སྐྱེས་བུ་ཞིག་དྲན་ཚུལ།__སྐྱེས་སར་འཕྲིན་ལས།

28657



                                                         
                             གཅིག །

       མདང་དགོང་སྐྱེས་བུ་ཁྲི་སྟོང་མང་པོ་ཞིག་གིས་མིག་མཐར་མཆི་མ་བསྐྱིལ། ངག་ནས་སྨོན་ལམ་བཏབ། ཡིད་ནས་གསོལ་བ་བཏབ་སྟེ་ཝུའུ་ཧན་ལྟེ་གནས་སྨན་ཁང(武汉中心医院)གི་ཐོག་བརྩེགས་གཉིས་པའི་ནད་ཁང་ནང་གི་གནས་ཚུལ་ལ་ཉན་པ་རེད། ནད་ཁང་དེར་སྨན་པ་ལི་ཝུན་ལིའང(李文亮)ལགས་མྱུར་སྐྱོབ་བྱེད་བཞིན་པའི་གནས་ཚུལ་ལ་ཉན་པ་རེད།
       མྱུར་སྐྱོབ་སྨན་ཁང་གི་སྒོ་དྲུང་ན་ཁོང་གི་སློབ་གྲོགས་གཉིས་འགྲེང་ཡོད་ལ།  ནད་ཁང་དེའི་ཡང་ཐོག་ན་རིམས་ནད་ཀྱིས་བཟུང་བའི་ཁོང་གི་ཕ་མ་གཉིས་ཉལ་ཡོད། ད་དུང་ཐག་རིང་ཐག་རིང་ཞིག་ན་མངལ་སྦྲུམ་པའི་ཁོང་གི་སྐུ་ལྕམ་གྱིས་ཀྱང་ལག་ཏུ་ཁ་པར་བསྡམས་ནས་སྒུག་ཡོད་ཨང་།
     སློབ་གྲོགས་ཀྱིས་བཤད་ན། ཉིན་བཅུ་གྲངས་ཤིག་གི་རིང་ལ་ཁོང་ནི་དབུགས་གཏོང་ལེན་ལ་རམ་འདེགས་བྱེད་པའི་འཕྲུལ་ཆས་དང་ཁ་མ་བྲལ་ཟེར། གསར་འགོད་པས། ཁོང་ལ་འཕྲུལ་ཆས་བཀོལ་དགོས་པའི་ཚད་དུ་སླེབས་ཡོད་དམ་ཞེས་དྲིས་དུས། སློབ་གྲོགས་དེས། “སྔོན་མ་ཞིག་ནས་བཀོལ་ཡོད་ན་འགྲིག་ཨང་”ཞེས་བཤད་སོང་།
     མཚན་གུང་ཆུ་ཚོད3སྐར་མ45སྟེང་། སྨན་པ་ཁོང་མི་ཡུལ་འདི་དང་གཏན་དུ་གྱེས་པའི་གཏམ་སྙིང་ལ་གཟན་པ་དེ་སྨན་ཞབས་པ་རྣམས་ཀྱི་ངུ་ངག་དང་འགྲོགས་ནས་ཡོངས་སུ་བསྒྲགས། ཁོང་མྱུར་སྐྱོབ་གནང་མཁན་གྱི་སྨན་པ་ཝུའུ་ཡན(吴岩)ལགས་ཀྱིས་གསུང་ན། སྨན་པ་ལི་ལགས་ཀྱི་སྙིང་གི་འཕར་འཚམས་དེའི་སྔོན་ནས་བཞག་ཟིན་ན་ཡང་། ང་ཚོས་འཕྲུལ་ཆས་སྣ་ཚོགས་བཀོལ་ཏེ་སྐྱོབ་ཨེ་ཐུབ་ཀྱི་རེ་བ་བཟུང་བ་ཡིན་ཟེར། ཝུའུ་ཡན་ལགས་ཀྱིས“ངས་ཉམས་མྱོང་ལས་ཁོང་སྐྱོབ་མི་ཐུབ་པ་གསལ་བོར་ཤེས་རུང་། ངོ་མཚར་བའི་གནས་ཚུལ་རེའང་འབྱུང་མི་སྲིད་དམ་སྙམ་པའི་རེ་བ་ཞིག་སེམས་ནས་ཡལ་ཐབས་མ་བྱུང་”ཟེར།
      རེད་ཡ། ང་ཚོ་སུ་ཡིན་རུང་དཀའ་སྡུག་དང་ཕྲད་པའི་སྐབས་སུ“ངོ་མཚར་གནས་ཚུལ”རེ་བྱུང་ན་སྙམ་དུ་དྲན་རྒྱུར་དགའ་རུང་། གདུག་རྩུབ་ཆེ་བའི་འཇིག་རྟེན་འདི་ན“ངོ་མཚར་གནས་ཚུལ”དེ་འདྲའི་མང་པོ་ཞིག་ག་ལ་ཡོད།
      གང་ལྟར་ཁོང་དེ་ལྟར་བཞུད་སོང་། ཁོང་བཞུད་ཁར་རིམས་ནད་ཀྱིས་བཟུང་བའི་བརྩེ་ལྡན་ཕ་མ་གཉིས་ལ་ཕྱིར་མིག་ཅིག་ཤོར་ཡོད་དམ། ཁོང་བཞུད་ཁར་ད་དུང་མངལ་ན་གཉིད་པའི་རང་གི་གཅེས་ཕྲུག་ལ་མིང་ཞིག་དྲན་ཡོད་དམ། ཁོང་བཞུད་ཁར་ཐག་རིང་ཐག་རིང་ན་ངུ་བའི་སྙིང་གི་ཆུང་མ་ལ་སེམས་གསོ་ཞིག་བསྐུར་ཡོད་དམ།
     གང་ལྟར་ཁོང་དེ་ལྟར་བཞུད་སོང་། ང་ཚོར་གལ་ཏེ་ཟེར་བའི་དྲི་བ་མང་པོ་ཞིག་བཞག་ནས་བཞུད་སོང་། གལ་ཏེ་ཟླ1ཚེས10ཉིན་ཁོང་ལ་ནད་རྟགས་ཐོན་པ་དང་མཉམ་དུ་ནད་ཐག་བཅད་ནས་ལམ་སེང་སྨན་བཅོས་བྱས་ཡོད་ན། གལ་ཏེ་ཟླ12ཚེས30ཉིན་ཁོང་གིས་སྤེལ་བའི་ཉེན་བརྡ་ལ་གཞུང་གིས་གཙིགས་ཆེན་དང་དོ་སྣང་བྱས་ཡོད་ན། གལ་ཏེ….གལ་ཏེ……

