སོ་ལཻ་མཱ་ནེའི་སྐོར་ལབ་པ། _ས་བུ་ཆེ།

3943


སོ་ལཻ་མཱ་ནེ་ཨ་ལྷའི་ཞིང་དུ་སླེབས།  དགའ་བསུ་བྱེད་པའི་ཕོ་ཉ་ནི་ཨི་མ་མྀ་ཧོ་སེ་ཨེན་དང་འགྲམ་དུ་ཨི་རཱང་གི་འཕུར་མདའི་ཚན་རིག་པ་མོ་གྷད་དམ་སོགས་ཡོད།  མོ་གྷད་དམ་ནི་ཨི་སུ་རེལ་གྱི་གསང་བས་ལས་ཁུངས་ཀྱིས་གསད་པ་རེད།


ཉེ་སྔོན།  སྲིད་འཛིན་ཐྲུམ་ཕི་ཡི་བཀའ་བཀོད་ཐད་ཀར་འོག  ཨ་རིས་རྒྱང་འཛིན་གནམ་གྲུ་བཏོང་ནས་ཨི་རཱང་གི་དབང་དྲག་ཨང་གཉིས་པ་སྟེ་དམག་ཐོབ་ལྡིང་དཔོན་ཡིན་པའི་གནས་མཆོག་དམག་སྡེའི་སྤྱི་ཁྱབ་སོ་ལཻ་མཱ་ནེ་གསད་ཡོད་པའི་གནས་ཚུལ་འདི་སྤྱི་ལོ་གསར་པའི་ནང་གི་གསར་འགྱུར་ཆེ་ཤོས་སུ་ཆགས་ཡོད་འདུག  འོན་ཀྱང་རྒྱལ་སྤྱིའི་གསར་ལམ་ཡིན་ན།  གཟི་བོར་གནས་པའི་གསར་ལམ་ཁག་གིས་དོན་བྱུང་དང་གནད་ཡོད་མི་སྣ་ཁག་གི་སྐད་ཆ་ཇི་བཞིན་དུ་བཀོད་པ་ལས་དབྱེ་ཞིབ་ཀྱི་ཆ་ཉུང་བ་དང་།   གཟི་བོ་མ་ཡིན་པའི་གསར་ལམ་དང་དྲིལ་བསྒྲགས་ལས་ཁུངས་དག་གིས་རང་ཕྱོགས་ཀྱི་ལྟ་བ་ཐོན་ཕྱིར་དོན་བྱུང་ལ་སྒྲོ་བཏགས་དང་ལོག་འགྲེལ་སྣ་ཚོགས་བྱེད་བཞིན་ཡོད་པའི་སྣང་ཚུལ་འདུག  དེ་བཞིན་བོད་ནང་གི་གསར་འགྱུར་བརྒྱུད་སྤེལ་ཆ་ནས་ཡིན་ན།  འདི་སྐོར་གསལ་བོར་བརྗོད་ཡོད་པའའི་རྩོམ་སོགས་མཐོང་དཀོན་པས།  འདིར་ཉན་སྤྲོ་བ་རྣམས་ཀྱི་བློ་འཚིམ་པར་བྱེད་ཆེད།   གསར་ལམ་ཁག་གི་གནས་ཚུལ་བསྡུ་སྒྲིག་བྱས་ནས་དོན་བྱུང་དེའི་འདས་མ་ད་གསུམ་མདོར་ཙམ་ངོ་སྤྲོད་ཞུ་རྒྱུ་ཡིན།  །

དོན་བྱུང་འདི་ལ་གོ་བ་ལེན་དགོས་ན།  ཐོག་མར་འབྲེལ་ཡོད་རྒྱབ་ཁུངས་ཁ་ཤས་ཀྱང་ཤེས་པར་བྱ་དགོས་པ་ཞིག   ཨ་རི་དང་ཐྲུམ་ཕིའི་སྐོར་ཡིན་ན། མང་ཉུང་མ་གཏོགས་ང་ཚོའི་སེམས་ལ་ཧ་ཧོས་ཏོག་ཙམ་རེ་ཡོད་རྒྱུ་རེད།  འོན་ཀྱང་ཨི་རཱང་སྐོར་གྱི་ངོ་སྤྲོད་ནི་བོད་ཡིག་ནང་ཉུང་ཉུང་རེད། དེ་བས་ཐོག་མར་ང་ཚོས་ཨི་རཱང་དང་ལྡིང་དཔོན་སོ་ལཻ་མཱ་ནེའི་སྐོར་ལ་རྒྱུས་ལེན་མདོར་ཙམ་བྱེད།  དེ་ཡང་ཨི་རཱང་དེ་ལོ་རྒྱུས་ཡིན་རིང་ལྡན་པའི་རྒྱཞ་ཁབ་ཅིག་རེད།  དེའི་མི་རིགས་ཀྱི་གྲུབ་ཆ་གཙོ་བོ་ནི་ང་ཚོས་གོ་མྱོང་བའི་ཏ་ཟིག་པ་རེད།  འོན་ཀྱང་ཨི་རཱང་རྒྱལ་ཁབ་ནང་ལའང་བཙན་དབང་གིས་གཅིག་སྒྲིལ་བྱས་པའི་ཏ་ཟིག་མ་ཡིན་པའི་མི་རིགས་ཉུང་ཁག་ཀྱང་ཡོད་དེ།  དེའི་ནང་ནས་སྐད་གྲགས་ཆེ་ཤོས་ནི་ཀུར་ཏི་མི་རིགས་ཡིན་ལ།  མི་རིགས་འདིས་ལོ་བརྒྱ་ཕྲག་ཙམ་ལ་རང་བཙན་དྲག་རྩོད་བྱེད་མྱོང་དང་བྱེད་མུས་སུ་ཡོད་པ་ཞིག་རེད།   ང་ཚོས་ཤེས་གསལ་ལྟར་ཏ་ཟིག་མི་རིགས་རང་གི་ཆོས་ལུགས་ནི་ཏ་ཟིག་མེ་བོན་ཡིན་པ་རེད།  འོན་ཀྱང་ད་ལྟ་ཨི་རཱང་གི་བསྟན་སྲིད་གཉིས་ལ་དབང་བསྒྱུར་མཁན་ནི་ཕྱི་ནས་འོང་བའི་མུ་སི་ལེམ་ཆོས་ལུགས་ཀྱི་གྲུབ་མཐའ་ཆུང་ཁག་ཤེ་ཡཱ་ཟེར་བ་དེ་རེད།   འདིའི་སྐོར་གྱི་ལོ་རྒྱུས་ལ་ང་རང་གིས་ཉིས་སྟོང་བཅུ་བདུན་ལོར་བྲིས་པ་ཞིག་རྫ་རླབས་དྲ་བརབཀོད་ཡོད་པས།  མོས་པ་ཡོད་མཁན་ཚོས་དེར་གཟིགས་པར་མཚལ། །(http://old.changdrok.com/bo/Complex/2017-09-19/1048.html

དེ་ཡང་མུ་སི་ལེམ་ལ་རྩ་བའི་གྲུབ་མཐའ་གཉིས་ཡོད་པ་རེད།  དེ་ཡང་མོ་ཧཱ་མོད་ཤི་དུས།  ཁོའི་རྗེས་འཛིན་དག་གི་བར་ལ་དབང་ཆའི་འཐབ་རྩོད་ཤོར་ཡོད་པ་དང་།  གོ་བདེར་བཤད་ན་ཁྲག་གི་བརྒྱུད་འཛིན་ཡིན་པའི་མག་པའི་ཕྱོགས་ཁག་ཅིག་དང་།(མག་པ་འདི་ཁོའི་ཕ་སྤུན་གྱི་ནུ་བོ་ཡིན་ལ་ཁོའི་བུ་མོའི་བཟའ་ཟླའང་ཡིན།)  བཀའ་ཡི་བརྒྱུད་འཛིན་ཡིན་པའི་ཆོས་ལུགས་པའི་ཕྱོགས་ཁག་གཅིག་སྟེ་གཉིས་ཡོད་པ་རེད། ད་ལྟ་མག་པའི་གྲུབ་མཐའ་དེའི་མིང་ལ་ཤེ་ཡཱ་ཟེར་བ་དང་གཙོ་བོ་ཨི་རཱང་དང་ཨི་རག་གི་ལྷོ་ཕྱོགས།  ཨ་ཧྥི་གྷན་སི་ཐེན་གྱི་དབུས་སོགས་སུ་ཡོད་པ་རེད་ལ།  མི་གྲངས་ཀྱི་ཐད་ནས་མུ་སི་ལེམ་གྱི་བརྒྱ་ཆ་བཅུ་ལྷག་ཟིན་ཡོད་པ་རེད།   བཀའ་བརྒྱུད་ཀྱི་གྲུབ་མཐའ་དེའི་མིང་ལ་ད་ལྟ་སུན་ནེ་ཟེར་ཞིང་།  འཛམ་གླིང་ནང་གི་མུ་སི་ལེམ་གྱི་བརྒྱ་ཆ་དགུ་ཅུ་ཟིན་མ་ཟིན་ཞིག་གྲུབ་མཐའ་འདིའི་ཕྱོགས་གཏོགས་ཡིན་ཞིང་།  དེའི་ཕུགས་ནི་ད་ལྟ་སཱ་ཏི་ཨ་རབ་ཀྱི་རྒྱལ་ཁབ་དེ་ཡིན། །(འོག་གི་ས་བཀྲ་ལས་ལྗང་མདོག་མཐུག་པོའི་ས་ཆ་ནི་ཤེ་ཡཱ་པའི་ཡུལ་དང་ལྗང་མདོག་ཡང་པོའི་ས་ཆ་ནི་སུན་ནེ་དར་བའི་ཡུལ་གྲུ་ཡིན།)

