ནད་ཡམས་ཀྱི་གློག་བརྙན་གྲགས་ཅན་བཅུ།

735


སྒོ་ཡོན་གྱིས་ངོ་སྤྲོད་བྱས།

(1) ཀུན་ཁྱབ་ཡམས་ནད།


ཕྱི་མིང་། Pandemic: How to Prevent an Outbreak
བོད་མིང་། ཀུན་ཁྱབ་ཡམས་ནད།
རྒྱ་མིང་། 流行病:如何预防流感大爆发
འགྲེམས་སྤེལ། 2020-01-22
འཁྲབ་ཁྲིད་པ། Doug Shultz
འཁྲབ་གཙོ་པ། Syra Madadསོགས།
རྒྱལ་ཁབ། ཨ་རི།
སྐད། ཨིན་སྐད།
རིགས། དངོས་ཟིན།

ནང་དོན་གནད་བསྡུས།


    སྤྱི་ཚོགས་སུ་བཀྲམས་ཏེ་གཟའ་འཁོར་གཅིག་ལྷག་ལས་འགོར་མེད་པའི་དངོས་ཟིན་གློག་བརྙན«ཀུན་ཁྱབ་ཡམས་ནད»ཅེས་བྱ་བ་འདི་ནི།  རབ་བྱེད་དྲུག་གི་བདག་ཉིད་ཅན་ཞིག་ཡིན་པ་དང་། རབ་བྱེད་རེ་རེ་ལའང་བརྗོད་བྱ་མི་འདྲ་བའི་ལེའུ་དྲུག་ཙམ་གྱིས་གྲུབ་ཡོད་པ་རེད། 

དེ་ཡང་དངོས་ཟིན་འདིར་འགྲོ་བ་མིའི་ནད་ཡམས་འགོག་རྒོལ་གྱི་ཁྲོད་དུ་སྤོབས་པ་ཆེན་པོས་གདོང་མཆོང་བྱེད་བཞིན་པའི་ཨ་རི་དང་རྒྱ་གར། ཝེད་ནམ་སོགས་ཀྱི་ལྷ་རྗེ་དང་ཚན་རིག་མཁན། དེ་བཞིན་པེལ་ཀེ་ཊི(Bill Gates)སོགས་མི་སྣ་ཁ་ཅིག་གི་བླ་མེད་ཀྱི་དཔའ་མཛངས་རྟུལ་ཕོད་དང་ཁྱད་འཕགས་ཀྱི་ཕུགས་འདུན་མཛད་རྗེས་བརྒྱུད། ནད་ཡམས་གསར་རྙིང་མང་པོའི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་གནས་ཚུལ་ཇི་བཞིན་ཕབ་ཡོད་པར་མ་ཟད།  ཐབས་དང་རྟེན་འབྲེལ་གང་ལ་བརྟེན་ནས་འགྲོ་བ་མིའི་ནད་ཡམས་ཀྱི་སྡུག་བསྔལ་མི་བཟོད་པ་སྔོན་འགོག་དང་ལམ་དུ་འཁྱེར་ཚུལ་ཡང་གསལ་བ་སྟེ། དངོས་ཟིན་འདི་ཉིད་ནི་ཨ་རིའི་རྩོམ་མཁན་ནེ་ཊན•ཝོལ་ཧྥེ(NathanWolfe)ལགས་ཀྱིས་མཛད་པའི«ནད་དུག་དྲག་རྒོལ»(The Viral Storm)ཞེས་པའི་དེབ་ལས་ཀྱང་ཁ་གསལ་གོ་བདེར་འདུག་པས།  ད་ལྟའི་དུས་འདིར་རང་ཅག་གིས་མ་བལྟས་ཐབས་མེད་དུ་སེམས་སོ། །


(2)འགོས་ནད་དྲག་པོ།


ཕྱི་མིང་། Contagion
བོད་མིང་། འགོས་ནད་དྲག་པོ།
རྒྱ་མིང་། 传染病(སྐམ་ས།) 世纪战疫(ཧོང་ཀོང་།) 全境扩散(ཐའེ་ཝན།)
འགྲེམས་སྤེལ། 2011-09-09
འཁྲབ་ཁྲིད་པ། Steven Soderbergh
འཁྲབ་གཙོ་པ། Marion Cotillardསོགས།
རྒྱལ་ཁབ། ཨ་རི། ཨ་རབ།
སྐད། ཨིན་སྐད། རྒྱ་སྐད།
རིགས། ཚན་རྟོག འཇིགས་སྣང་། གོད་ཆག

