མཁར་གྱི་རྩེ་མོ། | ལྟག་ཨོ་རྒྱན་ཆོས་འཕེལ་ནས།

2249

(༡)

    བོད་ཀྱི་གནའ་སྐད་དུ་འོད་གསལ་ལྷ་ཡི་གདུང་བརྒྱུད་ཅེས་འབོད་པའི་ཚིག་ཅིག་ཡོད་པ་དེ་ནི་བོད་མིས་ཁ་བ་གངས་ཅན་པའི་རིགས་རུས་ཀྱི་ཆེ་བ་སྟོན་པ་ཞིག་ཡིན་པས། བརྗོད་དོན་ནི་མི་ཡི་རིགས་ཐོག་མ་དེ་མཐོ་ནམ་མཁའི་ཉི་མ་ལ་བརྟེན་ནས་ས་སྟེང་དུ་ཡོང་བ་བཤད། དེ་འདྲའི་བཤད་སྲོལ་ཆེན་མོའི་བདེན་དཔང་དུ་གྱུར་པ་ནི་བོད་ཀྱི་ཡུལ་ལུང་ཁག་ཏུ་ཀེ་རེར་ལངས་པའི་མཁར་རྣམས་ཡིན་པས། དེས་ན་མཁར་དང་མཁར་གྱི་རིག་གནས་ལ་ལེགས་པོར་འཇུག་ཐུབ་པ་ནི་༼འོད་གསལ་ལྷ་ཡི་གདུང་བརྒྱུད་༽ཅེས་པའི་ཚིག་དེའི་གསང་གནད་དག་སྟབས་བདེར་བཀྲོལ་ཐུབ།

    འདི་ཐོག་མར་ངེས་དགོས་པ་ཞིག་ལ་མཁར་གྱི་བསྟན་དོན་ནི་རྒྱ་ཆེ་ལ་གཏིང་ཟབ་པས། ཤིན་ཏུ་བསམ་ཡུལ་ལས་འདའ་བ་ཞིག་ཡིན། དེ་ནི་གདོད་མའི་དཔལ་ཡོན་གྱི་གྲུབ་ཆ་གནད་འགག་ཅན་༼འོད་ལམ་གྱི་རིག་པ་༽ལ་ཐུག་ཅིང་། དེའི་ཕྱིར་༼འོད་༽དང་༼འོད་ཟེར་༽གྱི་ཤེས་ཡོན་ཉིད་དེ་ཡང་དག་པ་ཞིག་མ་མཁྱེན་ན་༼མཁར་༽གྱི་དོན་སྙིང་དང་དགོས་པ་སོགས་གསལ་པོ་མི་ཤེས་ཁོ་ཐག་རེད། དེ་རིང་གུས་པས་མཁར་གྱི་རྩེ་མོའམ་ཟུར་ལྕོག་དང་འབྲེལ་བའི་སྒོ་ནས་མཁར་དང་དེའི་རིག་གཞུང་ལ་ཏོག་ཙམ་འགྲེལ་བརྗོད་ན།

    མཁར་ནི་ནམ་མཁའི་ཉི་མ་དམར་པོ་འཇིག་རྟེན་དུ་ཤར་བའི་ཤར་ལམ་གྱི་ས་བཀྲ་ལྟ་བུ་ཞིག་ཡིན་པས། འདིས་ཉི་མའི་འོད་ཟེར་འཇིག་རྟེན་དུ་ཁྱབ་ལུགས་དང་འོད་ལམ་གྱི་འགྲོས་བཟང་པོ་ཕྱོགས་སུ་ཤར་ལུགས་མངོན་པ་མ་ཚད། འོད་དགུའི་དཀྱིལ་འཁོར་དེ་ཡང་འཇིག་རྟེན་དུ་གསལ་ལྷང་ངེར་བསྟན་ཞིང་། ཁྱད་པར་དུ་འོད་ཀྱི་ལམ་ཀ་བཅད་ལུགས་དང་འགྲོ་ལུགས་དེ་གསལ་པོར་བཟོས་ཡོད། དེར་བརྟེན། གནའ་དུས་སུ་༼མཁར་༽ཞེ་ན་འོད་དང་འོད་ཟེར་ལ་འཇུག་པའི་ཐེམ་སྐས་ཉག་གཅིག་དེའོ།།