དེ་ནས།  ད་དུང་ལོ་རྒྱུས་གདན་གཞི་གཞན་ཞིག་ཡོད་པ་ནི།  ཡེ་ཤི་ཆོས་ལུགས་དང་མུ་སི་ལེམ་ཆོས་ལུགས་བར་གྱི་ལོ་ངོ་སྟོང་ཕྲག་བརྒལ་བའི་ཞི་དྲག་འཐབ་རྩོད་དེ་རེད།  ང་ཚོར་རྒྱུས་ཆ་ཡོད་པའི་དེང་རབས་བཟོ་ལས་གསར་བརྗེ་དང་ཡོ་རོབ་ཀྱི་མཚོ་ཐོག་རྒྱང་བསྐྱོད་མ་བྱུང་སྔོན་ལ།  འཛམ་གླིང་ནང་དཔལ་འབྱོར་ཆེས་དར་ཞིང་ཚན་རྩལ་ཆེས་ཕུལ་དུ་བྱུང་བ།  དམག་སྟོབས་དང་མངའ་ཐང་ཆེས་ཆེ་བ་ནི་མུ་སི་ལེམ་པ་རེད།   མུ་སི་ལེམ་གྱིས་འཛམ་གླིང་གི་ཡུལ་དབུས་བཟུང་ནས་ཡོད་པ་དང་།  ཡེ་ཤི་ཆོས་ལུགས་ལ་ཕམ་ཁ་ཆེན་པོ་ཐེབ་ནས་དེ་རང་གི་ཕ་ཡུལ་ལམ་ཐོག་མའི་འབྱུང་ཡུལ་ནས་བྲོས་ཏེ་ས་མཐའ་ལྟ་བུའི་ཡོ་རོབ་ནང་འདུག་དགོས་བྱུང་ཡོད་པ་རེད།    འོན་ཀྱང་དེང་རབས་ནང་སླེབས་སྐབས།  དབྱིན་ཇུས་མཚོན་པའི་དེང་རབས་རྒྱལ་ཁབ་ཁག་བྱུང་བ་དང་།  ཚན་རིག་ཀྱང་དུས་རབས་གསར་པ་ཞིག་གི་འཕེལ་རིམ་ལ་སླེབས་ནས།  རིམ་གྱིས་ཡེ་ཤི་པའི་བསྟན་པ་དར་ཞིང་མུ་སི་ལེམ་པའི་བསྟན་པ་དེ་ལྟོས་བཅས་སུ་འཕེལ་རྒྱས་མེད་པར་ཆགས་པ་རེད།  དམག་ཆེན་གཉིས་པའི་རྗེས་སུ།  དབྱིན་ཇུ་དང་སུ་ཝེད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་རྔ་མ་ལྷག་པ་དེ་ལས་བྱུང་བའི་ཨེ་སི་རེལ་རྒྱལ་ཁབ་བཙུགས་པ་རེད།  ཨེ་སུ་རེལ་གྱི་རྒྱལ་ཁབ་བཙུགས་དུས་ཇེ་རུ་སཱ་ལམ་ཟེར་བའི་གྲོང་ཁྱེར་དེ་རྒྱལ་ཁབ་གང་ལ་དབང་མིན་གྱི་རྩོད་པ་ཆེན་པོ་བྱུང་བ་རེད།   ཇེ་རུ་སཱ་ལམ་དེ་ཇུའུ་ཆོས་ལུགས།  ཡེ་ཤི་དང་མུ་སི་ལེམ་ཆོས་ལུགས་གསུམ་ཀས་ཁས་ལེན་པའི་གནས་མཆོག་ཅིག་རེད།  དེ་བས།   དབྱིན་ཇུ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཟེར་བ་དེ་དག་གིས་ཨེ་སུ་རེལ་ལ་རྒྱབ་སྐྱོར་གྱི་ཚུགས་ཀ་བྱས་པ་དང་།  ཨེ་སུ་རེལ་དང་མུ་སི་ལེམ་རྒྱལ་ཁབ་བར་ལ་དམག་འཁྲུག་ཆེ་བ་ཐེངས་ལྔ་བྱུང་མྱོང་བ་དང་ཆུང་བ་རྒྱུད་ཆད་མེད་པར་བྱུང་བཞིན་ཡོད་པ་རེད།  ང་ཚོས་རག་བསྡུས་ཙམ་བཤད་ན།  ཨེ་སུ་རེལ་དང་ཤར་དབུས་རྒྱལ་ཁབ་ནང་གི་ཡེ་ཤི་ཆོས་ལུགས་པ་དག་སྐྱིད་སྡུག་མཐུན་ཕྱོགས་རེད།   དེའི་དགྲ་ཟླ་ཨ་རབ་པས་མགོ་བྱས་པའི་མུ་སི་ལེམ་གྱི་མི་རིགས་ཁག་རེད།  དམག་ཐེངས་ལྔ་ཡི་མཇུག་འབྲས་ནི་ཨེ་སུ་རེལ་དེ་ནུབ་ཕྱོགས་ཀྱིས་ཤར་དབུས་སུ་བཙུགས་པའི་ཕུར་བ་ལྟ་བུར་གྱུར་བ་དང་།  མུ་སི་ལེམ་པའི་ངོས་ནས་ཨ་རི་དེ་བདུད་རྒྱལ་ལ་ཆགས་པ་དང་ཨེ་སུ་རེལ་དེ་བདུད་ཕྲུག་ཏུ་ཆགས་པ་དེ་རེད། ། 

