ཁ་ཅིག་གིས་ཚིག་མཛོད་ཅེས་པ་ཅི་དགར་སྒྲིག་ཆོག་གི་ལས་ཀ་ཞིག་ཏུ་བལྟས་ཏེ་མི་སྣ་གཅིག་དང་གཉིས་ཀྱིས་སྒེར་གྱི་ངོས་ནས་བསྒྲིགས་ཤིང་ངོམས་ནའང་། དོན་ལ་ཆེད་ལས་ཚིག་མཛོད་ཁག་རྣམས་དེ་བཞིན་སྒྲིག་ཆོག་པ་ཞིག་ལས། ཐུན་མོང་བེད་སྤྱོད་ཀྱི་ཐ་སྙད་བརྡ་ཆད་དག་ནི་དེ་ལྟ་མིན་པ་རྟོགས་དགོས་སོ། །

   ད་ལྟ། བོད་ཡིག་བརྡ་ཆད་སྤྱི་བསྒྲགས་ཞེས་པའི་དུས་ཚིགས་རང་བཞིན་གྱི་བརྡ་ཆད་ཁྲོམ་བསྒྲགས་ལས་ཀ་ཞིག་སྤེལ་གྱིན་ཡོད་ཚུལ་མཐོང་ཞིང་། རྒྱལ་ཡོངས་བོད་ཡིག་བརྡ་ཆད་གཏན་འབེབས་ཨུ་ཡོན་ལྷན་ཁང་ལྟ་བུའི་མིང་ཡོད་དོན་སྟོང་གི་ཚོགས་པ་ཞིག་ཀྱང་ཡོད་རབས་ཐོས་མོད། དེས་སྤྱི་བསྒྲགས་བྱས་པའི་བརྡ་རྣམས་ཕལ་གྱིས་སྤྱོད་པ་ཕར་ཞོག གྲོང་ཁྱེར་ཆུང་ཆུང་གི་གསར་འགྱུར་སྨྱན་བྱེད་ལས་ཁུངས་རེ་གཉིས་ཡོད་པ་དེ་ཚོས་ཀྱང་ཁ་ཡ་མི་བྱེད་པའི་ཚུལ་ཐོས། དེའང་ལོས་ཡིན་ཏེ། བོད་ཀྱི་ཡི་གེ་འབྲི་སའི་ལས་ཁུངས་མང་ཤོས་ལ་ཨུ་ཚུགས་བྲག་ལས་སྲ་ཞིང་མིག་རྒྱ་ཁབ་ལས་དོག་པའི་བོད་ཡིག་ཨེན་ཙམ་མཁྱེན་མཁན་འགོ་བ་ཁག་ཅིག་འགྱིང་འགྲོས་བྱེད་ཀྱིན་པས་སོ། །དེའི་རྐྱེན་གྱིས། ང་ཚོའི་སྡེ་རུ་ཆེད་ལས་ཚད་ལྡན་ངེས་སྲོལ་ཅན་དུ་ཅི་ལྟར་བྱས་ཏེ་བསྒྲགས་ནའང་། ཁ་ཅིག་ལ་ནི་རྣ་རྒྱབ་རླུང་བུ་དང་བོང་བུར་ཁ་བརྡ་བྱེད་པའི་དཔེ་རུ་སོང་བ་ཡིན་ཞིང་། དེའི་ཁར། སྐབས་དང་སྐབས་སུ་སྒམ་མདོག་མཁས་ཚུགས་འཛིན་མཁན“གཏོར་བརླག་པ”ཁག་ཅིག་གིས་བོས་པའི་སྐབས་སུ་ཨ་མེད། བཅོལ་བའི་དུས་ལ་ཡ་མེད་པར་བྱི་བ་འཕྱི་ཁུང་ནས་ཐོན་པ་ལྟར་རང་ཉིད་ཁོ་ནས་རྟོགས་པའི་ཀི་རེ་བཏབ་འགྲོ་བ་ནི། རང་ཅག་གི་འཐོར་ནས་ཆད་ལ་ཉེ་བའི་སྐད་ཡིག་གི་མིང་བརྡ་ལྷག་མ་འདི་ཚོ་གཙབ་མཁན་མ་ཡིན་ནམ།

