“ཁ་འཁྲུག”དང “ཁ་ཐུམ།”___ ཐེའུ་རང་།

47644



ད་ལྟ། ང་ཚོ་ཚང་མ་ཁ་ཐུམ་མ་བརྒྱབ་ན་མི་ཆོག་པའི་ཡུལ་དུས་གནས་བབ་ཅིག་དང་ཕྲད་ནས་ཡོད། གཅིག་ནི་ནད་ཡམས་སྔོན་འགོག་གི་ཁ་ཐུམ་དང་། གཅིག་ནི་སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་མོ།། ཁ་ཐུམ་སྔ་མ་མ་བརྒྱབ་ན། ནད་ཡམས་འགོ་བའི་ཉེན་ཁ་དང་འཕྲད། ཁ་ཐུམ་ཕྱི་མ་མ་བརྒྱབ་ན། “ཁ་འཁྲུག”སྨྲ་བའི་ཉེན་ཁ་འབྱུང་། སྔ་མ་ནི་ལུས་སྲུང་བྱེད། ནད་འགོག་བྱེད། ཚེ་སྲིང་བྱེད་ཀྱི་ཁ་ཐུམ་སྟེ། བལྟས་ན་རིག་རྒྱུ་ཡོད་པའི་རས་སྲབ་ལག་མཐིལ་འདྲ་བ་ཞིག ཕྱི་མ་ནི། གཏམ་འགོག་བྱེད། རྫུན་འགེབ་བྱེད། དབང་སྲུང་བྱེད་ཀྱི་ཁ་ཐུམ་སྟེ། མི་མངོན་མཐུ་ཤེད་བཙན་པའི་ཁ་ཐུམ་ལྕགས་ཀྱི་ལུང་པ་འདྲ་བ་ཞིག་གོ།།

ག་ལེར་བསམས་ན། མིའི་རིགས་ཀྱི་སྐྱོ་གར་མཐའ་དག་ནི། ཁ་ཐུམ་འདི་གཉིས་ལ་འབྲེལ་བ་ཏན་ཏན་ཡོད་པ་ཞིག་རེད། ག་ལེར་བསམས་ན། མིའི་ལུས་སེམས་ཀྱི་ན་ཚ་མང་པོ་ཞིག་ཁ་ཐུམ་འདི་གཉིས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ཨང་། བརྒྱ་ལ་མིའི་རིགས་ཀྱིས་ཁ་ཐུམ་འདི་གཉིས་ཀ་བརྒྱག་མི་དགོས་པའི་དུས་ཤིག་འབྱུང་ཚེ། ད་གཟོད། ངེས་པ་དོན་གྱི་བདེ་སྐྱིད་དང་ཞི་བདེ་ཡོད་སོང་བ་རེད། འོན་ཀྱང་། སྐྱེ་རྒ་ན་འཆི་ནི་འགྲོ་བ་མཐའ་དག་གི་ཚེ་སྲོག་གི་ངོ་བོའི་གནས་སྟངས་སམ་ཆོས་ཉིད་ལགས་ན། ནད་ཡམས་སྔོན་འགོག་གི་ཁ་ཐུམ་བརྒྱག་མི་དགོས་པའི་དུས་སྐབས་ཤིག་ཡོད་རེ་དཀའ་མོད། མིའི་རིགས་ཀྱི་བརྣབ་སེམས་གནོད་སེམས་ཀྱི་ཁ་ལག་གཉིས་ཀ་ཚོད་འཛིན་བྱས་ཏེ། མི་དང་རང་བྱུང་ཁམས་མཉམ་གནས་ཀྱིས། རི་སྐྱེས་སྲོག་ཆགས་ཀྱི་སྲོག་ལ་འཚེ་བའི་སྡིག་པའི་ལས་སྤངས། རི་ཆུ་སྐྱེ་དངོས་བརླག་པའི་གཏོར་བཤིག་མཚམས་བཞག་ཚེ། ནད་རིགས་འདྲ་མི་འདྲ། གོད་ཆག་འདྲ་མི་འདྲ་འབྱུང་བ་ཇེ་ཉུང་དང་། མིའི་འཚོ་བ་སྔར་ལསསྐྱིད་པ། ལུས་སེམས་ལ་སྔར་ལས་བདེ་བ་འབྱུང་བ་གདོན་མི་ཟའོ།།

