ཁྱང་ཁྱུང་ཁྱོང་མཆོང་།

8826


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

   བོད་ཡིག་གི་༼ཁྱུང་༽ནི་༼ཁྱོང་༽དང་ཁ་སྤྲོད་པ་ཞིག་སྟེ། ཚིག་འདི་གཉིས་བྱ་ཁྱུང་གི་བྱེད་སྟངས་སྒོ་ནས་གཏན་ལ་འབེབས་པ་ཞིག་ཡིན། འདི་༼ཁྱུང་༽ཅེ་ན་བྱ་ཁྱུང་རི་བོ་ཡི་རྩེ་ནས་མར་ཆུ་བོའི་འགྲམ་དུ་བབས་ཟིན་པ་ལ་གོ་ཞིང་། དེ་ཕྱིར་༼ཁྱང་༽ལ་ཆེད་དུ་ཞབས་ཀྱུ་ཆུ་རྟགས་ཤིག་ཕུལ་བས། བརྗོད་དོན་ཁྱུང་འདི་ནི་ཆུ་བོ་དང་འབྲེལ་བའི་དཔལ་ཡོན་གྱི་འགོ་འཛིན་པ་ལའོ།། དེ་བས་༼ཁྱོང་༽ཤེ་ན་བྱ་ཁྱུང་རི་བོའི་རྩེ་ནས་ཡར་ནམ་མཁའི་དབྱིངས་སུ་འཕུར་བཞིན་པ་ལ་གོ་སྟེ། དེར་བརྟེན། ཁྱང་ལ་ན་རོ་རླུང་གི་རྟགས་ཤིག་ཕུལ་ཏེ་བྱ་ཁྱོང་གིས་གནམ་ས་ཁ་འབྱེད་པའི་དོན་བསྟན་པའོ།། ནམ་རྒྱུན་ངེད་ཅག་གི་འཚོ་བའི་ཁྲོད་༼ཁྱོང་༽ཡིག་འདི་༼ཁྲོཾ་༽ཞེས་ཀྱང་འབོད་དེ། འདི་ནི་སྒོ་འབྱེད་པ་དང་ཟིལ་གྱིས་གནོན་པའི་དོན་ནོ།།

   ཁྱུང་དང་ཁྱོང་གཉིས་དབྱངས་རྟགས་ཀྱི་ཁྱད་པར་ཙམ་མ་གཏོགས་དོན་དུ་༼ཁྱང་༽ལ་གོ་དགོས། ཁྱང་ཆུ་བོའི་འགྲམ་དུ་ཡོད་པ་ལ་ཁྱུང་དང་། ཁྱང་རི་བོ་རྩེ་རུ་ཡོད་པ་ལ་ཁྱོང་ཅེས་འབོད་པའོ།། གཞན་ཡང་ཁྱོང་འདི་སྐབས་རེར་༼མཆོང་༽ཅེས་ཀྱང་སྨོས་པས། དེ་ནི་རིན་པོ་ཆེ་༼མཆོང་༽ནི་ཁྱུང་གིས་བསྐྱུགས་པ་ཡིན་པ་ནས་སོ།། དེས་ན་མཆོང་གི་༼མཆང་༽དང་། ཁྱུང་དང་ཁྱོང་གི་༼ཁྱང་༽གཉིས་དོན་གཅིག་སྒྲ་གཅིག་མིང་གི་རྣམ་གྲངས་སུ་ཡིན་དགོས་སྙམ། གལ་ཏེ་༼ཁྱང་༽འདི་གནའ་བོའི་རུས་ཤིག་ཡིན་ན། ཁྱང་གི་རུས་སུ་ཡིན་པའི་མི་རྣམས་ནས་རྟག་ཏུ་བྱ་ཆེན་པོ་འཕུར་ལྡིང་ལ་བཀུར་བ་དང་། བྱ་སྒྲོ་སྣ་ཚོགས་ནས་ལུས་ཕུང་བརྒྱན་པ་དང་། བྱ་གཟུགས་ཅན་གྱི་སྣོད་ཆས་འཛིན་པ་དང་། བྱ་ཡི་རྟགས་ནས་ང་རྒྱལ་བསྟན་པ་དང་། བླ་ཡང་བྱ་ལ་བསྐུར་བ་བཅས་སོ།། རུས་དེ་འདྲ་ཞིག་ལས་མཆེད་པའི་མི་མང་དེ་ཆུ་བོའི་འགྲམ་དང་རོང་ཆེན་དུ་འཚོ་ན་ཁྱུང་དང་། རི་སྒང་དང་བྱང་ཐང་དུ་འཚོ་ན་ཁྱོང་ཅེས་སོ།། དགེའོ།

༢༠༡༩/༡༢/༡༧


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།