    བོད་ཀྱི་མཁར་ལ་སྒོར་གཟུགས་ཅན་ནས་གྲུ་བཞི་ཅན་དང་། ཟུར་བརྒྱད་དང་དགུ་སོགས་རྣམ་པ་དང་གྲངས་ཀ་མ་ངེས་པ་ཅི་རིགས་ཡོད་མོད་ཀྱང་། མཁར་གྱི་གཙོ་བོ་ནི་གྲུ་བཞི་ལ་རྩེ་མོའི་ཟུར་ལྕོག་བཞི་ཡོད་པ་དེ་ཡིན། ཡང་སྐབས་རེར་མཁར་གྲུ་བཞི་ཅན་ལ་ལྕོག་བརྒྱད་བརྩེགས་པ་ཡོད་རུང་དེ་ནི་དམིགས་བསལ་གྱི་འོད་ལམ་བསྟན་པ་ཙམ་ལས་རྩ་བའི་ཆ་མས་མ་ཡིན་ནོ།། འདི་མཁར་ལས་འོད་ལམ་དམར་རྗེན་དུ་འཆར་བ་ནི་གདོད་མའི་གསང་བ་ཧ་ལས་པ་ཤིག་སྟེ། དོན་ནི་སྣོད་བཅུད་གྲུབ་པའི་༼དུས་༽དང་༼དུས་ཚོད་༽ཅེས་པའི་ཆ་ལ་ཞིབ་ཏུ་འཇུག་པ་ཡིན་པས། རྒྱུན་དུ་ཐོས་བཞིན་པའི་འཆི་མེད་ཚེ་ཡི་དངོས་གྲུབ་ཞེས་པའང་མཁར་དང་དེའི་འོད་ལམ་ལ་བརྟེན་ནས་བྱུང་། དེས་ན་མཁར་འདི་སྐབས་རེར་རྗེ་བོའི་བཞུགས་ཁང་། སྐབས་རེར་མཆོད་ཁང་། སྐབས་རེར་རྒོལ་བ་བཟློག་པའི་ཆེད་དུའོ།། དེ་བཞིན་དུ་དགོས་པ་མི་མཐུན་པའི་རྐྱེན་ནས་སྐབས་རེར་རྗེ་བོ་ཆེན་པོ་རང་ཉིད་མཁར་ནང་བཞུགས་པ་དང་། ཡང་ན་མཁར་རུ་མཆོད་འབུལ་བྱེད་པ། ཡང་ན་མཁར་རུ་ནམ་མཁའི་སྐར་ཚོགས་ལ་བརྟགས་པ། ཡང་ན་མཁར་དུ་མེ་ཆེན་སྤར་བ། ཡང་ན་དགྲ་བོ་རྣམས་རྒོལ་བའོ།།

    གངས་ཅན་པས་གནའ་བོའི་དུས་ནས་འོད་དང་འོད་ལམ་རིག་པ་ཞེས་པ་དེ་འཇིག་རྟེན་དུ་འགྲེལ་བའི་ཕྱིར། བཟོ་བཀོད་ཕྱོགས་སུ་དབྱིབས་རྩིས་རིག་པ་བེད་སྤྱོད་དེ་མཁར་ཉིད་ལ་ངོ་མཚར་བའི་ནུས་པ་ལྡན་པའི་བྱིན་རླབས་སྟེར་བས། འདི་རིག་ལམ་སྤྱི་ཡི་ཆ་ནས་མཁར་འདི་གནམ་ས་ཁ་སྤྲོད་ཀྱི་སྦྱོར་སྟངས་བྱས། བྱེ་བྲག་གི་ཆ་ནས་མཁར་གྱི་རྩེ་མོ་དང་རྨང་གདན་བར་དུ་ས་ལམ་རིམ་པ་དགུ་བཅད་དེ། རྩེ་མོའི་ཟུར་ལྕོག་ནས་གཙོས་པའི་འོད་ལམ་ཁྲ་མོའི་དཀྱིལ་འཁོར་ཞིག་མཁར་དང་དེའི་རྩེ་མོ་ནས་ཡོངས་སུ་གྲུབ་པའོ།།