ནང་དོན་གནད་བསྡུས།


    ཨ་རིའི་ཨ་ཅག་འཇོན་པོ་ཞིག་བྱ་གཞག་གང་ཞིག་སྒྲུབ་པའི་སླད་དུ་ཧོང་ཀོང་དུ་ཕྱིན་ཏེ།  སླར་རང་ཡུལ་དུ་འབྱོར་མ་ཐག  རང་ཉིད་ཀྱི་ལུས་ཁམས་ལ་ཟུག་གཟེར་བྱུང་ཞིང་། མི་རིང་བར་ཚེ་ཡི་དུས་བྱས་པར་གྱུར།  རིམ་པ་བཞིན་དེ་ལྟ་བུའི་ནད་ཅིག་ལོན་ཌོན་དང་ཕ་རི་སི། ཐོ་ཁྱོ་སོགས་འཛམ་གླིང་གི་གྲོང་ཁྱེར་རྩེ་གྲ་རྣམས་སུ་བྱུང་བ་སྟེ། ཐོག་མར་གློ་ལུ་བ་དང་ཚ་བ་རྒྱས། དེའི་འཕྲོར་དྲན་པ་འཐོར་བ་དང་ཁྲག་ཕྱུང་ཞིང་། མཐར་གཅིག་ཀྱང་མ་ལུས་པར་འཆི་བདག་གི་ལག་ཏུ་ཤོར། དེ་ལྟར་སྐྱེ་བོ་གཅིག་ནས་བཅུ་དང་བཅུ་ནས་བརྒྱ།  བརྒྱ་ནས་སྟོང་སོགས་གཅིག་གིས་གཅིག་ལ་བགོས་པས། སྐྱེ་བོ་བགྲང་ཡས་པ་ནད་ཀྱི་སྡུག་བསྔལ་བར་གྱུར།

དེ་ལྟ་ན་ཡང་། མུན་རུབ་རྗེས་ཉི་མ་འཆར་ངེས་པ་ལྟར། མཐར་ནད་ཀྱི་གཉེན་པོ་རྙེད་དེ་ཟུག་རྔུའི་ཆུ་བོ་ལས་བརྒལ་ཐུབ་པར་གྱུར་པསྟེ།  འདིར༢༠༠༢ལོར་རྒྱ་ནག་ཀོང་ཏུང(广东)ནས་མཆེད་པའི“སི་ཨར་སི”(SARS)ཞེས་པའི་ནད་ཡམས་ལ་གཞི་བཅོལ་ཏེ། མཁའ་དབུགས་ཁྲོད་ནས་འགོས་མཆེད་ཀྱིས་སེམས་ཅན་གྱི་སྲོག་ལ་གཟས་པའི་ནད་ཀྱི་ཁྲག་འཐུང་སྲིན་པོ་གང་ཉིད་ལ། མཐའ་གཅིག་ཏུ་འགོག་རྒོལ་བགྱིས་པའི་གཏམ་རྒྱུད་བསྟན་ཡོད། །


(3)ཚ་བའི་ཡུལ་གྲུ།


ཕྱི་མིང་། The Hot Zone
བོད་མིང་། ཚ་བའི་ཡུལ་གྲུ།
རྒྱ་མིང་།血疫
འགྲེམས་སྤེལ། 2019-05-27
འཁྲབ་ཁྲིད་པ། Michael Uppendahl
འཁྲབ་གཙོ་པ། Julianna Marguliesསོགས།
རྒྱལ་ཁབ། ཨ་རི།
སྐད། ཨིན་སྐད།
རིགས། འཇིགས་སྣང་།