   ཐོས་ཆུང་ཕྲན་གྱི་བསམ་པ་ལ། ང་ཚོ་ནི་སྐྲ་ཡི་ཉག་མ་གཅིག་དང་མཚུངས་པའི་སྐད་ཡིག་རིག་གནས་ཀྱི་རྒྱུན་ཐག་ཕྲ་མོ་ཞིག་གི་རྐེད་ལ་འཇུས་ནས་འཛམ་གླིང་ས་ཡི་རིལ་མོར་མཉམ་བགྲོད་བྱེད་མཁན་ཡིན་པ་ལ། ཕན་ཚུན་མཐུད་བྱེད་ཐ་སྙད་ཅིག་ནི་ངེས་པར་དགོས་ཤིང་། དེའང་སྔ་རབས་མཁས་པ་དག་གིས་ཕྱི་རབས་རང་ཅག་རྣམས་ལ་བགོ་སྐལ་དུ་བསྐྱུར་བའི་ཐ་སྙད་གང་ཡོད་འཚོ་དགོས་པའི་སྟེང་། གསར་བྱུང་མིང་དང་བརྡ་ཡི་ཐ་སྙད་ཐམས་ཅད་ཚུར་ཚུར་བསྡུ་བའི་བློ་སྤོབས་དགོས་ལ། བརྡ་ཆད་གཅིག་གྱུར་བཀོལ་སྤྱོད་བྱེད་པའི་ལྷག་བསམ་དག་པའི་བགྱི་བ་མཁོ།

   དེང་གི་བབ་ལ་བལྟས་འོངས་དུས། རང་ཅག་ཐམས་ཅད་ཏོག་དབྱིབས་གློ་ཚད་ལས་ཀྱང་ལྷག་པའི་བོད་ཡིག་བརྡ་ཆད་ཀྱི་གཉན་རིམས་ནད་དུག་ཅིག་གིས་འཁྱུད་འདུག་སྟེ། དང་པོས་མིང་བརྡ་བཏགས་ཚེ་གཉིས་པས་མཚང་འདྲུ་བྱེད། གསུམ་པས་གཏན་ལ་ཕབ་ན་བཞི་པས་ཁ་མང་གཏོང་། ལྔ་པས་དེབ་ཏུ་བཀོལ་ན་དྲུག་པས་མིན་པར་བརྩི། འདི་ལྟར་ནམ་ཡང་རྫོགས་རྒྱུ་མེད་པའི་ཁོར་མོ་ཡུག་ཏུ་གནས་པ་ལས། བརྡ་ཆད་གཉན་རིམས་འདི་བོད་མི་ཕལ་གྱི་ཀླད་པའི་ནང་དུ་ཟུག་སྟེ། རྒན་དར་གཞོན་གསུམ་དང་མཁས་བླུན་བར་མ་ཀུན་གྱིས་ཞེ་འདོད་ཁོ་ན་ཙམ་གཙིགས་སུ་བཟུང་། འཐེན་ཁྱེར་གཅིག་པུ་ཙམ་ལྟ་བར་བཀུར། གལ་ཏེ་དེ་འདྲ་མ་གནང་རོགས་ཞེས་པའི་རེ་ཞུ་ཙམ་ཕུལ་ནའང་། བླུན་པོ་དང་མ་རབས་དང་ཐ་ཤལ་དང་གཏེ་བོ་སོགས་ཀྱི་མིང་གིས་སྤྱོ་ཞིང་བསྡིགས་པར་བྱེད་པས། བོད་ཀྱི་ཡི་གེ་བ་དག་བློ་ཁོག་མེད་པའི་རིག་གནས་པ་དང་། ཡི་གེ་ཤེས་མོད་མིག་རྒྱང་མེད་པ་རྐྱང་དུ་ཆགས་ཀྱིན་གདའོ། །འདི་འདྲའི་ངང་ལ་བག་མེད་པར་སོང་ཚེ། ང་ཚོའི་སྐད་ཡིག་ནི་བདག་པོ་མེད་པའི་ཞིང་ས་དང་གནས་སྤོས་བྱས་པའི་འབྲོག་ས་དང་ཁྱད་མེད་པར་འགྱུར་རོ། །དོན་དངོས་སྟེང་། མིའི་རིགས་ཀྱི་སྐད་ཡིག་རིག་གནས་ལ་ཕྱི་རིམ་ནང་རིམ་བར་རིམ་མང་པོ་མཆིས་པ་ལས། མིང་དང་ཐ་སྙད་ནི་ཕྱི་ཡི་རིམ་པ་དེ་ཡིན་ཞིང་། ནམ་ཞིག་ཕྱི་རིམ་གཏོར་ནས་བར་རིམ་ལ་སླེབས་ཚེ། ནང་རིམ་མ་མོའི་སྙིང་འདྲ་བ་ལའང་བར་ཆད་འབྱུང་ངོ་། །དེ་བས་ན། བརྒྱ་གོ་གཅིག་ཆོད་ཀྱི་ཐབས་ལམ་གཅིག་ཡོད་པ་ནི། དང་པོས་བགྲོ་གླེང་བྱེད་དུས་གཉིས་པས་གནད་དུ་འཛིན། གསུམ་པས་བཏགས་མིང་ཁྱེར་དུས་བཞི་བས་སྣོན་མ་བྱེད། ལྔ་བས་གཏན་ལ་ཕབ་ཚེ་དྲུག་པས་ཅི་བཞིན་སྒྲུབ་པའོ། །དེ་ལས་ལྷག་པའི་ཐབས་ཤེས་ནི་ཡེ་མེད་ཅིང་ཡོད་ཀྱང་མི་སྲིད་པས་ན། གནད་འདི་ཡིད་ལ་འཛིན་པར་རིགས་ལ་ཡང་ཡང་བསམ་པར་བྱའོ། །

   ཡིན་ནའང་འདིར་འགྲེལ་བརྗོད་བྱེད་དགོས་པ་ཞིག་ལ། ཁོ་བོས་རེབ་འདིར་གླེང་བ་ནི་ཐུན་མོང་བེད་སྤྱོད་ཀྱི་འཚོ་བའི་ཐ་སྙད་དང་གཏན་འཇགས་བཀོལ་ཆོག་གི་ཆེད་ལས་བརྡ་ཆད་ཡིན་པ་ལས། བརྟག་འོས་དཔྱད་རུང་གི་རིག་གཞུང་བརྡ་ཆད་དག་ནི་མ་ཡིན་ནོ། །དེ་རྣམས་ལ་ནི་སྐབས་དང་སྐབས་ཀྱི་བརྡ་སྦྱར་ཆོག་ཅིང་ཡང་དང་བསྐྱར་དུ་གླེང་ཡང་རུང་བ་ཡིན་པས། རིག་གཞུང་པ་རང་ཉིད་སོ་སོས་རང་ལུགས་བརྗོད་པའི་ཨུ་ཚུགས་གཉེར་རུང་ངོ་། །

   དེས་ན་གྲོས་འདི་འདེབ་པར་བྱ་སྟེ། རང་ཅག་ཐུན་མོང་རི་རྩེའི་རླུང་ངོགས་ནས་ཤོད་ལ་བབས་ཏེ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྲུང་བར་བྱེད་པ་ལ། བརྡ་ཆད་ཐ་སྙད་དག་གཅེས་པས་གཉེར་ཏེ་ཧི་མ་ལ་ཡའི་ལྷོ་བྱང་ཀུན་གྱིས་གོ་ཐུབ་པའི་སྐད་ཡིག་ཅིག་ལ་འབད་པར་བྱེད་དོ།།  །།

      ཞེས་བོད་རབ་རྒྱན་ས་ཕག་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཏེ་ནུབ་ལོ2020ལོའི་ཟླ2ཚེས8ཉིན་གངས་ཅན་གྱི་ཤར་ཕྱོགས་མདོ་སྨད་བྱང་རྒྱུད་ཀྱི་གནའ་མཁར་ཟི་ལིང་ནས་སྦྱར།

0

3 Responses to བོད་ཡིག་བརྡ་ཆད་ཀྱི་གཉན་རིམས་དང་དེའི་ཉེན་འགོག་གཅིག་གོ་བརྒྱ་ཆོད། __རྨེ་རུ་ཡུལ་ལྷ་ཐར།

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    ཡ། བཀྲ་ཤིས་བདེ་ལེགས།
    ད་ལྟའི་སེམས་ཁམས་འདི་འདི་ནས་བརྗོད་ན། །
    ཆོ་མེད་རིན་མེད་ཅིག་ལོས་ཡིན་བསམ་བྱུང་། །
    སེམས་པ་ལང་ཤོར་གྱི་ཁ་དབང་བཙན་པོས། །
    གར་ཤར་དྲང་བོ་ཞིག་བཤད་དུ་འཇུག་བྱུང་། །
