ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་ཉམས་མྱོང་།(སྨད་ཆ)

10634


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་། 



ལོ་འདིར་ང་རང་འགྲུལ་བཞུད་བྱེད་བཞིན་ཡོད་པའི་སྐབས་ཤིག་ཏུ་རི་མགུལ་སྤྲུལ་སྐུ་རིན་པོ་ཆེས་སྐད་འཕྲིན་གྱི་བརྒྱུད་ནས་རིན་པོ་ཆེ་ཁོང་དང་། མི་འགྱུར་རིན་པོ་ཆེ་བཅས་ཟུང་འབྲེལ་གྱིས་རྡོ་རྗེ་གདན་གཏེར་སྒར་དགོན་པར་རྒྱལ་སྤྱིའི་མཁས་དབང་གྲགས་ཅན་འགའ་ཞིག་གདན་འདྲེན་ཞུས་ཏེ་མཁན་སྤྲུལ་རྣམས་ལ་ནང་ཆོས་འཆད་སྤེལ་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་རྩིས་ཡོད་པས་དབང་རྩ་ཚན་རིག་པ་གྲགས་ཅནRichardDavidson རི་ཆར་ཌེ་ཝི་སོན་གྱི་སྐད་སྒྱུར་དུ་ང་ལ་ཡོང་རོགས་གྱིས་གསུངས་པར་ངས་དང་ལེན་ཞུས། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་ནི་དུས་རྒྱུན་ནང་ཆོས་འཆད་སྤེལ་གནང་བར་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ཕེབས་ན་ཡང་། བཞུགས་གནས་འབྲས་ལྗོངས་ཡིན་པས་ང་རང་གིས་ཆུང་དུས་ནས་ཁོང་ངོ་ཤེས་པའི་ཐོག་ཏུ། ཁོང་ནི་གནའ་དེང་གི་རིག་གནས་གཉིས་ཀར་མཁྱེན་རྒྱ་ཆེ་བའི་ཐོག་ཏུ་མཁས་བཙུན་བཟང་གསུམ་སྟེ་དམ་པའི་སྐྱེས་བུའི་ཡོན་ཏན་ཀྱང་ཕྱུག་པས་ན་ང་རང་སྒེར་ངོས་ནས་གུས་བརྩི་ཆེ་ཙམ་ཡོད་པ་མ་ཟད་དུས་རྒྱུན་ངས་ཁོང་ལ་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ཐད་ལ་སློབ་སྟོན་དང་རོགས་རམ་ཡང་ནམ་དགོས་སུ་ཞུས་མྱོང་ཡོད་པས་ན་ངས་ཁོང་གིས་ད་རེས་རེ་བསྐུལ་གནང་བ་འདི་ལ་མིན་ཞུ་ཐབས་བྲལ། མ་ཟད་ཁོང་གི་དབྱིན་ཡིག་གི་ཤེས་ཚད་ཀྱང་མཐོ་བས་ད་རེས་ཁོང་གིས་ང་ལ་སྐབས་འདི་འདྲར་སྐད་བསྒྱུར་དུ་བོས་གནང་བ་ནི་ང་ལ་མཚོན་ན་ཆེ་མཐོང་ཞིག་ཡིན་པར་ཚོར་ཞིང་། ངས་ད་ལྟའི་བར་མཛད་སྒོ་ཁག་ཏུ་བོད་སྐད་ནས་དབྱིན་སྐད་ལ་བསྒྱུར་མྱོང་བ་ལས། དབྱིན་སྐད་ནས་བོད་སྐད་ལ་བསྒྱུར་མྱོང་མེད་པས་ཉམས་མྱོང་གསར་པ་ཞིག་གསོག་པའི་ཆེད་དུ་དང་ལེན་ཞུས་པ་ཞིག་ཀྱང་ཡིན། 

ངས་རི་ཆར་་ཌེ་ཝི་སོན་ནམ་ཡོངས་གྲགས་སུ་རི་ཆི་ཞེས་འབོད་པས་བརྗོད་གཞི་གང་གི་ཐོག་ལ་གཏམ་བཤད་བྱེད་མིན་མ་ཤེས་ཀྱང་། དྲ་གནས་ཁག་ཏུ་བལྟས་པ་ན་ཁོང་ནི་ TIME དུས་བབ་ཅེས་པའི་རྒྱལ་སྤྱིའི་ཚགས་པར་དེར་འཛམ་གླིང་འགུལ་བསྐྱོད་གཏོང་ཐུབ་པའི་མི་བརྒྱ་ཡི་ནང་ནས་གཅིག་ལ་ངོས་འཛིན་བྱས་འདུག་ལ། ཁོང་གི་ཆེད་ལས་ནི་དབང་རྩ་ཚན་རིག་དང་འབྲེལ་བའི་སྒོ་ནས་སྒོམ་ཉམས་ལེན་ལ་དཔྱད་པ་གནང་རྒྱུ་བཅས་ཡིན་པར་ཤེས་ནས་ཕྱི་རྒྱལ་དུ་ཡོད་སྐབས་ཁོང་དང་ཚན་རིག་པ་གཞན་གཉིས་ཟུང་འབྲེལ་གྱིས་བརྩམས་པའི་དེབ་ཅིག་ཀྱང་ཉོས་ཤིང་། རྒྱ་གར་དུ་སླེབས་རྗེས་དུས་ཚོད་རག་སྐབས་ཀླད་པའི་གྲུབ་ཚུལ་སྐོར་དེབ་དང་བརྙན་ཐུང་སོགས་བལྟས་ཏེ་རང་སྦྱོང་ཅི་ནུས་རེ་བྱས་པ་ན་ཀླད་པའི་མདུན་ཕྱོགས་ཀྱི་དབྱེ་བ་རྣམས་འཇོག་ཚུལ་མི་འདྲ་བ་སྣ་ཚོགས་པ་མཐོང་བའི་རྐྱེན་གྱིས་ཉིན་ཁ་ཤས་ཀླད་པ་ན་དགོས་པ་བྱུང་། གཞན་ཡང་དབང་རྩ་ཚན་རིག་དང་འབྲེལ་བའི་དབྱིན་བོད་ཀྱི་ཐ་སྙད་གང་ནུས་སྦྱངས་ན་ཡང་ཉེ་ཆར་དགོན་པ་ལ་མཛད་རིམ་མང་བའི་རྐྱེན་གྱིས་སློབ་སྦྱོང་ལ་དོ་སྣང་བསམ་པ་བཞིན་དུ་སྤྲོད་ཐབས་བྲལ་ཡང་དུས་ཚོད་ལ་ཐུག་པས་ང་དང་གྲོགས་པོ་ཞིག་བཅས་སྤྱི་སྤྱོད་རླངས་འཁོར་མདོག་སྡུག་པས་མཐོང་ན་ངེས་འབྱུང་སྐྱེ་དགོས་པ་ཞིག་གི་ནང་དུ་ཞུགས་ཏེ་ཕྱི་ཉིན་སྔ་དྲོ་ཙམ་ཙམ་ལ་རྡོར་གདན་དུ་འབྱོར། འབྱོར་མ་ཐག་རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་དང་མི་འགྱུར་རིན་པོ་ཆེ་བཅས་མཇལ་འཕྲད་ཞུས་ཤིང་། ཟབ་སྦྱོང་ཚུགས་ས་ནི་བཀའ་བརྒྱུད་སྨོན་ལམ་གྱི་སྡིང་ཆའི་རྒྱབ་ཏུ་ཡོད་པའི་ཚོགས་ཁང་རྒྱ་ཆེ་ཆུང་འབྲིང་ཙམ་ཡོད་པ་ཞིག་རེད་འདུག་ལ། ང་རང་དེ་སྔོན་དེ་ལ་འགྲོ་མྱོང་མེད་ཀྱང་གོ་ཐོས་ལྟར་ན་དེ་ནི་བཀའ་བརྒྱུད་སྨོན་ལམ་གྱི་དཔེ་མཛོད་ཁང་ཡིན་རབས་འདུག

མཛད་སྒོའི་དངོས་གཞི་ལོ་འདིའི་སྤྱི་ཟླ་༡༢ ཚེས་གསུམ་ཉིན་དབུ་ཚུགས་པ་ལ། ཉིན་དེར་སྔ་དྲོ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་དགེ་སློང་མེར་ཐུ་རི་ཀ་གཉིས་ཀྱིས་གཏམ་བཤད་གནང་ཞིང་། མི་འགྱུར་རིན་པོ་ཆེས་ཟབ་སྦྱོང་འདི་ནི་རྒྱལ་དབང་ཀརྨ་པའི་དགོངས་བཞེད་ཀྱང་ཡིན་ན་ཡང་ད་བར་འཚོག་མ་ཐུབ་པར་ལྷག་ཚུལ་དང་། ད་རེས་ཁོང་དང་རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་མགོ་འཛུགས་གནང་ཚུལ། ཟབ་སྦྱོང་འདིར་ནང་ཚོགས་ལྟ་བུས་སྟབས་གང་བདེའི་རྣམ་པར་བྱ་རྒྱུ་ཡིན་ཚུལ། བགྲོ་གླེང་གི་རིམ་པ་འགྲོ་སྟངས་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་དང་འབྲེལ་སྐབས་བབ་ཀྱི་བརྗོད་བྱའི་ཐད་གསུང་བཤད་གནང་། ཕྱི་དྲོ་ཆུ་ཚོད་གཉིས་པར་རི་ཆར་་ཌེ་ཝི་སོན་ཁོང་གྷ་ཡའི་གནམ་ཐང་དུ་འབྱོར་བའི་གནས་ཚུལ་ཐོས་པས་ངས་མཛད་སྒོ་ལ་དགོངས་པ་ཞུས་ཏེ། རི་མགུལ་སྤྲུལ་སྐུ་དང་ལྷན་དུ་གནམ་ཐང་ལ་ཁོང་བསུ་བར་ཕྱིན། ཁོང་འབྱོར་བ་ན་རི་འགུལ་སྤྲུལ་སྐུས་ང་ལ་བསྟན་ཏེ་འདིས་ཁྱེད་ཀྱི་སྐད་སྒྱུར་ཞུ་ཡི་རེད་ཅེས་གསུངས་པ་ལ། ངས་ཁོང་ལ་ལག་པ་གཏོང་བཞིན་ངའི་དབྱིན་སྐད་ཡག་པོ་མེད་ཀྱང་གང་དྲག་བྱེད་ཀྱི་ཡིན་ཞེས་བཤད་པར་ཚན་རིག་པ་ཁོང་གིས་ཁྱོད་ཀྱི་དབྱིན་སྐད་ནི་ཡག་ཐག་ཆོད་ཡོད་པ་འདྲ་བོ་འདུག་ཅེས་གསུངས། ངས་ཚན་རིག་པ་ཁོང་གི་སྐད་ཆ་བཤད་སྟངས་རྒྱུས་ལོན་ཅུང་བྱེད་སྙམ་ན་ཡང་། ཁོང་དང་ངེད་གཉིས་ཀྱི་ཐེངས་དང་པོའི་གླེང་མོལ་ནི་དེ་ཙམ་གྱིས་མཇུག་རྫོགས། འོན་ཀྱང་ཁོང་ནི་འཛམ་གླིང་ཐོག་གི་མི་སྣ་སྙན་གྲགས་ཅན་ཞིག་ཡིན་ཀྱང་། ནང་ཆོས་ཀྱི་ཉམས་ལེན་མང་པོ་གནང་མྱོང་བས་ཞི་དུལ་བག་ཡོད་ཅན་གྱི་མི་བཟང་པོ་ཞིག་ཡིན་པར་གོ་ཐོས་བྱུང་བ་བཞིན་དོན་ལ་ཡང་དེ་འདྲ་ཞིག་ཡིན་ས་རེད་སྙམ་པའི་ཚོར་སྣང་བྱུང་། 