ཉིས་སྟོང་གཅིག་གི་ལོར།  འཇིགས་སྐུལ་རིང་ལུགས་པ་པེན་ལཱ་ཏིང་གིས་དགུ་བའི་བཅུ་གཅིག་གི་དོན་རྐྱེན་བཟོས་པ་རེད།  དེ་སྔོན་དུ།  ནུབ་ཕྱོགས་དང་མུ་སི་ལེམ་བར་གྱི་ཞི་དྲག་གི་འཐབ་རྩོད་རྒྱུན་ཆད་བྱུང་མྱོང་མེད་ནའང་།  སྐབས་དེར་ནུབ་ཕྱོགས་སོགས་ཀྱི་རྡོ་སྣུམ་ཡང་ཤར་དབུས་ནས་ཉོ་དགོས་པ་དང་།   འཇིག་སྐུལ་དོན་རྐྱེན་སོགས་ཀྱང་ཤར་དབུས་ཀྱི་ས་ཁུངས་ནང་བྱུང་བ་ལས་ནུབ་ཕྱོགས་རྒྱལ་ཁབ་ནང་ཐོན་ཐུབ་མེད་པས།   གནད་དོན་དེ་ནུབ་ཕྱོགས་ངོས་ནས་ཆེན་པོར་བརྩི་འི་ཡོད་མ་རེད།  འོན་ཀྱང་དགུ་བའི་བཅུ་གཅིག་གི་དོན་རྐྱེན་དེས་ནུབ་ཕྱོགས་ཀྱི་སྲིད་ཇུས་ཡོངས་སུ་ཕྱོགས་བསྒྱུར་བྱས་པ་མ་ཟད།  འཇིགས་སྐུལ་རིང་ལུགས་དང་འཇིགས་རྒོལ་དམག་འཐབ་དེ་རྒྱལ་སྤྱིའི་རིང་བཞིན་གྱི་ཆབ་སྲིད་ཅིག་ཏུ་འཕེལ་སོང་བ་རེད།   པེན་ལཱ་ཏིང་ནི་སྤྱིར་ན་སཱ་ཏི་ཨ་རབ་ཀྱི་ཕྱུག་དྲག་ཅིག་རེད།  ཁོང་གི་དཔལ་འབྱོར་དེ་འཛམ་གླིང་ནང་ནས་རྩིས་ནའང་ཨང་བརྒྱ་པའི་གྲལ་ཏུ་སླེབས་ཡོད་པ་དེ་འདྲ་རེད།  མ་ཟད་ཁོ་ཕྱུག་པོ་ཆགས་རྐྱེན་ཡང་གཙོ་བོ་ཨ་རི་སོགས་ལ་རྡོ་སྣུམ་བཙོང་པས་རེད།  འོན་ཀྱང་སཱ་ཏི་ཨ་རབ་ནས་དར་བའི་སུན་ནེའི་གྲུབ་མཐའ་དང་ཁྱད་པར་དུ་པེན་ལཱ་ཏེང་གིས་དད་པར་བྱེད་པའི་ཝ་ཧྭ་པིའི་ལུགས་ལ་ཅེ་ཧཱ་དིའི་བསམ་བློའི་ཤན་ཞུགས་ཆེན་པོ་ཡོད་པ་རེད།  ཅེ་ཧཱ་དི་ཟེར་དུས་སྒྲ་ཐད་བསྒྱུར་བྱས་ན་ཆོས་དམག་ཟེར་བ་དེ་རེད།  དེའི་རྩ་བའི་ལྟ་བ་ནི།  འཛམ་བུ་གླིང་ལ་མུ་སི་ལེམ་ཆོས་ལུགས་ཀྱིས་ཁྱབ་པར་བྱེད་དགོས་པ་དང་།   དེ་བྱུང་བས་ཆེད་དུ་ཁོ་ཚོའི་མཐོང་ཕྱོགས་ཀྱི་ལོག་ཆོས་ཐམས་ཅད་རྩ་མེད་བཏོང་དགོས་པ།  དམག་འཐབ་དེ་འདྲ་ལ་ཞུགས་པའི་དཔའ་བོ་ཐམས་ཅད་ཨ་ལྷའི་ཞིང་ཁམས་སུ་སླེབས་ཐུབ་པ་ཡིན་ཞེས་པ་གསུམ་རེད།  དེ་བས་པེན་ལཱ་ཏིང་གིས་ལྟ་བ་དེ་འདྲའི་འཐད་ནས་ཨ་རི་ལ་འཇིགས་སྐུལ་འཇབ་རྒོལ་བཟོས་པ་རེད།  །

འདི་ནས་བཟུང་ལྟ་བའི་དམག་འཁྲུག་ཟེར་བ་དང་ལེགས་བྱང་གི་གདོང་ཐུག་ཟེར་བ་དེ་ཡོངས་ཁྱབ་ཏུ་ཕྱིན་སོང་བ་རེད།  གཅིག་བཤད་ན།  དེ་ནི་ཏག་ཏག་པེན་ལཱ་ཏིང་གིས་འདོད་པའི་དམིགས་ཡུལ་དེ་རེད།  འདི་ནས་བཟུང་།  ཡོངས་ཁྱབ་རིན་ཐང་དང་འཛམ་གླིང་གཅིག་འགྱུར་གྱི་ཆབ་སྲིད་གཙོ་རྒྱུགས་དེ་གཡོ་འགུལ་ཐེབ་ནས།  མི་རིགས་དང་ལེགས་བྱང་།  ཆོས་ལུགས་ཀྱི་རུས་རིགས་རྩོད་པའི་ཆབ་སྲིད་ཕྱིར་ལྡོག་བྱུང་ཡོད་པ་རེད།   དེའི་འོག་ནས།  མུ་སི་ལེམ་ནང་ཆོས་དམག་གི་བསམ་བློ་ཡོངས་ཁྱབ་ཏུ་དར་སོང་བ་དང་།  ནུབ་ཕྱོགས་ལ་མཚོན་ན།   འཛམ་གླིང་རིང་ལུགས་དང་རྒྱལ་སྤྱི་རིང་ལུགས་སོགས་ཉམས་ནས་མི་རིགས་རིང་ལུགས་ཀྱི་ཆབ་སྲིད་དར་ཡོད་པ་རེད།  །

འོན་ཀྱང་ལེགས་བྱང་གདོང་ཐུག་གི་བརྗོད་ཚིག་འོག་གི་ཆབ་སྲིད་དེ་ཐོག་མའི་དུས་ནས་ཁྱབ་དར་ཐོབ་མེད་དེ།  ཤར་དབུས་ལ་མཚོན་ན།  སྐབས་དེར་ད་དུང་གྲུབ་མཐའ་དང་ཡུལ་གྲུའི་ཆབ་སྲིད་ཡིན་པ་རེད།  དེ་ཡང་ཨ་རི་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་འཇིགས་རྒོལ་དམག་འཐབ་མགོ་བརྩམས་སྐབས།  ཨི་རཱང་ནས་མི་མང་ཁྲོམ་སྐོར་བྱས་ནས་ཨ་རིའི་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་རེད།  དེ་ལྟར་བྱུང་བའི་རྒྱུ་མཚན་ནི།  པེན་ལཱ་ཏིང་གི་གྲུབ་མཐའ་དེ་སུན་ནེ་དང་ཨི་རཱང་པ་ཚོའི་གྲུབ་མཐའ་ནི་སུན་ནེའི་གཉའ་གནོན་ཐེབ་ཀྱིན་ཡོད་པའི་ཤེ་ཡཱ་ཡིན་པས་རེད།  དོན་རྐྱེན་བྱུང་རྗེས་ཨི་རཱང་དང་ཨ་རི་གཉིས་ཀྱི་བར་ལ་གསང་བའི་གྲོས་མོལ་མང་པོ་བྱས་ཡོད་པ་དང་།  སོ་ལཻ་མཱ་ནེ་དེ་ཨི་རཱང་གི་ངོ་ཚབ་བྱས་ནས་ཨ་རིའི་གསང་བའི་ལས་བྱེད་མཐོ་གྲས་དང་ཁ་བརྡ་བྱེད་མྱོང་ཡོད་པར་མ་ཟད།   སོ་ལཻ་མཱ་ནེ་ཡིས་ས་བཀྲ་མཁོ་འདོན་བྱས་ནས།  ཨ་ཧྥི་གྷན་སི་ཐེན་ནང་གི་དམག་དཔུང་སྒྲིག་སྟངས།   པིན་ལཱ་ཏིང་དང་དེའི་རྟེན་གཞི་དམག་གི་གནས་ཚུལ་སོགས་ཨ་རི་ལ་སྤྲད་པ་རེད།  འོན་ཀྱང་།   ཨ་རིའི་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཀྱི་དགོས་པ་དང་།  པུ་ཥི་སྲིད་འཛིན་གྱི་ལྟ་ཕྱོགས་ཀྱིས་དབང་གིས།  ཨི་རཱང་དང་ཨ་རིའི་བར་གྱི་ཆགས་ལ་ཉེ་བའི་མནའ་འབྲེལ་དེ་མ་བྱུང་བ་མ་ཟད།   སྲིད་འཛིན་པུ་ཥི་ཡིས་ཨི་རཱང་སོགས་ལ་མི་དགེའི་སྲོག་ང་རྒྱལ་ཁབ་ཀྱི་མིང་བཏགས་ནས་ཐ་ཚིག་བསྒྲགས་པ་དང་།   པེན་ལཱ་ཏིང་གི་ཕུགས་འདུག་དང་རྒྱབ་སྐྱོར་ལའང་ཨི་རཱང་ཡོད་ཚུལ་བསྒྲགས་པ་རེད། (བཤད་ཚུལ་འདི་ངོ་མ་ཡིན་མིན་ད་དུང་གསལ་ཐག་ཆོད་པོ་མེད།  )

