ད་ལྟ་འདུ་འཛོམས་ལ་མི་ཞུགས་པ་ནི་དགེ་བའོ།།

11296


རྩོམ་པ་པོ། རྔ་བ་སྐལ་བཟང་།

གཅིག

བྱུང་རབས་ལ་བལྟས་ན། ང་ཚོའི་མེས་པོ་དག་ནི་ནད་ཡམས་སྔོན་འགོག་ལ་ཤེས་རབ་ཆེ་ཞིང་སྙིང་སྟོབས་ལྡན་པ་ཞིག་ཏུ་མཐོང་སྟེ། འདི་ནས་ཡར་བརྩིས་པའི་ལོ་ངོ་གཅིག་སྟོང་ལྔ་བརྒྱའི་སྔོན་དུ། བོད་རྒྱལ་ཉེར་དགུ་པ་བཙན་པོ་འབྲོང་གཉན་ལྡེའུ་ལ་མཛེ་ནད་ཕོག་རྗེས། རྒྱལ་པོའི་བླ་སྨན་དག་གིས་ནད་དེ་འགོས་ནད་ཡིན་པར་ཞུས་པ་ན། རྒྱལ་པོའི་ཐུགས་ལ་རང་གི་འབངས་དང་གདུང་རྒྱུད་ལ་ནད་འདི་འགོས་ན་གཏན་ནས་མི་འགྲིག་པར་དགོངས་ཏེ། དེ་སྔོན་འགོག་བྱེད་ཆེད། འཁོར་ལོངས་སྤྱོད་དང་རྒྱལ་སྲིད་མངའ་ཐང་སོགས་བློས་བཏང་ནས་“གསོན་དུར”དུ་ཕེབས་ཏེ། ནད་དེ་གདུང་རབས་ཕྱི་མར་འགོ་བའི་མཚམས་བཅད་པ་ཡིན་འདུག

དེས་ན། རང་རེའི་ལོ་རྒྱུས་ཀྱི་བྱུང་བ་དེ་ལྟ་བུ་དང་། ཡུལ་གྲུ་གཞན་དུ་ནད་ཡམས་བྱུང་མྱོང་བའི་ལོ་རྒྱུས་གང་ལ་བལྟས་ཀྱང་། ནད་ཡམས་སྔོན་འགོག་གི་ཐབས་ཡག་ཤོས་ནི། རེ་ཞིག་མི་དང་མིའི་བར་གྱི་འབྲེལ་མཚམས་གཅོད་རྒྱུ་དེ་ཁོ་ན་ཡིན་འདུག ། གནའ་སྔ་མོར་ང་ཚོའི་ཕ་ཡུལ་དུ་ལྷ་འབྲུམ་གྱི་ནད་ཡམས་བྱུང་སྟེ། ཁྱིམ་ཚང་ཁྱིམ་ཚང་བྱས་ཏེ་ས་སྟོང་ལུང་སྟོང་རྣམས་སུ་བྲོས་པའི་ངག་རྒྱུན་ཡང་བགྲེས་པོ་ཚོའི་ཞལ་ནས་ཐོས་མྱོང་། ལོ་རྒྱུས་ཀྱི་བདེན་པའི་ཉམས་མྱོང་དེ་དག་ལ་བསམས་ན། རང་རེ་བོད་རིགས་སྤུན་ཟླ་ཚོས་ནི། ཡུལ་དང་དུས་ཀྱི་དབྱེ་བ་མེད་པར་ནད་ཡམས་ཀྱི་འཇིགས་པ་ནམ་བྱུང་བའི་སྐབས་སུ། རིམས་ནད་སྔོན་འགོག་བྱེད་ཆེད་དུ་རྒྱལ་སྲིད་བློས་གཏོང་གནང་མཁན་གྱི་རྒྱལ་པོ་འབྲོང་གཉན་ལྡེའུའི་སྙིང་སྟོབས་ཡིད་ལ་འཛིན་རྒྱུ་ལས་གལ་ཆེ་བ་ཅི་ཡོད།