ཚན་རིག་པ་ཁོང་ཐད་ཀར་ཨ་རི་ནས་དྷི་ལི་བརྒྱུད་ཕེབས་ན་ཡང་ངལ་གསོ་མ་གནང་བར་ཉིན་དེའི་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཙམ་ལ་ཁོང་གིས་གསུང་བཤད་དང་པོ་གནང་བ་ན། དབུས་སུ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཤིང་། དེའི་གཡོན་དུ་དགེ་སློང་མེར་ཐུ་རི་ཀ་བཞུགས་ཡོད་པ་དང་། མི་འགྱུར་རིན་པོ་ཆེའི་གཡས་སུ་རི་ཆར་་ཌེ་ཝི་སོན་བཞུགས། རི་ཆར་གྱི་གཡས་ཕྱོགས་སུ་རྐུབ་སྟེགས་ཆུང་ངུ་ཞིག་ཡོད་པའི་ཐོག་ཏུ་རི་ཆར་གྱི་གཏམ་བཤད་སྐབས་སུ་ང་བསྡད་ནས་ཁོང་གི་སྐད་སྒྱུར་བྱས།  ང་རང་དེ་སྔོན་ཁོང་གི་གསུང་སྐད་ལ་རྒྱུས་མངའ་མེད་ཅིང་། ནང་དོན་ལ་དེ་བས་ཀྱང་རྒྱུས་མངའ་མེད་པས་ན་ཐོག་མར་ཁོང་གིས་སྐར་མ་ཁ་ཤས་ཀྱི་རིང་དུ་སློབ་སྦྱོང་ངམ་ཤེས་སྦྱོང་ལ་རིགས་གཉིས་ཡོད་ཚུལ་སོགས་གསུངས་པ་ནི་དེ་སྔོན་ཕལ་ཆེར་གོ་མྱོང་མེད་པ་ལྟ་བུའི་ཐ་སྙད་ཁ་ཤས་ཐོས་པས་ཅི་བྱ་གཏོལ་མེད་དུ་གྱུར། སྟབས་ལེགས་པར་ཁོང་ནི་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་སློབ་མ་ཡིན་པས་ཁོང་གིས་གསུངས་པ་མང་པོ་ཞིག་ནི་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ལ་མཚོན་ན་སྐད་ཆ་རྙིང་པ་ཡིན་པ་ལྟ་བུས་ངས་བསྒྱུར་མ་ཐུབ་པའི་ས་ལ་དེ་མ་ཐག་མི་འགྱུར་རིན་པོ་ཆེས་རོགས་རམ་གནང་བས་ང་ཚོ་ཚང་མར་ཕན་ཐོགས་ཆེན་པོ་བྱུང་ཞིང་། རིམ་པས་ང་རང་ཁོང་གི་གཏམ་བཤད་ཀྱི་ནང་དོན་དང་ཚིག་བེད་སྤྱོད་ཚུལ་སོགས་ལ་རྒྱུས་མངའ་ཇེ་ཆེར་གྱུར་ཏེ་བསྒྱུར་ཇེ་སླར་གྱུར་པའི་མྱོར་ཚོར་བྱུང་། རྒྱལ་སྤྱིའི་ཐོག་མིང་གྲགས་ཡོད་པའི་མཁས་པ་ཁོང་ལྟ་བུ་ལ་ཅི་ལ་མེད་དེ་མཁས་པའི་ཉམས་ཆེ་བས་ཁོང་གིས་སྐད་སྒྲ་གསལ་ཞིང་ཚིག་ལྷད་དང་བསྐྱར་ཟློས་སོགས་མེད་པར་ཚིག་གི་ནུས་པ་ཆེ་བས་ཐ་ན་ཁོང་གིས་བེད་སྤྱད་པའི་ཚིག་རེ་རེ་ཙམ་མ་ཤེས་ན་ཡང་ཁོང་གི་སྐད་ཆའི་དུམ་བུ་གཅིག་གི་བརྗོད་བྱ་ཧྲིལ་པོ་གསལ་པོར་གོ་མི་ཐུབ་པའི་ཚད་དུ་འདུག་པས་ངས་ཀྱང་སྐད་སྒྱུར་བྱེད་བཞིན་པའི་སྐབས་དེར་རིག་པ་ཡོད་ཚད་བསྒྲིམས་ནས་བསྒྱུར་བ་ཡིན་ལ། ཚིག་རེ་རེ་ཙམ་མ་ཤེས་ན་ཡང་ཤེས་མདོག་མདོག་དང་འགྲོ་ལོ་ཙམ་ལྟ་བུ་མ་བྱས་པར་ཁོང་དང་མི་འགྱུར་རིན་པོ་ཆེ་བཅས་ལ་འདྲི་བཞིན་བསྒྱུར་བ་ཡིན། 

ཟབ་སྦྱོང་ཉིན་ལྔ་ཡོད་པ་ལ་ཚན་རིག་པ་ཁོང་གིས་གསུང་བཤད་ཉིན་བཞིའི་རིང་གནང་ཞིང་། དུས་སྐབས་དེར་ང་ཚོ་མཉམ་ཞུགས་པ་ཕལ་མོ་ཆེར་མཚོན་ན་སྐད་ཆ་གསར་པ་ལྟ་བུ་ཡིན་པ་ནི། ཁོང་གིས་ཐོག་མར་ང་ཚོའི་གཤིས་སྤྱོད་དང་བདེ་ཐང་ནི་ང་ཚོའི་ཀླད་པའི་ཆགས་དབྱིབས་དང་འབྲེལ་བ་ཡོད་ཅིང་། ཀླད་པའི་ཆགས་དབྱིབས་ནི་སྒོམ་གཙོ་བོར་གྱུར་པས་འགྱུར་བ་གཏོང་རྒྱུ་ཡོད་པར་གསུངས། དེ་བཞིན་ང་ཚོའི་གཤིས་སྤྱོད་དང་བདེ་ཐང་བཅས་ང་ཚོའི་རིགས་རྫས་ཀྱི་བྱེད་ལས་ལ་འབྲེལ་བ་དམ་ཟབ་ཡོད་པ་ལ། དུས་རྒྱུན་ང་ཚོའི་མི་ཚེ་དང་ཁོར་ཡུག་གི་གནས་སྟངས་ཀྱིས་ང་ཚོའི་རིགས་རྫས་ཀྱི་བྱ་བ་བྱེད་སྟངས་ལ་འགྱུར་བ་འདྲ་མིན་གཏོང་གི་ཡོད་པ་ནི་བཟང་ངན་ཅི་རིགས་པ་ཡིན་ཀྱང་། སྒོམ་ལ་བརྟེན་ནས་ང་ཚོས་རིགས་རྫས་ཀྱི་བྱ་བ་བྱེད་ཚུལ་ལ་ང་ཚོ་རང་གི་འདོད་མོས་བཞིན་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐུབ་ཚུལ་དང་དེ་ཐམས་ཅད་ལ་བཤད་པ་ཙམ་མ་ཡིན་པར་ཚན་རིག་གི་དཔང་རྟགས་ཇེ་མང་དུ་འགྲོ་བཞིན་ཡོད་ཚུལ་བཅས་གསུངས། ཡང་ཁོང་གིས་དེང་རབས་ཀྱི་སྤྱི་ཚོགས་འདིར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་བཞི་ནི། ཡེངས་འགྲོ་བ་སྟེ་ད་ལྟའི་ཆར་མི་མང་པོ་དུས་ཚོད་ཀྱི་བརྒྱ་ཆ་47% ཡེངས་ནས་ཡོད་པ་དང་། ཁེར་རྐྱང་སྟེ་ཨ་རིའི་མི་ལོ་འབྲིང་རྣམས་ལས་བརྒྱ་ཆ་76% ལ་ཁེར་རྐྱང་གི་དཀའ་ངལ་ཡོད་པ་དང་། ངན་ཕྱོགས་ཀྱི་རང་གཏམ་དང་སེམས་སྡུག་གམ་ཡིད་མུག་བཅས་གཉིས་ལས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་ཞིང་དེས་རྐྱེན་གྱིས་སེམས་སྡུག་གི་དཀའ་ངལ་ལོ་ན་གཞོན་པའི་ཁྲོད་དུ་ཇེ་ཆེར་འགྲོ་བཞིན་ཡོད་ཚུལ་དང་། འཚོ་བ་ལ་དོན་སྙིང་མེད་པའི་ཚོར་སྣང་སྟེ་དེ་ལ་བརྟེན་ནས་མི་རྣམས་ཚེ་རིང་ཐུང་ལ་ཕན་གནོད་ཐུག་ཚུལ་བཅས་ཀྱི་སྐོར་ལ་གསུངས།  