ནང་དོན་གནད་བསྡུས།


    གློག་བརྙན་འདི་ཉིད་ནི།  ཨ་རིའི་རྩོམ་མཁན་གྲགས་ཅན་རེ་ཆིར་ཕི་རི་ཊོན(RichardPreston)ལགས་ཀྱིས་མཛད་པའི“ཨེ་པོ་ལའི་ནད་དུག”(Ebola virus)དང་འབྲེལ་བའི་དེབ་ཕྲེང་གཞིར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་པ་དང་། འདི་ལ་ཁྱོན་རབ་བྱེད་དྲུག་ཡོད་པ་རེད།

    དེ་ཡང་སྤྱི་རྩིས༡༩༨༩ལོར། “ཨེ་པོ་ལའི་ནད་དུག”དེ་ཉིད་ཨ་རིའི་ཚན་རིག་དངོས་བརྟག་ཁང་ཞིག་གི་སྤྲ་ཡི་ལུས་སྟེང་ནས་རྙེད་ཀྱང་།  དུས་ཐོག་བཅོས་པའི་ཐབས་དང་རྟེན་འབྲེལ་མ་ཤར། རྗེས་སུ་ཕྱུགས་སྨན་སྐྱེས་མ་ཞིག་དང་གསང་བའི་དམག་མི་སྐོར་ཞིག་མཉམ་སྒྲིལ་གྱིས། མིའི་རིགས་ལ་ནད་ཡམས་གང་ཉིད་མཆེད་པར་སྔོན་འགོག་ལ་བརྩོན་ཀྱང་།  དེ་དག་གི་བསམ་དོན་ཡིད་བཞིན་འགྲུབ་དཀའ་ཨང་།  །


(4)ལྡོང་ནད།


ཕྱི་མིང་། Blindness
བོད་མིང་། ལྡོང་ནད།
རྒྱ་མིང་། 盲流感
འགྲེམས་སྤེལ། 2008-05-14
འཁྲབ་ཁྲིད་པ། Fernando Meirelles
འཁྲབ་གཙོ་པ། Mark Ruffaloསོགས།
རྒྱལ་ཁབ། ཁེ་ན་ཏ། བྷ་རེ་ཟེ། ཉི་ཧོང་།
སྐད། ཨིན་སྐད། ཉི་སྐད།
རིགས། གོད་ཆག འཇིགས་སྣང་།

ནང་དོན་གནད་བསྡུས།


    རླངས་འཁོར་སྐོར་བའི་ཉི་ཧོང་གི་སྟག་ཤར་ཞིག་གཞུང་ལམ་གྱི་གློག་དམར་ལྗང་གི་མཚམས་སུ་ཐོན་པ་ན། གློ་བུར་མིག་དབང་ཉམས་པའི་ནད་བྱུང་སྟེ། ཆུང་མས་མིག་ནད་ཚན་ཁག་གི་སྨན་པའི་མདུན་དུ་ཁྲིད་ཀྱང་། སྨན་པས་རྒྱུ་རྐྱེན་གསལ་པོ་རྟོགས་པར་མ་གྱུར། དེའི་ཕྱི་ཉིན། སྨན་པ་ཡང་ལོང་བར་གྱུར་པ་དང་། རིམ་བཞིན་སྨན་ཁང་གི་ནང་དུ་ཡོད་པའི་སྨན་པ་དང་ནད་པ་ཐམས་ཅད་ལོང་བར་གྱུར་ཏེ། མཐར་སྨན་པ་གང་གི་ཆུང་མ་གཅིག་པུ་མཐོང་ལྡན་གྱི་མིག་ཅན་དུ་ལུས།

    དེར་སྲིད་གཞུང་གིས་མིག་ནད་ཅན་གྱི་གང་ཟག་རྣམས་སྨྱོ་ནད་ཁང་དུ་བཅུན་ཏེ། དམག་མིར་ལྟ་སྲུང་བྱེད་དུ་བཅུག་ཀྱང་།  དུས་ཡུན་རིང་པོ་མ་འཐོག་པར་བསམ་ཡུལ་ལས་འདས་པའི་རྙོག་འཛིང་མང་པོ་བྱུང་ནས། དཔལ་ཡོན་གྱི་སྤྱི་ཚོགས་གང་ཉིད་སྐད་ཅིག་ལ་གདོལ་སྤྱོད་ཀྱི་མྱ་ངམ་ཐང་དུ་གྱུར། འོན་ཀྱང་། མུན་ནག་གི་དུས་སྐབས་མཇུག་རྫོགས་རྗེས། སླར་ཡང་འོད་སྣང་གིས་མ་རིག་པའི་མུན་པ་སེལ་བར་བསྟན་ནོ། །

