སྐད་སྒྱུར་བའི་ཉམས་མྱོང་།(སྟོད་ཆ)

9262


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་། 



ངས་སློབ་གྲྭར་ལོ་གཅིག་ཙམ་བསྡད་མྱོང་ཡང་ལོ་དེ་ནི་ངའི་འཛིན་གྲོགས་རྣམས་ཀྱིས་དབྱིན་ཡིག་གི་གསལ་བྱེད་ཆ་ཚང་བ་ཤེས་པར་ཡང་ཟླ་བ་ཁ་ཤས་འགོར་ནས་རྫོགས། གྲྭ་པ་བྱས་རྗེས་ཆེད་དུ་དབྱིན་ཡིག་གི་འཛིན་གྲྭར་མུ་མཐུད་དུས་ཡུན་རིང་ཤོས་ཕྱིན་པ་ནི་ཞག་པོ་བཅུ་དགུ་ཙམ་ཡིན་ཅིང་། གཙོ་བོ་རང་སྟོབས་ཀྱིས་སྦྱངས་པ་ལ། ནན་ཏན་མུ་མཐུད་ཤུགས་བརྒྱབ་པ་ནི་ཟླ་བ་དྲུག་ཙམ་ཡིན། འོན་ཀྱང་སྐབས་དེར་ངས་དབྱིན་ཡིག་ལ་ཡོད་པའི་སྤྲོ་བ་ནི་སྨྱོ་སོང་བ་ལྟ་བུས། ངས་ལམ་ཁར་འགྲོ་དུས། ཟ་མ་ཟ་དུས། གསང་སྤྱོད་ལ་འགྲོ་དུས། དགོང་མོ་གསོལ་ཀ་འཚོག་དུས་ཀྱང་དབྱིན་ཡིག་གི་དེབ་རེ་འབྲལ་བ་མེད་པར་བཟུང་ནས་སྦྱངས་པ་མ་ཟད། ཐ་ན་ཞོགས་པ་གདོང་པ་འཁྲུ་བའི་སྐབས་སུ་ཡང་ཤེལ་སྒོའི་ངོས་སུ་ཚིག་ཁ་ཤས་ཀྱི་དོན་བྲིས་ཡོད་པའི་ཤོག་ཛར་ཞིག་སྦྱར་ནས་དེ་ལ་ལྟ་བཞིན་གདོང་པ་བཀྲུས། དེར་བརྟེན་ངའི་གྲོགས་པོ་མི་ཉུང་བ་ཞིག་གིས་ང་སྨྱོ་བའི་སེམས་ཁྲལ་གྱིས་ང་ལ་དབྱིན་ཡིག་མ་སྦྱངས་ན་བཟང་བའི་བསླབ་བྱ་བརྒྱབ་ཅིང་དྲང་པོ་བཤད་ན་ང་རང་ལ་ཡང་སེམས་ཁྲལ་ཅུང་ཟད་བྱུང་། འོན་ཀྱང་སྐབས་དེར་ངས་དབྱིན་ཡིག་ཤེས་དང་མ་ཤེས་ནི་རྗེས་ལུས་དང་སྔོན་ཐོན་གྱི་ས་མཚམས་ལྟ་བུར་མཐོང་བས་གང་ལྟར་སྨྱོ་ན་ཡང་སྨྱོ། ངས་མ་སྨྱོའི་བར་དུ་སྦྱོང་སྙམ་པའི་ཆོད་སེམས་བརྟན་པོས་མུ་མཐུད་སྦྱངས། ད་ལྟ་ངས་སྐབས་དེ་ལ་ཕྱིར་བསམ་གཏོང་དུས་སྤོབས་པ་ཆེ་ཤོས་ནི་སྐབས་དེ་དུས་ང་ལ་དབྱིན་ཡིག་མ་སྦྱོང་ཟེར་མཁན་འགའ་ཤས་ད་ལྟ་དབྱིན་ཡིག་སྦྱོང་མཁན་དུ་གྱུར་ཡོད་ལ། འགའ་ཤས་ནི་མ་སྦྱངས་པའི་འགྱོད་པ་ཅན་དུ་གྱུར་ཡོད་པ་དེ་རེད། 

ངས་དེ་ལྟར་དགེ་རྒན་ཕལ་ཆེར་མེད་པར་ཟླ་བ་དྲུག་ཙམ་ལ་རང་སྟོབས་ཀྱིས་སྦྱངས་པས་དུས་ཚོད་ཐུང་ངུ་དེའི་ནང་དུ་ངའི་དབྱིན་ཡིག་གི་ཤེས་ཚད་ནི་ཇི་ལྟར་བཟང་ཡང་གཞི་རིམ་གྱི་ཚད་གཞི་ཙམ་ལས་མི་ལོན་པ་ནི་བཤད་མ་དགོས་ཀྱང་། ལས་དབང་ཞིག་གིས་ངས་དབྱིན་ཡིག་མ་ཤེས་པའི་གོང་ནས་དབྱིན་ཡིག་ཤེས་པའི་གྲགས་པ་རྒྱས། དཔེར་ན་ངས་ཚིག་མི་འདྲ་བ་ཉི་ཁྲི་ལྔ་སྟོང་ཙམ་ཡོད་པའི་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་ཆུང་ཆུང་ཞིག་བློ་ལ་བཟུང་ན་ཡང་ངས་དབྱིན་ཡིག་གི་ཚིག་མཛོད་ Oxford Dictionary