    དེང་གི་མི་རྣམས་ཀྱི་ངོས་ནས་བཤད་ན་མཁར་ནི་༼མཁར་རོ༽རེད། མཁར་དེ་གྱང་གོག་ཙམ་མས་གཞན་གྱི་ནུས་པ་མེད་པ་ཡིན། དེ་ཡི་རྒྱུ་མཚན་ནི་ང་ཚོ་མཁར་དང་དེའི་འོད་ལམ་གྱི་རིག་པ་དང་ཁ་ཐག་ཇེ་རིང་དུ་ཕྱིན་ཟིན་པའི་རྐྱེན་གྱིས་སོ།། གལ་ཏེ། མཁར་དེ་རྒྱུ་སྐར་དང་ཉི་མ་དང་། འོད་ཟེར་དང་མེ་དང་། ཨ་མྱེའི་མན་ངག་དང་བསྟུན་ཤེས་ན་མཁར་ནི་ཚེ་ཡི་དངོས་གྲུབ་རྙེད་པའི་འཕྲུལ་འཁོར་ཞིག་སྟེ། ཤིན་ཏུ་གཟི་བརྗིད་དང་ལྡན་པའོ།། དགེའོ། 

མུ་འགོད།

༢༠༢༠/༡/༡༧


0

One Response to མཁར་གྱི་རྩེ་མོ། | ལྟག་ཨོ་རྒྱན་ཆོས་འཕེལ་ནས།

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    མཁར་ཞེས་པ་ནི་བོད་རང་གི་ཚིག་མཛོད་འགས་འདི་ལྟར་འགྲེལ་ཡོད་དེ།
    དག་ཡིག་གསར་བསྒྲིགས་ལས།
    ①ས་རྡོའི་གྱང་གི་མིང་སྟེ། ས་མཁར། རྡོ་མཁར་ཞེས་པ་ལྟ་བུ།
    ②གྲོང་ཁྱེར་གྱི་མིང་ལ་འཇུག་པ་ནི། མཁར་གྲོང་གི་ཁྱད་པར་ཞེས་པ་ལྟ་བུ།
    ③མཁའ་རུ་ཞེས་པའི་རུ་ཡིག་བསྡུས་པ་སྟེ། ནམ་མཁར་སྤྲིན་འཁྲིགས་ལྟ་བུ།

    བརྡ་དག་མིང་ཚིག་གསལ་བ་ལས།
    རྡོ་བརྩེགས་པའི་ཁང་པའམ་རྡོས་བརྩིགས་པའི་མཁར།

    བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།
    སྤྱིར་རྒྱལ་པོའི་ཕོ་བྲང་དང་། དགྲ་འགོག་མཁར་རྫོང་སོགས་ཀྱི་དོན་ཡིན། སྐབས་འགར་ཁང་པ་ལ་ཡང་གོ་སྟེ། མི་ལ་རས་པ་མཁར་གྲུ་བཞི་དང་། གྲུ་གསུམ་སོགས་བརྩིགས་ལྟ་བུ།

    བོད་རྒྱ་ཚིག་མཛོད་ཆེན་མོ་ལས།
    མཁར་རྫོང་སྟེ་སྔར་དཔོན་པོ་སྡོད་ཁང༌གི་མིང་། དཔེར་ན།
    མཁར་གྲུ་གསུམ། མཁར་གྲུ་བཞི། རྡོ་མཁར། རྒྱལ་མཁར།

    སྨོན་ལམ་ཚིག་མཛོད་ཆེན་མོ་ལས།
    ①ཁང་པ་དང་སྡེ་པ་སོགས་ཀྱི་མཐའ་ལ་ས་བརྡུངས་ནས་བཟོས་པའི་ལྕགས་རིའི་མིང་སྟེ། དཔེར་ན། ཁང་ས་གསར་པའི་མཐའ་ལ་མཁར་བརྡུང་དགོས་ལྟ་བུ།
    ②གྲོང་ཁྱེར་གྱི་མིང་སྟེ། དཔེར་ན། མཁར་མང་པོ་བཅོམ་ལྟ་བུ།