    གྱི་ན་བ་ང་རང་བསམ་པར་རྨེ་རུ་ཡུལ་ལྷ་ཐར་གྱི་༼བོད་ཀྱི་སྐད་ཡིག་ལས་མང་པོ་ཞིག་གིས་ཆེས་ཆུང་ངུའམ་གླེང་རིན་ཆེར་མེད་པར་བསམ་པའི་བརྡ་ཆད་དང་ཐ་སྙད་ཀྱི་སྐོར་འདི་ཡིན།༽ཞེས་པའི་ཚིག་འདི་ནི་རི་བོང་གནམ་རྡིབ་ཀྱི་གནས་སུ་ལྷུང་འདུག ལྭ་བ་ཞིག་ལ་དཔེར་མཚོན་ན། ཕྱི་ནང་བསློགས་ནས་གྱོན་པ་དང་གཉིས་སུ་མ་མཆིས་པས་མཁས་པའི་འདུན་སར་བཞད་གད་ཀྱི་གཏམ་དུ་འཁུམས་པས་ཕྱིན་ཆད་གཞུང་ཆེན་མོའི་བརྡ་དོན་འགྲོལ་བར་འོལ་ཚོད་ཀྱི་སྨྲ་ཉུང་བར་བྱས་ན་མཛེས།
    ང་ཡིས་བོད་ཀྱི་བརྡ་ཆད་ནི་ལྷག་པར་དུ་བརྡ་ཆད་ཞིབ་འཇུག་པ་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། དེའི་ཕྱིར་ཐོས་ཆུང་ངས་སྔོན་བྱོན་མཁས་དང་མཁས་མིན་ཚང་མས་མ་དག་རྒྱུན་འབྱམས་སུ་སྤྱོད་བཞིན་པའི་ཡིག་ནོར་རེ་གཉིས་ཁོལ་དུ་ཕྱུངས་ནས་དོགས་སེལ་བྱ་རྒྱུ་དང་། རྗེས་འཇུག་ཁག་ཅིག་ལས་ནང་ཕན་ཚུན་བར་འབྲེལ་བ་ཡོད་པའི་སྐོར་ཅིག་ལ་དབྱེ་ཞིབ་བྱ་རྒྱུ་ཡིན་པ་དང་།དེས་ན་ཐོག་མར།མདོ་དབུས་ཁམས་གསུམ་ཀྱི་སྐད་ལ་ཞིབ་འཇུག་བྱེད་པའི་དགོས་པ་དང་དམིགས་ཡུལ་ཅི་ཡིན་པ་དེའི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་དང་། ཚང་མས་ཤེས་གསལ་ལྟར། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་མདོ་དབུས་ཁམས་གསུམ་གྱི་ཁྲོད་དུ། ནམ་རྒྱུན་འཆད་བཞིན་པའམ་མང་ཚོགས་ཀྱི་འཚོ་བ་དངོས་དང་ཐད་ཀར་འབྲེལ་བ་ཡོད་པའི་མིང་བརྡ་དང་བརྡ་ཆད་མང་པོ་ཞིག་ལ་སྒྲ་དོན་དང་མཐུན་པར་ཡི་གེ་འབྲི་སྲོལ་མ་བྱུང་བར་དུས་ཡུན་རིང་པོ་ཞིག་བུད་སོང་ནི་རེད། དཔེར་ན། བསྡིགས་པའམ་གཤེ་གཤེ་བཏང་བའི་དོན་ལ་བསྐུགས་ཟེར།(ཤི་བསྐུགས་གསོན་བསྐུགས་གཉིས་ཀ་བྱས་ཐལ་ཟེར་ནི་རེད)ཨ་མདོའི་ཡུལ་ཕལ་ཆེར་གྱིས་ཕོ་སྐྱེས་ཀྱི་མིང་ལ་སྐྱེ་བཟུ་ཟེར་བ་རེད།(སྐྱེ་བཟུ་ཞིག་ལ་མ་རིག་པར་ཨ་ཡེ་ཞིག་ལ་མི་དོ་གིན་ཟེར་རྒྱུ་འདྲ་འདྲ)མཚོ་སྔོན་ཐེམ་ཆེན་རྫོང་གི་ཡུལ་སྐད་དུ།མྱི་ཚེ་ལས་འདས་སོང་ན་བེམ་པོའི་མིང་ལ་བཟུར་ཟེར།