པེན་ལཱ་ཏིང་གི་ནུས་ཤུགས་ཡོངས་སུ་ཕབ་ཚར་རྗེས།  ཨ་རིས་ཨི་རག་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དང་།  སྒེར་གཅོད་པ་སཱ་དམ་ཡང་སྐེ་བཏགས་སྲོག་ཁྲིམས་བཏོང་པ་རེད།    ང་ཚོས་ས་བཀྲ་ལ་ལྟས་ན།  སཱ་ཏི་ཨ་རབ།  ཨི་རག   ཨི་རཱང་།  ཨ་ཧྥི་གྷན་སི་ཐེན་བཞི་གཡས་ནས་གཡོན་དུ་རིམ་ལྟར་བསྒྲིགས་པ་མཐོང་སྲིད།  དེ་བས་ཨི་རཱང་ལ་མཚོན་ན།  ཨ་རིས་ཤར་ནས་ཨ་ཧྥི་གྷན་བཟུང་།   ནུབ་ནས་ཨི་རག་བཟུང་།  སཱ་ཏི་ཨ་རབ་དང་མནའ་འབྲེལ་བྱས་པ་དེ་ཡིས་ཁོ་རང་ཚོའི་རྒྱལ་ཁབ་ལ་ཉེན་ཁ་ཆེན་པོ་བཟོས་སོང་པ་རེད།  །

དུས་དེར།  སོ་ལཻ་མཱ་ནེ་ཡི་མགོ་ཁྲིད་འོག་ཨི་རཱང་གི་གནས་མཆོག་དམག་སྡེའི་ནུས་ཤུགས་ཀྱང་འཛམ་གླིང་ཀུན་དུ་ཁྱབ་ཀྱིན་ཡོད་པ་རེད།   གནས་མཆོག་དམག་སྡེ་ཟེར་བ་དེ་ནི་ཨི་རཱང་གི་དྲག་ཤུགས་གསུམ་གྱི་ནང་གི་ཡ་གྱལ་གསར་བརྗེའི་སྲུང་དམག་ཟེར་བ་དེའི་ཡན་ལག་གི་དམིགས་བསལ་དྲག་ལས་བྱེད་མཁན་གྱི་རུ་སྡེ་ཞིག་རེད།  སོ་ལཻ་མཱ་ནེ་དམག་སྡེ་དེ་ཡི་སྤྱི་ཁྱབ་ཡིན་མོད།  ཨི་རཱང་གི་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའམ་གསར་བརྗེའི་སྲུང་དམག་གི་དམག་སྤྱི་མ་རེད།  ཁོའི་དམག་ཐོབ་ལའང་ལྡིང་དཔོན་རིམ་པ་མ་གཏོགས་ཡོད་མ་རེད། 

འོན་ཀྱང་ཁོའི་ཕྱི་ཚུལ་དེ་འདྲ་ཡིན་མོད།  ངོ་བོར་ལྟས་ན།  ཧོ་མེ་ནིའི་གློ་ཉེ་གལ་ཆེན།  ཨི་རཱང་གི་དམག་དོན་སྲིད་ཇུས་འགོད་མཁན།  གསང་བའི་ལས་ཀྱི་སྣེ་འཛིན་སོགས་ཡིན་པ་དང་།  ཁོ་རང་གི་གཞོན་དུས་ནས་ཆགས་པའི་དཔའ་གཏམ་སོགས་ཀྱང་དམག་དཔུང་ནང་གྲགས་པ་ཆེ་བས།  དཔའ་ཐུར་ནང་གི་ཡང་ཐུར་ལྟ་བུར་ངོས་འཛིན་ཡོད་པ་རེད།  བཤད་སྲོལ་ལ།  ཁོ་རང་ལ་སྲིད་འཛིན་གྱི་འོས་འདེམས་ནང་ཞུགས་རྒྱུའི་སྐུལ་མའང་ཐེངས་འགའ་ཞུས་པ་རེད་མོད།  ཁོ་རང་གིས་དམག་དོན་དེ་རྩ་ཆེན་དུ་བཟུང་ནས་དེ་ལ་ཁ་ཡ་མ་བྱས་པ་རེད་ཟེར།  གང་ལྟར།  ཨ་རིས་ཨི་རག་ནང་དམག་རྒྱབ་ནས་མང་གཙོའི་སྲིད་གཞུང་བཙུགས་སྐབས།   ཨི་རག་ནང་གི་སྡེ་དམག་སྣ་ཚོགས་ལ་ཨི་རཱང་གི་རྒྱབ་སྐྱོར་བྱས་ནས་ས་འཛིན་བཞིན་ཡོད་པ་དང་།   དེའི་ཐད་ཀའི་མགོ་ཁྲིད་ནི་སོ་ལཻ་མཱ་ནེ་ཡིན་པ་རེད།   ཨི་རག་གི་མང་གཙོའི་གཞུང་བཙུགས་མ་ཐག   ཕྱོགས་ཁག་སོ་སོ་མཉམ་དུ་འདུས་ནས་གྲོས་ཚོགས་བཙུགས་པ་རེད།  འོན་ཀྱང་བར་སྐབས་སུ་སུན་ནེ་པའི་མང་ཚོགས་ཀྱིས་ཁྲོམ་སྐོར་བྱས་ཏེ་ཤེ་ཡཱ་པར་དབང་བའི་གནས་ཆེན་དང་ལྷ་ཁང་ཆེན་པོ་ཞིག་གཏོར་བཞག་འདུག   དོན་རྐྱེན་འདི་ཡི་རྗེས་ནས།  མང་གཙོའི་སྲིད་གཞུང་ལ་ཁས་མི་ལེན་པའི་ཕྱོགས་ཁག་དག་ཐོར་ནས་ནང་འཁྲུག་གི་མགོ་བརྩམས་པ་རེད།  དུས་དེ་ལ་གཙོ་བོ་ཨ་རིའི་རྒྱབ་སྐྱོར་བྱས་པའི་ཨི་རག་གི་སྲིད་གཞུང་དང་།  རང་བཙན་ལེན་འདོད་པའི་ཀུར་ཏིའི་སྡེ་དམག   ཨི་རཱང་གི་རྒྱབ་སྐྱོར་བྱས་པའི་ཤེ་ཡཱ་པའི་སྡེ་དམག་སྣ་ཚོསག  དེ་བཞིན་པེན་ལཱ་ཏིང་གི་རྗེས་འཛིན་ཡིན་པའི་ཕྱོགས་ཤིག་དང་བཅས་བཞི་ཙམ་ཡོད་པ་རེད།  །

ནང་འཁྲུག་གི་བར་སྐབས་སུ།   ཝ་ཧྭ་པིའི་ལྟ་བ་འཛིན་པའི་པེན་ལཱ་ཏིང་གཉིས་པ་པཱ་ཀི་དཱ་དིས་དེ་ཆེན་པོར་ཆགས་ནས་དཱ་ཡི་སཱའམ་དར་ནག་ཨཻ་སེ་སིའི་རྒྱལ་ཁབ་བཙུགས་པ་རེད།  རྒྱལ་ཁབ་འདི་གློ་བུར་བྱུང་བ་ལྟ་བུ་ཡིན་པས།  ཕྱོགས་སོ་སོ་ཧ་ལས་སུ་བཅུག་པ་དང་།   སྲིད་འཛིན་ཨོ་པཱ་མའི་སྲིད་ཇུས་འོག་རང་དམག་མང་ཆེ་བ་ཕྱིར་འཐེན་བྱས་ཟིན་པའི་ཨ་རི་ཡིས་བསླར་ཡང་ཨི་རག་ནང་དམག་བཏོང་དགོས་བྱུང་པ་རེད།  འོན་ཀྱང་ཨི་རི་ཕྱིར་ལོག་བྱེད་པའི་བར་སྐབས་དེའི་ཁྲོད་དུ།   སེ་རུ་ཡཱ་ནས་ཀྱང་གྱེན་ལངས་བྱུང་ནས་ནང་འཁྲུག་བརྒྱབ་ཡོད་པ་དང་།  དུ་རུ་གུ་ནས་རང་སའི་ཀུར་ཏི་རང་བཙན་ནུས་ཤུགས་ཕབ་ཆེད་དམག་བརྒྱག་ཀྱིན་ཡོད་པ་དང་།  ཨ་རིའི་རྒྱབ་སྐྱོར་མེད་པའི་ཕྱིར་གྱིས།  རྒྱལ་ཁབ་འདི་གསུམ་ནང་གི་སྡེ་དམག་མང་པོར་མཚོན་ཆ་དང་རྒྱུ་འབྱོར་གྱི་བཀའ་ངལ་འཕྲད་པ་རེད།  སྔོན་མ་ཨ་རི་དང་འབྲེལ་བ་ཤིན་ཏུ་བཟང་ཞིང་འཐབ་མོར་དཔའ་བའི་ཀུར་ཏིའི་སྡེ་དམག་ཁག་གིས་ཀྱང་དཱ་ཡི་སཱའི་དམག་དཔུང་ལ་ཡ་ལེན་མི་ཐུབ་པ་བྱུང་བས།  དུས་ཚོད་དེའི་ནང་གི་སྡེ་དམག་མང་ཆེ་བས་ཨི་རཱང་གི་སོ་ལཻ་མཱ་ནེའི་རྩ་ནས་མདའ་བོས་ལག་ཆ་ཅི་འདོད་ལེན་གྱིན་ཡོད་པ་དང་།  ཨི་རཱང་གི་ནུས་ཤུགས་དེ་ཨི་རག་ནང་ཚུགས་ཐུབ་སོང་པས་མ་ཟད།  ད་དུང་སྟོབས་ཤུགས་ཤིན་ཏུ་ཆེ་བོར་གྱུར་ཡོད་པ་རེད།  ཨ་རི་ཕྱིར་ཐོན་ནས་དཱ་ཡི་སཱ་རྒྱལ་ཁབ་མེད་པ་བཟོས་རྗེས།  ཤུལ་ཏུ་ལྷག་པའི་ནུས་ཤུགས་ནི་ཨ་རི་དང་ཨི་རག་གཞུང་གི་ཕྱོགས་གཏོགས་དང་དེའི་རྒྱབ་སྐྱོར་གྱི་ཨེ་སུ་རེལ་དང་སཱ་ཏི་ཨ་རབ།   ནུབ་ཀྱི་རྒྱལ་ཁབ་ཁག་ཡིན་པ་དང་།   ཨི་རག་གཞུང་ལ་མི་མོས་པའི་སྡེ་དམག་ཁ་ཤས་དང་དེའི་སྦྱིན་བདག་ཨི་རཱང་།   ད་དུང་ཨི་རཱང་གི་རྒྱལ་སྤྱིའི་གྲོགས་པོ་ཁག་དང་།   སྡུག་རོགས་སེ་རུ་ཡཱའི་སྲིད་གཞུང་སོགས་རག་ལྟས་སུ་ཆ་གཉིས་ཡོད་པ་རེད།