    མཁར་བྱུང་ཚུལ་དང་བཀོལ་སྤྱོད་ཀྱི་ཐད་ནས་རགས་ཙམ་བཤད་ན། དཔེར་བཞག་ན་མཁར་སྟོང་གིས་བསླུ་ཐབས་ཞེས་པ་ནི་བསམ་བཞིན་དུ་གཡུལ་ས་སྟོང་ལ་དམག་མེད་པ་ལྟར་བྱས་དེ་ཕ་རོལ་བར་དོགས་པ་ཟ་བར་འཇུག་པ་དང་། གབ་དམག་ཡོད་པར་འཇིགས་ཏེ་དམག་ཕྱི་ལ་འཐེན་པ་ཞིག་ཡིན་ལ།
    འདི་ནི་ཡིན་མིན་རྟོགས་དཀའ་བའི་བྱེད་ཐབས་བཀོལ་ནས་འཕྲད་པའི་གནད་དོན་ཛ་དྲག་ཅན་ཐག་གཅོད་བྱེད་ཐབས་ཆེས་ཉེན་ཁ་ཅན་དང་། དམག་འཁྲུག་འགྱང་ཐབས་ཀྱི་ཇུས་བློ་ཞིག་གོ།
    ཐང་ཞོན་ཙུང་གི་སྐབས་སུ། བོད་དམག་གིས་ཀྭ་ཀྲིག་བླངས་ཤིང་ས་སྲུང་དམག་དཔོན་ཝང་ཅིན་ཧོན་འཁྲུག་པ་ལས་ཤི་བ་དང་། རྨ་ཆུའི་ནུབ་ཕྱོགས་ཀྱི་མི་སེར་ལ་འཇིགས་སྣང་ཆེན་པོ་སྐྱེས་སོ། །གོང་མའི་སྲིད་གཞུང་གིས་ཀྲང་ཧྲོའུ་བཀས་མངགས་ཏེ་ཀྭ་ཀྲིག་གི་ཚི་ཧྲི་ཡི་འགན་སྤྲད་དོ། །
    ཀྲང་ཧྲོའུ་བཀས་དེར་སླེབས་མ་ཁད་དཔོན་དམག་དང་མི་སེར་ཁྲིད་དེ་མཁར་ཧྲུལ་ཞིག་གསོ་བྱེད་འགོ་བརྩམས། མཁར་གྱང་རྡུང་བའི་ཀ་བ་བརྡབ་པ་དང་གྱང་ཤིང་བཞག་པའི་སྐབས་སུ་དགྲ་བོ་སླར་ཡང་རྒོལ་བར་འོངས། མཁར་ནང་དུ་ཕྱི་ལ་རྒོལ་བའི་ལག་ཆ་མེད་པས་དཔོན་དམག་རྣམས་རྟབ་རྟབ་པོར་གྱུར་བའི་ཕན་ཚུན་ལ་བལྟ་རེས་བྱས། དེར་ཀྲང་ཧྲོའུ་བཀས་ན་རེ། དགྲ་ཟླ་དཔུང་ཆེ་ལ་དམག་མང་བ་དང་རང་སྡེ་དེ་ལས་ལྡོག་པ་དང་། དམག་འཁྲུག་གིས་གཏོར་བརླག་བྱས་པའང་སླར་གསོ་ཚར་མེད་པས་རང་རེས་མདའ་དང་སྒྱོགས་རྡོ་ཡིས་དགྲ་དང་འཐབ་མི་ནུས་པས་དེ་བས་བློ་གྲོས་ཀྱིས་འཐབ་བོ་ཞེས་སོ། །དེས་མཁར་གྱང་ཐོག་ཏུ་གསོལ་སྟོན་བསྒྲིགས་ཏེ་དཔོན་དམག་རྣམས་མཉམ་སྤྲོ་བྱེད་པའི་བཀའ་ཕབ་བོ། །བོད་དམག་གིས་མཐོང་རྗེས་མཁར་ནང་དུ་གབ་དམག་ཡོད་པར་དོགས་པ་ཟོས་ཏེ་རྒོལ་མ་ཕོད་པར་ཕྱིར་འཐེན་བྱས་སོ། །
