ཉེ་ལམ་གླེང་བྱ་འགའི་ཐད་ཀྱི་བསམ་ཚུལ།__ས་བུ་ཆེ།

1212


དང་པོ།  ཕ་ཝང་དེ་བོད་ཀྱི་ལུགས་སུ་ལྷ་ལྟ་བུའི་བརྡ་རྟགས་ཡིན་ནམ་མིན།


དེ་ཡང་འདི་སྔོན་ཕ་ཝང་དེ་དཀར་ཕྱོགས་ཡིན་པའི་བཤད་སྲོལ་ཞིག་དང་དེ་ལ་རྒྱབ་བརྟེན་དུ་བོན་གྱི་གཞུང་ཡིན་ཟེར་བ་ཞིག་དང་འཇང་བརྒྱུད་བོན་ལུགས་ཀྱི་གཞུང་ཡིན་ཟེར་པ་གཉིས་ཁྱབ་དར་བྱེད་ཀྱིན་འདུག་པ་ནི།   རྒྱུ་ཆ་གསར་པ་ལ་ཀླད་མེད་མཁས་མདོག་ཅན་གྱིས་འགྲེལ་བཤད་བྱས་པ་ཙམ་ལས་ཁུངས་ལྡན་མིན་ཏེ།   ཕ་ཝང་དེ་མཚན་མོར་རྒྱུ་བ།  ཉི་མར་སྐྲག་པའམ་འཛེམ་པ།    བྱ་རིགས་ཀྱི་ནང་ནས་སྤྱོད་པ་ལོག་པར་འཁྱེར་བ།   མུན་ཁུངས་བྲག་ཕུག་བརླན་གཤིས་ཅན་དུ་སྡོད་པ།  ཁྲག་ལ་དགའ་བ་སོགས་ཀྱི་ཐད་ནས་གང་ལྟར་དེད་རུང་རིག་གནས་བརྡ་རྟགས་རིག་པའི་ངོས་ནས་ཉི་མར་ཕྱོགས་པ།   བྱ་ལ་ཕྱོགས་པ།   འོད་གསལ་ལ་དགའ་བ།   མེ་དྲོད་ལ་དགའ་བའི་ལྷ་ཡི་ཁྱད་གཤིས་མི་འདུག་པས།  དེ་དཀར་ཕྱོགས་ཀྱི་ལྷ་ཡི་བརྡ་རྟགས་ཤིག་ཅི་ནས་ཀྱང་ཡིན་མི་འགྱུར།    དེ་བཞིན་ཕ་ཝང་དཀར་པོས་བོན་ཞུས་པ་ཟེར་བའི་གཞུང་དེ་ལས་རྒྱ་ནག་ཀུང་ཙེ་འཕྲུལ་རྒྱལ་གྱི་མིང་དངོས་སུ་ཐོན་འདུག་པ་དང་རྒྱ་ནག་ཏུ་ཕ་ཝང་གི་མཆོད་དད་ཡོད་པ་ནི་ད་ལྟའང་ས་གདན།  དཀར་ཡོལ།  བུམ་པ།  གོས་ཆེན་སོགས་ཀྱི་སྟེང་དུ་བྲི་སྲོལ་འདུག་པ་དེ་ལས་ཤེས་ལ།  དེ་ཡིན་ན་ཕ་ཝང་མཆོད་དད་ཀྱི་ལུགས་འདི་ནི་བོད་རང་གི་བོན་མ་ཡིན་པར་རྒྱ་ནག་གི་འཁྱར་བོན་བོད་དུ་འཁྱར་བ་ཡིན་ཤས་ཆེ།    བོད་རང་གི་རིག་གནས་ཀྱི་ངོས་ནས་བལྟས་ན།  དེ་ནི་དཀར་ཕྱོགས་ཆོས་ལུགས་མང་ཆེ་བ་དང་འདྲ་བར།  ཕ་ཝང་དེ་མཆོད་དད་ཀྱི་ཡུལ་མ་ཡིན་པར་འཛེམ་ཡུལ་དང་ནག་ཕྱོགས་སུ་བརྩི་སྲོལ་ཡོད་པ་རེད།   །