གནས་སྟངས་འདིའི་འོག་ནས།  ཨི་རཱང་དང་ཨ་རིའི་བར་གྱི་རྩོད་པ་དེ་ལྡོག་མེད་ཡིན་ལ།  དོན་དུ་ཐྲུམ་ཕི་སྲིད་འཛིན་བྱེད་པའི་དུས་དང་པོ་ནས་བཟུང་།  འཐབ་རྩོད་དེ་འདྲ་ཞིག་ཛ་དྲག་ངང་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།  ཕལ་ཆེར་ཐྲུམ་ཕི་ལ་དྲ་རྒྱའི་སྟེང་གི་མང་གྲགས་ཆགས་པ་ནས་བཟུང་།  སྔོན་ཆད་ལྐོག་གི་བྱ་བ་སྒྲུབ་མཁན་གྱི་སོ་ལཻ་མཱ་ནེའང་གསར་ལམ་གྱི་མཐོང་སར་བུད་པ་དང་།  ཁོང་གི་སྐད་གྲགས་དེ་མུ་སི་ལེམ་རྒྱལ་ཁབ་ནང་ཤིན་ཏུ་རྒྱས་པར་ཆགས་པ་རེད་འདུག   དེ་བཞིན།  ཨ་རི་ནས་མི་རིགས་རིང་ལུགས་དང་ཕྱིར་ལྡོག་ནུས་ཤུགས་ཇེ་ཆེར་སོང་བ་དང་།  ཡེ་ཤི་རྩ་འཛིན་གྱི་སྲིད་ཇུས་ཁས་ལེན་བྱས་པ་ནང་བཞིན།  ཨི་རཱང་ནང་དུའང་ཆོས་དམག་བསམ་བློ་ཁྱབ་དར་ཕྱིན་པ་དང་།  མཐར་སྲིད་གཞུང་གི་སྲིད་ཇུས་སུ་དངོས་སུ་ཁས་ལེན་བྱས་ཡོད་པ་རེད།  འཐབ་རྩོད་དེ་འདྲའི་བར་ནས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སོ་ལཻ་མཱ་ནེ་དེ་གསོད་གྲལ་མིང་ཐོར་བཞག་ཡོད་པ་དང་།  གོ་སྐབས་ཐེངས་དུ་མར་སྲིད་འཛིན་ལ་གསོད་མིན་གྱི་ཞུ་བ་ཞུས་འདུག་ཟེར།  འོན་ཀྱང་ཁོ་རང་གསད་བཞག་ན་འཁོན་ལན་ཆེན་པོ་བྱུང་སྲིད་པས།  རེ་ཞིག་སྐྱུར་བཞག་པ་རེད་འདུག   དུས་མཚུངས་སུ།  སོ་ལཻ་མཱ་ནེ་ཡིས་ཀྱང་ཨི་རག་གི་སྲིད་འཛིན་དང་ཞི་འགྲིག་ཡོང་ཐབས་ཀྱི་འབྲེལ་བ་བཙུགས་པ་དང་།  ཨ་རིའི་དམག་དཔོན་ཆེ་གྲས་ལའང་སྐད་སྐུར་ནས་གྲོས་མོལ་བྱེད་པའི་རེ་བ་བསྟན་པ་རེད་འདུག  འོན་ཀྱང་ཁོ་རང་གི་ཡོངས་གྲགས་ཀྱི་ལས་ཐོབ་ལ་ལྡིང་དཔོན་གྱི་ཚད་ཙམ་ལས་མེད་པས།  ཨ་རིའི་དཔོན་པོ་ཆེ་གྲས་དག་གིས་ཀྱང་གཏུགས་ཐག་མ་ཆོད་པར་ལུས་པ་རེད།   

ཨི་རག་ནང་ཤེ་ཡཱའི་ཕྱོགས་གཏོགས་སྡེ་དམག་དང་མི་སེར་གྱིས་ཨ་རིའི་ཨམ་བམ་ཁང་ལ་དྲག་རྒོལ་བྱེད་པའི་རྣམ་པ།

