སྔར་གྱི་བོན་པོ་དང་ད་ལྟའི་ནང་པ།

8219


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

   དུས་རབས་བདུན་པའི་ནང་བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་བ་ནི་སྲོང་བཙན་སྒམ་པོ་གཟིགས་རྒྱ་ཡངས་པ་གཅིག་པུས་མ་ཡིན་པར་དེ་ནི་དུས་དང་ཁོར་ཡུག་གི་རླབས་ལ་བརྟེན་ནས་ཀྱང་ཡིན་པ་ནི། སྐབས་དེར་ཨེ་ཤ་ཡའི་ཡུལ་གྲུ་རྣམས་སུ་ནང་ཆོས་ཧ་ཅང་དར་ཆེ་བས་ནང་ཆོས་ནི་རྒྱ་གར་དུ་དར་ཁྱབ་ཆེ་ཤོས་ཀྱི་ཆོས་ལུགས་ཤིག་ཡིན་ལ། རྒྱ་ནག་དང་། ཀོ་རི་ཡ། ཉི་ཧོང་སོགས་ཀྱི་ཆོས་ལུགས་གཙོ་བོ་ཡང་ཡིན་པ་མ་ཟད། བལ་ཡུལ་དང་ཀ་ཤི་མིར་སོགས་བོད་ཀྱི་ཉེ་སྐོར་གྱི་ལུང་པ་ཕལ་མོ་ཆེ་ཆོས་ལུགས་ནང་པར་འགྱུར་ཟིན་ཡོད། ནང་ཆོས་ནི་དངོས་པོའི་གནས་ཚུལ་གཙོར་འཛིན་ལས་སྲོལ་རྒྱུན་དང་མི་རིགས་རང་བཞིན་མ་ཡིན་པས་ན་སྐབས་དེའི་ནང་ཆོས་ནི་དཔེ་བཞག་ན་ད་ལྟའི་དུས་ཀྱི་ཚན་རིག་དང་མཚུངས། ནང་ཆོས་དང་མཚུངས་པར་ཚན་རིག་ཀྱང་རྒྱུ་མཚན་རང་བཞིན་ཅན་ཡིན་པས་ན་ད་ལྟའི་ཆར་ཤེས་ཡོན་དང་རྣམ་དཔྱོད་ཡོད་པ་རྣམས་ཀྱིས་ཚན་རིག་ལ་ཡིད་ཆེས་ཆེ་ཤོས་བྱེད་པ་བཞིན། སྐབས་དེར་ཡང་ལྟོས་འཇོག་གི་དབང་དུ་བཤད་ན་ནང་ཆོས་ལ་དགའ་མཁན་རྣམས་ནི་དུས་རབས་ཀྱི་རྗེས་ཟིན་པ་དང་། འཛམ་གླིང་གི་གོ་རྟོགས་ཡོད་པ་རྣམས་རེད།

   དེས་ན་སྐབས་དེར་བོད་ལ་ནང་ཆོས་ནང་འདྲེན་བྱེད་མིན་ནི་ཆོས་ལུགས་ཀྱི་གནད་དོན་ཙམ་མིན་པར་རྗེས་ལུས་དང་སྔོན་ཐོན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། མི་ཚང་མ་བསམ་བློ་གཅིག་པ་མ་ཡིན་པས་སྐབས་དེར་བོད་མི་ཁ་ཤས་ཀྱིས་ནང་ཆོས་ལ་བརྟེན་ནས་རང་མི་རིགས་རང་གི་ཆོས་ལུགས་དང་རིག་གཞུང་ལ་གནོད་པའི་ཉེན་ཁ་ཆེན་པོ་མཐོང་ནས་ནང་ཆོས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། ནང་པ་ལ་དགའ་བ་རྣམས་ཀྱིས་བོད་ཀྱི་གནའ་བོའི་ཆོས་ལུགས་དང་ཡུལ་སྲོལ་འགའ་ཤས་ནི་རྨོངས་དད་ཙམ་ལས་དེ་ལ་རིག་པའི་གཞུང་ལུགས་བཙན་པོ་མེད་ཅིང་། མངོན་སུམ་ལ་ཡང་ཕན་པ་མེད་པ་གསལ་པོར་མཐོང་བཞིན་དུ་མི་རིགས་དང་ལུགས་སྲོལ་གྱི་ཞེན་པ་ཙམ་གྱིས་རྒྱུན་འཛིན་བྱེད་པ་ལ་ཕན་ཐོགས་མེད་པའི་སྐྱོན་བརྗོད་བྱས་ཡོད་ལ། དེ་ལས་ལྡོག་སྟེ། ནང་ཆོས་ལ་མི་དགའ་བ་རྣམས་ཀྱིས་ནང་ཆོས་ལ་དགའ་མཁན་རྣམས་ནི་མགོ་བདེ་བ། གསར་འགྲོགས་ཆེ་བ། དེའི་རྒྱུ་མཚན་གྱིས་ལྟ་བ་ལོག་པ། རང་མི་རིགས་ཀྱི་མེས་པོ་གོང་མ་རྣམས་དང་། དེ་དག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བའི་ཕ་མེས་ཡང་མེས་ཀྱི་རིག་ཞུང་ལ་གུས་བརྩི་མེད་པའི་སྐྱོན་ཅན་དུ་མཐོང་ཡོད།