    ཡང་དཔེར་ན། པའེ་ཆི་དུས་སུ། ཙུའུ་ཐེན་ཟེར་བ་ཞིག་པའེ་ཞུས་ཀྲིག་གི་ཚི་ཧྲི་ལ་བསྐོས། དེ་ས་དེར་སླེབས་མ་ཁད། ནན་ཁྲེན་གྱི་དམག་གིས་རྒོལ་བས་མི་སེར་རྣམས་སྐབས་དེར་བསྟུན་ནས་གྱེན་ལོག་བྱེད་བཞིན་མཆིས། ཙུའུ་ཐེན་གྱིས་བཀའ་ཕབ་ནས་མཁར་སྟེང་གི་དམག་རྣམས་མར་བབས་ནས་སྲང་ལམ་དུ་འཚང་དུ་བཅུག་པ་དང་། སྲང་ལམ་དུ་མི་འགྲོ་འོང་མི་ཆོག་པ་དང་མཁར་སྒོ་ཡང་རྒྱུན་དུ་ཕྱེ་བར་བཅུག མཁར་ནང་མི་གྲགས་ཁྱི་གྲགས་མེད་པར་འཇམ་ཐེར་ངེར་སོང་ངོ་། །
    སྐབས་དེར་ནན་ཁྲེན་དམག་གིས་ཅི་ཡང་མི་མཐོང་ལ་གང་ཡང་མི་གོ་བས་མཁར་ནང་གི་གནས་ཚུལ་དངོས་ནི་ཤེས་ཐབས་བྲལ་ལོ། །ཕ་རོལ་བས་བརྟག་ན་མཁར་ནང་དུ་མི་མེད་པའི་མཁར་སྟོང་བ་རེད་སྙམ་ནས་མཁར་ནང་དུ་འཛུལ་བ་ན། ཙུའུ་ཐེན་གྱིས་དམག་མིས་ཀི་སྒྲ་ས་གནམ་ལྡིར་བ་བཏབ་པའི་བཀའ་ཕབ་པ་ན་ནན་ཁྲེན་དམག་ལ་འཇིགས་སྣང་ཆེན་པོ་སྐྱེས་ཏེ་མྱུར་བར་ཕྱིར་བྲོས་སོ། །
    གཞན་ཡང་རྒྱལ་ཁབ་གསུམ་གྱི་དུས་སུ། ཀྲུའུ་ཀའོ་ལིའང་གིས་ཝེ་དམག་གིས་ཕྱོགས་གཉིས་ནས་འཐབ་པར་འོང་འདུག་པ་རྟོགས་པ་ན་བཀའ་ཕབ་པ། དར་ཆ་ཡོད་དོ་ཅོག་མར་ཕབ་ལ་དམག་མི་ཐམས་ཅད་མཁར་ནང་དུ་སོ་ཁང་དུ་གབ་ལ་སྡོད་ཅེས་སོ། །
    དེ་ནས་སླར་ཡང་བཀའ་ཕབ་པ། མཁར་སྒོ་རྣམས་ཕྱེས་ལ། མཁར་སྒོ་རེ་ལ་དམག་མི་ཉི་ཤུ་ཙམ་མི་སེར་བརྫུས་ཏེ་ཐང་ཕྱགས་ཁུལ་དང་ཆུ་གཅོལ་ཁུལ་བྱོས་ལ་འཇིགས་སྐྲག་མི་དགོས་ཞེས་བཀོད་འདོམས་བྱས་ཚར་རྗེས་ཀྲུའུ་ཀའོ་ལིའང་མཁར་ཐོག་ཏུ་བག་ཕེབས་ངང་བསྡད་དེ་རོལ་མོ་དཀྲོལ་བཞིན་བསྡད་དོ། །
    དེར་ཝེ་དམག་མདུན་སྐྱོད་དམག་དཔུང་སླེབས་པ་ན་མཁར་ནང་དུ་འཛུལ་མ་ཕོད་པར་སུ་མ་དབྱི་ལ་ཡར་ཞུ་བྱས་ཚེ་སུ་མ་དབྱི་ཧ་ཧ་ཞེས་དགོད་བཞིན་རང་ཉིད་དངོས་སུ་ལྟ་ཞིབ་བྱེད་པར་སོང་། སུ་མ་དབྱི་མྱུར་བར་མཁར་ཕྱིར་སླེབས་ཏེ་བལྟས་པ་ན་ཀྲུའུ་ཀའོ་ལིའང་བག་ཕེབས་ངང་བྲེལ་ཚུབ་མེད་པར་བྱིས་པ་གཉིས་ཀྱིས་བསྙེན་བཀུར་བྱེད་བཞིན་རོལ་མོ་དཀྲོལ་བཞིན་མཆིས་སོ། །