(5)གློ་བུར་དུ་ལྡང་བ།


ཕྱི་མིང་། Outbreak
བོད་མིང་། གློ་བུར་དུ་ལྡང་བ།
རྒྱ་མིང་། 极度恐慌
འགྲེམས་སྤེལ། 1995-03-10
འཁྲབ་ཁྲིད་པ། Wolfgang Petersen
འཁྲབ་གཙོ་པ། Dustin Hoffmanསོགས།
རྒྱལ་ཁབ། ཨ་རི།
སྐད། ཨིན་སྐད། ཁོ་སྐད། ཧྥ་སྐད།
རིགས། འཇིགས་སྣང་། གོད་ཆག

ནང་དོན་གནད་བསྡུས།


    སྤྱི་རྩིས༡༩༦༧ལོར། ཧྥེ་གླིང་དུ་སྡོད་པའི་ཨ་རིའི་གླ་དམག་གི་དཔུང་སྡེ་ཞིག་ལ་འགོས་ནད་ཀྱིས་ཁྱབ་སྟེ།  འཆི་བའི་ཕ་རོལ་ཏུ་ལོག་པའི་དམག་མི་བགྲང་གིས་མི་ལངས་པ་བྱུང་བས། དམག་ཁོངས་སྨན་པས་འགོས་ནད་ཀྱི་ཁྲག་བླངས་འཕྲལ། དམག་སྒར་ཧྲིལ་པོ་འགད་རྫས་ཀྱིས་རྩ་གཏོར་བྱས་ཏེ། ཉེ་འཁོར་གྱི་སྤྲེའུ་ཚོགས་ཀྱང་ངུ་འབོད་ཀྱི་གཡང་སར་བསྐྱལ།

    དེའི་རྗེས་ཀྱི་ལོ་རབས་དགུ་བཅུ་པར། ཨ་རིའི་ཕོ་གསར་ཞིག་གིས་ཧྥེ་གླིང་ནས་སྤྲེའུ་ཞིག་བཟུང་སྟེ་རང་རྒྱལ་དུ་ལོག་ཅིང་།  གཞན་ལ་འཚོང་གྲབས་བྱས་མོད། རིན་གོང་འོས་འཚམས་སྟེར་མཁན་མ་བྱུང་བས་སྤྲེའུ་དེ་ཉིད་ཚེ་ཐར་ལ་བཏང་། ཡིན་ནའང་། ཡུན་རིང་མ་འགོར་བར། ཨ་རིའི་སན་ཧྥི་རན་སི་ཁོའི(San Francisco)ཡུལ་དུ་ནད་ཡམས་གསར་པ་ཞིག་མཆེད་དེ། སོ་སོའི་སྐྱེ་བོ་རྣམས་སྡོད་མི་བཟོད་པར་ཆགས་ཤིང་། དེ་ལ་བརྟེན་ནས་ལྷ་རྗེ་དང་སྲིད་གཞུང་། མི་དམངས་བཅས་ཀྱི་བར་ལ་འཇིགས་ཡེར་བའི་འགལ་འདུ་སྣ་ཚོགས་བྱུང་བ་བརྗོད་ཡོད། །


(6)ལྕགས་འབུའི་འཇིགས་པ།


ཕྱི་མིང་། Deranged ཡང་ན། 연가시
བོད་མིང་། ལྕགས་འབུའི་འཇིགས་པ།
རྒྱ་མིང་། 铁线虫入侵
འགྲེམས་སྤེལ། 2012-06-28
འཁྲབ་ཁྲིད་པ། Jeong-woo Park
འཁྲབ་གཙོ་པ། Myeong-min Kimསོགས།
རྒྱལ་ཁབ། ལྷོ་ཁོ་རེ་ཡ།
སྐད། ཁོ་སྐད།
རིགས། འཇིགས་སྣང་། གོད་ཆག