རྒྱས་པ་བློ་ལ་བཟུང་བའི་སྐད་གྲགས་བྱུང་འདུག་ལ། ཕྱིས་སུ་ལྟ་དུས་གྲགས་སྐམ་རྫུན་མ་དེ་ཐོས་མྱོང་བའི་མི་ཡང་ཉུང་ཉུང་རེད་མི་འདུག། ང་རང་ཡང་ཧང་སང་དགོས་པ་ཞིག་ལ་ཁོ་ཚོས་ངས་ཚིག་དེ་དག་རེ་རེ་བཞིན་བློ་ལ་བཟུང་བ་ཙམ་དུ་མ་ཟད་ཚིག་གང་ཡིན་ཀྱང་དེའི་ནང་དོན་ཤོག་གྲངས་དང་བཅས་པ་ང་ལ་བཤད་རྒྱུ་ཡོད་པར་ཐོས་འདུག། དོན་དངོས་སུ་ང་ནི་དེའི་ཕྱོགས་ཙམ་ཡང་སླེབས་མེད་པས་ཐ་ན་ད་དུང་ཡང་ང་ལ་དབྱིན་ཡིག་གི་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་ཧ་ཅང་ཆེ། ངོ་ཤེས་པའི་དགེ་རྒན་འགའ་ཤས་ཀྱིས་ང་ལ་ཁོང་རྣམས་ཀྱིས་སློབ་ཁྲིད་བྱེད་སྐབས་ང་ནི་མིག་དཔེ་ལྟ་ས་བྱས་ནས་སློབ་ཕྲུག་རྣམས་ལ་ང་ཡི་སྐོར་ལ་བཤད་ཀྱི་ཡོད་པར་གསུངས་ན་ཡང་། དོན་དངོས་སུ་ཁོང་རྣམས་ཀྱིས་ང་ཡི་སྐོར་ལ་གང་ཐོས་པ་ནི་ཉུང་མཐར་ཡང་བརྒྱ་ཆ་༧༥ ཙམ་རྫུན་ཡིན་པས་ན་ངས་དེ་ལ་སྤོབས་པ་སྐྱེ་བའི་ཚབ་ལ་ངོ་ཚ་ན་ཡང་ད་ལྟའི་ཆར་ང་ཡི་གཏམ་རྒྱུད་རྫུན་མ་ནི་ང་ཡི་དངོས་ཡོད་གནས་ཚུལ་ལས་ཁྱབ་ཆེ་བས་ད་ནི་ངས་གསལ་བཤད་བྱས་ན་ཡང་དེས་ང་ཡི་གཏམ་རྒྱུད་རྫུན་མ་ལ་ཞུ་དག་གཏོང་མི་ཐུབ་པའི་ཚོད་དུ་གྱུར་འདུག 

ལས་དབང་ཞིག་གིས་ངས་ཉུང་ཉུང་ལས་མི་ཤེས་ཀྱང་མང་ཙམ་ཤེས་པའི་སྙན་གྲགས་འདི་ང་ལ་དུས་དང་དུས་སུ་འབྱུང་གི་ཡོད་ཅིང་། ང་ལ་མཚོན་ན་དེ་ནི་བསོད་ནམས་ཤིག་ཀྱང་ཡིན་སྲིད་ལ། ཆག་སྒོ་ཞིག་ཀྱང་ཡིན་པ་ནི་ང་དང་དངོས་སུ་ཐུག་འཕྲད་བྱུང་སྐབས་གཏམ་རྒྱུད་རྫུན་མ་དེ་ངས་ཁུངས་ག་ལ་སྐྱེལ་ཐུབ་སྟེ་མི་ཐུབ་པས་དེ་ལ་བརྟེན་ནས་ང་ལ་དཀའ་ངལ་ཡང་རབས་དང་རིམ་པ་འཕྲད་མྱོང་ཡོད། དཔེར་ན་ད་ལྟའི་ཆར་ང་རང་སྐད་སྒྱུར་ཞིག་ཏུ་གྱུར་པ་ཡང་བརྒྱུད་རིམ་དེ་འདྲ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ཡང་ང་ཡི་དབྱིན་ཡིག་གི་ཤེས་ཚད་མཐོ་བའི་གྲགས་སྐམ་རྫུན་མ་བྱུང་བའི་སྐབས་དེ་ཙམ་དུ་རྒྱལ་ཚབ་རིན་པོ་ཆེའི་གསུང་སྒྱུར་འཆི་མེད་ལགས་ཀྱིས་ལས་དགོངས་ཞུས་པ་ལ། ངས་ད་དུང་དྲན་པ་ཞིག་ལ་ཐེངས་ཤིག་འབྲས་ལྗོངས་རུམ་བཏེག་ཏུ་རྒྱལ་ཚབ་རིན་པོ་ཆེའི་ཕྱག་མཛོད་ཀྱིས་ང་ལ་བོད་ཀྱི་དཔེ་མཛོད་ཁང་གིས་རྩོམ་སྒྲིག་བྱས་པ་སྟེ་<<ནང་དོན་རིག་པའི་མིང་ཚིག་བོད་དབྱིན་ཤན་སྦྱར་>>སོགས་དཔེ་དེབ་སྤུས་ལེགས་ཁ་ཤས་བརྔན་པར་གནང་ནས་མ་འོངས་པར་ཁྱོད་རང་གིས་རིན་པོ་ཆེའི་སྐད་སྒྱུར་བྱ་དགོས་རེད་ཅེས་གསུངས། ངས་དེབ་ཡག་པོ་དེ་རྣམས་རག་པར་དགའ་ན་ཡང་དེ་དང་མཉམ་དུ་ལས་ཀ་ཆེན་པོ་ཞིག་ཀྱང་རག་པས་བློ་མི་བདེ་བར་གྱུར། འོན་ཀྱང་ཁོང་གིས་གཟིམ་ཆུང་དུ་མི་རེ་ཟུང་ཙམ་ལ་བསྒྱུར་དགོས་པ་ཡིན་དུས་སེམས་ཁྲལ་བྱ་དགོས་དོན་ཡོད་པ་མ་རེད་ལ། སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་ཀྱང་རེད་ཅེས་གསུངས་པ་དེས་ཅུང་སེམས་བདེ་བར་གྱུར། 