གཉིས།

ད་རེས་ཀྱི་ཛ་དྲག་ནད་ཡམས་འདི་ལ་མཚོན་ན་ཡང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་། རྒྱ་ནག་གི་ལྷ་རྗེ་གྲགས་ཅན་ཀྲུང་ནན་ཧྲན་སོགས་ཆེད་ལས་སྨན་པ་ཚོའི་ཞལ་སྒྲོས་ལ་ཉན་ན། མིའི་རིགས་ནད་ཡམས་འདི་ལས་མྱུར་དུ་ཐར་བའི་ལམ་གཙོ་བོ་ཞིག་ནི། སྒེར་རེ་རེའི་ངོས་ནས་རེ་ཞིག་རང་ཁྱིམ་དུ་བསྡད་དེ་མི་གཞན་དང་འགྲོག་འདྲིས་མི་བྱ་བ་དེ་རང་ཡིན་འདུག ནད་ཡམས་འདི་ལ་སྦས་སྐུང་གི་དུས་ངེས་ཅན་ཞིག་ཡོད་པར་བཤད་པས། རང་གཞན་སུ་ལ་ཕོག་ཡོད་མེད་ཀྱང་ཉིན་གྲངས་བཅུ་ཁ་རེར་ཐག་མི་ཆོད་ན། དུས་སྐབས་འདི་ལྟ་བུར་མི་མང་མཉམ་འཛོམས་བྱེད་པ་ནི་གཞན་ལ་འཚེ་བའི་སྡིག་ལས་ཤིག་དང་། ནད་ཡམས་སྔོན་འགོག་ལ་བར་ཆད་ཀྱི་ལས་ཆེན་པོ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད། སྤྱིར་ན་བོད་ཀྱི་ཡུལ་གྲུ་སོ་སོ་ནས་ཡམས་ནད་འདི་ལ་དོགས་ཟོན་གང་ལེགས་གནང་གི་འདུག་ན་ཡང་། ཧང་སང་བ་ཞིག་ལ། བོད་ཀྱི་དགོན་པ་ལ་ལར་མི་སྟོང་ཕྲག་ལྷག་རེ་ཉིན་ལྟར་མཉམ་འཚོགས་བྱེད་ཀྱིན་པ་འདི་རེད།

ཛ་དྲག་གི་དུས་ཚོད་ནང་། དབང་འཛིན་ལ་ལ་ཞིག་གིས་དགེ་འདུན་སྤྱི་དང་མི་རིགས་སྤྱིའི་བདེ་སྡུག་ལ་འགན་མི་ཁུར་བའི་ལས་དེ་འདྲ་བསྒྲུབ་དགོས་དོན་ཅི་ཡིན་ཆ་མི་འཚལ་ཡང་། རིམ་གྲོ་བྱེད་པ་ཡིན་ནོ་ཟེར་ན། དེ་ལ་གྲྭ་མང་ལྷན་དུ་བསྡུ་དགོས་དོན་ལར་ནས་མེད་དེ། རང་རང་གི་བཞུགས་ཤག་ཏུ་རྗེ་བཙུན་སྒྲོལ་མའི་མཚན་བགྲངས་པ་དང་། རྒྱལ་བའི་བཀའ་རིན་པོ་ཆེ་སྒྲོག་པ་སོགས་བྱས་ན་ཤིན་ཏུ་མི་ལེགས་སམ། ཚན་རིག་མཁས་པས་རིམས་འགོག་གི་ཐབས་བསྟན་པ་ལ་ལེགས་པར་གསན་པའི་ཐོག་ཏུ། རང་རང་གི་ས་ནས་དགེ་བའི་ལས་ཅི་ནུས་རེ་སྒྲུབ་བཞིན་བཞུགས་ན། ཐབས་ཤེས་ཟུང་འབྲེལ་ཡིན་པས་ཤིན་ཏུ་ལེགས་ཀྱི། དེ་གཉིས་འགལ་བ་ལྟག་སྤྲོད་འབའ་ཞིག་ཏུ་ཁྱེར་དགོས་དོན་གང་ཡིན་ནམ། གསོ་རིག་མཁས་པ་ལ་ལས་ཝུའུ་ཧན་གྱི་མི་རྣམས་ལའང“སེམས་ལྷོད་ལྷོད་གྱིས། སེམས་ཞི་བར་གནས་ན་ནད་འགོག་མ་ལག་གསོ་བར་ཕན”ཞེས་བསླབ་བྱ་གཏོང་གི་འདུག་པས། ང་ཚོས་ཆོས་ཉམས་ལེན་བྱས་ན་ནད་ཡམས་འགོག་རྒྱུར་ཕན་པ་ནི་དེ་ཙམ་གྱི་ཐོག་ནས་ཀྱང་གསལ་པོ་རེད་སྙམ། འོན་ཀྱང་ཐལ་ཆེ་སྟེ། མཐོང་ཆོས་ཀྱི་རྒྱུ་འབྲས་ཁས་མ་བླངས་ན་ནི་ཤིན་ཏུ་གནོད་ཚབས་ཆེའོ། །