ནང་དོན་གནད་བསྡུས།


    ལྷིང་འཇགས་ཀྱི་ཞོགས་པ་ཞིག་ལ། གཙང་པོའི་འགྲམ་དུ་ཟག་ཧྲུལ་དུ་གྱུར་པའི་བེམ་པོ་འགའ་རྙེད་སོན་བྱུང་ཞིང་།  རིམ་བཞིན་རྒྱལ་ཁབ་ཀྱི་ཡུལ་གྲུ་སོ་སོའི་གཙང་འགྲམ་ནས་དེ་ལྟ་བུ་མང་པོ་མཐོང་བར་གྱུར།  དེ་ནི་གཞན་གང་ཡང་མ་ཡིན་པར།  “ལྕགས་འབུའི་ནད་དུག”ཅེས་བྱ་བ་ཞིག་མིའི་ཀླད་པར་འཛུལ་བས་ཁྲག་བཞིབ་ནས་ཤི་བར་གྱུར་ཅེས་སོ། ། འགོས་ནད་ངན་པ་དེ་ཉིད་དུས་ཐུང་ནང་མཆེད་པར་འགྱུར་བའི་གནས་ཚུལ་ཁྱབ་བརྡལ་སོང་མ་ཐག ལྷོ་ཁོ་རེ་ཡའི་སྲིད་གཞུང་དང་མི་དམངས་ཐམས་ཅད་དངངས་སྐྲག་གི་གནས་སུ་ལྷུང་སྟེ།  རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱར།

    ཉི་མ་རེ་རེ་བཞིན་འཆི་བདག་གི་དབང་དུ་གྱུར་པའི་བློ་ལྡན་མཐའ་ཡས་པ་བྱུང་བར། སྲིད་གཞུང་གིས་ནད་པ་རྣམས་ཟུར་བཀར་གྱིས་སྡོམ་གཅུན་བྱས་ཀྱང་།  དྲན་ཤེས་བག་ཡོད་བྲལ་བའི་ནད་པ་རྣམས་ནི་སུས་ཀྱང་ཚོད་འཛིན་ཐུབ་པར་མ་གྱུར། སྐབས་དེར། སྨན་རྫས་སྤྱི་གཉེར་ཁང་གི་ཕྱིར་ཚོང་པ་ཚའེ་ཧུ་ཟེར་པ་ཞིག་གིས། རང་གི་ཆུང་མ་དང་བུ་ཕྲུག་འགོས་ནད་ཀྱིས་ཟིན་པ་ཤེས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གསོ་སྨན་འཚོལ་བར་འབད་ཀྱང་།  རྐྱེན་ངན་པ་གང་གི་ལྟག་རྒྱབ་ཏུ་སྦས་པའི་རྙོག་འཛིང་ནི། ལས་སླ་མོའི་སྒོ་ནས་ཐག་ཆོད་པ་ཞིག་ལྟ་ག་ལ་འགྱུར། །


(7)ཙི་ཙིའི་དགྲ་ཤ་སློག་པ།


ཕྱི་མིང་། Ratten: sie werden dich kriegen!
བོད་མིང་། ཙི་ཙིའི་དགྲ་ཤ་སློག་པ།
རྒྱ་མིང་། 鼠疫屠城
འགྲེམས་སྤེལ། 2001-10-18
འཁྲབ་ཁྲིད་པ། Jörg Lühdorff
འཁྲབ་གཙོ་པ། Ralph Herforthསོགས།
རྒྱལ་ཁབ། ཆེ་ཁི། འཇར་མན།
སྐད། འཇར་སྐད།
རིགས། དྲག་རྩལ། འཇིགས་སྣང་། འཇིགས་སྐུལ།

ནང་དོན་གནད་བསྡུས།


   འཇར་མན་གྱི་གྲོང་ཁྱེར་ཆེན་པོ་ཧྥི་རན་ཁི་ཧྥོར་ཊི(Frankfurt)ཞེས་པར། གད་སྙིགས་ཀྱི་ཕུང་པོ་སྤུངས་པས་བྱི་རིམས་མཆེད་པར་གྱུར་ཅིང་། ཙི་ཙི(ཙི་གུའམ་བྱི་བ)རྣམས་ཁྱུ་དང་ཁྱུ་བྱས་ཏེ་གྲོང་ཁྱེར་གྱི་ཕྱི་ནང་གསང་གསུམ་དང་ཁོ་ར་ཁོར་ཡུག་ཀུན་ཏུ་འཛུལ་བས། དཔྱོད་པར་དཀའ་བའི་ནད་ཡམས་ཀྱིས་མི་རྣམས་ལ་རྡུང་རྡེག་བྱེད་པའི་འགོ་བརྩམས། 

    ཐོག་མའི་ཆར། གྲོང་ཁྱེར་གྱི་འབངས་མི་རྣམས་ལ་གནས་སྐབས་བཏུང་བའི་སྨན་ཙམ་ཐོབ་པར་གྱུར་ཀྱང་།  ནད་ཀྱི་རྩ་བ་དྲུང་ནས་གཞོམ་དགོས་ཚེ། ངེས་པར་ཤི་མ་ཐག་ཏུ་དམྱལ་བ་རྡོ་རྗེ་གདན་ལས་འགྲོ་ས་གཞན་མེད་པའི་སྡིག་ལས་ཚབས་པོ་ཆེ་ཞིག་མི་བཟོ་ག་མེད་ཆགས་ཡོད། དེ་ནི་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསྒྲལ་པ་དང་མཚུངས་སམ། ཡང་ན། ཧྥ་རན་སིའི་རྩོམ་མཁན་ཨེལ་པེར་ཊི(Albert Camus)མཆོག་གིས་མཛད་པའི«བྱི་རིམས»(La Peste)ཞེས་པའི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དང་ལས་དབང་མཐུན་ནམ། གང་ལྟར། ཙི་ཙིའི་དགྲ་ཤ་སློག་སྟངས་འདིར་གཟིགས་རྗེས།  ཁྱེད་ཀྱིས་སུ་ལ་དགྲ་ཤ་སློག་རྩིས་ཡོད་དམ། །

(8)སྙུན་གྱི་སྐྱེད་ཚལ།


ཕྱི་མིང་། Pandemic
བོད་མིང་། སྙུན་གྱི་སྐྱེད་ཚལ།
རྒྱ་མིང་། 感染列岛
འགྲེམས་སྤེལ། 2009-01-17
འཁྲབ་ཁྲིད་པ། Takahisa Zeze
འཁྲབ་གཙོ་པ། Satoshi Tsumabukiསོགས།
རྒྱལ་ཁབ། ཉི་ཧོང་།
སྐད། ཉི་སྐད།
རིགས། ཚན་རྟོག འཇིགས་སྣང་། གོད་ཆག

ནང་དོན་གནད་བསྡུས།


   ལོ་སར་ཚེས་པ་གཅིག་ལ། སྨན་པ་སུང་ཀང་ཞེས་པས་ནད་པ་ཞིག་ལ་སྨན་བཅོས་བྱེད་བཞིན་ཡོད། ནད་པར་ཚ་བ་དྲག་པོ་རྒྱས་ཤིང་། རྩ་འཁུམས་པ་དང་། ཁྲག་བསྐྱུགས་པ་སོགས་ནད་གཞི་ཚབས་ཆེན་དུ་གྱུར་ཏེ་ཚེ་ཡི་དུས་བྱས། དེ་མ་ཐག་སྨན་པའི་ཚོགས་ལ་ནད་རིམས་གང་ཉིད་ཁྱབ་ཅིང་། མུ་མཐུད་སྨན་ཁང་གི་ནད་པ་དང་འགྲོ་འོང་བྱེད་མཁན་ཀུན་ཀྱང་ནད་ལྡན་དུ་གྱུར།

    དེ་ལྟར། ནད་བདག་གི་སྟོབས་ཤུགས་ཇེ་ཆེར་གྱུར་ཏེ། མཐར་ཉི་ཧོང་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་ལོང་ལོང་དུ་བསྒྱུར་པར་མ་ཟད། རྒྱལ་ཁབ་གཞན་དུ་ཡང་མཆེད་པས་འགྲོ་བ་མི་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བར་གྱུར།  འོ་ན་འཇིགས་སུ་རུང་བའི་ནད་ཡམས་འདི་ལས་སྐྱོབ་ཐབས་ཡོད་དམ། དེ་ནི་ཁྱེད་ཀྱིས«ཉི་ཧོང་གི་དེབ་ཐེར་ཆེན་མོ»ལས་འཚོལ་རྒྱུ་མིན་པར།  གློག་བརྙན་འདི་ཉིད་ཙམ་ལ་ཞིབ་ཏུ་གཟིགས་པས་ལན་རྙེད་པར་འགྱུར་རོ། །