                       གཉིས།

        ཕྱི་ལོ2019ལོའི་ཕྱི12ཚེས30ཕྱི་དྲོར། ཁོང་གིས་སློབ་གྲོགས་སྐད་ཚོམས་སུ“ཧྭ་ནན་མཚོ་ཟས་ཚོང་ཁྲོམ་དུ་SARSའགོས་པའི་ནད་པ་བདུན་བྱུང་ཡོད་ལ། དེ་དག་ངེད་སྨན་ཁང་གི་མྱུར་སྐྱོབ་སྡེ་ཁག་ཏུ་ལོགས་སུ་བཀར་འདུག”ཅེས་པའི་བརྡ་བཏང་འདུག  ། དེ་ནས་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་སླར་ཡང“ཁོ་ཚོར་ཏོག་དབྱིབས་ནད་དུག་འགོས་པ་ཐག་བཅད་ཚར། ད་ནད་དུག་གི་རིགས་ངོས་འཛིན་བྱེད་བཞིན་འདུག །  རང་རང་གི་ནང་མི་ཉེ་འབྲེལ་ལ་གཟབ་གཟབ་བྱེད་རྒྱུར་སྐུལ་རོགས”ཞེས་སྤེལ།
     ཁོང་གིས་ཉེན་བརྡ་དེའི་དབང་གིས་སྨན་པ་མང་པོ་ཞིག་གིས་ཁ་ཤུབ་སོགས་རིམས་འགོག་གི་ཡོ་བྱད་སྔ་མོ་ནས་གསོག་འཇོག་བྱས་པས། དུས་ཕྱིས་ནད་ཡམས་འགོས་ཁྱབ་ཆེན་པོ་སོང་སྟེ། རིམས་འགོག་ཡོ་བྱད་ཧ་ཅང་དཀོན་པའི་སྐབས་སུ་སྨན་པ་མང་པོར་རང་ས་ནས་བསགས་པའི་འགོག་སྲུང་ཡོ་བྱད་དག་གིས་ཕན་ཆེན་པོ་ཐོགས་ཡོད་སྐད་འདུག   །   ཁོང་ལ“དཀྲོག་གཏམ”སྤེལ་བའི་ཉེས་མིང་གི་ཐོག་ནས“གོ་བརྡ”སྤྲད་རྗེས། སྨན་པ་མང་པོས་ནད་ཡམས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཞིང་དོ་སྣང་བྱས།  ལྷག་ཏུ་ཡང་སྨན་པ་ན་ཆུང་ཚོས་ཕན་ཚུན་ལ་གཟབ་གཟབ་དགོས་པའི་སྐུལ་མ་གཅིག་ལ་གཅིག་བརྒྱུད་དུ་སྤེལ་ཡོད་པས། ཁོང་གི་སློབ་གྲོགས་ཤིག་གིས་བཤད་པ་ལྟར“ཁོང་གིས་དངོས་གནས་མི་མང་པོ་ཞིག་བསྐྱབས་ཡོད”འདུག་གོ   ། 
     སྨན་པ་ཝུའུ་ཡན་(吴岩)ལགས་ཀྱིས“ངས་དེ་སྔ་ཁོང་ངོ་མི་ཤེས་རུང་ཁོང་གི་སྙིང་སྟོབས་ལ་ཡི་རངས་ཆེན་པོ་ཡོད།” “ངས་ཧ་གོ་བ་ནི། ཁོང་གིས་སྐད་ཆ་བདེན་པ་ཞིག་བཤད་པ་རེད། ཀུན་གྱིས་བཤད་མི་ཕོད་པའི་སྐད་ཆ་ཞིག་བཤད་པ་རེད། དེའི་དབང་གིས་ལུགས་དང་མི་མཐུན་པའི་ཆད་པ་ཞིག་ཁུར་ཏེ་ལུས་སེམས་གཉིས་ཀར་རྨ་ཁ་བཟོས་ཡོད”ཅེས་གསུངས་པ་ལྟར་རེད།