སྐབས་དེ་ཙམ་ནས་བཟུང་ང་རང་རྟ་མེད་སྐབས་ཀྱི་བོང་གུ་ལྟར་མིང་ཙམ་གྱི་སྐད་སྒྱུར་པར་གྱུར་ནས། ངས་ད་དུང་གསལ་པོ་དྲན་པ་ཞིག་ལ། ཐེངས་ཤིག་ཉིན་གུང་ལྟ་བུར་རིན་པོ་ཆེའི་ཞབས་ཕྱི་ཞིག་གིས་ང་ལ་ཁ་པར་བཏང་ནས་འདི་ལ་མགྱོགས་པོ་ཤོག་དང་། དབྱིན་ཇི་གཉིས་རིན་པོ་ཆེ་མཇལ་བར་སླེབས་འདུག་པས་སྐད་སྒྱུར་དགོས་འདུག་ཟེར། ངས་དེ་མ་ཐག་གང་མགྱོགས་ཕྱིན་པ་ན་ང་སྒོ་ནས་འཛུལ་མ་ཐག་ངའི་གྲོགས་པོས་ལྟོས་དང་། སྐད་སྒྱུར་སླེབས་སོང་ཞེས་ངོ་སྤྲད་བྱས། འོན་ཀྱང་དབྱིན་ཇི་ཕོ་མོ་དེ་གཉིས་ཀྱིས་ངའི་གྲོགས་པོས་རྩེད་མོ་ཟེར་སོང་སྙམ་ནས་ང་ལ་བལྟས་ནས་གད་མོ་ཡང་ཡང་ཤོར་ཞིང་ཅུང་མིན་ན་ང་སྐད་སྒྱུར་ཡིན་པར་ཡིད་ཆེས་མ་བྱས་པས་ང་དང་ངའི་གྲོགས་པོ་ཡང་གད་མོ་མི་ཤོར་ཀ་མེད་བྱུང་། འོན་ཀྱང་ཉིན་དེར་དངོས་སུ་སྐད་སྒྱུར་བྱེད་སྐབས་སྐྱོན་དེ་ཙམ་མ་བྱུང་བ་འདྲ་ལ་ང་ལ་དེ་འདྲའི་གནས་ཚུལ་ནི་རྒྱུན་ལྡན་འཕྲད་བཞིན་པ་ཞིག་ཡིན། ངས་སྐད་སྒྱུར་གྱི་བྱ་བ་དེ་གཟིམ་ཆུང་ནང་དུ་སྒྱུར་བ་ནས་མཛད་སྒོའི་སྐབས་སུ་སྒྱུར་བ་སྟེ། རིམ་པ་དང་པོ་ནས་གཉིས་པར་འཕོས་པ་ནི་སྤྱི་ལོ་༢༠༠༦ ལོ་སྟེ། ལོ་དེར་ར་ལང་གི་སྒྲུབ་ཁང་ཆོས་སྐུའི་འབྱུང་གནས་དབུ་འབྱེད་སྐབས་རྒྱལ་ཚབ་རིན་པོ་ཆེས་ཞག་པོ་བཅུ་ཡས་མས་ཀྱི་རིང་བཀའ་དབང་ཆེ་ཆུང་མི་ཉུང་བ་ཞིག་གནང་བ་ན་ནུབ་ཕྱོགས་ཀྱི་མི་རིགས་ཀྱང་ཉི་ཤུའི་ཡས་མས་ཡོད་པ་ལ་ངས་སྐད་སྒྱུར་བྱས། སྐབས་དེར་རིན་པོ་ཆེས་གང་གསུངས་པ་རྣམས་ངས་ཕལ་མོ་ཆེ་ཏག་ཏག་བསྒྱུར་ཐུབ་ཡོད་ས་མེད་ལ། ལྷག་པར་དབང་གི་སྐབས་སུ་ལྷ་རྣམས་ཀྱི་ཕྱག་མཚན་འདྲ་མིན་གསུངས་པ་ན་ཕྱག་མཚན་དེ་ཚོ་ནི་ངས་དབྱིན་སྐད་ལྟ་ཞོག་བོད་སྐད་ནང་དུ་ཡང་གང་ཡིན་མི་ཤེས་པས་བསྒྱུར་ཟེར་བ་ནི་ཕ་རིའི་སྤང་ཁ་རེད། 

སྐབས་དེར་ང་ལ་ལུག་གིས་མི་ཁྱོག་བཞིན་དུ་གཡག་གི་ཁུར་པོ་ཁུར་གྱི་ཡོད་པའི་ཚོར་སྣང་བྱུང་སྟེ་སྐད་སྒྱུར་གྱི་ལས་ཀ་གནས་སྐབས་གཡུགས་ན་སྙམ་པའི་བསམ་བློ་ཤུགས་ཆེན་འཁོར་ནས་ཉིན་ཞིག་ང་རང་ངོ་ཡང་ཚ། སེམས་ཤུགས་ཀྱང་ཆགས་པ་མཐོང་བས་ན་ང་ཡི་གྲོགས་པོ་ཞིག་གིས་སེམས་ཤུག་སྤར་ཐབས་ཀྱི་བསླབ་བྱ་བརྒྱབ་ཅིང་མི་རིགས་དཀར་པོའི་ཨ་ནེ་ཞིག་གི་སར་ཁྲིད་ནས་ཁོས་སྐད་སྒྱུར་གང་འདྲ་བྱེད་ཀྱི་འདུག ཡག་པོ་བྱེད་ཀྱི་མི་འདུག་གམ་ཞེས་དྲིས་པ་ན། ཨ་ནེ་དེས་གད་མོ་ཤོར་བཞིན་དུ་ Not very bad ཞེས་ཟེར། ངས་དེ་ནི་ཡག་པོ་མི་འདུག་ཟེར་བའི་དོན་རེད་ཅེས་བཤད་པ་ལ། གྲོགས་པོས་དེ་ནི་ཡག་པོ་མི་འདུག་ཟེར་བའི་དགག་ཕྱོགས་ཡིན་པས་དོན་དུ་ཡག་པོ་འདུག་ཟེར་བའི་དོན་རེད་ཅེས་བཤད་ནས་སེམས་ཤུགས་སྤར་ཐབས་བྱས། གང་ལྟར་ཡང་སྐད་སྒྱུར་གཞན་མེད་པས་ང་ཚོ་སུར་ཡང་ཐབས་ཤེས་མེད་པ་བཞིན་ངས་མུ་མཐུད་བསྒྱུར་བ་ལ། ངས་ད་དུང་དྲན་པ་ཞིག་ལ་སྐབས་དེར་རིན་པོ་ཆེས་མགོན་པོའི་དབང་གནང་སྐབས་མགོན་པོ་ལ་ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཕྱག་གཉིས་པ་སོགས་མང་པོ་ཡོད་པར་གསུངས། ངས་དེ་བསྒྱུར་བ་ན་དགོན་པའི་སྒྲུབ་དཔོན་བླ་མས་དབྱིན་སྐད་ཚིག་རེ་ཟུང་ཙམ་ལས་མི་ཤེས་ཀྱང་ཉིན་དེར་ངའི་སྐད་སྒྱུར་ལ་ཉན་ནས་ཁོང་གད་མོས་རྒྱུ་མ་ཆད་ལ་ཁད་དུ་འདུག ངས་ཅི་ཞིག་ནོར་བ་ཡིན་མ་ཤེས་པས་རྗེས་སུ་བར་གསེང་གི་སྐབས་སུ་ཁོང་དང་བཀའ་མོལ་ཞུ་སྐབས་ཁོང་གིས་ང་ལ་ཁྱེད་ཀྱིས་ད་ཅི་སྐད་སྒྱུར་བྱེད་སྐབས་མ་ཧཱ་ཀ་ལ་ཕྱག་གཉིས་པ་དང་ཕྱག་གསུམ་པ་དང་ཕྱག་བཞི་པ་བཅས་ཡོད་པར་གསུངས་སོང་བས་མ་ཧཱ་ཀ་ལ་ཕྱག་གསུམ་པ་དེའི་ཕྱག་གཉིས་གཡས་གཡོན་གཉིས་ལ་ཡོད་བགྱི་གྱིས། ཕྱག་གཅིག་པུ་དེ་ག་པར་ཡོད་རེེད་ཅེས་གསུངས་པས་ང་ཚོ་དེར་ཡོད་ཐམས་ཅད་གད་མོ་རང་དབང་མེད་པར་ཤོར། 

ལས་དང་པོ་པས་སྐད་སྒྱུར་བྱེད་པ་ནི་སྦྱོང་བརྡར་བྱེད་པའི་དུས་ཚོད་རེད་ལ། ཕྱོགས་གཞན་ནས་བཤད་ན་ཞབས་འདྲེན་ཞུ་བའི་དུས་ཚོད་ཀྱང་རེད། སྤྱིར་སྐད་སྒྱུར་ལས་དང་པོ་པ་ཙམ་མིན་པར་སྐད་སྒྱུར་སྙན་གྲགས་ཅན་རྣམས་ཀྱིས་ཀྱང་ཞབས་འདྲེན་ཞུས་པའི་ལོ་རྒྱུས་ཧ་ཅང་མང་བས་ཚིག་དང་དོན། སྒྲ་གདངས་བཅས་ཀྱི་ཐད་ནས་ཞབས་འདྲེན་ཞུ་ཆེ་ཆུང་ཙམ་ལས་ཞབས་འདྲེན་ཞུ་མ་མྱོང་བའི་སྐད་སྒྱུར་ནི་གཞི་མ་གྲུབ་ཅེས་བཤད་ཀྱང་ཆོག་པ་རེད། ང་ཡང་དེ་ལས་མ་འདས་ཤིང་། མ་གཞི་ནས་ངས་དབྱིན་ཡིག་སྦྱངས་པའི་བརྒྱུད་རིམ་ཧྲིལ་པོ་ཡང་ཞབས་འདྲེན་ཞུས་པའི་བརྒྱུད་རིམ་ཞིག་ལ་ངོས་བཟུང་ན་ཆོག་པར་མཐོང་གི་ཡོད། ལྷག་པར་ངས་སྒྲ་གདངས་ཀྱི་ཆ་ནས་ཞབས་འདྲེན་ཞུས་པ་ནི་གྲངས་མེད་པས། ཐེངས་ཤིག་ང་དང་གྲོགས་པོ་ཚོས་དྲག་རྩལ་པ་གྲགས་ཅན་ Van Damme ཝེན་ཌེམ་གྱི་གློག་བརྙན་  Bloodsport ཞེས་པ་དེ་ལྟ་བཞིན་པ་ན་ངས་ blood