    གླིང་སྒྲུང་གེ་སར་བཤད་འདྲའི་ངག་སྒྲོས་དང་། །
    མོན་པ་རྡོར་གཅོད་འདྲ་བའི་སྲོལ་ཀ་ཡིས། །
    དངོས་པོའི་གཤིས་ལ་ཞིབ་ཏིག་མི་ཐོན་པས། །
    བཀའ་བསྟན་གླེགས་བུའི་ས་རྡུལ་ཡང་ཡང་སྤྲུགས། །
    ང་ཚོ་མཚོ་སྔོན་ཕྱོགས་ཀྱི་ཡུལ་སྡེ་མང་པོ་ཞིག་གི་སྐད་དུ། དགུན་ཁར་གཤེར་ཁུའི་རིགས་འཁྱགས་ཀྱིས་བསྡམས་པའམ་འཁེངས་ནས་སྲ་གཟུགས་སུ་ཆགས་པའི་དོན་ལ། ཝ་འཐས་ཟེར་བ་རེད། དེ་ལ་ཀན་ལྷོ་ཁུལ་གྱི་ཡུལ་སྡེ་མང་པོ་ཞིག་གི་སྐད་དུ། ཝ་འཐས་མི་ཟེར་བར་འཁས་ཟེར་བ་ལྟ་བུ་སོགས་འདི་འདྲའི་མིང་བརྡ་སྙན་ཞིང་འཇེབས་ལ་ནང་དོན་གསོན་ཉམས་ཅན་གྱི་རིགས་ལ་དུས་ཚོད་དམ་འཛིན་སྒོས་འཚོལ་སྡུད་དང་ཞིབ་འཇུག་བྱས་ནས་ཡི་གེར་མ་དབབ་ཚེ། ཅང་མི་འགོར་བར་ས་ཆུ་མེ་རླུང་དུ་འཐིམས་འགྲོ་བ་དེ་བློས་མ་བཟོད་པར། བོད་ཀྱི་མདོ་དབུས་ཁམས་གསུམ་ལ་སོང་ནས་མིང་བརྡ་དེ་རིགས་འཚོལ་སྡུད་དང་། ཞིབ་འཇུག་བྱས་ནས་མིང་བརྡ་དེ་དག་གི་གསང་གནད་རེ་རེ་བཞིན་དུ་དགྲོལ་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་ལས་ཀ་དེ་མ་སྐུལ་དང་ལེན་བྱས་པ་ཡིན།
    ཁ་སང་དེ་རིང་ཡིན་ན་བོད་ཀྱི་ས་ཆ་སོ་སོ་ན་དམངས་ཁྲོད་ཀྱི་རྩམ་དྲི་མར་དྲི་བྲོ་བའི་གླུ་དང་ལ་གཞས། གཏམ་དཔེ། སྟོན་བཤད་ལ་སོགས་པ་འཚོལ་སྡུད་དང་ཡིག་ཐོག་ཏུ་ཕབ་ནས་མྱུར་སྐྱོབ་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པའི་དུས་སུ་སླེབས་ཡོད་པ་རེད།

    གཡག་ཞར་རྩྭ་ལ་ཡན་འདྲའི་བསླབ་གཉེར་དང་། །
    ཐལ་སྐྱ་རླུང་གིས་ཁུར་འདྲའི་བརྗེད་ངེས་ཀྱིས། །
    བོད་ཀྱི་བརྡ་ཆད་དོ་ཟླ་མི་ཡོང་བས། །
    ཡང་སྙིང་སྤར་འཛིན་ནུས་པའི་འདམ་ཀ་སྐྱོངས། །