    མཁར་ནང་དུ་བལྟས་པ་ན། མཁར་སྒོར་མི་སེར་ཁ་ཤས་ཀྱིས་ཐང་ཕྱགས་འདུག་པ་མཐོང་ངོ་། སུམ་ཀྲའོ་ཡིས་སུ་མ་དབྱི་ལ་སྨྲས་པ། ཀྲུའུ་ཀའོ་ལིའང་ལ་དམག་མེས་པས་འདི་ལྟར་མི་བྱེད་ཁ་མེད་རེད་ཅེས་སོ། །
    སུ་མ་དབྱི་ན་རེ། ཀྲུའུ་ཀའོ་ལིའང་ནི་དོན་དག་གང་བསྒྲུབ་ཀྱང་ཧ་ཅང་སེམས་ཆུང་ཡིན་པས། ཉེན་ཁ་ཡོད་ས་ལ་བདེ་བར་འདུག་མི་སྲིད་པས་ངེས་པར་དུ་གབ་དམག་ཡོད་པ་རེད། དེ་བས་མྱུར་མོར་དམག་ཕྱིར་དྲོངས་ཤིག་ཅེས་སོ། །
    དེར་མངའ་འོག་པ་རྣམས་ན་རེ། བློན་པོ་སང་ནི་ཅི་འདྲའི་ངོ་མཚར་བའི་ཇུས་བློ་བ་ཞིག་རེད་ཨང་། ངེད་ཅག་ཡིན་ན་བྲོས་པ་ལས་ཐབས་ཅི་ཞེས་པ་ན། ཀྲུའུ་ཀའོ་ལིའང་ན་རེ་དགྲ་ཟླར་ཁྲི་ཉེར་ལྔ་ཡོད་པའི་དཔུང་ཆེན་པོ་དང་། འུ་ཅག་ལ་ཉིས་སྟོང་ཉིས་བརྒྱ་ལས་མེད་པས་གལ་ཏེ་བྲོས་ན་མི་ཐར་བས་མཁར་སྟོང་བས་བསླུ་ཐབས་ཀྱི་ཇུས་འདི་ནི་མི་འཐེན་ཐབས་མེད་བྱུང་ངོ་ཞེས་སོ། །
    དེ་དང་འབྲེལ་བོད་ཀྱི་རྒྱལ་པོ་ཐོག་མ་ནི་གཉའ་ཁྲི་བཙན་པོ་དུས་སྐབས་སུ་བཞེངས་པའི་མཁར་གྱི་ཐོག་མ་ཡུམ་བུ་གླུ་མཁར་ཡིན་པ་དང་། ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་འབྲིང་ཤཱཀྱ་མགོན་པོས་ཉམས་གསོ་དང་སྟེང་གི་རྒྱ་ཕིབས་ཕུབ་པ་དང་། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ཉམས་གསོ་དང་རྒྱ་བསྐྱེད་གནང་སྟེ་སྔོན་མའི་མཁར་གྱི་རྩིག་རྨང་ཐོག་ཚད་ལྷག་ཙམ་དུས་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་སོ།།
    མཐར་བཀྲ་ཤིས་བདེ་ལེགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།