ལ་རྦི་ལུ་ཌི་ཞེས་ཟེར་བ་ལ་གྲོགས་པོ་གཉིས་ཀྱིས་གད་མོ་ཤོར་ནས་མ་རེད་རྦི་ལོ་ཌི་ཟེར་བ་རེད་ཅེས་ཟེར། ངས་ཨོ་གཉིས་ཡོད་ན་ཞབས་ཀྱུའི་སྒྲ་གདངས་འདོན་དགོས་རེད་ཅེས་ཨུ་ཚུགས་བརྒྱབ་ནས་ཐ་ན་ང་ཚོ་འཁྲུགས་པ་ཤོར་ལ་ཁད་དུ་གྱུར་ན་ཡང་ཕྱིས་སུ་ང་རང་ནོར་བ་ཤེས་རྟོགས་བྱུང་། མ་ཟད་ཐེངས་ཤིག་ང་རང་གྲོགས་མོ་མཛེས་མ་ཞིག་གི་མཉམ་དུ་རྒྱལ་སར་འཁྱམས་འཁྱམས་ལ་ཕྱིན་པ་ན་ངས་ perfume ཟེར་བའི་སྒྲ་གདངས་ཡག་པོ་འདོན་མ་ཤེས་པས་མོས་ང་ལ་གད་མོ་ཡང་ཡང་ཤོར་བཞིན་དེའི་སྒྲ་གདངས་དངོས་བསླབས་པ་ནི་དགའ་དགོས་པ་ཞིག་རེད་ལ་ངོ་ཚ་དགོས་པ་ཞིག་ཀྱང་རེད། 

ངས་དབྱིན་སྐད་ཀྱི་ཐོག་ནས་དེ་ལྟར་ཞབས་འདྲེན་ཞུས་པའི་གནས་ཚུལ་ནི་ཧ་ཅང་མང་ཞིང་། ད་ལྟ་ཡང་དེའི་གནས་བབ་ལས་ཐར་མེད་པས་ན་ཟླ་བ་གཅིག་ཙམ་གྱི་སྔོན་དུ་ངས་རྒྱལ་ཚབ་རིན་པོ་ཆེས་གཅིག་ཤེས་ཀུན་གྲོལ་གྱི་དབང་གནང་བའི་གསུང་སྒྱུར་ཞུས་པ་ན་ལྷ་ཡི་ཕྱག་མཚན་དག་ལས་ཞགས་པ་ལ་དབྱིན་སྐད་དུ་ lasso ཞེས་ཟེར་བ་ལ་ངས་དེའི་སྒྲ་གདངས་ཡག་པོ་འདོན་མ་ཤེས་པས་ངས་ཚིག་དེ་ནམ་བེད་སྤྱོད་སྐབས་ཅི་ཙམ་གཟབ་ནན་བྱས་ཀྱང་ང་ལ་གད་མོ་ཙག་ཙིག་ཤོར་མཁན་ཉེ་རིང་གང་སར་མཐོང་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་འདི་འདྲའི་གནས་ཚུལ་ནི་ང་ལ་མཚོན་ན་འབྱུང་རྒྱུ་མང་དྲགས་པས་ད་ནི་གོམས་ཟིན་པས་ངོ་ཚ་རྒྱུ་ཡང་ཕལ་ཆེར་མེད་པར་གྱུར་འདུག་ལ། སུ་ཞིག་གིས་ང་ཡི་ནོར་འཁྲུལ་བཤད་ན་ངས་ངོ་ཚ་བའི་ཚབ་ལ་དེ་ནི་དེ་རིང་ནས་བཟུང་སྟེ་ངས་ཚིག་འདིའི་ཆ་ནས་ཞབས་འདྲེན་ཞུ་བའི་ཉིན་མཐའ་མ་རེད་ཅེས་བསམ་ནས་ཧ་ཅང་དགའ་པོའི་ཐོག་ནས་ངས་ནོར་འཁྲུལ་གང་བྱུང་བ་དྲིས་ཏེ་ལེགས་བཅོས་གཏོང་གི་ཡོད། མདོར་ན་ང་ལྟ་བུས་སྐད་སྒྱུར་བྱེད་སྐབས་བོད་དུ་བེད་སྤྱོད་པའི་ཐ་སྙད་མང་པོ་དབྱིན་ཡིག་ཏུ་རྙེད་དཀའ་བ་དང་། དབྱིན་སྐད་ཀྱི་ཐ་སྙད་མང་པོ་བོད་སྐད་ནང་དུ་མེད་ཅིང་། ཡོད་ཀྱང་གཅིག་གྱུར་ཞིག་མེད་པས་མི་མང་པོས་གོ་དཀའ་བ་དང་། གོ་ན་ཡང་མོས་མཐུན་མེད་པའི་ལྟ་ཚུལ་ཅན་མང་བས་ན་སྐད་འདི་གཉིས་པོའི་བར་དུ་སྐད་སྒྱུར་བྱེད་པ་ནི་དེ་སྔོན་འབྲེལ་བ་གཏན་ནས་མེད་པའི་འཇིག་རྟེན་གཉིས་ཀྱི་བར་དུ་སྐད་སྒྱུར་བྱེད་བཞིན་པའི་ཚོར་སྣང་སྟེར་བས་སྐད་སྒྱུར་གྱི་ནང་ནས་ཁག་ཤོས་ཤིག་ལ་ངོས་བཟུང་ན་ཡང་ཆོག་པར་སྣང་། 