(9)ཡང་དག་པའི་བདེ་བ།


ཕྱི་མིང་། Perfect Sense
བོད་མིང་། ཡང་དག་པའི་བདེ་བ།
རྒྱ་མིང་། 完美感觉
འགྲེམས་སྤེལ། 2011-01-24
འཁྲབ་ཁྲིད་པ། David Mackenzie
འཁྲབ་གཙོ་པ། Ewan McGregorདངEva Green
རྒྱལ་ཁབ། ཨིན་ཇི། སི་ཝེས་ཙེར། ཏེན་མག ཨེར་ལན།
སྐད། ཨིན་སྐད།
རིགས། བརྩེ་དུང་།

ནང་དོན་གནད་བསྡུས།


   འགོས་ནད་སྨན་པ་ཨ་ཅག་སོ་སན(Susan)ཞེས་པ་ཟོང་འཁོར་ཁ་ལོ་པ་ཡིན་པའི་ནད་པ་ཡ་མཚན་ཞིག་ལ་འཕྲད་ཅིང་། དེ་ཡི་ནད་རྟགས་ནི་གང་ཞེ་ན། དབང་མེད་དུ་རྩ་འཁུམས་ཤིང་རྒྱུ་མེད་རྐྱེན་མེད་ཀྱིས་གདུང་ཡུས་ཆེན་པོས་ཤུམ་ཤུམ་ངུ་བ་དང་། དེའི་རྗེས་ནད་པའི་སྣ་ཚོར་ཡོངས་སུ་ཉམས་པའོ། ། ཉིན་གཅིག་ལྷག་གི་དུས་ཚོད་མ་ལོན་པར། ཨིན་ཇི་གཙོས་པའི་ཨི་ཐ་ལི་དང་། ཧྥ་རན་སི་སོགས་སུ་རིགས་མཚུངས་ཀྱི་ནད་པ་དུ་མ་བྱུང་བར་མ་ཟད། ཉིན་རེ་ལས་ཉིན་རེར་ཇེ་མང་གྱུར། 

    དུས་གང་གི་ཚེ་ན། ཨ་ཅག་དེ་ཉིད་ནི་གསོལ་ཁང་ཞིག་གི་ཐབ་ཀ་པ་མེ་ཁོལ(Michael)ཞེས་པ་དང་ངོ་ཤེས་པར་གྱུར་ཏེ། ངང་བ་ཆ་གཅིག་མཚོར་རྐྱལ་བ་བཞིན་བརྩེ་དུང་གི་དབྱིངས་སུ་རྩེན་པར་གྱུར་མོད། སྤྱི་ཚོགས་ཧྲིལ་པོར་འཇིགས་ཡེར་བའི་འགྱུར་ལྡོག་བྱུང་བས་ཁོ་གཉིས་ཀྱི་མཛའ་མཐུན་དང་འབྲེལ་འདྲིས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས།  དེའང་ནད་ཡམས་གསར་པ་ཞིག་གིས་མི་རྣམས་ལ་ཉེས་ཆད་བཅད་པ་སྟེ། ཐོག་མར་སེམས་ཁམས་འཁྲུགས་པ་དང་། མཐར་ཚོར་བའི་དབང་པོ་ཐམས་ཅད་ཉམས་པར་གྱུར་ཏེ།  བྱ་སྤྱོད་ཡ་མ་བརླ་སྣ་ཚོགས་འཁྲབ་པའི་དབུ་ཚུགས།


(10)བཙན་འཛུལ།


ཕྱི་མིང་། The Invasion
བོད་མིང་། བཙན་འཛུལ།
རྒྱ་མིང་། 致命拜访
འགྲེམས་སྤེལ། 2007-08-17
འཁྲབ་ཁྲིད་པ། Oliver HirschbiegelདངJames McTeigue
འཁྲབ་གཙོ་པ། Nicole KidmanདངDaniel Craig
རྒྱལ་ཁབ། ཨ་རི། ཨོ་སི་ཐྲི་ལི་ཡ།
སྐད། ཨིན་སྐད།
རིགས། ཚན་རྟོག འཇིག་སྣང་།