དེའི་ལྡོག་ཕྱོགས་སུ་ཁོང་གིས་བདེ་ཐང་རང་བཞིན་གྱི་སེམས་ཁམས་ཡོང་བར་ཆ་རྐྱེན་གཙོ་བོ་བཞི་དགོས་པ་ནི་དྲན་པའམ་ཤེས་བཞིན། མི་དང་མིའི་བར་གྱི་འབྲེལ་བ། ཤེས་རྟོགས། འཚོ་བའི་དགོས་ཆེད་བཅས་ཡིན་པར་གསུངས་པ་ནི་ང་ཚོ་མང་པོར་སྐད་ཆ་གསར་པ་དང་འཚོ་བ་ལ་ཕན་ཐོགས་ཆེ་བ་ཤ་སྟག་ཏུ་མཐོང་བས་ཁོང་གིས་དེ་དག་གསུང་སྐབས་དགེ་འདུན་པ་རྣམས་ཀྱིས་མིག་གཅེར་ནས་རས་ཡོལ་ངོས་ལ་ལྟ་བ་དང་། ཁ་པར་གྱིས་དཔར་རྒྱག་པ། དེབ་ཐོག་ཏུ་མཆན་འགོད་པ་སོགས་ཀྱིས་བྲེལ་ནས་ཡོད་པ་མཐོང་ཐུབ། ལྷག་པར་ཁོང་གིས་ཟླ་བ་ལྔ་དྲུག་ལོན་པའི་ཕྲུ་གུ་ཆུང་ངུ་ལ་རྩེད་ཆས་ཚོན་མདོག་འདྲ་མིན་གཉིས་བེད་སྤྱད་དེ་རྩེད་ཆས་གཅིག་གིས་བཟང་སྤྱོད་སྟོན་ཅིང་། གཅིག་ཤོས་ཀྱིས་ངན་སྤྱོད་སྟོན་པ་ན་ཕྲུ་གུས་རང་བཞིན་གྱིས་བཟང་ཕྱོགས་ལ་དགའ་བར་བྱེད་པ་དེས་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་རྣམས་མི་ཡི་ལྷན་སྐྱེས་ཀྱི་རང་བཞིན་ཡིན་པས་འགྲོ་བ་མི་རྣམས་རང་བཞིན་གྱི་དབང་དུ་བྱས་ན་བཟང་པོ་ཡིན་པའི་ཚུལ་ཚན་རིག་པས་ཤེས་རྟོགས་བྱུང་ཡོད་པར་གསུངས་པ་ལ། དགེ་འདུན་པ་མང་པོས་ཁོང་ལ་དྲི་བ་གཅིག་རྗེས་གཉིས་མཐུད་ཞུས་ཏེ། ཁོང་བཞུགས་སྐབས་ཙམ་མིན་པར་ཁོང་ཕེབས་ཟིན་རྗེས་ཀྱང་ད་དུང་དྲི་བ་མ་རྫོགས་པས་འགའ་ཤས་ཀྱིས་ང་ཡི་དྲི་བ་འདི་དངོས་གནས་བྱས་ན་ཚན་རིག་པ་རི་ཆར་་ཌེ་ཝི་སོན་ལ་འདྲི་དགོས་དྲན་ཀྱང་ད་ལྟ་ཁོང་ཕེབས་སོང་བས་དྲི་བ་དེ་མ་ཐུ་རི་ཀ་དང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་གཉིས་ལ་ཞུ་ཡི་ཡིན་ཞེས་བཤད་དེ་དྲིས་གནང་སོང་། ངས་ཀྱང་དེའི་ཐད་ལ་དོགས་སློང་ཞིག་བྱ་འདོད་ཀྱིས་ཕྲུ་གུ་ཆུང་ངུས་བཟང་ཕྱོགས་ལ་དགའ་བ་ཙམ་གྱིས་ཕྲུ་གུ་རང་ཉིད་བཟང་པོ་ཡིན་པར་སྟོན་མི་ཐུབ་པ་ནི་ང་མི་རླུང་ཚ་པོ་ལ་མི་དགའ་བར་མི་སྣ་རིང་པོ་ལ་དགའ་ན་ཡང་ང་རང་མི་རླུང་ཚ་པོ་ཡིན་ཞེས་བཤད་འདོད་ཀྱིས་སེམས་ནས་བཤད་ཆོག་ཆོག་གི་གྲ་སྒྲིག་བྱས་ཟིན་ན་ཡང་དྲི་བ་འདྲི་འདོད་མཁན་མང་དྲགས་པས་ mic སྐད་སྦུག་ལས་སླ་པོས་ང་ཡི་ལག་ཏུ་མ་ཐོབ་ལ་ཐེངས་ཤིག་ཐོབ་པ་ཡང་ཤོར་བས་བྱེད་ཐབས་བྲལ། 

ཟབ་སྦྱོང་གི་དགེ་རྒན་གཙོ་བོ་གསུམ་ལས། ཡོངས་དགེ་མི་འགྱུར་རིན་པོ་ཆེ་ནི་ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་པའི་བླ་མ་འཛམ་གླིང་ལ་གྲགས་པ་ཅན་ཞིག་ཡིན་པས་ན་ཁོང་གིས་ངེད་ཚོ་ལ་སྤྱིར་ནང་ཆོས་འཆད་སྤེལ་བྱེད་སྐབས་ལོ་ན་བརྒྱད་ཡས་མས་ཀྱིས་གོ་ཐུབ་པ་ལྟ་བུ་ཁ་གསལ་གོ་བདེའི་སྒོ་ནས་བཤད་རྒྱུ་ཧ་ཅང་གལ་ཆེ་བའི་ཚུལ་དང་། དཔེར་ན་ཚོང་ཞིག་རྒྱག་དགོས་ན་མང་ཚོགས་ལ་དགོས་པ་ཞིག་མ་བཙོང་ན་ཚོང་དེ་མ་ཁ་ཤི་ཉེན་ཡོད་པ་བཞིན་ཆོས་བཤད་སྐབས་སྤྱི་ཚོགས་ལ་གང་ཕན་མ་བཤད་ན་བསྟན་པ་ཉམས་འགྲོ་བས་འཚོ་བའི་དགོས་མཁོ་དང་འབྲེལ་བ་གལ་ཆེ་ཚུལ་དང་། མི་ཚང་མས་ཞོག་ཁོག་བཙོང་ན་ཚོང་མི་འགྲོ་ཞིང་། མི་སོ་སོར་ཚོང་རྫས་མི་འདྲ་བ་རེ་ཡོད་ན་ཚང་མའི་ཚོང་འགྲོ་ཞིང་ཚང་མའི་དགོས་མཁོ་སྐོང་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པ་བཞིན་སྤྱི་ནོར་རིན་པོ་ཆེའི་བཀའ་ཆོས་ཀྱི་ཁྱད་ཆོས་ནི་བྱམས་དང་སྙིང་རྗེ་ཡིན་པ་དང་། རིན་པོ་ཆེ་རང་ཉིད་ནི་ཆུང་དུས་སེམས་ལ་དངང་འཚབ་ཆེ་བའི་དཀའ་ངལ་ལ་འཕྲད་པ་ལ་བརྟེན་ནས་སྒོམ་ལ་སྤྲོ་བ་བྱུང་བ་བཞིན་ད་ལྟ་ཡང་གང་དུ་ཕེབས་ཀྱང་གསུང་བྱ་གཙོ་བོ་སྒོམ་ཁྲིད་ཡིན་པ་བཞིན་ཆོས་བཤད་མཁན་གང་ཟག་སོ་སོའི་ངོས་ནས་ཐུན་མོང་མིན་པའི་ཁྱད་ཆོས་རེ་རྩལ་འདོན་དགོས་པ་གལ་ཆེ་ཚུལ་དང་། ཉན་མཁན་གྱི་གང་ཟག་ལ་རིགས་འདྲ་མིན་ཡོད་པ་ལ་འགའ་ཤས་ནི་དོན་སྤྱི་དང་རྣམ་པའི་སྒོ་ནས་གོ་སླ་བས་སྐུའི་རིགས་དང་། འགའ་ཤས་ནི་སྒྲ་དང་ཚིག་གིས་གོ་བརྡ་སྤྲོད་སླ་བས་གསུང་གི་རིགས་དང་། འགའ་ཤས་ནི་དངོས་སུ་ཉམས་སུ་མྱོང་བས་ཤེས་སླ་བས་ཐུགས་ཀྱི་རིགས་ཡིན་པས་དེ་དག་སོ་སོ་ལ་རང་རང་གི་ཁམས་དབང་དང་འཚམས་པའི་ཐབས་ལམ་འདྲ་མིན་བེད་སྤྱོད་པ་གལ་ཆེ་ཚུལ་བཅས་གསུངས། 

ཁོང་གིས་མུ་མཐུད་ཉིན་བཞི་པ་དང་ལྔ་པར་ཆོས་འཆད་སྐབས་རྣམ་བཤད་རིག་པ་སོགས་ནས་འབྱུང་བ་ལྟར་སྔར་གྱི་བཤད་སྲོལ་དང་དེང་དུས་ཀྱི་ལུགས་སྲོལ་གཉིས་ཀ་དང་མཐུན་པར་ཆོས་བཤད་པ་ན་འཆད་ཐབས་ཀྱི་སྒྲོམ་གཞི་སྒྲིག་ཚུལ་གལ་ཆེ་ཞིང་། དེ་ཡང་དོན་གྱི་འགྲེལ་བརྗོད་དང་། དེ་ཡི་དཔེ་མཚོན། དེ་དང་འབྲེལ་བའི་ལོ་རྒྱུས་སོགས་བཤད་ཐུབ་པ་གལ་ཆེ་བར་གསུངས། དེ་ཡང་དེ་དག་ལ་དུས་ཚོད་རིང་འཐུང་འཚམས་པ་ཧ་ཅང་གལ་ཆེ་ཚུལ་དང་། བོད་རིགས་གཙོ་བོར་གྱུར་པས་མང་པོ་བཤད་ན་མཁས་པ་རེད་དྲན་ན་ཡང་། ཕྱི་རྒྱལ་ལ་བཤད་པའི་དུས་ཚོད་རིང་དྲགས་ན་ཉན་མཁན་གྱི་དུས་ཚོད་ལ་གུས་བརྩི་མ་བྱས་པའི་ལྟ་སྟངས་ཡོད་པས་མི་ལེགས་ཚུལ་དང་། དེའི་དཔེ་མཚོན་ཡང་སྔ་མོ་རྒྱ་གར་གྱི་མཁས་པ་ཞིག་ཕྱི་རྒྱལ་དུ་གཏམ་བཤད་ཡུན་རིང་བྱས་པས་སྙན་གྲགས་རྒྱས་པ་ལ། ཕྱིས་སུ་མཁས་པ་དེ་ལོ་ན་མཐོ་བའི་རྐྱེན་གྱིས་དེའི་སློབ་ཕྲུག་ཅིག་གདན་འདྲེན་ཞུས་པ་ལ་སློབ་ཕྲུག་དེས་ཀྱང་དགེ་རྒན་བཞིན་དུ་སྐད་གྲགས་འཇོག་དྲན་ནས་བཤད་རྒྱུ་མང་དྲགས་པ་ལ་བརྟེན་ནས་ཁོ་རང་རྒྱ་གར་དུ་ལོག་དུས་ལས་གནས་ནས་ཕུད་ཚུལ་གྱི་ལོ་རྒྱུས་དང་སྦྱར་ཏེ་གསུངས། མི་འགྱུར་རིན་པོ་ཆེས་གསུང་བཤད་གནང་སྐབས་རིང་ཐུང་ནི་རྟེན་འབྲེལ་ཙམ་ཡིན་པ་གསུང་བའི་དཔེ་མཚོན་དུ་དབྱུག་པ་རིང་ཐུང་གཉིས་བསྣམས་ཕེབས་འདུག་ལ། རྡུལ་ཕྲན་བདེན་པར་མ་གྲུབ་པ་སྒྲུབ་པའི་དཔེ་མཚོན་དུ་ཁུག་མ་ཞིག་གི་ནང་དུ་ཀུ་ཤུ་ལྔ་དྲུག་ཙམ་ཡང་བསྣམས་ནས་ཕེབས་འདུག དེ་ནི་དབྱིག་གཉེན་གྱིས་གསུངས་པའི་རིག་པ་དེ་ཡིན་པས་རིག་པ་དེར་ངས་ནམ་རྒྱུན་ནས་སྙིང་པོ་དེ་ཙམ་མཐོང་གི་མེད་པས་ཐེངས་འདིར་ཀུ་ཤུ་དཔེ་མཚོན་ལ་བཞག་ནས་གསུངས་ན་ཡང་ངའི་ལྟ་ཚུལ་ལ་འགྱུར་བ་གང་མ་བྱུང་ན་ཡང་། རིན་པོ་ཆེས་གྲ་སྒྲིག་འདི་འདྲ་གནང་བ་ནི་ཆོས་བཤད་སྐབས་གྲ་སྒྲིག་ཚད་ལྡན་དགོས་པའི་དཔེ་མཚོན་བཟང་པོར་མཐོང་། 

ངས་ཁོང་ནི་གཙོ་བོ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཆོས་བཤད་མཁན་ཡིན་པས་བོད་སྐད་ནི་རན་འཚམས་ཙམ་ལས་མེད་སྲིད་དྲན་མྱོང་ན་ཡང་། ཁོང་གི་གསུང་བཤད་དངོས་སུ་ཐོས་སྐབས་ཁོང་གི་བོད་སྐད་ནི་ཚིག་གསལ་ལ། སྒྲོས་གཙང་བ། གང་གསུང་དགོས་བྱུང་ཡང་ཚིག་ལྷད་སོགས་མེད་པའི་ཐོག་ཏུ་ད་དུང་སྒྲུང་སོགས་གསུང་བའི་སྐབས་སུ་གཅིག་ནས་གཅིག་འཕྲོས་ཏེ་འཐོར་འགྲོ་མཁན་མིན་པར་ཧ་ཅང་རྒྱས་བསྡུས་འཚམས་པ་དང་། བཤད་རྒྱུ་ཉུང་དྲགས་པས་དུས་ཚོད་མ་གང་བའི་དཀའ་ངལ་དང་། མང་དྲགས་པས་དུས་ཚོད་ཀྱིས་མ་འདང་བའི་དཀའ་ངལ་ཁོང་ལ་ཕལ་ཆེར་མེད་པ་སྟེ། མདོར་ན་ཧ་ཅང་གསུང་མཁས་པས་ཁོང་གིས་ཐེངས་འདིའི་ཟབ་སྦྱོང་གི་བརྗོད་བྱ་ལ། ཁ་གསལ་གོ་བདེ་དང་། འཚོ་བའི་དགོས་མཁོ་དང་འབྲེལ་བ། ཐུན་མོང་མ་ཡིན་པའི་ཁྱད་ཆོས། འཆད་ཐབས་ཀྱི་སྒྲོམ་གཞི་ཡོད་པ་བཅས་ཀྱི་དཔེ་མཚོན་ཧ་ཅང་གསལ་པོ་ཞིག་བསྟན་གནང་སོང་སྙམ་པ་བྱུང་། ཁོང་གིས་ལོ་རྒྱུས་དང་གཏམ་རྒྱུད་མི་ཉུང་བ་ཞིག་གསུངས་པ་ལ་ཁ་ཤས་ནི་ཁོང་གི་དཔེ་དེབ་གྲགས་ཅན་དགའ་བའི་འཚོ་བ་ཞེས་པ་དེའི་ནང་དུ་ཡོད་པ་ལ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་བ་ངས་ཀློག་མྱོང་ཡོད་པའི་ཆ་ནས་ང་ལ་མཚོན་ན་སྒྲུང་དེ་དག་གསར་པ་མིན་ན་ཡང་། ཁོང་གིས་ཆོས་བཤད་ཚུལ་གལ་ཆེ་བར་གསུང་བའི་སྐབས་སུ་སྔར་ཁོང་གི་བཤད་ཐབས་ཞན་པས་ས་ཆ་ཞིག་ལ་ཆོས་ཞུ་མཁན་ཕལ་མོ་ཆེ་ཉོབ་ནས་གཉིད་ཤོར་ཞིང་། དེའི་རྐྱེན་གྱིས་ཕྱིས་སུ་ས་ཆ་དེར་ཁོང་གི་ཆེད་དུ་མཛད་རིམ་ཞིག་སྒྲིག་པ་ན་ཐོ་འགོད་བྱེད་མཁན་གྱི་མི་ཉུང་དྲགས་པས་མཛད་རིམ་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཚུལ་གྱི་ལོ་རྒྱུས་གསུངས་པ་ནི་ང་ལ་མཚོན་ན་སེམས་ཤུགས་སྤར་བྱེད་ཀྱི་སྒྲུང་ཞིག་ཏུ་ཚོར། 

དགེ་སློང་ Mathieu Ricard མེར་ཐུ་རི་ཀ་ནི་དབུ་སྤྱི་ཐེར། གཟན་ཤམ་དམར་རྐྱང་། སྟོད་འགག་སེར་པོ་བཞེས་ནས་སྒོམ་ཉམས་ལེན་དང་འབྲེལ་བའི་སྒོ་ནས་འཛམ་གླིང་གང་སར་ནང་ཆོས་སྤེལ་གནང་མཁན་སྐད་གྲགས་ཅན་ཞིག་ཡིན་པ་ལ། ཚན་རིག་གི་འཕྲུལ་ཆས་ཀྱིས་ཁོང་གི་ཀླད་པར་བརྟག་ཞིབ་གནང་མྱོང་ཡོད་པས་ན་ངས་སྔ་མོ་དེབ་གྲགས་ཅན་ཞིག་ཀློག་མྱོང་བའི་ནང་དུ་འདི་འདྲ་ཞིག་བྲིས་ཡོད་པ་དྲན་གྱི་འདུག མེར་ཐུ་རི་ཀ་ནི་འཛམ་གླིང་སྟེང་གི་མི་སེམས་པ་སྐྱིད་ཤོས་ཤིག་ཡིན་ན་ཡང་། ཁོ་རང་དེས་སྐྱིད་པོ་གང་བྱུང་མི་འདུག ཅེས་པ་དེ་རེད། ངས་དེ་སྔོན་ཁོང་ལ་དམིགས་བསལ་ཚོར་སྣང་ཅི་ཡང་མེད་ཅིང་། རྒྱུ་མཚན་ཅི་ཡིན་མ་འཚལ་ཡང་ཁོང་ལ་མི་དགའ་བའི་ཚོར་བ་ཡང་ཅུང་ཙམ་ཡོད། དེར་བརྟེན་ད་ཆ་ཁོང་གི་གཏམ་བཤད་དངོས་སུ་ཉན་སྐབས་ཚོར་སྣང་ཅི་འདྲ་ཞིག་ཡོང་ངམ་སྙམ་ནས་སྤྲོ་བ་ཡོད་ཅིང་། རི་མགུལ་སྤྲུལ་སྐུས་དགེ་སློང་མེར་ཐུ་ནི་གནས་བརྟན་འདུལ་བ་འཛིན་པ་དང་། སྒོམ་ཉམས་ལེན་ཡུན་རིང་གནང་མྱོང་བ་སོགས་ཀྱིས་དགེ་སློང་དང་ཆོས་པ་ངོ་མཚར་ཅན་ཞིག་རེད་ཅེས་བསྟོད་བསྔགས་ཡང་ཡང་གནང་བ་ཐོས་པས་ངས་མེར་ཐུ་རི་ཀས་དེ་སྔོན་ངས་ཁོང་ལ་བཟུང་བའི་ལྟ་ཚུལ་དང་ཚོར་བ་ལ་འགྱུར་གཏོང་ཐུབ་མིན་ལྟ་འདོད་ཀྱིས་བསྒུགས་ནས་ཡོད། ད་ལྟ་ཁོང་དགུང་ན་མཐོ་ཙམ་ཡིན་པས་ཆོས་གསུང་རྒྱུ་ཉུང་ཙམ་བཏང་ཡོད་པ་གོ་ཐོས་བྱུང་ལ། དྲི་བ་དྲིས་ལན་སོགས་ཀྱི་སྐབས་དང་སྐབས་སུ་ཁོང་གིས་ངའི་རྣ་བའི་གློག་རྫས་རྫོགས་སོང་བས་གོ་མ་སོང་ཞེས་གསུངས་པ་ལ་ངས་དེ་ནི་རྩེད་མོ་གསུངས་པ་ཞིག་ཡིན་པར་དྲན་ན་ཡང་། དོན་དངོས་སུ་ད་ཆ་ཁོང་གི་རྣ་བ་སྐྱོ་ཙམ་ཡོད་པས་འཕྲུལ་ཆས་ལ་བརྟེན་དགོས་པ་ཞིག་རེད་འདུག 