གནད་དོན་དེ་འདྲ་ལ་བརྟེན་ནས་སྐད་སྒྱུར་བྱེད་སྐབས་རིག་པ་ཅི་ཙམ་སྒྲིམ་དགོས་མིན་གྱི་དཔེ་མཚོན་ཞིག་བཤད་ན། ཐེངས་ཤིག་ང་རང་རྒྱལ་ཚབ་རིན་པོ་ཆེའི་གདན་ས་ར་ལང་དགོན་པའི་ཐོག་བརྩེགས་གོང་མར་ལྷ་ཁང་ཀ་བཞི་གདུང་བརྒྱད་ཟེར་བ་ཞིག་ཡོད་པའི་ནང་དུ་དགོན་པའི་སྒྲུབ་དཔོན་རིན་པོ་ཆེས་ཕྱི་རྒྱལ་གྱི་མི་ཉུང་ཤས་ཤིག་ལ་སྔོན་འགྲོ་ལྟ་བུ་ཁྲིད་ཅིག་གནང་བཞིན་ཡོད་པའི་སྐད་བསྒྱུར་བྱེད་བཞིན་ཡོད། སྐབས་དེར་དགོང་མོ་ཆུ་ཚོད་ལྔ་པ་ཡས་མས་ཡིན་པ་ལ། ངས་རིག་པ་བསྒྲིམས་ནས་སྐད་སྒྱུར་བྱེད་བཞིན་པ་ན། གློ་བུར་དུ་མི་ཚང་མས་ཕན་ཚུན་གཅིག་གིས་གཅིག་གི་གདོང་པར་ལྟ་བཞིན་མ་བདེ་བ་ལྟ་བུ་བྱེད་བཞིན་པའི་མཐོང་སྣང་བྱུང་། ངས་ང་རང་གིས་སྒྱུར་སྟངས་ཅི་ཞིག་ནོར་བ་ཡིན་ནམ་སྙམ་ནས་དོགས་པ་ཟོས་ཀྱང་དམིགས་བསལ་འདི་ནོར་སོང་སྙམ་པ་ཞིག་མ་བྱུང་བས་དོགས་པ་ཟ་མགོ་ཚུགས། གསུང་ཆོས་གྲོལ་རྗེས་ངས་མི་འགར་ད་ཅི་གང་བྱུང་བ་རེད་ཅེས་དྲིས་པ་ན། ཁོ་ཚོས་ང་ལ་ས་ཡོམ་བརྒྱབ་སོང་བ་ཁྱོད་ཀྱིས་མ་ཚོར་རམ་ཞེས་དྲིས། ངས་རང་གིས་རང་ལ་གད་མོ་ཡང་ཤོར་ཞིང་། དེས་ང་ལ་ཡང་སྙིང་སྐད་སྒྱུར་བྱེད་པ་ལ་རིག་པ་ཅི་ཙམ་སྒྲིམ་དགོས་མིན་གྱི་ངེས་ཤེས་ཀྱང་དམིགས་བསལ་སྐྱེས། རྒྱུ་མཚན་དེས་ངས་ནམ་རྒྱུན་ཉམས་མྱོང་སྤྱི་ཡོངས་དང་མཚུངས་པར་སྐད་སྒྱུར་བ་ལ་དཀའ་ངལ་གང་ཡོད་པ་ཡང་སྐད་སྒྱུར་བྱེད་མྱོང་མཁན་ལས་གཞན་སུས་ཀྱང་མི་ཤེས་ཚུལ་བཤད་མྱོང་ཡོད་ཅིང་གོ་རྟོགས་དེ་ནི་ངས་བཤད་པ་ཙམ་མིན་པར་ཉམས་མྱོང་དེ་འདྲ་ལས་ཐོབ་པ་ཞིག་ཡིན།

དབྱིན་སྐད་ལྟ་བུར་མཚོན་ན་སྐད་དེ་མི་ཤེས་མཁན་མང་པོས་ཁོས་དབྱིན་སྐད་ཡག་པོ་ཤེས་པས་གང་དང་གང་གི་སྐོར་ལ་བཤད་ན་ཡང་བསྒྱུར་མི་ཤེས་པ་གང་ཡོད་དྲན་ན་ཡང་། དོན་དུ་སྐད་ཡིག་གང་གི་ནང་དུ་ཡིན་ཀྱང་བརྗོད་བྱ་སོ་སོ་ལ་ཐ་སྙད་མི་འདྲ་བ་ཡོད་པས་ནང་ཆོས་སྒྱུར་ཐུབ་པ་ཙམ་གྱིས་ཚན་རིག་དང་གསོ་རིག་གི་ནང་དོན་སྒྱུར་ཐུབ་པའི་ངེས་པ་ག་ལ་ཡོད། འོན་ཀྱང་སྐད་མི་ཤེས་མཁན་རྣམས་ཀྱི་ཁྲོད་དུ་བསམ་གཞིགས་དེ་ཙམ་ཐུབ་མཁན་ཀྱང་དཀོན་ཚོད་དུ་སྣང་། གཏམ་བཤད་བྱེད་མཁན་འགའ་ཤས་ནི་བསམ་གཞིགས་ཅི་ཡང་མེད་པས་སྐད་སྒྱུར་གྱིས་སྒྱུར་མ་ཐུབ་ན་ངས་དེ་རིང་རྫིག་པོ་ཞིག་བཤད་ཡིན་ས་རེད་དྲན་ནས་དགའ་མཁན་ཀྱང་ཡོད། རྒྱུ་མཚན་དེས་ཕལ་མོ་ཆེ་ནི་སོ་སོས་མི་རིགས་གཞན་གྱི་སྐད་ཐོག་ཏུ་ཚིག་རེ་ཟུང་ཙམ་བརྗོད་དགོས་ན་ཡང་དཀའ་ངལ་ཅི་ཙམ་ཡོད་པ་མ་ཚོར་བར་སྐད་སྒྱུར་གྱིས་སྐད་ཡིག་གཞན་གྱི་ནང་དུ་ཚིག་དང་དོན་ཅི་ཞིག་ཡིན་ཀྱང་ཐོགས་པ་མེད་པར་བསྒྱུར་བ་ལ་དཀའ་ངལ་གང་ཡང་ཡོད་མི་སྲིད་སྙམ་མཁན་ཤ་སྟག་རེད། དེའི་ཆ་ནས་སྐད་སྒྱུར་བྱེད་སྐབས་གཏམ་བཤད་བྱེད་མཁན་དེ་སྐད་ཅི་ཡང་མི་ཤེས་མཁན་ལས་ཀྱང་སྐད་ཅུང་ཟད་ཤེས་མཁན་ཡིན་ན་དེས་སྐད་སྒྱུར་བས་སྒྱུར་ཐུབ་མིན་གྱི་བསམ་གཞིགས་བྱེད་བཞིན་གཏམ་བཤད་བྱེད་ཐུབ་པའི་དགེ་མཚན་ཡོད་པར་སྣང་། འོན་ཀྱང་སྐད་ཅུང་ཟད་ཤེས་པའི་གཏམ་བཤད་མཁན་འགའ་ཤས་ཀྱིས་སྐད་དེ་སོ་སོས་ཀྱང་ཡག་པོ་ཤེས་ཀྱི་ཡོད་པ་སྟོན་ཐབས་ལྟ་བུར་སྡིང་ཆའི་ཐོག་ཏུ་སྐད་སྒྱུར་བ་ལ་དུས་དང་དུས་སུ་བཀག་ནས་ལེགས་བཅོས་བྱེད་པ་ནི་དེ་དག་ལ་སྐད་སྒྱུར་བྱེད་པའི་ཉམས་མྱོང་མེད་པ་ལས། དོན་དངོས་སུ་སྐད་སྒྱུར་བས་རྦད་དེ་ནོར་ན་མ་གཏོགས་དོན་ཡོད་ལ་མེད་ཀྱི་བཟོ་བཅོས་མང་པོ་བཏང་ན་སྐད་སྒྱུར་བ་ལ་གནོན་ཤུགས་ཆེ་དྲགས་པས་དེས་སྐད་སྒྱུར་གྱི་སྤུས་ཚད་ཇེ་སྡུག་ཏུ་གཏོང་གི་ཡོད། 

མདོར་ན་མི་ཕལ་མོ་ཆེས་སྐད་སྒྱུར་བ་ལ་དཀའ་ངལ་དེ་ཙམ་ཡོད་པར་མི་ཚོར་ཡང་། དོན་དུ་མཛད་སྒོ་ལྟ་བུར་སྐད་སྒྱུར་བྱེད་སྐབས་སྐད་སྒྱུར་མང་པོས་མ་མཐར་ཡང་ཟླ་བ་ཁ་ཤས་ཀྱི་རིང་དུ་ཉིན་དང་མཚན་བྱས་ཏེ་སྐབས་བབ་ཀྱི་བརྗོད་བྱ་ཙམ་མིན་པར་དེ་དང་འབྲེལ་ཡོད་མང་པོར་ཚིག་དོན་གཉིས་ཀའི་ཆ་ནས་སློབ་སྦྱོང་བྱེད་བཞིན་ཡོད་ན་ཡང་། གཅིག་ཤོས་གཏམ་བཤད་བྱེད་མཁན་མང་པོ་ནི་སོ་སོས་གང་བཤད་རང་དབང་ཡིན་པས་ཐ་ན་སང་ཉིན་བཤད་དགོས་པའི་གཏམ་དོ་དགོང་ཡང་གྲ་སྒྲིག་མ་བྱས་པའི་གནས་ཚུལ་ཧ་ཅང་མང་བས་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་སྤོབས་པ་དང་བཅས་ཏེ་ངས་ད་རེས་གྲ་སྒྲིག་གང་ཡང་བྱ་རྒྱུ་མ་བྱུང་ཞེས་གསུངས་པ་ནི་གནས་ཚུལ་རྒྱུན་ལྡན་བ་ཞིག་རེད། འོན་ཀྱང་གཏམ་བཤད་མཁན་གྱིས་གཏམ་གོ་རྒྱུ་ཡོད་ལ་མེད་རེ་བཤད་པ་ན་ཉན་མཁན་ཚོས་གཏམ་བཤད་མཁན་ལ་ཡིད་ཆེས་དང་གདེངས་ཚོད་ཆེ་ན་ཁོ་ཚོས་དེ་ནི་སྐད་སྒྱུར་བས་ཡག་པོ་བསྒྱུར་མ་སོང་དྲན་ནས་དེའི་ཉེས་པ་སྐད་སྒྱུར་བའི་ཐོག་ཏུ་འགེལ་སྲིད་ལ། སྐད་སྒྱུར་ཚད་གཞི་ཅི་ཙམ་མཐོ་ཡང་གཏམ་བཤད་མཁན་གྱིས་གཏམ་གོ་རྒྱུ་དང་ནང་དོན། འབྲེལ་བ་ཡོད་ལ་མེད་འགའ་བཤད་ན་དེས་སྐད་སྒྱུར་བ་ཡང་མཉམ་དུ་མར་འཐེན་གྱི་ཡོད་པའི་ཆ་ནས་སྐད་སྒྱུར་བ་ཕལ་མོ་ཆེར་བཤད་མཁན་གྱིས་ཡག་པོ་བཤད་མིན་དང་། སྒྱུར་མཁན་གྱིས་ཡག་པོ་སྒྱུར་ཐུབ་མིན། ཉན་མཁན་གྱིས་ཡག་པོ་གོ་ཐུབ་མིན་སོགས་ཀྱི་སེམས་ཁྲལ་མང་པོ་ཞིག་ཡོད་ན་ཡང་། སེམས་ཁྲལ་དེ་དག་ནི་སྐད་སྒྱུར་བ་སྒེར་གྱི་དཀའ་ངལ་ལས་མ་འདས་པས་སུ་ཞིག་གིས་བསམ་གཞིགས་བྱེད། མདོར་ན་སྐད་སྒྱུར་བྱེད་པར་ཚིག་དོན་ཧ་ཅང་མང་པོ་ཤེས་དགོས་ལ། ཚིག་རེ་རེའི་སྒྲ་གདངས་ཀྱང་གཙང་མ་ཤེས་དགོས་པ་ལ། མི་ཞིག་གིས་སྐད་ཡིག་གི་སློབ་སྦྱོང་རང་ལ་རྩལ་དུ་བཏོན་ཀྱང་ཉིན་རེ་ཚིག་གསར་པ་བཅུ་ཡས་མས་ཤེས་པ་ཧ་ཅང་དཀའ་བས་ན་སྐད་སྒྱུར་བྱེད་པར་སྦྱང་བརྩོན་ཅི་ཙམ་བྱ་དགོས་མིན་ནི་ཚོད་དཔག་དཀའ་བ་ཞིག་མ་རེད། 