   དེ་ནི་སྐབས་དེའི་བོད་ཀྱི་གནས་སྟངས་ཙམ་མིན་པར་ད་ལྟ་ཡང་དཀའ་ངལ་འདི་ཉིད་བསྐྱར་དུ་འཕྲད་བཞིན་པ་སྟེ། ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་པ་ཁ་ཤས་ཀྱིས་དུས་རབས་ཀྱི་རྗེས་ཟིན་དགོས་ཤིང་། དངོས་པོའི་གནས་ཚུལ་གཙོ་འཛིན་བྱ་དགོས་ལ་དེའི་ཆེད་དུ་ནང་ཆོས་ཧྲིལ་པོ་འདོར་བའམ། ཧྲིལ་པོ་ལེན་པ་མ་ཡིན་པར་སྙིགས་དོར་བཅུད་ལེན་བྱ་དགོས་ཚུལ་བཤད་ནས། ནང་ཆོས་ནས་བཤད་པའི་གཏམ་རྒྱུད་ཁ་ཤས་དངོས་པོའི་གནས་ཚུལ་དང་མི་མཐུན་པས་ཁས་མི་ལེན་པ་དང་། ནང་ཆོས་ཀྱི་དད་མོས་ཁ་ཤས་འཚོ་བ་དངོས་ལ་ཕན་ལས་གནོད་ཆེ་བས་འདོར་དགོས་པ་དང་། ནང་ཆོས་ཀྱི་ལྟ་གྲུབ་ཁ་ཤས་ལ་ཡིད་ཆེས་པ་ཙམ་གྱིས་མི་ཆོག་པར་བརྟག་དཔྱད་བྱ་དགོས་ཚུལ་བཤད་པ་ན། བོད་བརྒྱུད་ནང་བསྟན་ལ་སེམས་གཏིང་ནས་དུང་བ་འགའ་ཤས་ཀྱིས་དེ་ནི་གསར་འགྲོགས། མགོ་བདེ། ལྟ་ལོག་སྟེ། མཐར་གཏུགས་ན་ནང་ཆོས་ལ་ཛ་དྲག་གི་ཉེན་ཁ་འཕྲད་བཞིན་པའི་གནས་སྟངས་ཤིག་ལ་ངོས་འཛིན་པས་ན་དེ་དག་ནི་དོན་དུ་བོད་བཙན་པོའི་སྐབས་ཀྱི་བོན་པོ་རྣམས་དང་མཚུངས་པར་གྱུར་ཡོད། 

   བཟང་ངན་གང་ལྟར་ཡང་བོད་བཙན་པོའི་སྐབས་དེར་བོན་པོ་རྣམས་ཕམ་ཞིང་། ཆོས་པ་རྣམས་རྒྱལ་བ་ནི་དུས་དང་སྤྱི་ཚོགས་ཀྱི་རླབས་ཡིན་པ་བཞིན་ད་རེས་ཀྱང་སྔར་བཞིན་དུ་དུས་རབས་དང་བསྟུན་མཁན་རྣམས་རྒྱལ་ཞིང་། ལུགས་སྲོལ་ལ་ཞེན་པ་རྣམས་ཕམ་ངེས་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་ཅིང་། འདི་ལྟར་བཤད་པས་ཁ་ཅིག་གིས་ཐ་མ་ལ་གཉིས་ཀ་ཕམ་འགྲོ་བས་ཁྱད་པར་མེད་ཅེས་དྲན་སྲིད་ཀྱང་། མི་ཚང་མ་མཐར་འཆི་འགྲོ་བར་མཚུངས་ན་ཡང་། གནས་སྐབས་ཚེ་རིང་ཐུང་གིས་ཕན་གནོད་མེད་པ་མ་ཡིན་པ་བཞིན་དུ་གནད་དོན་འདི་ཡང་དེ་དང་མཚུངས་སོ།།

26-12-2019


0

One Response to སྔར་གྱི་བོན་པོ་དང་ད་ལྟའི་ནང་པ།

  1. ཚངས་དབྱངས་ ལགས་ཀྱིས:

    བན་བོན་ལོ་རྒྱུས་དཀར་ནག་སྟབས་བདེ་འདི་འདྲ་ཅིག་ཡིན་ཟོ་མི་འདུག བན་བོན་རྒྱབ་ལ་དཔལ་འབྱོར་དང་སྲིད་ཀྱི་ཁེ་ཕན། ད་དུང་དབང་ཆའི་འཐབ་རྩོད་ཀྱི་རྒྱལ་ཕམ་བཅས་རྐྱེན་མང་པོ་ཞིག་ཡོད་པ་གསལ་པོ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།