དགེ་སློང་ཁོང་དུས་རྒྱུན་སྤྱི་ནོར་རིན་པོ་ཆེ་དང་འབྲེལ་བ་ཟབ་ཅིང་། སྟོད་འགག་སེར་པོ་ཡང་བཞེས་ཡོད་པས་ན་ངས་ཁོང་དགེ་ལུགས་ཀྱི་དགེ་བཤེས་ཤིག་ཡིན་ས་རེད་དྲན་མྱོང་ཡང་། ཁོང་གིས་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གསུང་སྐབས་ཡང་སྙིང་ཁོང་ནི་བཀའ་འགྱུར་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་པ་སོགས་ཀྱི་སློབ་མ་ཡིན་ཚུལ་གསུངས་པས་ན་རྩ་བའི་ཆོས་བརྒྱུད་རྙིང་མ་ཡིན་པ་འདྲ། འོན་ཀྱང་ཁོང་གིས་སྔར་མི་ཞིག་གིས་ཁྱོད་རང་པ་གང་ཡིན་དྲིས་པ་ལ། མི་གཞན་དེས་པ་ཟེར་བ་ཅི་རེད་ཅེས་དྲིས་པར་མི་དེས་པ་ཟེར་ན་བཀའ་བརྒྱུད་པ། རྙིང་མ་པ། དགེ་ལུགས་པ་བཅས་ལ་གོ་བར་བཤད་པ་སོགས་ཀྱི་ལོ་རྒྱུས་གསུངས་ནས་ཆོས་ལུགས་རིས་སུ་མ་བཅད་པར་ནང་པ་སངས་རྒྱས་པ་ཞིག་བྱ་རྒྱུ་དེ་གལ་ཆེ་བའི་ཚུལ་གསུངས། དེ་ལྟར་ཁོང་གིས་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་འབྲེལ་བའི་སྒོ་ནས་ཉིན་ལྔ་ཡི་རིང་གཏམ་བཤད་གནང་བ་ལ། ཉིན་དང་པོར་ང་ཚོའི་ཟབ་སྦྱོང་གི་བརྗོད་གཞི་ནི་ཁ་གསལ་གོ་བདེ་ཡིན་པ་བཞིན་ཁོང་གིས་ཐོག་མར་དེ་དང་འབྲེལ་བའི་སྒོ་ནས་གསུངས་ཤིང་། དེ་ཡང་ཁོང་གི་བོད་སྐད་ཀྱང་བདེ་ཐག་ཆོད་ཡིན་པའི་ཐོག་ཏུ་ཁམས་སྐད་ཧ་ཅང་ཤུགས་ཆེ་བས་ང་ཕྱིན་སོང་ཟེར་བ་ལྟ་བུ་འགའ་ཤས་ལས་གཞན་སྤྱིར་བཏང་ང་ཚོས་ཁམས་པའི་བླ་མ་ཞིག་གི་གཏམ་བཤད་ལ་ཉན་བཞིན་ཡོད་སྙམ་པ་ལས་མི་རིགས་དཀར་པོའི་མི་ཞིག་གིས་བོད་སྐད་བཤད་བཞིན་ཡོད་པ་ཡང་བརྗེད་དུ་བཅུག་ནུས་པའི་ཚད་གཞིར་མཐོང་། དེ་འདྲ་ཡིན་མོད་ཀྱང་ཁོང་གི་བཤད་སྟངས་ནི་མགོ་མཇུག་དེ་ཙམ་མེད་ཅིང་། དམིགས་བསལ་ཟིན་ས་དང་འཆང་ས་ཡང་ཕལ་ཆེར་མེད་པ་ལྟ་བུས་ཁོང་གི་གཏམ་བཤད་ཀྱི་བརྗོད་བྱ་ནི་ཁ་གསལ་གོ་བདེ་ཡིན་ན་ཡང་ཁོང་གིས་གང་གསུངས་པ་ནི་ཁ་གསལ་གོ་བདེའི་ལྡོག་ཕྱོགས་ཏག་ཏག་ཡིན་པའི་ཚོར་སྣང་ང་ཚོ་ཁ་ཤས་ལ་བྱུང་འདུག། 

ཁ་ཤས་ཀྱིས་དེ་ནི་ཁོང་གིས་བོད་སྐད་དུ་བཤད་པས་ཡིན་པ་ལས་དབྱིན་སྐད་དུ་བཤད་ན་ཁོང་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་མཁན་ཞིག་ཡིན་པས་ང་ལ་སྐད་བསྒྱུར་བྱས་ན་བཟང་བའི་བསམ་འཆར་འདོན་མཁན་ཀྱང་བྱུང་ན་ཡང་། ཁོང་གིས་གང་གསུངས་པ་རྣམས་གོ་མི་ཐུབ་པའི་དཀའ་ངལ་ནི་མ་མཐོང་བས་ངས་དང་ལེན་བྱས་མེད། དེ་ལྟར་དགེ་སློང་མེར་ཐུ་རི་ཀས་རས་ཡོལ་གྱི་ངོས་ལ་ས་ཆ་དང་སེམས་ཅན་སོགས་ཀྱི་དཔར་རིས་སྣ་ཚོགས་པ་སྟོན་བཞིན་དུ་ང་ཚོ་ལ་བོད་སྐད་ཀྱི་ཐོག་ནས་སྐབས་དང་སྐབས་སུ་ང་ལ་དམིགས་བསལ་བཤད་རྒྱུ་མེད་ཅེས་དང་། ད་ང་གང་བཤད་དགོས་ཡིན་ཧ་གོ་མ་སོང་ཞེས་དང་། ད་ཡང་ངས་ཞབས་འདྲེན་ཞུས་སོང་སོགས་གསུང་བཞིན་དུ་ཉམས་ལེན་རྩལ་འདོན་གལ་ཆེ་ཚུལ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་བོད་ཀྱི་ནང་པའི་བླ་མ་རྣམས་ཀྱི་དམིགས་བསལ་གྱི་མཛད་སྤྱོད་དང་། ཕྱི་རྒྱལ་གྱི་མི་ཚོས་ནང་ཆོས་ལ་ལྟ་སྟངས་བཟང་ངན་འདྲ་མིན་ཡོད་ཚུལ་གྱི་ལོ་རྒྱུས་བཅས་གསུངས་ཤིང་། ཉིན་ཞིག་ཁོང་གིས་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གསུངས་པས་ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ད་གཟོད་ཁོང་ལ་གུས་པ་སྐྱེས་འདུག་ལ། རིམ་པས་ཁོང་གི་བཅོས་མ་མ་ཡིན་པའི་ཉམས་དང་། ཁོང་གི་ཐུགས་རྒྱུད་ལ་ཐིམ་ནས་ཡོད་པའི་ཆོས་ཀྱི་བག་ཆགས། ནང་ཆོས་ཀྱི་གོ་རྟོགས་ཟབ་མོ། དགོད་བྲོས་ཁེངས་པའི་སྒྲུང་གཏམ། ལྷོད་ཅིང་འཇམ་པའི་བོད་སྐད་སོགས་ལ་ཉན་རིམ་དང་ལྟ་རིམ་བཞིན་དུ་ང་ཚོ་ཚང་མ་ཁོང་ལ་དགའ་མོས་ཇེ་ཆེར་གྱུར་པས། རིམ་པས་མི་རྣམས་ཀྱིས་དབྱིན་ཇིའི་མི་ཞིག་ལ་ཆོས་པ་ཚད་ལྡན་འདི་འདྲ་ཞིག་བྱུང་བ་ནི་དངོས་གནས་ངོ་མཚར་རེད་ཅེས་བསྟོད་བསྔགས་ཤོར་ཞིང་། ཉིན་མཐའ་མ་ཙམ་དུ་སླེབས་པ་ན་ང་ཚོ་ཕལ་མོ་ཆེར་ཁོང་ལ་ཕལ་ཆེར་དད་པ་ལྟ་བུའི་གུས་བརྩིའི་ཚོར་བ་ཟབ་མོ་ཞིག་ཀྱང་སྐྱེས་འདུག ང་ལ་ཡང་དེ་མཚུངས་བྱུང་བས་ངས་ཁོང་ལ་ཆེད་དུ་ལག་པ་ཞིག་གཏོང་དྲན་ན་ཡང་སྟབས་བདེ་བོ་རང་མ་བྱུང་། 

ཉིན་ལྔ་ཡི་རིང་དུ་ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་བཟུང་ཆུ་ཚོད་གསུམ་པའི་བར་དུ་སྨོན་ལམ་གྱི་སྡིང་ཆའི་ཐོག་ཏུ་མི་གྲངས་བཅུ་ཡས་མས་ཀྱིས་ཚོགས་ཆུང་རེ་བཙུགས་ནས་བརྗོད་བཞི་འདྲ་མིན་གྱི་ཐོག་ཏུ་ཁ་གསལ་གོ་བདེ་ཅི་ལྟར་བྱ་ཚུལ་དང་། འཚོ་བའི་དགོས་མཁོ་ཅི་ལྟར་སྐོང་ཚུལ་སོགས་ལ་གྲོས་བསྡུར་བྱས་ཤིང་། སྐབས་འདིའི་བགྲོ་གླེང་གི་བརྗོད་བྱ་གང་ཡིན་ཀྱང་བགྲོ་གླེང་བྱ་ཚུལ་ནི་ལྟ་སྒོམ་སྤྱོད་གསུམ་ལ་སྦྱོར་དགོས་པ་ཞིག་རེད་འདུག འོན་ཀྱང་བཤད་སྲོལ་དེ་ནམ་རྒྱུན་གྱི་བཤད་སྲོལ་དང་འདྲ་བ་ལྟ་བུ་ལ་མི་འདྲ་བ་ཡང་ལྟ་བུས་བགྲོ་གླེང་དེའི་མགོ་མཇུག་ཧྲིལ་པོར་ཐེངས་འདིར་ང་ཚོས་བཤད་བཞིན་པའི་ལྟ་སྒོམ་སྤྱོད་གསུམ་ཟེར་བ་དེ་གང་འདྲ་ཡིན་མིན་ཤེས་མཁན་མི་གཉིས་གསུམ་ལྷག་ཨེ་ཡོད་ན་སྙམ་པ་བྱུང་ཞིང་། དྲང་པོ་བཤད་ན་ངས་ནི་ད་དུང་ཡང་ང་རང་གིས་ཡག་པོ་ཞིག་མགོ་ཚོས་ཡོད་མེད་གསལ་པོ་མ་ངེས། ངས་གོ་ཚོད་ལྟར་བཤད་ན་སུ་ཧྥི་ཟེར་བ་མུ་སི་ལིམ་གྱི་ཆོས་ལུགས་ཀྱི་ཆ་ཤས་ཤིག་སྟེ་ནང་པ་དང་ཅུང་འདྲ་བ་དེའི་ལུགས་སུ་གནད་དོན་གང་ཡིན་ཀྱང་ཐོག་མར་གནད་དོན་དེ་གང་འདྲ་ཞིག་ཡིན་པ་ངོས་འཛིན་རྒྱུ་དང་། དེ་ནས་མང་ཚོགས་ལ་གོ་རྟོགས་དེ་སྤེལ་བར་ཐབས་ལམ་གང་འདྲ་ཞིག་ལག་བསྟར་བྱེད་དགོས་མིན་དང་། དེའི་ཆེད་དུ་ཁ་ཤས་ཀྱིས་ཟེར་ན་བཤད་མཁན་རང་ངོས་ནས་གང་བྱེད་ཐུབ་པ་དང་། ཁ་ཤས་ཀྱིས་ཟེར་ན་ཉན་མཁན་རྣམས་ཀྱིས་རང་སྦྱོང་གི་ཚུལ་དུ་གང་བྱེད་ཐུབ་པ་བཅས་དོན་ཚན་གསུམ་གྱི་སྒོ་ནས་བཤད་པ་རྣམས་ནང་པ་སངས་རྒྱས་པས་བཤད་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལྟ་གྲུབ་དང་ཅུང་འདྲ་བས་ཐེངས་འདིར་དེ་དག་དང་སྦྱར་ནས་བགྲོ་གླེང་བྱ་དགོས་པ་ཡིན་པ་འདྲ། མི་འགྱུར་རིན་པོ་ཆེས་གསུངས་ན་ལྟ་བ་ནི་འདུ་ཤེས་གཙོ་བོ་དང་། སྒོམ་པ་ནི་མྱོང་བ་ཡིན་པས་ཚོར་བ་གཙོ་བོ་དང་། སྤྱོད་པ་ནི་གོམས་གཤིས་གཙོ་བོ་ཡིན་པར་གསུངས་ཤིང་། ཚན་རིག་པ་རི་ཆར་ཌེ་ཝི་སོན་གྱིས་དེ་དག་ཀླད་པའི་ཆ་ཤས་གསུམ་ལ་སྦྱར་ནས་གསུངས་ཀྱང་མང་དུ་དོགས་པས་རེ་ཞིག་བཤད་པར་མི་བྱ། 