དེ་ལྟར་འཐབ་རྩོད་ཞི་ཐབས་རེ་ཞིག་མ་བྱུང་བ་དང་།  ཐྲུམ་ཕི་ཡིས་ཀྱང་ཨི་རཱང་དེ་ཕུགས་ཀྱི་དགྲ་བོར་ངོས་བཟུང་ནས།  སཱ་ཏི་ཨ་རབ་དང་དུ་རུ་གུའི་བར་གྱི་འབྲེལ་བ་ཇེ་དམ་བྱས་པ་རེད་འདུག   སཱ་ཏི་ཨ་རབ་ནི་རྒྱལ་པོའི་ལམ་ལུགས་ཅན་གྱི་སྒེར་གཅོད་སྲིད་གཞུང་གིས་སྐྱོང་བའི་རྒྱལ་ཁབ་ཕྱུག་པོ་ཞིག་ཡིན།  དེ་ཚེ་རྒྱལ་པོ་རྒས་ནས་ངལ་གསོ་བྱེད་འཆར་ཡོད་པ་དང་།  རང་གི་སྲིད་དབང་དེའང་རྒྱལ་སྲས་སཱ་ལེ་མན་ལ་གཏད་རྩིས་ཡོད་འདུག  འོན་ཀྱང་སཱ་ལེ་མན་དེ་བཙུན་མོ་ཨང་གསུམ་པ་དེའི་བུ་ཡིན་པས་རྒྱལ་འཁོར་ནང་ནས་ཁོང་ལ་མི་རུངས་པའི་རྣམ་འགྱུར་སྟོན་མཁན་གྱི་མི་མང་པོ་བྱུང་ཡོད་འདུག   སྤྱིར་ན་སཱ་ཏི་ཨ་རབ་ནང་ལ་རྒྱལ་སྲས་དང་རྒྱལ་ཚའི་ཐོབ་ཡོད་པའི་མི་ཉིས་བརྒྱ་ལྷག་ཡོད་པ་དང་།  དེའི་ནང་ནས་མང་ཆེ་བས་སྲས་ཆེ་བ་དེ་ཁྲི་རབས་རྗེས་མར་བསམ་གྱིན་ཡོད་པ་རེད་འདུག   དེ་བས་སཱ་ལེ་མན་དང་རྒྱལ་སྲས་ཆེ་བའི་བར་ལ་སྲིད་དབང་གི་རྩོད་པ་བྱུང་བ་དང་།  མཐར་སཱ་ལེ་མཱན་གྱིས་སྲས་ཚ་ཉིས་བརྒྱ་ལྷག་དེ་མགྲོན་ཁང་དུ་བཟང་བཙོན་བྱས་ནས་ངན་བསླད་ཚར་བཅོད་ཀྱི་སྟག་གསད་འབུ་སྤྲོད་ཀྱི་མིང་ཐོག་ནས་དེ་དག་རེ་རེ་བཞིན་ལ་ཆབ་སྲིད་སྟེང་ནས་རང་དང་མི་འགལ་བའི་དམ་བཅའ་ཁས་ལེན་བྱེད་དུ་བཅུག་པ་རེད་འདུག  རྒྱལ་སྲས་ཆེ་བའི་སྨྲ་ཚབ་ཡིན་པའི་གསར་འགོད་པ་ཁཱ་སུ་ཇེ་ཟེར་བ་ཞིག་གིས་གནས་ཚུལ་དེ་དག་ནུབ་ཕྱོགས་གསར་ལམ་དུ་བཀྲམ་པ་དང་།  སཱ་ལེ་མན་ལ་ངོ་རྒོལ་གྱི་གཏམ་མང་དུ་སྤེལ་བས་ན།  སཱ་ལེ་མན་གྱིས་ཁཱ་སུ་ཇེ་དུ་རུ་གུའི་རྒྱལ་ཁབ་ནང་ཡོད་པའི་སཱ་ཏིའི་ཨམ་བམ་ཁང་ནས་བཟུབ་ཏེ་གསོན་པོར་བཤག་ནས་གསད་བཞག་པ་རེད།  གནས་ཚུལ་དེ་གསར་ལམ་དུ་ཐོན་རྗེས།  སཱ་ཏི་ཨ་རབ་ལ་མི་ཁཆེན་པ་ཐོབ་པ་དང་།  ཨ་རི་ནས་ཀྱང་སཱ་ཏི་ཨ་རབ་ངོ་རྒོལ་གྱི་ཆབ་སྲིད་ལས་དོན་མང་པོ་མགོ་བརྩམས་སོང་པ་རེད།  འོན་ཀྱང་ཐྲུམ་ཕི་ཡིས་སཱ་ཏིའི་ས་ཁམས་ཆབ་སྲིད་ཀྱི་དགོས་མཁོ་ལྟས་ནས་ངོ་རྒོལ་དེ་གནན་བཞག་པ་དང་།  དེ་བཞིན།  དུ་རུ་གུ་ལ་ངོ་ལེན་པའི་ཆེད་དུ།   ཀུར་ཏི་པས་ཨི་རཱང་གི་མཚོན་ཆ་ལེན་བཞིན་ཡོད་པར་ཁ་གཡར་ནས་ཨི་རག་གི་ཀུར་ཏིའི་ས་ཆ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་རེད།  དེ་འདྲ་བྱས་རྗེས་དུ་རུ་གུའི་དམག་དཔུང་འབོར་ཆེན་ཨི་རག་ནང་དྲངས་ཏེ་ཀུར་ཏི་པའི་ནུས་ཤུགས་ཤིན་ཏུ་ཕམ་ཉེས་སུ་བཏང་བ་རེད། དོན་དེ་ཡིས་ཨ་རི་ལ་ངོ་ལོག་ཁྲེལ་མེད་ཀྱི་མིང་ངན་ཐོབ་པར་བྱས་པ་རེད་མོད།  ཐྲུམ་ཕིའི་སྲིད་ཇུས་ལ་དངོས་དོན་གྱི་བཟློག་ཐུབ་མཁན་མ་བྱུང་།   དེ་ནས་སྤྱི་ལོའི་ན་ནིང་གི་ལོ་མཇུག་གི་ཉི་མ་དེ་དག་གི་རིང་ལ།   སོ་ལཻ་མཱ་ནེ་ཡི་ཐད་ཀར་བཀོད་འདོམས་འོག་ཨི་རག་གི་སྡེ་དམག་ཁག་གིས་ཨ་རིའི་དམག་སྒར་དང་ཚོང་གནས་སོགས་ལ་དྲག་རྒོལ་བྱས་པ་རེད།  དེའི་བར་ནས་དམག་སྒར་ལས་གཞི་སྐྱོང་ཆེད་ཐོན་པའི་ཨ་རིའི་ཨར་ལས་ཚོང་པ་ཞིག་ཀྱང་གསད་སོང་པ་རེད།  དེ་སྔོན་དུ།  ཨ་རིའི་རྒྱང་འཛིན་གནམ་གྲུ་མེ་མདས་གཏོར་བ་སོགས་གྱོད་མང་དུ་བརྩམས་རུང་།  ཐྲུམ་ཕི་ཡིས་དམག་དོན་སྟེང་ནས་དེ་ད་ཐག་གཅོད་མ་བྱས་པར་ཚོང་དོན་གྱི་ཉེས་ཅད་གང་མཚམས་བྱས་པ་རེད།  དེ་བས་ཐྲུམ་ཕི་ནི་ཁ་བཤད་ཙམ་ལས།  ལག་ལེན་སྟེང་ནས་དམག་འཁྲུག་དངོས་སུ་ཞུགས་རྒྱུར་ཤིན་ཏུ་གཟབ་མཁན་ཞིག་རེད།  འོན་ཀྱང་སྤྱི་ལོའི་ན་ནིང་གི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ལ།  ཨ་རིའི་གསང་བའི་ལས་ཁུངས་ཀྱི་མགོ་དཔོན་ཚོས་དོན་བྱུང་དེ་དག་གི་བཀོད་འདོམས་སོ་ལཻ་མཱ་ནེ་རེད་འདུག  དེ་གསོད་དམ་ཅི་བྱེད་ཟེར་ནས་ཐྲུམ་ཕི་ལ་འདྲི་སྐབས།  ཐྲུམ་ཕིས་གསད་ཐག་མ་ཆོད་པར་སྐྱུར་བ་རེད་འདུག་ཟེར།   འོན་ཀྱང་སྤྱི་ལོའི་ལོ་སར་གྱི་ཁད་ལ།   ཤེ་ཡཱའི་སྡེ་དམག་གིས་ཨ་རིའི་ཨི་རག་བསྡོད་པའི་ཨམ་བམ་ཁང་ལ་འཇིགས་སྐུལ་དྲག་རྒོལ་སྣ་ཚོགས་བྱས་པ་དང་།  སྔོན་ཨོ་པ་མཱའི་དུས་སུ་པན་ཀ་སིའི་ཨམ་བམ་ཁང་ལ་འཇིགས་སྐུལ་ཐེབ་ནས་མི་མང་པོའི་སྲོག་ཤོར་བའི་ལོ་རྒྱུས་ཡོད་སྟབས།   ཨ་རི་རང་གི་གསར་ལམ་གྱིས་བཤད་པ་ལྟར་ན།   ཐྲུམ་ཕི་ཡིས་གནས་ཚུལ་དེ་མཐོང་ནས་སོ་ལཻ་མཱ་ནེ་གསོད་རྒྱུ་ཐག་བཅད་པ་རེད་ཟེར།   །

དེ་ལྟར་སོ་ལཻ་མཱ་ནེ་གསད་དགོས་པའི་རྒྱུ་མཚན་སོགས་གསར་ལམ་ཁག་གི་ཁུངས་ཡོད་རྒྱུ་ཆ་བསྡུས་ནས་སྒྲིག་པ་ནི་གོང་ལྟར་ཡིན་ལ།  འོག་ནས་དོན་རྐྱེན་དེའི་སྐོར་ལ་རང་ཚོད་ཀྱིས་རྗེས་དཔག་བྱས་པ་ཡིན་ན་དོན་ཚན་གསུམ་འདུག་སྟེ། །