    བརྡ་ཆད་ཞིབ་འཇུག་བྱས་པ་དེ་ཡང་བོད་སྐད་ཡིག་འཕེལ་བའི་གྲོགས་སུ་འགྱུར་བ་ལས་གེགས་སུ་འགྱུར་སྲིད་ནི་མ་རེད། ཅིའི་ཕྱིར་ཞེ་ན། ཁ་སང་དེ་རིང་གི་བོད་པ་རྣམས་ཀྱི་བསམ་པའི་གོ་རྟོགས་སད་ནོ་བཟང་བས་སྐད་དང་ཡི་གེར་ཉམས་ཞིབ་བྱེད་པའི་ཁོར་ཡུག་གཙང་མ་ཞིག་ལྡན་པ་དང་། འགྲིམ་འགྲུལ་སྟབས་བདེ་བས།མདོ་དབུས་ཁམས་གསུམ་གྱི་མི་ཚང་མས་འགྲོགས་འདྲིས་བྱེད་ཚད་མང་བ། དཔེར་ན། ཚོང་གཉེར་དབང་གིས། སློབ་གཉེར་དབང་གིས། བྱ་བའི་དབང་གིས།གློག་བརྙན་འཕྲིན་དང་དུས་དེབ་ཚགས་པར་སོགས་མང་བ།དགའ་འོས་པ་ཞིག་ལ། དེང་སང་གི་ན་གཞོན་ཚོས་ཡུལ་སྐད་ལ་ཕྱོགས་རིས་དང་མཐོང་ཆུང་མི་བྱེད་པར་ཡུལ་ལུང་གཞན་པའི་བོད་སྐད་དང་བརྡ་ཆད་ལའང་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཆེ་རུ་སོང་ཡོད་ཟེར་སྐད། དེ་ལྟར་དུ་ཡུལ་སྐད་གང་ཞིག་ཡིན་ཡང་ཡི་གེ་དག་མོར་ཕབ་ནས་མིང་བརྡའི་གྲས་སུ་འཇོག་ཐུབ་ཕྱིན།
    རྗེས་འཇུག་ཁག་ཅིག་ལས་ནང་ཕན་ཚུན་བར་འབྲེལ་བ་ཇི་ལྟར་ཡོད་ལུགས་སྐོར་གླེང་བར་བྱ།༼ དང་པོ། ༽ དེངས།བགྲོད་པའམ་སོང་བའི་དོན།《བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས》ཀྱི་ལྡེབ64པར།མི་དང་མི་མིན་རང་རང་གནས་སུ་དེངས། ཞེས་འབྱུང་བ་ལྟ་བུ།《དག་ཡིག་གསར་བསྒྲིགས》སུ། འདོང་། (བྱེད་མེད་ལས་ཚིག་ད་ལྟ་བ)བགྲོད་པའམ་འགྲོ་བའི་བརྡ་རྙིང་སྟེ།ཤར་ཕྱོགས་སུ་འདོང་བར་བྱེད་ལྟ་བུ། ﹝དོང﹞ནི་མ་འོངས་པ་དང་འདས་པ་སྟེ། གནས་སུ་དོང་བར་བྱ།གནས་སུ་དོང་ངོ་ལྟ་བུ། ﹝དེངས﹞ནི་སྐུལ་ཚིག་སྟེ།རང་རང་སོ་སོའི་གནས་སུ་དེངས་ཤིག་ལྟ་བུ། ཞེས་བཀྲལ་ཡོད། འདས་ཚིག་གི་མཐར་དེངས་སྦྱར་ཚེ།ལས་དེ་ཟིན་པའམ་གྲུབ་པའི་དོན་སྟོན་གྲོགས་སུ་འགྱུར་ཏེ།སྐབས་ཐོབ་ཀྱིས་སོང་ཞེས་པའི་འཇུག་ནུས་དང་མཚུངས། མེ་ཏོག་གད་དེངས་ཟིག བྱ་བ་བསྒྲུབས་དེངས་ཟིག བླ་མ་ཕེབས་དེངས་ཐལ།ལས་ཀ་ལས་དེངས་ཟིག བྱ་མས་སྒོ་ང་རུམ་དེངས་ཟིག འབྲི་མོས་འོ་མ་བྱིན་དེངས་ཐལ། སྒོར་མོ་བྱིན་དེངས་ཟིག ཡི་གེ་བྲིས་དེངས་ཟིག མེ་མདའ་བརྒྱབ་དེངས་ཟིགསྤྱང་ཁི་བསད་དེངས་ཟིགགྱང་ལ་བུ་ག་བརྟོལ་བའི་དོན་ལ་གྱང་དཔྲལ་དེངས་ཟིགབལ་བྲེགས་དེངས་ཟིག