ལྟ་སྒོམ་སྤྱོད་གསུམ་གྱི་བཤད་སྟངས་དམིགས་བསལ་དེ་ཚང་མས་ངེས་ཡོད་མེད་གང་ལྟར་ཡང་བགྲོ་གླེང་གི་སྐབས་སུ་ཚང་མས་སྐར་མ་གཅིག་ནས་ལྔ་ཡི་བར་དུས་ཚོད་བསྒྲིགས་ནས་བསམ་འཆར་བརྗེ་ལེན་གནང་སོང་། དེ་ནས་ཕྱི་དྲོའི་ཇ་བཏུང་ཟིན་རྗེས་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་ཆུ་ཚོད་བཞི་དང་ཕྱེད་ཀའི་བར་དུ་ཚོགས་ཆུང་སོ་སོའི་འཐུས་མི་ནས་བསམ་ཚུལ་བརྗེ་ལེན་གྱི་མཇུག་སྡོམ་སྒྲོག་སྦྱངས་བྱས། ཐེངས་འདིའི་ཟབ་སྦྱོང་ལ་ཕེབས་པ་ལ། གཙོ་བོ་ཀརྨ་བཀའ་བརྒྱུད་པའི་མཁན་སྤྲུལ་རྣམས་དང་། དེ་བཞིན་ས་སྐྱ་དང་རྙིང་མ། དགེ་ལུགས་ནས་ཡིན་པའི་དགེ་བཤེས་དང་དྷ་ས་ནས་ཡིན་པའི་དགེ་བཤེས་མ་ཁ་ཤས་ཀྱང་འདུག་ལ། མི་རིགས་དཀར་པོ་དང་། རྒྱ་རིགས་སོགས་མི་རིགས་འདྲ་མིན་གྱི་གྲྭ་བཙུན་ཀྱང་ཁ་ཤས་འདུག་པ་དེ་ཚོ་ཚང་མ་བོད་སྐད་བདེ་བ་ཙམ་དུ་མ་ཟད་ཁ་བདེ་བོ་ཡོད་མཁན་རྐྱང་ཡིན་པར་མཐོང་། རེས་མོས་ཀྱིས་ཕལ་མོ་ཆེས་གཏམ་བཤད་རེ་བྱས་པ་ན་གད་མོ་གྲངས་མེད་པ་ཞིག་བསླངས་པས་དུས་སྐབས་ཕལ་མོ་ཆེ་གད་མོས་ཁེངས་པ་བྱུང་སྟེ་ཕྱོགས་གང་དུ་བལྟས་ཀྱང་གད་མོ་ཤོར་མཁན་ཤ་སྟག་ཡིན་པ་ལ། ང་ནི་རྒྱུ་མཚན་ཅི་ཞིག་གིས་གད་མོ་ཐེངས་ཉུང་ཤས་ལས་ཤོར་རྒྱུ་མ་བྱུང་བ་ནི་ཅུང་ཕངས་དགོས་པའི་གནས་སུ་མཐོང་ལ། ཐེངས་རེ་ཟུང་གི་ཡུན་དུ་ང་ཡང་གད་མོ་འགོག་མི་ཐུབ་པ་ཁ་ཤས་ཤོར་རྒྱུ་བྱུང་བ་ནི་བདེ་སྐྱིད་ཅིག་ལོས་ཡིན། སྐབས་དང་སྐབས་སུ་དྲི་བ་དྲིས་ལན་བྱེད་པའི་གོ་སྐབས་དང་། དགོང་མོ་ཆུ་ཚོད་བཞི་དང་ཕྱེད་ནས་ལྔ་པའི་བར་སྒེར་གྱི་བསམ་འཆར་བཤད་པའི་དུས་ཚོད་ཡོད་པ་ལ། དེ་དག་གི་སྐབས་སུ་ཁ་ཤས་ནི་གཏམ་བཤད་པར་ཧ་ཅང་དགའ་བས་གཏམ་བཤད་ཀྱི་གོ་སྐབས་རག་མ་ཐག་མང་ཉུང་ལ་མ་ལྟོས་པར་བཤད་རྒྱུ་རེ་འདུག་ལ། ཡང་འགའ་ཤས་ནི་ལག་པ་རྐྱོང་བར་དགའ་དྲགས་པ་ལྟ་བུས་སྐབས་རེ་མི་འགྱུར་རིན་པོ་ཆེས་རྩེད་མོའི་ཚུལ་དུ་ནམ་རྒྱུན་དབུགས་གཏོང་མཁན་ག་ཚོད་ཡོད། ཕྱག་ལག་རྐྱོངས་ཤོག་གསུངས་པ་ན་དེ་དག་གིས་ལག་པ་རྐྱོང་བ་བཤད་མ་དགོས་པའི་ཐོག་ཏུ། སྐབས་རེ་ཁོང་གིས་ད་ནམ་རྒྱུན་དབུགས་མི་གཏོང་མཁན་ག་ཚོད་ཡོད། ཕྱག་ལག་རྐྱོངས་ཤོག་གསུངས་པ་ན་ཡང་འགའ་ཤས་ཀྱིས་ལག་པ་རྐྱོང་གྲབས་རྐྱོང་གྲབས་བྱེད་ཀྱི་ཡོད་པ་མཐོང་། 

ཟབ་སྦྱོང་འདིའི་སྐབས་སུ་དགེ་འདུན་པ་གཉིས་རེ་ཙམ་ཁང་མིག་རེ་རེ་ལ་བཞུགས་ཡོད་པ་ལ། ཁང་མིག་གི་གོ་སྒྲིག་གནང་མཁན་ནི་གཏེར་སྒར་དགོན་དང་། བཀའ་བརྒྱུད་སྨོན་ལམ་ཚོགས་པ་གཉིས་ཡིན་པར་སྣང་ཞིང་། བཀའ་བརྒྱུད་སྨོན་ལམ་སོགས་ཀྱི་སྐབས་སུ་ཁང་མིག་དེ་དག་ལ་སྡོད་མཁན་ནི་ང་ཆེ་ཁོ་ཆེ་ཤ་སྟག་ཡིན་པས་ང་ལྟ་བུར་མཚོན་ན་ཐེངས་འདིར་གཏེར་སྒར་མགྲོན་ཁང་དུ་སྡོད་རྒྱུ་བྱུང་བ་ནི་རང་གིས་རང་ལ་ཡིད་ཆེས་དཀའ་བའི་ཚོད་རེད། ད་དུང་ཞལ་ལག་ནི་ཉིན་ལྟར་རྒྱས་པ་ཤ་སྟག་ཡིན་པས་ཞལ་ལག་སྦྱིན་བདག་ནི་གཙོ་བོ་རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་ཡིན་པར་ཐོས་ཤིང་། གཉེར་པ་དང་མ་བྱན་སོགས་གོ་སྒྲིག་གནང་མཁན་ནི་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ཡིན་པ་ལ། ཞོགས་ཟས་དང་། གུང་ཟས། དགུང་ཟས་བཅས་ཡོད་པའི་ཐོག་ཏུ། སྔ་དྲོ་དང་ཕྱི་དྲོར་ཇ་དང་ biscuit ཏན་ཤིང་ཡོད་པ་ཙམ་དུ་མ་ཟད་ཉིན་གུང་དང་ཕྱི་དྲོ་ལ་སྐབས་དང་སྐབས་སུ་ cake མངར་ཟས་རིགས་འདྲ་མིན་འདུག་ལ་དེ་ཡང་གང་འདོད་འདོད་ཟ་རྒྱུ་འདུག་པ་ནི་མང་པོ་བཤད་ན་ཡིད་ཆེས་དཀའ་བར་མཐོང་། ཉིན་གུང་ཞལ་ལག་ལྟ་བུར་མཚོན་ན་ཤ་མེད་སྔོ་ཟས་ཡིན་པ་ལ། ནམ་རྒྱུན་ཤ་མེད་ན་བཞུགས་མི་ཐུབ་པ་ཁ་ཤས་ཀྱིས་སྔོ་ཚལ་གྱི་ཁ་ལག་འདི་འདྲ་ཡོད་ན་ཤ་སྤོང་ཐུབ་ས་རེད་ཟེར་མཁན་དང་། སྤོང་མ་ཐུབ་ཀྱང་ཟླ་བ་ཁ་ཤས་དང་། ཟླ་བ་རེ་ཟུང་ཙམ་ཤ་མ་ཟས་ནས་སྡོད་ཐུབ་ས་རེད་ཟེར་མཁན་བྱུང་ན་ཡང་བགྲོ་གླེང་གི་སྐབས་སུ་དཔེ་མཚོན་དུ་མོན་བློ་བཟང་གི་མོག་མོག་སྐོར་མང་ཙམ་བཤད་པ་ནི་བག་ཆགས་ཤིག་ཡིན་པ་འདྲ། ཚོས་མ་དེ་དག་སྣ་ཁ་མང་ཡང་མཉམ་དུ་བསྲེས་ན་སྦྱོར་འགྲིག་པོ་ཤ་སྟག་ཡིན་པ་ནི་ང་རང་གི་ངོས་ནས་ཐེངས་འདིའི་ཟ་མ་ལ་དགའ་ས་གཙོ་བོ་དེ་ཡིན་ལ། ཚོས་མའི་རྣམ་གྲངས་མང་བས་ཐ་ན་མཛད་སྒོའི་སྐབས་སུ་ཚོས་མ་སྣ་ཁ་ག་ཚོད་ཡོད་མེད་ཐད་ལ་དངོས་སུ་གླེང་སློང་བྱེད་མཁན་ཀྱང་བྱུང་ན་ཡང་ལན་འདེབས་ཐུབ་མཁན་ནི་སུ་ཞིག་ཡོད་དེ་མི་འདུག 