དང་པོ།  མང་པོ་ཞིག་གིས་ཨ་རི་དང་ཨི་རཱང་བར་ལ་དམག་འཁྲུག་བྱུང་གི་ཨེ་རེད་དང་།  དེ་ལ་རེད་མ་རེད་ཀྱི་ལན་བྱུང་གི་འདུག   དེ་ལ་ངས་བལྟས་ན་དམག་འཁྲུག་ནི་སྔར་ནས་བྱུང་ཚར་བ་རེད།   ཨ་རི་ཨི་རག་ནང་ཐོན་རྗེས་ནས་ཨི་རཱང་དང་མངོན་ལྐོག་གི་འཐབ་རྩོད་བྱེད་ཀྱིན་ཡོད་པ་དང་།  ཨི་རཱང་།  ཨ་ཧྥི་གྷན་སི་ཐེན།  པཱ་ལེ་སི་ཐེན་སོགས་ནས་ཨ་རི་དངཨི་རཱང་བར་ནས་དམག་འཐབ་ཆུང་བ་གྲངས་མེད་བརྒྱབ་ཟིན་ཡོད་པ་རེད་ལ།  འཐུས་མིའི་དམག་འཁྲུག་ཏེ་ཕྱོགས་གཉིས་མངོན་པར་མ་ལངས་པར་འཐུས་མིའི་སྡེ་ཕྱོགས་བཏོང་ནས་འཁྲུག་པ་བྱས་པ་དེ་བས་མང་པོ་རེད།   དེ་བས་ང་ཚོས་ཨ་རི་དང་ཨི་རཱང་གི་དམག་འཁྲུག་སྔར་ནས་བྱུང་ཟིན་ཡོད་ཅེས་བཤད་ཆོག་ལ།  དམག་འཁྲུག་དེ་སྲོལ་རྒྱུན་དམག་འཁྲུག་ལྟ་བུ་མིན་པར་རྣམ་པ་གསར་བ་ཞིག་གི་སྒང་ནས་མངོན་བཞིན་ཡོད་པ་རེད།  འོན་ཀྱང་སོ་ལཻ་མཱ་ནེ་གསད་པ་དེ་དམག་འཁྲུག་དེ་འདྲ་ཞིག་གི་དཀྱོགས་མཚམས་རེད།  ཐྲུམ་ཕིའི་བསམ་པར་ཡིན་ན།  འདི་ཡིས་གནས་ཚུལ་ཛ་དྲག་ཏུ་མི་འགྲོ་བར་ཕན་ཐོགས་བྱུང་དགོས་པ་དང་།  རབ་ན་དམག་འཁྲུག་མཚམས་འཇོག་བྱེད་པའི་གོ་སྐབས་བསྐྲུན་དགོས་པ་རེད།  འོན་ཀྱང་ཨི་རཱང་གི་གཞུང་ལ་མཚོན་ན།  སོ་ལཻ་མཱ་ནེའི་སྐད་གྲགས་ཤིན་ཏུ་ཆེ་བས་ན།  དེ་ལ་ཤ་འཁོན་མ་བརྙོག་ན་འདུག་བདེ་པོ་ཞིག་མ་རེད་ལ།  ཤ་འཁོན་བརྙོག་དགོས་ན་ཨ་རི་ལ་དམར་གསོད་དེ་དང་འདྲ་བའི་ལན་པོ་ཞིག་བྱེད་ཐུབ་ཀི་མ་རེད།   ཡང་མིན་ན་སྲོལ་རྒྱུན་དམག་འཁྲུག་ཅིག་བསློང་དགོས་པ་རེད།  དེ་ཡང་ཨི་རཱང་གིས་ཕོད་ཚོད་མ་རེད།  དེ་བས།  ང་ཚོས་མིག་མདུན་དུ་ཡོད་པ་ནི་དམག་འཁྲུག་བརྒྱག་སྟངས་གསར་པ་ཞིག་དཀྱོགས་མཚམས་རེད་ལ།   ང་རང་སྒེར་གྱི་ལྟ་ཚུལ་ལ།  ཨི་རཱང་གིས་ཤ་འཁོན་ཟེར་ནས་དོན་བྱུང་ཆུང་བ་འགའ་བཟོས་རྗེས་ཕལ་ཆེར་སྐྱུར་དགོས་ཐུག་རྒྱུ་རེད་བསམ།  འོན་ཀྱང་ད་ལྟ་གསར་ལམ་ཁག་ནས་གསལ་བའི་མི་མང་ཤོས་ཀྱི་སེམས་ཁྲལ་ནི་དམག་འཁྲུག་ཇེ་ཆེར་འགྲོ་རྒྱུ་དེའམ།  སྲོལ་རྒྱུན་དམག་འཁྲུག་ཅིག་བྱུང་བའི་སེམས་ཁྲལ་དེ་རེད་འདུག   དེ་ཨ་རི་ནས་ཐྲུམ་ཕིའི་ལྡོག་ཕྱོགས་ཚོས་ཀྱང་སྐད་ཆ་བཤད་སྟངས་ཤིག་ཏུ་འཛིན་བཞིན་འདུག

གཉིས་པ།  ཡང་ཁ་ཤས་ཀྱིས་ཐྲུམ་ཕིས་སྲིད་འཛིན་འོས་འཕེན་དང་རང་ཉིད་ལ་ཁྲིམས་གཏུགས་ཉེན་ཁ་བྱུང་ཡོད་པས།   དེ་དག་གཟུར་ཐབས་སུ་སོ་ལཻ་མཱ་ནེ་གསད་པ་རེད་ཅེས་བཤད་ཀྱིན་འདུག    སྤྱིར་ན་ཆབ་སྲིད་ཀྱི་ཐག་གཅོད་དེ་རྐྱེན་དུ་མ་ལ་གཞིགས་ནས་གོ་སྐབས་ཆེས་བཟང་བ་དེར་ཐག་གཅོད་བྱེད་དར་བ་ཞིག་རེད།  གོ་སྐབས་བཟང་ཟེར་དུས་ཐག་གཅོད་དེ་འདྲ་བྱས་ན་དོན་དག་མང་པོ་ལ་ཕན་ཐོགས་བྱུང་བའི་གོ་སྐབས་དེ་འདྲ་ལ་ཟེར།  དེ་བས།  གཅིག་ཕྱོགས་ནས་དོན་དག་འདི་ཡིས་ཐྲུམ་ཕིའི་འོས་འདེམས་དང་ཁྲིམས་གཏུགས་ཉེན་ཁ་ལ་ཕན་ཐོགས་ཐུབ་པ་ཞིག་རེད།  འོན་ཀྱང་།  ཁོའི་རྩ་བའི་དམིགས་ཡུལ་དེ་འདི་རེད་ཟེར་ན།  དེ་ཡིན་རྒྱུ་མ་རེད།  རྒྱུ་མཚན་ནི་ཐྲུམ་ཕི་སྲིད་འཛིན་སྐབས་གཉིས་པར་འདུག་ཐུབ་པ་ནི་དཔག་ནུས་པ་ཞིག་རེད་ལ།   ཁྲིམས་གཏུགས་བྱས་པ་དེའང་དངོས་གཞིའི་ནང་འགྲོ་མི་ཐུབ་པ་ནི་གསལ་པོ་རེད།  དེ་ཡང་ཐྲུམ་ཕིའི་ལྡོག་ཕྱོགས་ཚོགས་པའི་ཐབས་ཇུས་ལ་ལྟས་ན་གསལ་པོ་ཡིན་ཏེ།   ལྡོག་ཕྱོགས་མང་གཙོ་ཚོགས་པའི་ཁ་གཅིག་གྲགས་ཀྱི་བདག་པོ་དེ་ལྕམ་ཕེ་ལོ་སི་རང་རེད།  འོན་ཀྱང་མོ་རང་ད་ཐེངས་ཀྱི་སྲིད་འཛིན་འོས་མིར་ལངས་མེད་པ་རེད།   ཟུར་གྱི་ཆབ་སྲིད་ཕྲུ་གུ་ཁ་ཤས་བཏོང་ནས་ཐྲུམ་ཕི་ལ་འགྲན་ཡ་བཟོ་ཁུལ་བྱས་པ་ཙམ་རེད།  དེ་བས།  མང་གཙོ་ཚོགས་པས་ཀྱང་ཐྲུམ་ཕི་སྲིད་འཛིན་སྐབས་གཉིས་པར་འདུག་ཐུབ་པ་སྔོན་ནས་ཚོད་དཔག་ཐུབ་ཡོད་པ་རེད།  དེ་བཞིན།  ཐྲུམ་ཕི་ལ་ཉེས་མིང་སྦྱར་ནས་ཁྲིམས་གཏུགས་བྱེད་རྩིས་བྱེད་པ་དེའང་འཁྲབ་སྟོན་ཙམ་རེད་འདོད།  ཁྲུམས་གཏུགས་བྱེད་དགོས་ཟེར་ནས་སྔོན་འགྲོའི་ལས་རིམ་ལག་བསྟར་བྱེད་བཞིན་ཡོད་པ་དེའི་རྩ་བའི་དམིགས་ཡུལ་ནི་ཕེ་ལོ་སིའི་ཚོགས་པ་རང་ངོས་ཀྱི་དབང་ཆ་འཛིན་ཐབས་ཤིག་ཡིན་པ་ལས་དངོས་སུ་དེ་མངོན་འགྱུར་བྱུང་བའི་རེ་བ་བརྒྱ་ཆ་གོ་དགུ་མེད།  རག་ཤི་ཡའི་སྲིད་འཛིན་ཕུ་ཐིང་གིས་བཤད་ན།  སྔོན་ཆད་ཐྲུམ་ཕི་སྲིད་འཛིན་ལ་འགྱུར་བ་སུས་ཀྱང་ཚོད་ཀྱི་མ་ཐིག་པས།  ཆབ་སྲིད་ཁེ་ཕན་བགོ་བཤའ་བྱེད་སྐབས་ཧེ་ལཱ་ནིས་ལ་འདང་བརྒྱབ་པ་རེད།  ད་ལྟ་ཐྲུམ་ཕི་སྲིད་འཛིན་ལ་ཆགས་རྗེས།  ཁེ་ཕན་དེ་དག་ཕོ་བྲང་དཀར་པོའི་ནང་འགྲོ་ཐུབ་དགོས་པ་དང་། དེ་ལྟར་ཐུབ་པ་ལ་ཁེ་ཕན་ཕྱོགས་ཁག་དང་ཐྲུམ་ཕི་བར་ན་གཏམ་བྱེད་པའི་བརྒྱུད་རིམ་གཅིག་ཡོད་པ་རེད།  བརྒྱུད་རིམ་དེའི་ཁྲོད་དུ། ཁེ་ཕན་ཕྱོགས་ཁག་གིས་ཐྲུམ་ཕི་ལ་གནོན་ཤུགས་སྤྲོད་རྒྱུ་དུ་རང་གི་རྒྱབ་བརྟེན་གྱི་ཚུལ་དུ་ཁོ་ལ་ཁྲིམས་གཏུགས་ཀྱི་ཁུ་ཚུར་འཕྱར་བ་རེད་ཟེར།  སྐད་ཆ་དེའང་གནད་དུ་ཐོན་པ་ཞིག་རེད།  ང་ཚོས་ཁྲིམས་གཏུགས་ཀྱི་སྔོན་འགྲོའི་ལས་རིམ་དེ་དག་བརྒྱུད་ནས་མཐོང་བའི་མཇུག་འབྲས་ནི་ཕེ་ལོ་སི་ཡིས་ལྡོག་ཕྱོགས་སྨྲ་བརྗོད་དེ་སྟངས་འཛིན་ཐུབ་ཡོད་པ་མཐོང་རྒྱུ་དེ་རེད་ལ།  མཐའ་ན་མོའི་འུར་མགོ་ནི་སྲིད་འཛིན་འོས་མིར་ཞུགས་པའི་ཚོགས་གྲོགས་དེ་དག་ལས་ཀྱང་མཐོ་བ་རེད།   དེ་བས།  ཁྲིམས་གཏུགས་དེ་དང་པོ་ནས་ཐྲུམ་ཕི་ལ་གནོད་པའི་བྱ་བ་ཞིག་མ་ཡིན་ལ།   དེ་ལ་དམིགས་ནས་དམག་འཁྲུག་ཅིག་སློང་བའི་ཉེན་ཁ་འཁྱེར་གི་མ་རེད།  མ་ཟད།  ཐྲུམ་ཕི་ནི་ཁ་བཤད་ཆ་ནས་དཔའ་གཏམ་བཤད་མཁན་ཞིག་ཡིན་རུང་།  ལག་ལེན་གྱི་ཆ་ནས་དམག་འཁྲུག་མོས་མཁན་ཞིག་མ་རེད་འདོད།  །