འོན་ཏེ། སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་རྒྱག་དགོས་པའི་རྐྱེན་ངན་འཇིགས་པ་ནི། ནད་ཡམས་བཞིན་བཟློག་པ་མེད་པ་དང་བསླུ་བ་མེད་པའི་ཆོས་ཉིད་ཀྱི་རྐྱེན་ལས་བྱུང་བ་མ་ཡིན་པར། ང་ཚོ་དང་འདྲ་བར་སྐྱེ་འཆི་ཡོད་ལ། ནོར་འཆུག་ཡོད་པའི་ཤ་ཁྲག་གདོས་བཅས་ཀྱི་མི་སྟེ། རྗེ་བོ་དང་ཆོས་བདག སྲིད་ལུགས་དང་ཆོས་ལུགས། དབང་ཤེད་ཅན་དང་གཡོ་སྒྱུ་ཅན། རུལ་སུངས་པ་དང་ཀླ་ཀློ་བའི་བསམ་སྦྱོར་ངན་པའི་མཐུ་ལས་བྱུང་བ་འབའ་ཞིག་ཡིན་ན། ཤ་ཁྲག་གདོས་བཅས་ཀྱི་འགྲོ་བ་ང་ཚོའི་ཤེས་རབ་ཀྱི་མིག་ཕྱེས། རྒྱུ་འབྲས་ཀྱི་སེམས་བསྐྱེད། སྤོབས་པའི་གདེང་བསྟད་དེ། དངོས་ཡོད་ཀྱི་གནས་ལུགས་དང་གནས་ཚུལ། སྐབས་བབ་ཀྱི་འགན་འཁྲི་དང་གནད་དོན་ཁུར་ཏུ་བླངས་པའི “ཁ་འཁྲུག”མང་དུ་བཤད་ན། ད་གཟོད། “ཁ་འཁྲུག”འགོག་མཁན་གྱི་དབང་ཤེད་ཧམ་རྫུ་ཅན་རྣམས་ཀྱི་རྫུན་རྐུབ་བརྟོལ་འོང་གི་རེད། ད་གཟོད། བདེན་པ་དང་ཆེས་ཐག་ཉེ་བའི “ཁ་འཁྲུག”མང་དུ་ཐོས་ཤིང་། ལྷ་རྗེ་ལཱི་ལགས་ལྟ་བུའི “ཁ་འཁྲུག”སྨྲ་མཁན་གྱི་སྐྱེ་བོ་མང་དུ་འཁྲུང་ངེས། ད་གཟོད། “ཁ་འཁྲུག”ཁ་འཁྲུག་ཏུ་མི་བརྩི་ཞིང་། “ཁ་འཁྲུག”ཁ་རྡུང་མཁན་གྱི་སྨྱན་བྱེད་དང་བླ་དཔོན་དང་ལམ་ལུགས་མ་རུང་བ་རྣམས། ཡུན་དང་ཁད་ཀྱིས་མེད་པར་འགྱུར་ངེས། ད་གཟོད། མི་རྣམས “བདེ་ཐང”གིས་འཚོ་ཞིང་གནས་སྲིད།

རེད་དེ། ད་རེས། ལྷ་རྗེ་ལཱི་ལགས་ཀྱིས། ཁ་ཐུམ་བརྒྱག་དགོས་པའི་ནད་ཡམས་ཤིག་འདུག་གོ་ཞེས། མི་སྨྲ་བའི་ཁ་ཐུམ་བླངས་ཏེ་འགྲོ་བ་ཀུན་ཕན་གྱི “ཁ་འཁྲུག”བཤད་པས། རང་ཁེ་དང་སྒེར་ཤེད་ཀྱི་ནད་ཡམས་ལུས་ཀྱི་རྩ་མདུད་ཀུན་ཏུ་འགོས་ཤིང་ཁྱབ་པའི་ས་གནས་ཀྱི་དབང་འཛིན་ཁ་ཅིག་གིས། ལྷ་རྗེ་ལཱི་ལགས་ལ་སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་བརྒྱབ། དེའི་མཐའ་འབྲས་སུ། རྒྱལ་ཁབ་གཅིག་དང་། འཛམ་བུ་གླིང་གི་མི་རྣམས་ཀྱིས་ནད་ཡམས་སྔོན་འགོག་གི་ཁ་ཐུམ་བརྒྱག་དགོས་པའི་ཉེན་ཁར་ཐུག་པ་རེད།