བོད་མིའི་ནང་ན་ད་ལོ་ན་ནིང་རྒྱ་ནག་གི་རིག་གནས་ཡོད་ཚད་བོད་ཀྱི་མགོ་ལ་བཀལ་ཅི་ཐུབ་བྱེད་པའི་ནུས་ཤུགས་ཤིག་འདུག   དཔེར་ན་བོད་ཡིག་དེ་རྒྱ་ནག་གཟིགས་རིས་ཡི་གེ་ལྟར་འགྲེལ་བ།  ཐང་ག་དེ་ཏང་ག་དང་རྒྱ་ནག་ལོ་རིས་ལ་བསྒྱུར་བ་སོགས་ལས་མང་པོ་བྱེད་ཀྱིན་ཡོད་འདུག   ང་ཚོས་ངན་བསླད་འདི་འདྲ་ལ་དོགས་གཟབ་དགོས།  །

གཉིས་པ།  རྡོ་ཕ་བོང་དང་བྱ་ཕ་ཝང་གི་རྩོད་པ།

འདི་ལ་ང་རང་གྲོགས་པོ་ཁ་ཤས་ཀྱིས་བགྲོ་གླེང་འདྲ་བོ་བྱས་ཡོད།  ཕྱོགས་མང་པོའི་སྐད་ཆ་གོ་ཐོས་བྱུང་མོད།  ང་རང་གི་འདོད་ཚུལ་ལ་བན་ཤུལ་བའི་སྐད་བརྡའི་དབྱེ་ཞིབ་ལ་སྒྲུབ་བྱེད་གལ་ཆེན་ཞིག་བཏོན་ཡོད་པ་དང་དེ་ལ་སུས་ཀྱང་དགག་བཞག་ཐུབ་མི་འདུག   ང་རང་གིས་བན་ཤུལ་བས་གླེང་བའི་སྒྲུབ་བྱ་དེ་བདེན་མིན་གྱི་བརྡར་ཤ་བཅོད་པའི་ནུས་པ་མེད་ནའང་།  དེའི་དགག་ཕྱོགས་ཀྱིས་ཁོ་ལ་དགག་ཐུབ་མེད་པ་གསལ་བོ་ཤེས་ཐུབ་ཀི་འདུག  