ཟ་མ་ཟོས་དེངས་ཟིག ཇ་འཐུངས་དེངས་ཟིགདུ་བ་འཐེན་དེངས་ཟིག དཔེ་ཆ་བརྩམས་དེངས་ཟིག ངས་གོ་དེངས་ཁུལ(ཁའམ་ཁོ་སྒྲ་ཐོན)མི་བཅའ། ཁོས་ཅིག་ཡིན་དེངས་ཁུལ(ཁའམ་ཁོ་སྒྲ་ཐོན)བཅས་ནེས། ཁོས་གོ་ཐེངས་གུལ(ཁུལ་གྱི་ཚབ་ཏུ་གུལ་སྦྱར་བས་གའམ་གོ་སྒྲ་ཐོན)བཅས་ཡས། སིལ་ཏོག་བཏོག་དེངས་ང་། ཁ་ཏོན་བཏོན་དེངས་ང་། རྒྱུ་སྤྲད་དེངས་ཟིགཡིག་རྒྱུགས་བླངས་དེངས་ཐལ། སྒོའི་ཕག་ལ་བཞའ་དེངས་ཟིག་ཟེར་བ་སོགས་མང་དུ་མཆིས་པ་ལྟ་བུ། དེངས་དང་སོང་གཉིས་དོན་གཅིག་ཀྱང་སྦྱོར་ཚུལ་ཐད།ཕོར་བ་བཅགས་དེངས་ཟིག་ཅེས་དང་། ཕོར་བ་ཆག་སོང་ཟིག་ཅེས་པ་ལས་ཕོར་བ་བཅགས་སོང་ཟིག་མི་ཟེར་བ་ལྟ་བུའི་ཞིབ་ཆ་ཡོད་དེ། དཔེར་ན། ཁོ་བུད་སོང་ཟིག ཡར་སོང་ཟིགམེད་སོང་ཟིག ཤི་སོང་ཟིགབྲོས་སོང་ཟིག གྲི་ཟད་སོང་ཟིགལྷམ་ཆད་སོང་ཟིག ཡུ་བ་ཆག་སོང་ཟིག བྱ་འཕུར་སོང་ཟིག་སོགས་ཀྱི་སྐབས་སུ།བུད་དེངས་ཟིག ཡར་དེངས་ཟིག་ཅེས་སྦྱོར་མི་བདེ་མོད། ཤ་ཚོས་སོང་ཟིག སྒོར་མོ་འཕྲོད་སོང་ཟིག ཐུག་པ་ཁོལ་སོང་ཟིག་སོགས་ཀྱི་སྐབས་སུ།ཤ་ཚོས་དེངས་ཟིག སྒོར་མོ་འཕྲོད་དེངས་ཟིག ཐུག་པ་ཁོལ་དེངས་ཟིག་བཅས་སྦྱོར་རུང་བ་ལྟ་བུ། ཡང་དེངས་ཀྱི་རྗེས་སུ་ཐལ་ཚིག་སྦྱར་ནས་འཆད་ཚུལ་ཡོད་པ། ཁོ་བྲོས་དེངས་ཐལ་ར་ཁ་ཕྱིར་འཁོར་མེད་ཀིན། ཁོས་བསྡིགས་དེངས་ཐལ་ར་ཉན་རྒྱུའོ་སྐྲག་ནི་ཞིག་རེད། ཁོས་ཤ་ཟོས་དེངས་ཐལ་ར་བལྟ་རྒྱུའོ་སྐྲག་ནི་ཞིག་རེད། འཇུ་ཡ་འོག་ཏུ་མནན་དེངས་ཐལ།གན་རྒྱའི་ཐོག་ལ་མཛུབ་ཐེལ་མནན་དེངས་ཐལ་ཟེར་བ་ལྟ་བུ།དྲི་བ་བྱེད་པའི་དུས་སུའང་། སྨན་འཐུང་དེངས་ནེས།ཟ་མ་ཟོས་དེངས་ང་། ཁྱོད་བུད་སོང་ནེས་ཟེར་བ་ལྟ་བུ་མང་དུ་མཆིས།མཚོ་སྔོན་གྱི་བ་ཡན་ཕྱོགས་ཀྱིས། དེངས་ཀྱི་ཚབ་ཏུ་བཞག་ཅེས་སྦྱར་ནས་འཆད་སྲོལ་མཆིས་ཏེ། ཟོག་བཏང་བཞགརྐུན་མ་བྲོས་བཞག་སོགས་ཟེར་བ་ལྟ་བུ། ང་ཚོ་ཨ་མདོའི་དམངས་གླུར་ཡང་། དགྲ་འཆི་བདག་མདུན་ལ་མ་ཐོན་ན། །