སྐྱོ་གར་འདིའི་འབྱུང་རྩ་དངོས་ནི། “ཁ་འཁྲུག”སྨྲ་མཁན་དུ་བསྙད་བཏགས་པའི། ལྷ་རྗེ་ལཱི་ཝན་ལིང་ལགས་དང་བཅས་པའི་སད་མི་བརྒྱད་པོ་མ་ཡིན་པར། སད་མི་བརྒྱད་པོར་མ་ཉེས་ཁ་ཡོག་གི་ཞྭ་མོ་བསྐོན་མཁན། དབང་ཤེད་ལྕགས་ཀྱི་ཁ་ཐུམ་ཐོགས་མཁན་གྱི་ས་གནས་དབང་འཛིན་པ་དེ་དག་གོ། མིའི་རིགས་ཀྱི་བྱུང་རབས་སུ། བསམ་བཞིན་དང་བསམ་བཞིན་མ་ཡིན་པར། བདེན་གཏམ་དང་ཁ་འཁྲུག་གོ་འཁྲུག་པ་དང་།བདེན་གཏམ་དང་ཁ་འཁྲུག་གོ་བརྗེས་པའི་སྐྱོ་གར་ནི་མི་ཉུང་ངོ་།། ད་རེས། ཡུལ་ཁམས་ནད་ཡམས་ཀྱིས་མནར་པའི་སྐྱོ་གར་དང་། ལྷ་རྗེ་ལཱི་ཝན་ལིང་སྐུ་འདས་པའི་སྐྱོ་གར་གང་ཡིན་ཡང་། ཉེས་ཀུན་རྩ་བ་ནི “ཁ་འཁྲུག”བཤད་མཁན་དག་མ་ཡིན་པར། “ཁ་འཁྲུག”འགོག་མཁན་གྱི་ཁ་རྗེ་དབང་ཐང་ཅན་དག་གོ།

མདོར་ན། མིའིི་རིགས་ཀྱིས་ནད་ཡམས་སྔོན་འགོག་གི་ཁ་ཐུམ་བརྒྱག་མི་དགོས་པ་ཞིག་འབྱུང་དགོས་ན། ཟ་འདོད་ཀྱི་ཁ་ལ་ཚོད་འཛིན་བྱ་རྒྱུ་དེའོ།།

མདོར་ན། འགྲོ་བ་མི་རིགས་ཀྱིས་སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་བརྒྱག་མི་དགོས་པ་ཞིག་འབྱུང་དགོས་ན། སྨྲ་འདོད་ཀྱི་ཁ་ལ་ཚོད་མི་འཛིན་པ་དེའོ།།

མདོར་ན། ང་ཚོས་ལྷ་རྗེ་ལཱི་ཝན་ལིང་ལགས་ཀྱི་དྲིན་དྲན་ཞིང་། ཁོང་གི་མཛད་པ་རྗེས་སུ་དྲན་པར་བྱ་ན། གནད་འགག་འདིར། ནད་ཡམས་སྔོན་འགོག་གི་ཁ་ཐུམ་བརྒྱབ་སྟེ། རང་རང་གི་གཅེས་པའི་ཚེ་སྲོག་ལ་གཅེས་ཤེས་རྒྱུ་དེའོ།།

མདོར་ན། ང་ཚོས་ལྷ་རྗེ་ལཱི་ཝན་ལིང་ལགས་ཀྱི་དྲིན་དྲན་ཞིང་། ཁོང་གི་མཛད་པ་རྗེས་སུ་དྲན་པར་བྱ་ན། གནད་འགག་གི་སྐབས་སུ། སྨྲ་བརྗོད་སྔོན་འགོག་གི་ཁ་ཐུམ་འཕུད་དེ། རང་གཞན་གྱི་དོན་དག་བཤད་སྤོབས་པ་དེའོ། །


0

2 Responses to “ཁ་འཁྲུག”དང “ཁ་ཐུམ།”___ ཐེའུ་རང་།

  1. བདེན་འཚོལ། ལགས་ཀྱིས:

    ཁྱོད་ཀྱི་ཚིག་གིས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ང་ཡི་ཡིད་སེམས་ཅིག་ཅར་དུ་བཀུག་འགྲོ། དོན་ནི་དེ་ལས་ཀྱང་མ་འདས་སོ།།

  2. སྙུང་བུ། ལགས་ཀྱིས:

    ལྷ་རྗེ་ལཱི་ལགས་དཔའ་བོ་བཅའ་འདོད་པ་མིན་པར། གཟབ་གཟབ་མ་བྱས་པར་གཡོ་མེད་ཀྱི་བདེན་གཏམ་ཞིག་སྨྲས་པ་ཙམ་མོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།