གསུམ།

བོད་ཆོས་ལྡན་གྱི་ཡུལ་དང་། བླ་མ་གྲྭ་ཚང་གི་ནང་དུ་ནད་ཡམས་འབྱུང་མི་སྲིད་པ་ལྟ་བུའི་བྱིས་བློ་ནི་འཆར་གཏན་ནས་མི་རུང་སྟེ། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དགུང་གྲངས་ཞེ་གསུམ་ཐོག་པེ་ཅིང་དུ་ནད་ཡམས་ཀྱིས་གཤེགས་པ་སོགས་ཀྱི་ལོ་རྒྱུས་མང་བར་མ་ཟད། ངེད་ཀྱི་ཕ་ཡུལ་རྔ་བ་རང་དུའང་གནའ་སྔ་མོར་འབྲུམ་ནད་དྲགས་པོས་བླ་གྲྭ་ཤིན་ཏུ་མང་པོའི་སྐུ་ཚེ་འཕྲོག་ཚུལ་ད་ལྟ་བཞུགས་པའི་རྒན་པ་འགའ་རེར་གསུང་རྒྱུ་ཡོད་མུས་རེད།
བླ་གྲྭའང་མི་ཡིན་པས། མི་དང་མིའི་བར་ནད་ཡམས་འགོ་མིན་ནི། དཀོན་མཆོག་ལ་བྱིན་རླབས་ཡོད་མེད་དང་། ཆོས་སྲུང་ལ་མཐུ་ནུས་ཆེ་ཆུང་གི་གནད་དོན་ཞིག་གཏན་ནས་མ་ཡིན་པར། ང་ཚོ་མི་རེ་རེའི་གཟུགས་པོའི་ནང་གི་ཕྲ་ཕུང་གི་གྲུབ་ཚུལ་གྱི་གནད་དོན་ཞིག་ཡིན་པ་རེད། རང་ཅག་གི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ནི། སྐྱེ་རྒ་ན་འཆིའི་རང་བཞིན་ཅན་ཞིག་ཡིན་པའི་ཆོས་ཉིད་ལ་ཡིད་ཆེས་བྱས་ཏེ། ཆོས་ཉིད་དང་འགལ་བའི་རྨོངས་དད་ལ་མི་འཇུག་པར་འཚལ། དེ་ལྟར་ཨུ་ཚུགས་ཀྱིས་ཞུགས་ན། ནམ་ཞིག་འགྱོད་པ་རྟས་མི་གོམ་པ་རེ་མི་ཡོང་བའི་ངེས་པ་མེད་དོ། །

བཞི།

སྤྱིར་ང་ཚོ་ཆོས་ལྡན་བོད་པ་ཞིག་ལ་མཚོན་ན། རྐྱེན་ངན་མ་ཡོང་གོང་ལ་གཟབ་ཤེས་པའི་རྣམ་དཔྱོད་དང་། རྐྱེན་ངན་ཐོག་ཏུ་བབས་ཚེ་ཁུར་བཟོད་པའི་སྙིང་སྟོབས་ལྡན་པ་ཞིག་དགོས་པས། ཐུགས་ལྷོད་ལྷོད་ངང་རང་སར་བཞུགས་ཏེ། འདུ་འཛོམས་མི་བྱེད་པ་དང་། གཙང་སྦྲ་བྱེད་པ་སོགས་རང་གཞན་ལ་སྨན་པའི་བཟང་སྤྱོད་ལ་གནས་རྒྱུ་ལས་གལ་ཆེ་བ་ཅི་ཡོད་ཨང་། ཕར་བལྟས་ན། རྒྱ་ཡི་ཡུལ་ལུང་ལ་ལའི་མི་ནི་རྐྱེན་ངན་ལ་ཐུག་དུས་འཇིགས་པའི་མཐར་ལྷུང་སྟེ། གཅེས་རྟེན་གྱི་ཁྱི་དང་བྱི་ལ་སོགས་ཁང་བརྩེགས་སྟེང་ནས་སར་གཡུག་བཞིན་པར་མ་ཟད། རང་དོན་ལ་ཐུག་དུས་ནང་མི་ཉེ་འབྲེལ་ཚུན་ཆད་དགྲར་འཛིན་གྱི་དྲིལ་སྒྲོག་བྱེད་ཀྱི་འདུག་སྟེ། དཔེར་ན། “འགྲུལ་བར་ཡོང་མཁན་དགྲ་བོ་ཡིན། དགྲ་བོ་ཡོང་ཚེ་སྒོ་མ་ཕྱེ”(来串门是敌人. 敌人来了不开门) ལྟ་བུ་ཟེར་གྱི་འདུག དེ་འདྲའི་ཚིག་ནི་ཤིན་ཏུ་ཐལ་མོད། རང་རེས་སྣང་མེད་ངང་ནས་མི་སྟོང་ཕྲག་ལྷན་བསྡུ་བྱེད་བཞིན་པའང་མཐའ་གཞན་ཞིག་ཏུ་ལྷུང་བར་སྙམ།

མདོར་ན། ད་རེས་ཀྱི་གནས་སྐབས་སུ། རང་ཅག་ནང་པའི་བླ་གྲྭ་ཚོའི་ངོས་ནས་རང་ཤག་ཏུ་ཞི་བར་བཞུགས་ཏེ། མི་མང་འདུ་འཛོམས་ཀྱི་གྲས་སུ་མི་ཞུགས་པ་ནི་དགེ་བ་ཆེན་པོ་ཞིག་ཡིན་པར་མ་ཟད། གཞན་ལ་མི་འཚེ་བའི་ཉམས་ལེན་དང་བཟང་པོའི་སྤྱོད་པ་ཞིག་ཡིན་ངེས་ན། འདུ་ཚོགས་བསྐོང་བ་དང་འདུ་འཛོམས་སུ་ཞུགས་པ་ནི། གཞན་ལ་གནོད་པའི་ལས་དང་མི་དགེ་བྱ་བ་ཚབས་ཆེན་ཞིག་ཡིན་པར་འདོད་ཅེས་ཞུའོ།།


                             2020/1/31/

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།