དེ་ལྟར་ཟབ་སྦྱོང་འདིར་གལ་ཆེ་ཤོས་ཤེས་ཡོན་གྱི་བློ་སྐྱེད་ཆེ་བ། ཟ་མ་དང་སྡོད་གནས་ཀྱི་མཐུན་རྐྱེན་བཟང་བ་སོགས་ཀྱིས་ཟབ་སྦྱོང་འདིར་མཉམ་ཞུགས་གནང་མཁན་ཕལ་མོ་ཆེ་དགའ་དྲགས་པ་ལྟ་བུས་སྒེར་གྱི་བསམ་འཆར་བཤད་པའི་སྐབས་སུ་ཐེངས་འདིར་ཟབ་སྦྱོང་ཕུན་སུམ་ཚོགས་པ་འདི་འདྲ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་འདུག་ལ། མ་འོངས་པར་ཟབ་སྦྱོང་འདི་འདྲ་མུ་མཐུད་གོ་སྒྲིག་གནང་རོགས་གྱིས་ཟེར་ནས་འབོད་བསྐུལ་ཞུ་མཁན་ཀྱང་ཉུང་ཉུང་མ་རེད། ང་རང་ཡར་སྡིང་ཆའི་ཐོག་ཏུ་ལངས་ནས་དངོས་སུ་འབོད་བསྐུལ་ཞུས་མེད་ན་ཡང་། མ་འོངས་པར་ཡང་དགེ་རྒན་གྱི་ཆ་རྐྱེན། སྡོད་སའི་ཆ་རྐྱེན། ཟ་མའི་ཆ་རྐྱེན་འདི་འདྲ་རང་ཡོད་ན་ང་ལྟ་བུར་མཚོན་ན་ང་ལ་དགོས་པ་ཆ་ཚང་འདུག་པས་རྒྱབ་སྐྱོར་ནི་ཅི་ལ་མེད། ད་དུང་ཐེངས་འདིའི་ཟབ་སྦྱོང་ནི་ཐེངས་དང་པོ་ཡིན་པས་དབུ་འབྱེད་ལྟ་བུ་བྱས་ནས་མ་འོངས་པར་མུ་མཐུད་རྒྱུན་སྐྱོང་དང་གོང་སྤེལ་གཏོང་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་དང་། དགེ་འདུན་པ་རྣམས་ཀྱི་མདུན་ལམ་ལ་ཕན་རླབས་ཆེ་བར་མཐོང་བས་ན་ཟབ་སྦྱོང་འདི་ལྟ་བུ་ད་རེས་ཙམ་མིན་པར་མ་འོངས་པར་མུ་མཐུད་རྒྱུན་སྐྱོང་ཐུབ་ན་ཅི་འདྲའི་ཡག་པོ་ཞིག་རེད་སྙམ་པའི་ཚོར་སྣང་ནི་ཟབ་སྦྱོང་འདིའི་ཐོག་མཐའ་བར་གསུམ་དུ་བྱུང་། རྒྱུ་མཚན་དེས་ནམ་རྒྱུན་ཡིན་ན་ང་རང་མཛད་སྒོའི་ལས་རིམ་ཆེ་ཆུང་ཆ་ཚང་ལ་བཅར་བར་དགའ་མོས་མེད་ཀྱང་། ལས་གཞི་འདི་འདྲའི་སྐབས་སུ་མི་རྣམས་ཇེ་ཉུང་ནས་ཇེ་ཉུང་ལ་ཕྱིན་ཏེ་སྤྲོ་བ་མེད་པའི་རྣམ་པ་བསྟན་ན་གོ་སྒྲིག་མཁན་རྣམས་ཀྱི་སེམས་ཤུགས་གཅོག་བྱེད་གཙོ་བོ་ནི་དེ་ཡིན་པ་ཤེས་ཀྱི་ཡོད་པས་ན་ངས་ཀྱང་སྔ་དྲོ་ཕྱི་དྲོའི་ལས་རིམ་ཕལ་མོ་ཆེར་ཞུགས་གང་ཐུབ་བྱས་པའི་ཁུལ་ཡིན། 

ཚོགས་ཆུང་གྲོས་བསྡུར་དང་། བསམ་འཆར་སྙིང་བསྡུས་སྒྲོགས་སྦྱང་བཅས་ཀྱི་སྐབས་སུ་མི་འགྱུར་རིན་པོ་ཆེ་རང་ཉིད་ཀྱང་ཕེབས་ནས་གཟིགས་སྐོར་དང་། མཛད་སྒོའི་དབུ་བཞུགས་གནང་སྟེ། དུས་ཚོད་སྟངས་འཛིན། དྲི་བ་དྲིས་ལན། བགྲོ་གླེང་སོགས་གནང་བ་ལ། ད་ལྟའི་ཆར་ཁོང་ལྟ་བུར་མཚོན་ན་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཉིན་ལྟར་མཛད་རིམ་ཆེན་པོ་མང་པོས་གང་ནས་ཡོད་ཀྱང་། ད་རེས་འདིར་ཐུགས་ཁུར་ཆེན་པོས་ཕྱག་ལས་འདི་ལྟར་གནང་བ་ནི་ཚང་མ་ལ་སེམས་འགུལ་ཐེབས་པ་ཞིག་རེད་སྙམ། ང་ཚོའི་བླ་སྤྲུལ་མང་པོ་ཞིག་ནི་ཞབས་ཕྱི་ཚོས་ནམ་ཡིན་ཀྱང་ཁོམ་པ་མེད་ཅེས་བཤད་ནས་ཡོད་ཀྱང་། ཁོམ་པ་མེད་ན་ཡང་བྱས་རྗེས་ནི་དེ་ཙམ་མེད་པས་ན་ཅི་ཞིག་གནང་ནས་མ་ཁོམ་པ་ཡིན་ང་ཚོས་བསམ་གཞིགས་དགོས་པར་མཐོང་། ལར་ནས་ཤེས་འཇོན་ཅན་གྱི་མི་ལ་དུས་ཚོད་ཉུང་ངུ་ལས་མེད་ཅིང་། དུས་ཚོད་ཉུང་ངུ་ལས་མེད་པའི་རྒྱུ་མཚན་དེས་མི་དེ་དག་གིས་ནམ་ཡིན་ཀྱང་གང་ཡོད་པའི་དུས་ཚོད་དེ་དམ་འཛིན་བྱས་ཏེ་དུས་ཚོད་གང་ཡོད་དོན་ལྡན་དུ་བཟོ་བ་དེས་མི་དེ་དག་ཕུལ་བྱུང་གི་མི་སྣར་འགྱུར་ཐུབ་པའི་གནས་ལུགས་འདི་ངས་སྔ་མོ་ནས་ཤེས་ཀྱི་ཡོད་ཅིང་། ལོ་འདི་དག་གི་སྐབས་སུ་ངེས་ཤེས་ཇེ་ཆེར་གྱུར། ཟབ་སྦྱོང་འདིར་འཛོམས་པའི་གྲས་ལ་སྤྲུལ་སྐུ་དང་། མཁན་པོ། དགེ་རྒན་སོགས་ཡོད་པས་ན་རང་རང་སོ་སོ་ལ་སློབ་མ་བརྒྱ་ཕྲག་ནས་སྟོང་ཕྲག་ཡོད་མཁན་ཀྱང་ཁ་ཤས་ཤིག་ཡོད་པ་འདྲ་ལ། གང་ལྟར་མང་པོ་ཞིག་ནི་ད་ལྟ་ང་ཡིན་ཟེར་མཁན་དང་། འགའ་ཤས་ནི་མ་འོངས་པའི་རེ་བ་བྱེད་ས་ལྟ་བུ་རྐྱང་ཡིན་པར་མཐོང་ལ། ངས་ཀྱང་སྒོ་འགྲམ་དུ་ཡོད་པའི་འབོལ་གདན་དེར་ང་རང་ཡང་གཅིག་ཡིན་དྲན་ནས་བསྡད་པ་ལས། བོད་རིགས་ཀྱི་བཤད་སྲོལ་སྤྱིར་བཏང་བ་དེ། ངས་ནི་གང་ཡང་མི་ཤེས་ཟེར་བའམ། མིང་ཙམ་འཛིན་པའམ། གྲལ་མཐར་ཞུགས་པ་ཟེར་བ་སོགས་ཀྱི་སྐད་ཆ་ཁ་ཞེ་མི་མཐུན་པ་དེ་འདྲ་བཤད་དགོས་དོན་མ་མཐོང་། 

མཛད་སྒོའི་མཇུག་ཏུ་མི་འགྱུར་རིན་པོ་ཆེས་ཐེངས་འདིའི་ཟབ་སྦྱོང་མཐར་ཕྱིན་པའི་ཕྱག་ཁྱེར་གནང་བ་དང་འབྲེལ། མ་འོངས་པར་ཟབ་སྦྱོང་འདི་མུ་མཐུད་འགྲོ་ཐུབ་པའི་རེ་བ་ཡོད་ཚུལ་དང་། དེའི་བར་དུ་ཟབ་སྦྱོང་འདིའི་ཆེད་དུ་བཙུགས་པའི་སྐད་འཕྲིན་ཚོགས་པར་བགྲོ་གླེང་ལྷུག་པོ་གནང་གལ་ཆེ་ཚུལ་སོགས་གསུངས། དེ་ནས་གཏེར་སྒར་མཁན་པོ་ཀུན་དགའམ་མི་གསོན་པོས་མཇུག་སྡོམ་གྱི་གསུང་བཤད་དུ་ཐེངས་འདིའི་ཟབ་སྦྱོང་གི་སློབ་ཁྲིད་གནང་མཁན་གསུམ་ལས་ཚན་རིག་པ་རི་ཆར་ཌེ་ཝི་སོན་ནི་ལྟ་བ་མཚོན་བྱེད་དང་། ཡོངས་དགེ་མི་འགྱུར་རིན་པོ་ཆེ་ནི་སྒོམ་པ་མཚོན་བྱེད་དང་། དགེ་སློང་མེར་ཐུ་རི་ཀ་ནི་སྤྱོད་པ་མཚོན་བྱེད་དེ་ལྟ་སྒོམ་སྤྱོད་གསུམ་ག་ཚང་བར་གསུངས་པ་ནི་ང་ཚོ་ཚང་མའི་ཚོར་སྣང་ལྐོག་གྱུར་བ་ཞིག་ལ་ཁོང་གིས་མཇུག་སྡོམ་མངོན་གྱུར་པ་ཞིག་བརྒྱབ་གནང་བ་འདྲ། དེ་ནས་རི་མགུལ་སྤྲུལ་སྐུ་རིན་པོ་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་སློབ་ཁྲིད་བྱེད་སྟངས་གལ་ཆེ་བའི་དཔེ་མཚོན་གྱི་ལོ་རྒྱུས་ལྟ་བུར་དགུང་ལོ་ཆུང་དུས་ཁོང་ལ་གནམ་གྲུ་བཟོ་བའི་དམིགས་ཡུལ་ཡོད་པ་ལ། གནམ་གྲུ་བཟོ་བར་ཚན་རིག་ཤེས་དགོས་ཤིང་། ཚན་རིག་ཤེས་པར་ཨང་རྩིས་ཤེས་དགོས་པར་དགོངས་ནས་ཐོག་མར་ཨང་རྩིས་སྦྱངས་པ་ན་དགེ་རྒན་གྱིས་ཨང་རྩིས་ཡག་པོ་ཁྲིད་མ་ཐུབ་པས་གཡུག་དགོས་བྱུང་བ་ལས་སྐབས་དེར་དགེ་རྒན་ཡག་པོ་ཞིག་ཐོབ་ཡོད་ན་ཁོང་ད་ལྟ་གནམ་གྲུ་བཟོ་མཁན་གྱི་ཚན་རིག་པ་ཞིག་ཡིན་ས་ཡོད་ཅེས་རྩེད་མོའི་ཚུལ་དུ་གསུངས། ང་ཡང་རྣམ་དཔྱོད་མི་སྐྱོན་པའི་གྲས་ཡིན་པ་ལ་རི་མགུལ་སྤྲུལ་སྐུ་རིན་པོ་ཆེས་གསུངས་པ་བཞིན་ང་ལ་ཡང་ཆུང་དུས་མེ་མདའ་དང་སྐུད་མེད་ཁ་པར་སོགས་བཟོ་འདོད་པའི་བསམ་བློ་ཧ་ཅང་ཤུགས་ཆེ་བ་སོགས་ཀྱིས་ད་ལྟའི་ཆར་ཚན་རིག་པ་མང་པོས་ཕྲུ་གུ་ཆུང་དུས་རང་བྱུང་ཁམས་ཀྱི་རང་བཞིན་གང་ལ་ཡིན་ཀྱང་ཤེས་འདོད་ཆེ་བས་ན་ཕྲུ་གུ་ཆུང་ངུའི་སྐབས་སུ་ཚན་རིག་པ་ཞིག་གི་རྣམ་པར་འཚར་ལོངས་བྱུང་ན་ཡང་། སློབ་གྲྭ་དང་ཁྱིམ་ཚང་གིས་རིམ་པས་ཁྱད་ཆོས་དེ་འཇོམས་འགྲོ་ཡི་ཡོད་པར་བཤད་པ་བཞིན་ངས་ཀྱང་རྣམ་དཔྱོད་ཅན་ཚང་མ་ཕྱིས་སུ་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་འདྲ་མིན་གྱིས་ལམ་ཁ་འདྲ་མིན་ལ་ཞུགས་དགོས་བྱུང་བ་ལས་ཐོག་མའི་ཆར་ཐམས་ཅད་ལ་ཚན་རིག་པ་ཞིག་བྱེད་པའི་རྨི་ལམ་ཡོད་པ་གཅིག་པ་མིན་ནམ་སྙམ་པ་བྱུང་། 