ནང་དོན་གནད་བསྡུས།


    རྒྱང་རིང་གི་མཁའ་དབྱིངས་ནས་སར་ལྷུང་བའི་དངོས་པོ་ཆག་རོ་ཞིག་གིས། མི་རྣམས“ནད་མེད་པའི་ནད”ཀྱི་སྣོད་ལྡན་དུ་གྱུར་པ་སྟེ། ཝེ་སོན་ཊོན་དམིགས་བསལ་ས་ཁུལ(Washington D.C)གྱི་སེམས་ཁམས་ལྷ་རྗེ་ཨ་ཅག་ཁ་རོལ(Carol)དང་མོའི་བུ་ཕྲུག་མ་གཏོགས། མཐར་ཐམས་ཅད་ཀྱང་ཚུལ་མིན“ཚུལ་ལྡན”གྱི་ནད་པར་གྱུར། ཉེ་འཁོར་གྱི་གཉེན་ཉེ་དང་གྲོགས་པོ་ཐམས་ཅད་འཇིག་རྟེན་གཅིག་གི་སྐྱེ་བོར་གྲུབ་མཐར། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཨ་ཅག་ཁ་རོལ་གྱིས་བླང་བྱ་ག་རེ་གདམ་སྲིད་དམ།

    སྐབས་དེར་ཐོན་པ་དང་། ཁྱེད་ཀྱིས་རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི«རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ»ཡི་གཏམ་རྒྱུད་ཐུང་ངུ་ཞིག་ཡིད་ལ་དྲན་པར་འགྱུར་ཏེ།  འདི་སྐད་དུ། “སྔོན་ཡུལ་ཞིག་ན་རྩིས་མཁན་ཞིག་ཡོད་པ་ལ། རྒྱལ་པོའི་དྲུང་དུ་སོང་ནས‘ད་ལྟའི་ཉིན་བདུན་པ་ལ་ཆར་པ་ཞིག་འབབ་པ་དེའི་ཆུ་ཁ་ལ་སོང་ཚད་ཀུན་སྨྱོན་པར་འགྱུར’ཞེས་སྨྲས་སོ། ། རྒྱལ་པོས་དེ་ཐོས་ནས་རང་གི་ཁྲོན་པའི་ཁ་ལེགས་པོར་གཡོགས་ནས་ཆར་པ་ནང་དུ་མི་འཆོར་བ་བྱས། འབངས་རྣམས་ཀྱིས་ནི་དེ་འདྲ་མ་ནུས་པས་ཐམས་ཅད་ཀྱི་ཁ་ལ་ཆུ་སོང་བས་ཀུན་ཀྱང་སྨྱོན་པར་སོང་། རྒྱལ་པོ་གཅིག་པུ་སེམས་རྣལ་དུ་གནས་ནས་བསྡད། དེར་ཡུལ་མི་ཀུན་ཀྱི་བསམ་ཚུལ་བརྗོད་ཚུལ་དང་། རྒྱལ་པོའི་བསམ་ཚུལ་བརྗོད་ཚུལ་མི་མཐུན་པར་སོང་བས་ཐམས་ཅད་ཀྱིས་རྒྱལ་པོ་ལ‘སྨྱོན་པ’ཞེས་སྨོད་པས། མཐར་རྒྱལ་པོ་ཡང་འུ་ཐུག་ནས་ཆུ་དེ་བཏུང་བས་ཀུན་དང་མཐུན་པར་གྱུར”(«ཀླུ་སྒྲུབ་དགོངས་རྒྱན»གྱི་ཚིག་ལྟར་དྲངས།)ཞེས་སོ། ། 

    དེ་ལྟ་མོད་ཀྱི། ཨ་ཅག་ཁ་རོལ་གྱིས་རྒྱལ་པོ་དེ་ཉིད་དང་མི་འདྲ་བའི་བགྲོད་ལམ་གཞན་ཞིག་བདམས། དེ་ནི་ཅིའི་ཕྱིར་ཡིན་ནམ།  །

                       2020/02/2ཉིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།