       གཏམ་གང་ཡིན་རུང་བཤད་ཉན་དང་མི་ཉན། བཤད་རན་དང་མི་རན་ཧ་ཅང་གཟབ་དགོས་པའི་ཁོར་ཡུག་ཅིག་ཏུ།  ཉེན་ཁ་དང་བླངས་ཀྱིས་སྐད་ཆ་བདེན་པ་ཞིག་བཤད་རྒྱུར་སྙིང་སྟོབས་ཆེན་པོ་དགོས་པས། མི་ཕལ་མོ་ཆེ་ཞིག་ཁུ་སིམ་མེར་སྡོད་པར་ཡང་ཁག་ཅི་ཡོད། འོན་ཀྱང་། འཇིག་རྟེན་འདི་ན་གནད་དོན་གལ་ཆེན་དང་འཕྲད་དུས་རང་གི་བདེ་སྡུག་བརྗེད་འགྲོ་བའི“གླེན་པ”སྐོར་ཞིག་ཀྱང་ཡོད་ལ། “གླེན་པ”དེ་དག་གི་བློ་ངོར་མིའི་ཚེ་སྲོག་ལས་གལ་ཆེ་བ་འགའ་ཡང་མེད་པས། གཞན་ཐམས་ཅད་རེ་ཞིག་བཏང་སྙོམས་སུ་བཞག་ཆོག་པར་མ་ཟད།  ཚེ་སྲོག་སྐྱོབ་པའི་སྐད་ཆ་བདེན་པ་སྨྲ་རྒྱུ་ནི་རང་གི་སྐྱིད་སྡུག་ལས་ཀྱང་གལ་ཆེན་ཏུ་འཛིན་པ་ཡིན་འདུག   ། 
      སྨན་པ་ལི་ལགས་ཀྱིས“བདེ་ཐང་གི་སྤྱི་ཚོགས་ཤིག་ཏུ་སྐད་སྒྲ་སྣ་གཅིག་ལས་མེད་ན་རྩ་བ་ནས་མི་འགྲིག”ཟེར། ཡང་ཁོང་གིས“ངའི་ནད་དྲག་སོང་ན་སླར་ཡང་རིམས་འགོག་གི་ལས་དངོས་ལ་འཇུག་རྒྱུ་ཡིན། རིམས་ནད་ད་དུང་འགོས་ཁྱབ་འགྲོ་བཞིན་པ་ཡིན་ཙང་། འབྲོས་དམག་བྱེད་མི་འདོད”ཟེར། ཡིད་སེམས་བསྒུལ་བའི་སྐད་ཆ་འདི་དག་ལ་ཉན་ན། སྨན་པ་ཁོང་ཡང་གལ་ལ་ཐུག་དུས་རང་དོན་བརྗེད་འགྲོ་བའི“གླེན་པ”ཞིག་ཏུ་ངེས་པས།  ཁོང་ལ་མཚོན་ན་མི་མང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་འབྲེལ་བའི“དཀྲོག་གཏམ”དེ་སྤེལ་དང་མི་སྤེལ། སྤེལ་ན་འགྲིག་དང་མི་འགྲིག་ནི་མ་གཞི་ནས་འདང་རྒྱག་དགོས་པའི་གནད་དོན་ཞིག་རྩ་བ་ནས་མིན་ཡང་སྲིད་དོ། །