གསུམ་པ།  ཐྲུམ་ཕིས་ལྕམ་ཕཻ་ལོ་སེ་ལ་ལག་པ་མ་འཇུས་པ།

གནའ་སྲོལ་ཆོས་སྲིད་ཟུང་འབྲེལ་དང་དེང་སྲོལ་ཁྲིམས་སྲིད་ཟུང་འབྲེལ་ནི་ཡང་དག་གི་ཆབ་སྲིད་ལམ་ལུགས་ཤིག་རེད།   དེ་ཡང་རང་ཅག་གི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལོ་རྒྱུས་ལ་བསམ་ན།  ཆབ་སྲིད་བོན་སྐྱོང་གི་འགྱུར་བ་ནས་ཆབ་སྲིད་བན་སྐྱོང་གི་དུས་སུ་འཕེལ་སྐབས།  སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་ཡོད་པ་དང་།    ཁྲི་སྲོང་ངམ་བཙན་པོ་ཞིག་གིས་ཁོང་ལ་ལག་པ་འཇུ་དགོས་འདོད་སྐབས།   པད་འབྱུང་གིས་རྫུ་འཕྲུལ་བསྟན་ནས་ཕྱག་ནས་མེ་མཆེད་པར་བྱས་པ་དང་།  རྒྱལ་བོའི་ང་རྒྱལ་འདུལ་བ་རེད།   འདི་ནི་ཆོས་ཏེ་གནའ་བོའི་སྤྱོད་ལམ་དྲང་འགྲིག་གི་ཁྲིམས་གཏན་ཁེལ་བ་དེ་ནི་ ཆབ་སྲིད་འཛིན་པའི་མི་དབང་ལས་ ཐོབ་ཐང་མཐོ་བ་མཚོན་ཡོད་དེ།   རྒྱལ་པོ་ཞིག་གིས་སྲིད་གང་ལྟར་སྐྱོང་རུང་དེ་ཆོས་དང་མཐུན་དགོས་པ་དང་།  ཆོས་ཟེར་དུས་ མིའི་རིགས་ཀྱི་ཡོངས་ཁྱབ་བདེན་པ་ཞིག་གསལ་འདོན་བྱེད་པའི་ལས་ཀ་དེ་ལ་གོ་བ་རེད།   ད་ལྟ་ཆོས་ལུགས་སྣ་མང་གི་འཆམ་མཐུན་ཆེད་དང་ནུབ་ཕྱོགས་ནས་ཆོས་ལུགས་སྒེར་གཅོད་མེད་པར་བཟོས་པའི་མཇུག་འབྲས་སུ།   ཁྲིམས་དེ་ལྷ་ཆོས་མི་ཆོས་གཉིས་སུ་འབྱེད་ཡོད་པ་དང་།  མི་ཆོས་སམ་ཁྲིམས་དེ་ཁྲིམས་བཟོའི་ལས་ཁུངས་ཀྱིས་སྐྱོང་བཞིན་ཡོད་པ་རེད།  ལུགས་དེ་རུ་རྒྱལ་ཁབ་ཆབ་སྲིད་ཀྱི་དབུ་འཛིན་ནི་ཅིས་ཀྱང་མི་མང་གི་ཁ་པ་དག་གིས་ཚོགས་པའི་གྲོས་ཚོགས་ལས་ཐོབ་དམའ་བ་རེད།   ལུགས་དེར་བསམ་ན།  ཐྲུམ་ཕིས་ཕཻ་ལོ་སེ་ལ་ལག་པ་མ་འཇུས་པ་དེ་རྒྱུ་འབྲས་གོ་ལྡོག་གི་བྱ་སྤྱོད་ཅིག་ཡིན་པ་མངོན་གསལ་རེད་ལ།  དེ་ནི་ཁྲི་སྲོང་གི་ཕར་པད་འབྱུང་ལ་ལག་པ་མ་འཇུས་པ་ལྟ་བུ་ཡིན་པས།   གསར་འགྱུར་འདི་ནི་ཐྲུམ་ཕིའི་སྒེར་གཅོད་ཀྱི་གཤིས་ཀ་མཚོན་པའི་བརྡ་རྟགས་ཤིག་ཡིན་པར་འདོད་པ་དང་།   ཕཻ་ལོ་སིས་དེ་ལ་བརྡ་ལན་དུ་ཐྲུམ་ཕིའི་ཚོགས་གཏམ་ཤོག་བྱང་གཏེད་པ་ནིརང་གི་ཐོབ་ཐང་མངོན་བྱེད་ཀྱི་སྤྱོད་པ་ཡང་དག་ཅིག་ཡིན་ལ།   དེ་ནི་ཐྲུམ་ཕེའི་ཁྲི་སྲོང་ལས་ཀྱང་ཆེ་བའི་ང་རྒྱལ་ལ་ཁ་གཏད་དུ་བཏོང་བ་ཡིན།


0

One Response to ཉེ་ལམ་གླེང་བྱ་འགའི་ཐད་ཀྱི་བསམ་ཚུལ།__ས་བུ་ཆེ།

  1. ས་བུ་ཆེ ལགས་ཀྱིས:

    བྱ་ཕ་ཝང་དང་རྡོ་ཕ་ཝང་སྐོར་ལ་ གྲོགས་པོ་ཞིག་གིས་དགག་བྱེད་ཁུངས་བཙན་ཞིག་དེ་རིང་བསྟན་བྱུང་བས་ ང་རང་་གིས་གོང་རྩོམ་དུ་ཚིག་ཐག་བཅད་པ་དེ་ལ་ད་ལྟ་རང་ཉིད་ནས་དོགས་པ་བྱས་ཏེ་ཕྱིར་འཐེན་བྱས་པ་ཡིན

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།