མདོར་ན་ཟབ་སྦྱོང་ཉིན་ལྔ་ཙམ་གྱིས་རྩ་བ་ནས་ལེགས་བཅོས་དང་གཞི་རྒྱ་ཆེ་བའི་གོང་སྤེལ་གཏོང་ཐུབ་པ་ག་ལ་ཡིན་ཀྱང་། ཐེངས་འདིར་མཉམ་ཞུགས་གནང་མཁན་ཕལ་མོ་ཆེ་ལ་སྲོལ་རྒྱུན་གྱི་ཤེས་ཡོན་ཕུན་སུམ་ཚོགས་པ་ཡོད་ཀྱང་། དེང་རབས་ཀྱི་མིའི་སེམས་ཁམས་དང་འཚམས་པའི་བཤད་སྟངས་ཀྱི་ཉམས་མྱོང་གི་ཞན་ཆ་ཆེ་བ་མི་ཉུང་བ་ཞིག་ཡོད་པར་མཐོང་བས་མ་མཐར་ཡང་ཁ་གསལ་གོ་བདེ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ། ཐབས་ལམ་འདྲ་མིན་བེད་སྤྱོད་དགོས་པ། ཆོས་བཤད་སྐབས་དུས་ཚོད་ལ་ཏག་ཏག་བྱེད་དགོས་པ་སོགས་ཀྱི་ཐད་ལ་ང་ཚོ་ཚང་མར་ངེས་ཤེས་ཟབ་མོ་སྐྱེས་ཡོད་པ་ནི་ཕལ་ཆེར་གསལ་པོར་མཐོང་ཐུབ་པ་ཞིག་རེད། ང་རང་སྒེར་ལ་མཚོན་ན་ད་རེས་སྐད་ཆ་དམིགས་བསལ་བ་རེ་ཐོས་པ་ནི་དཔེར་ན་ད་ལྟའི་ཆར་དམངས་ཁྲོད་དུ་གཏམ་བཤད་བྱེད་སྐབས་མི་སྙན་གྲགས་ཅན་ཡིན་ཀྱང་དངོས་སུ་དེའི་མིང་སྨོས་ནས་བཤད་མི་རུང་བ་དང་། ལྷག་པར་ཡུ་རོབ་སོགས་ལ་Hitler ཧི་ཏ་ལེར་གྱི་མིང་ཙམ་ཡང་འདོན་མི་རུང་བ་སོགས་ཀྱི་སྐོར་ལ་བློ་བསྐྱེད་གསར་པ་མང་པོ་ཐོབ། དེར་བརྟེན་ང་ལ་མཚོན་ན་ད་རེས་གྱི་ཟབ་སྦྱོང་འདིར་སྐད་བསྒྱུར་བྱེད་པར་ཡོང་བ་དང་། ཕྱི་རྒྱལ་གྱི་ལུང་པ་འགའ་ཞིག་ལ་ཡོང་བའི་འབོད་བརྡ་གཉིས་དུས་མཉམ་དུ་བྱུང་བ་ལ་ངས་རྒྱུ་མཚན་འགའ་ཞིག་གི་རྐྱེན་པས་ཕྱི་རྒྱལ་ལ་འགྲོ་བའི་ཚབ་ལ་འདིར་སྐད་བསྒྱུར་བྱེད་པར་ཡོང་བ་ལ། ད་ལྟའི་ཆར་ངས་འདེམས་ཀ་དེ་ནོར་མི་འདུག་སྙམ་པ་བྱུང་ལ། རི་ཆར་་ཌེ་ཝི་སོན་གྱི་སྐད་བསྒྱུར་བྱ་རྒྱུ་བྱུང་བ་དེས་ད་རེས་ང་རང་དབང་རྩ་ཚན་རིག་དང་འབྲེལ་བ་བྱུང་བས་ན་མ་འོངས་པར་འདིའི་ཐད་ད་དུང་སྦྱང་བརྩོན་བྱས་ཏེ་སྐད་སྒྱུར་ཙམ་མིན་པར་ཚན་རིག་གི་ཤེས་ཚད་ཐད་ནས་ཀྱང་གོང་སྤེལ་ཅི་ནུས་རེ་གཏོང་བའི་འདུན་པ་དྲག་པོ་བྱུང་། 

མཛད་སྒོ་གྲོལ་རྗེས་སང་ཉིན་ཞོགས་པར་ཞོགས་ཇ་བཞེས་པར་ཕེབས་རོགས་གནང་། དེ་རྗེས་ཐབ་ཚང་སྒོ་སྒོ་རྒྱག་རྒྱུ་རེད་འདུག་ཅེས་གསལ་བསྒྲགས་བྱུང་བ་ན་ཐེངས་འདིའི་ཞལ་ལག་ལ་དགའ་མཁན་མི་ཉུང་བ་ཞིག་ལ་མཚོན་ན་གསལ་བསྒྲགས་དེར་ཐུགས་མཉེས་པོ་བྱུང་མེད་སྲིད་ན་ཡང་། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྡོམ་གཅིག་ཡིན་པ་བཞིན་ཟབ་སྦྱོང་གི་མཛད་སྒོ་འདི་ཡང་དེ་ལས་མ་འདས་པར་དེ་ལྟར་མཇུག་གྲུབ་སོང་ལ། དེས་ང་ཚོ་ལ་གནང་བའི་བློ་བསྐྱེད་ཀྱི་འོད་སྣང་དང་། རྗེས་དྲན་གྱི་མཛེས་སྡུག། བདེ་སྐྱིད་ཀྱི་དྲོད་ཁོལ་སོགས་ནི་ང་ཚོ་ནམ་གནས་ཀྱི་བར་དུ་ང་ཚོའི་རིགས་རྫས་དང་། ང་ཚོའི་འདུ་ཤེས། ང་ཚོའི་ཚོར་བ། ད་དུང་རབ་བྱུང་ན་ང་ཚོའི་གཤིས་སྤྱོད་དང་ལྷན་དུ་གནས་ངེས་པར་མཐོང་། དེས་ན་སེམས་དང་ཚེ་སྲོག་གི་བགྲོ་གླེང་བཅུ་པའི་སྐོར་ལ་བརྩམས་པའི་དེབ་ཅིག་ཡོད་པ་དེས་ཤུགས་རྐྱེན་ཅུང་ཐེབས་ཏེ། ངས་ཀྱང་རྩོམ་འདི་ཉིད་རང་ལ་སྐབས་འདིར་བྱུང་བའི་ཉམས་མྱོང་དང་སེམས་ཚོར་མཚོན་བྱེད་དང་། བཀའ་དྲིན་རྗེས་སུ་དྲན་པ་མཚོན་བྱེད། ད་དུང་དགའ་སྤྲོ་དང་དོན་སྙིང་ལྡན་པའི་མཛད་སྒོ་འདི་ཉིད་མཛད་སྒོའི་ལས་རིམ་མཇུག་གྲུབ་པ་ན་ཡོད་ཚད་རྫོགས་སོང་བ་ལྟར་མིན་པར་སྐབས་འདིར་ང་ཚོ་ལ་བྱུང་བའི་ཉམས་མྱོང་རྣམས་ཡི་གེའི་ལམ་ནས་འདི་ལྟར་མུ་མཐུད་གནས་པའི་རེ་བས་རྩོམ་འདི་བྲིས་པའི་ཁུལ་ཡིན་ཅིང་། མཇུག་ཏུ་བསྐྱར་དུ་མཚན་རེ་རེ་བཞིན་སྨོས་མ་དགོས་པར་ཟབ་སྦྱོང་འདིའི་དགེ་རྒན་རྣམ་པ་གསུམ་གཙོར་བྱས། གོ་སྒྲིག་གནང་མཁན། མཉམ་ཞུགས་གནང་མཁན་བཅས་ཐམས་ཅད་ལ་ངས་མགོ་བོ་གུག་པའི་གུས་ཕྱག་དང་བཅས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། ད་རེས་ང་ཚོ་ཟབ་སྦྱོང་འདིར་འཛོམས་རྒྱུ་བྱུང་བ་ནི་སྤྲོ་སེམས་རབ་ཏུ་འཁོལ་བ་ཞིག་རེད་ཅེས་ཞུ་བར་འདོད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།