གསུམ།

       དེ་རིང་དྲ་བའི་ཕྱི་ནང་གསང་གསུམ་ན་ཁོང་ལ་དཔའ་བོ་ཞེས་འབོད་ཀྱིན་འདུག ། འོན་ཀྱང་།  ཞིབ་ཏུ་བསམ་ན། དཔའ་བོའི་བྱུང་བ་ནི་དཀའ་སྡུག་དང་མིག་ཆུས་བྲིས་པའི་ལོ་རྒྱུས་འབའ་ཞིག་ཡིན་དུས། དཔའ་བོ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱང་ཇི་འདྲའི་འཁྱག་པ་ཞིག་རེད་ཨང་།
     གལ་ཏེ་སྤྱི་ཚོགས་ཤིག་ཏུ་སྐད་ཆའི་བདེན་རྫུན་ནི་ཉན་པོ་དག་གིས་ཤེས་རབ་ཀྱིས་འབྱེད་པ་ལས་གཞན་དུ། སྐད་ཆའི“དག་རྫུན”ཤན་བྱས་ཏེ་ཆད་པ་གཅོད་མཁན་ཞིག་མེད་ན། གལ་ཏེ་སྤྱི་ཚོགས་ཤིག་ཏུ་སྤྱི་བ་དང་འབྲེལ་བའི་གནད་དོན་མཐའ་དག་ཕྱི་གསལ་ནང་གསལ་ཡིན་པ་ལས། སྦས་རྒྱུ་ཞིག་དང་བསྒྲགས་རྒྱུ་ཞིག་སོ་སོར་མེད་པ་ཡིན་ན། གལ་ཏེ་སྤྱི་ཚོགས་ཤིག་ཏུ་ཉམ་ཆུང་དག་གིས་ཅི་བྱས་ལ་རང་འགན་འཁུར་དགོས་པ་བཞིན་དུ།  མངའ་ཐང་དང་དབང་ཤུགས་ཅན་དག་གིས་ཀྱང་སོ་སོའི་བྱས་ཉེས་ལ་ངེས་པ་དོན་གྱིས་འགན་འཁུར་དགོས་ན། གལ་ཏེ་སྤྱི་ཚོགས་ཤིག་ཏུ་མིག་ལ་སྒྲིབ་གཡོག་མེད། གཏམ་ལ་སྒོ་ལྕགས་མེད་པ་ཡིན་ན། སྐད་ཆ་བདེན་པ་བཤད་པའི་དཔའ་བོ་ཁོང་དང་ཁོང་ལྟ་བུ་དག་འབྱུང་དགོས་དོན་མེད་ལ། ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་སྙིང་ཉེ་བ་དག་གི་སྟེང་དུ་བྱུང་བའི་སྐྱོ་གར་དག་ཀྱང་འབྱུང་ག་ལ་དགོས།
      དེས་ན་དཔའ་བོ་ལ་རྗེས་དྲན་ཞུ་རྒྱུ་གལ་ལོས་ཆེ་མོད། དཔའ་བོ་མི་དགོས་པའི་ཁོར་ཡུག་ཅིག་ཡོད་རྒྱུ་ནི་དེ་ལས་ཀྱང་ཆེན་པོ་ཡིན་པས། རང་ཅག་གིས་ཀྱང་དཔའ་བོ་མི་དགོས་པའི་ཁོར་ཡུག་གི་མཛེས་པ་ཤེས་ཤིང་། སྨྲ་བརྗོད་ཀྱི་ནུས་པ་དང་རིན་ཐང་རྟོགས་ཐུབ་ན་ཅི་མ་རུང་།
     མཐར་སྨན་པ་ལི་ལགས་ཀྱི་ཕ་མ་གཉིས་ཀྱིས་མཚོན་རིམས་ནད་འདིས་གཟིར་བཞིན་པའི་སྐྱེས་བུ་ཡོད་ཚད་ནད་ངན་འདི་ལས་མྱུར་དུ་ཐར་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས་སོ། །


                                                2020.2.7ཉིན།

གྲོགས་པོ་ཚོ།
དེ་རིང་ནས་ཁྱེད་ཚོས་ང་ལ་འབྲེལ་བ་གཏོང་ས་མི་རྙེད་དེ།
ང་ནི་འཛམ་གླིང་འདི་སྐྱོབ་ཏུ་འགྲོ་དགོས་སོ། །

—ལི་ཝུན་ལིའང་གི་པོད་འཕྲིན། 2012.12.21

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།