གསུམ་པ།  ཨ་རི་དང་ཨི་རཱང་གི་འཐབ་རྩོད་ཛ་དྲག་ཏུ་སོང་བའམ་ཡུན་རིང་གཏན་འཇགས་མ་ཐུབ་ན།  ཀྲུང་གོ་ལ་དབུགས་ངལ་གསོ་བའི་གོ་སྐབས་ཐོབ་པ་ཨེ་ཡིན་ཟེར་ན།  དེ་ཡང་ངེས་པ་མ་རེད།  སྤྱིར་ན་ཀྲུང་གོ་དང་ཨ་རིའི་བར་ལ་ཚོང་དོན་གྱི་རྙོག་དྲ་བྱུང་།  དེ་ནས་དམག་སྟོབས་དང་ཚན་རྩལ་ཐད་ཀྱི་འགྲན་བསྡུར་དེ་རྩོད་པར་ལོག་བཞིན་ཡོད་པའི་དུས་སྐབས་འདིར།  ཀྲུང་གོའི་རྩ་བའི་འཐབ་ཇུས་ནི་བརྒྱུད་གཅིག་ལམ་གཅིག་གི་འཆར་གཞི་དེར་ཆགས་ཡོད་པ་རེད།  བརྒྱུད་གཅིག་དང་ལམ་གཅིག་གང་ལ་མཚོན་ནའང་།  ཨི་རཱང་དེ་ས་ཚིགས་གལ་ཆེན་པོར་ཆགས་ཡོད་པ་དང་།   རྡོ་སྣུམ་སོགས་ཐོན་ཁུངས་ནང་འདྲེན་གྱི་ལྟ་བ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་རེད།  དེ་བས་ཤར་དབུས་ལ་དམག་འཁྲུག་བྱུང་དང་མ་བྱུང་གཉིས་བཤད་ན།  མ་བྱུང་བ་དེས་ཀྲུང་གོའི་འཆར་གཞི་ལ་ཕན་གྱི་རེད།  གལ་ཏེ་ཤར་དབུས་ནས་དམག་འཁྲུག་བྱུང་སོང་བ་ཡིན་ན། ཀྲུང་གོའི་མ་དངུལ་བཏོང་བའི་ལས་གཞི་མང་པོ་མཚམས་ཆད་འགྲོ་བ་མ་ཟད།  བརྒྱུད་གཅིག་ལམ་གཅིག་གི་དགོས་པ་སྟེ་ཀྲུང་གོ་དང་ཡོ་རབ་བར་ཚོང་ལམ་ཕྱེ་རྒྱུ་དེའང་མངོན་འགྱུར་བཀའ་འི་རེད།  དེ་བཞིན་དམག་འཁྲུག་ཁྲོད་ནས་ཀྲུང་གོས་ཕྱོགས་གང་ལ་རྒྱབ་སྐྱོར་བྱེད་རྒྱུ་དེའང་ལས་སླ་བོས་ཐག་གིས་ཆོད་པ་ཞིག་མ་རེད།   རེད་དང་རེད།  ཀྲུང་གོ་དང་ཨི་རིའི་བར་ལ་འགྲན་རྩོད་ཛ་དྲག་གྱུར་བཞིན་པའི་གནས་བབ་ཡོད་རེད།  འོན་ཀྱང་།  ཀྲུང་གོས་ཨ་རི་དང་དངོས་བསྟར་གྱི་དམག་རྩོད་བྱེད་འདོད་ཀྱིན་ཡོད་མ་རེད།  དེ་བས།  ཀྲུང་གོ་ལ་མཚོན་ན་སྲོལ་རྒྱུན་དམག་འཁྲུག་ཅིག་གི་ཁྲོད་ནས་ཨ་རི་དང་ལངས་ཕྱོགས་བསལ་དགོས་བྱུང་ན་དགའ་འོས་པ་ཞིག་མ་རེད།  ཀྲུང་གོར་མཚོན་ན།  ཨ་རི་ལ་ལག་པ་འཐོག་ས་ཞིག་ཡོད་པས་ཆོག་པ་རེད་ལ།  སྔོན་གྱི་གནས་སྟངས་དེ་ཆེས་བཟང་བའི་གནས་སྟངས་རེད།  འོན་ཀྱང་།  ད་ལོ་ན་ནིང་གི་གནས་ཚུལ་དེ་ཚད་དེ་ལས་བརྒལ་སོང་བ་རེད།  ། 

ས་བུ་ཆེས་འདི་ཟླའི་ཚེས་དྲུག་ལ་ཤར་མར་དུ་བྲིས་ཤིང་དག་བཅོས་སོགས་ཅི་ཡང་མ་བྱས་པས་ནོར་བ་སོགས་ལ་གུ་ཡངས་ཡོད་པར་ཞུའོ།  །



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།