    གསུང་མ་ཎི་ཡིག་དྲུག་མི་འདོན་གིན། །
    དགྲ་མི་རྟག་འཆི་བ་ཐོན་དེངས་ན། །
    ཆོས་འདོན་འདོད་ཡོད་ཀྱང་འདོན་ཁོམ་མེད།། ཟེར་བ་ལྟ་བུ། གཞན་ཡང་ཨམ་སྐད་ཁྲོད། ལྷམ་འདི་ང་ལ་བྱིན་དོང་རྒྱུ་ན།ཁྱོས་ཚང་མར་གསལ་བཤད་ཅིག་བྱས་དོང་རྒྱུ་ན།ཁྱོས་ཚོགས་ཐོག་ནས་གཏམ་ཞིག་བཤད་དོང་རྒྱུ་ན།རྩོམ་ཡིག་གི་ཁ་བྱང་ཁྱོས་བྲིས་དོང་རྒྱུ་ན།ཁོས་ཁྲེལ་མེད་བཅས་དོང་རྒྱུའོ་སུས་ཤེས་སམ་སོགས་ཀྱི་བཤད་ལུགས་ཡོད་པའི་དོང་ཡིག་དེ་ཡང་དེངས་ཀྱི་མ་འོངས་པ་དང་འདས་པ་ཡིན་པས།སྒྲ་དོན་གཉིས་ཀ་མཐུན་པར་གྱུར་ཡོད། དབྱེ་བ་དེ་མ་ཤེས་པས། དེངས་ཀྱི་དོད་དུ་བཏང་ངམ་དང་ཞེས་བྲིས་དང་འབྲི་བཞིན་མཆིས་ཏེ།
    མཁས་པའི་གསུང་དུ། ཤོ་ཕོབ(ཐང་ཆད་ནས་དབུགས་འཚང་བའི་སྒྲ)ང་ཚོ་སྐྲག་བཏང་ཟིག །
    བུ་ཚ་དེ་རིང་རི་ཁ་ནས། །
    ཇག་པ་རྒྱུགས་ནས་བསད་ཙིག་འདོད། །ཅེས་དང་།
    ཡོད་ཚེ་འདི་བཞིན་བརླག་བཏང་ངེ་། །
    མེད་དུས་ཅི་ཞིག་བྱེད་རྒྱུ་ཡིན། །…
    ཤབ་གཟན་ཚེ་བླུ་ཚོན་པོ་ག།
    དཔྱིད་ཁ་ཤི་ན་རྗིད་པ་ཡིན། །
    གན་ཚོ་ག་ཡིས་བརླག་བཏང་ན།།
    འདང་རྒྱག་ཅང་ར་ཨེ་ཡོད་གི །…
    འདི་ཚོ་ལ་ཉན་སྒོ་བྱས་བཏང་ན། །ཞེས་སོགས་འབྱུང་བ་ལྟ་བུ།
    སྨྲས་པ།
    ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་བའི། །
    ཟོ་དོར་གཉན་པོ་ཡོད་ན་འདི་ལ་སྐྱོབས། །
    མི་བསྲུན་ལོག་པས་ཞེ་སྡང་ཐོག་སེར་འབེབ། །
    བརྣག་པའི་ཡིད་ཀྱིས་མཆེ་བ་གཙིགས་ན་ཡང་། །
    བརྡ་ཆད་ཞིབ་འཇུག་མི་སྣ་མཁོ་བའི་གཞིར། །
    རྡོ་རྗེ་ཕ་ལམ་ལྟ་བུར་གཞོམ་གཞིག་བྲལ། །

  2. རྨེ་རུ་བ། ལགས་ཀྱིས:

    ཡིད་ལ་འབབ་པ་ཚོས་བླང་བར་བྱ་ལ། དུག་ཏུ་མཐོང་མཁན་ཚོས་ཁྱིམ་ལུད་བཞིན་འདོར་བར་བྱའོ། །སྒེར་གྱི་མོས་པ་ལས་དབང་བཙན་པ་སྲིད་ན་མེད་པས། དེ་ལ་བརྩི་བཀུར་བྱ་བ་ཆོས་ཉིད་དོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།