རྒྱུ་མཚན་དེས་སྐད་སྒྱུར་བ་ཕལ་མོ་ཆེ་གཞི་རྩའི་ཆ་ནས་ཤེས་ཡོན་ཅན་གྱི་མི་སྣ་རེད་ལ། གཏམ་བཤད་པ་གལ་ཆེན་ཞིག་གི་སྐད་སྒྱུར་བྱེད་སྐབས་ཉན་མཁན་ཡོངས་ཀྱི་ཁྲོད་དུ་སྐད་སྒྱུར་བ་ལས་དོ་སྣང་ཆེ་བ་སྤྲོད་མཁན་ཡོད་མི་སྲིད་པ་ལྟ་བུ་ཡིན་པས་ན་དོན་གྱི་མཁས་པ་དག་གི་སྐད་སྒྱུར་བྱེད་པ་ནི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་ཤོས་ཀྱང་ཡིན་པས་ན་སྐད་སྒྱུར་གྱི་ཉམས་མྱོང་ཆེ་བ་དག་ནི་གང་དང་གང་གི་སྐོར་ལ་བསྒྱུར་དགོས་པར་དེ་དང་དེ་ལ་བྱང་ཆུབ་པར་གྱུར་ཡོད། དེའི་དབང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ལྟ་བུར་མཚོན་ན་སྐད་སྒྱུར་རྙིང་པ་རྣམས་ནི་སྤྲུལ་སྐུ་དང་མཁན་པོ་གསར་པ་དག་ལས་ཀྱང་ཤེས་ཚད་མཐོ་བར་གྱུར་ཡོད་ན་ཡང་། མི་རྣམས་ཀྱིས་སྐད་སྒྱུར་བ་ནི་རླངས་འཁོར་གྱི་ཁ་ལོ་བ་ལྟ་བུར་ངོས་འཛིན་གྱིས་སྐད་སྒྱུར་ཐུབ་པ་ཙམ་གྱིས་སྐབས་གང་བྱུང་དུ་སུ་དང་སུའི་སྐད་སྒྱུར་བྱ་རོགས་ཞེས་འབོད་བསྐུལ་བྱེད་པ་ན་སྐད་སྒྱུར་བ་མི་ཉུང་བ་ཞིག་གིས་གཏམ་བཤད་མཁན་ལ་རྒྱུས་མངའ་མེད་པའམ་དགའ་བོ་མེད་པ་སོགས་ཀྱིས་སྐད་བསྒྱུར་བྱེད་འདོད་མེད་པས་ན་སྐད་སྒྱུར་བ་དེ་དག་ལ་ངས་བླ་མ་འདིའམ་ཚོགས་པ་འདི་ཁོ་ནའི་སྐད་སྒྱུར་བྱེད་ཀྱི་ཡོད་ཟེར་བ་ལྟ་བུའི་ས་མཚམས་རེ་ཡོད་ཅིང་། ས་མཚམས་དེ་ནི་མི་འཇོག་ཀ་མེད་ཀྱི་ཉམས་མྱོང་ལས་གྲུབ་པ་ཞིག་རེད། དེས་རྐྱེན་པས་སྐད་སྒྱུར་རྙིང་པ་མང་པོ་ཞིག་ལ་མི་ཚོས་ལྐོག་ཏུ་ང་རྒྱལ་ཆེ་བའི་སྐྱོན་བརྗོད་བྱེད་ན་ཡང་། སྐད་སྒྱུར་བས་མིན་ཟེར་བ་ང་རྒྱལ་ཡིན་ཆོག་ན་ཁྱོད་ཀྱིས་སུ་ཞིག་གི་ཆེད་དུ་བསྒྱུར་རོགས་གྱིས་ཟེར་བ་ཡང་མཐོང་ཆུང་ཡིན་སྲིད་པས། ཁྱོད་ཀྱིས་སྐད་སྒྱུར་བ་དེ་ལ་སྐད་སྒྱུར་གྱི་སློབ་སྦྱོང་དང་འགྲོ་གྲོན་སྤྲད་མྱོང་བ་ཞིག་མིན་ན་སྐད་སྒྱུར་བ་དེ་ལ་མིན་ཟེར་བའི་ཐོབ་ཐང་ནི་ནམ་ཡང་ཡོད་ཅིང་། ཁྱོད་ལ་རང་ཉིད་ཀྱི་འདོད་པ་མ་བསྐངས་པ་ཙམ་གྱིས་སྐད་སྒྱུར་བར་ང་རྒྱལ་ཆེ་དྲགས་པ་སོགས་ཀྱི་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་ནི་ནམ་ཡང་ཡོད་པ་མ་ཡིན་པ་ཤེས་པར་བྱའོ།། 

དེས་ན་སྤྱིར་དཀའ་ངལ་མེད་པའི་ལས་ཀ་མཐོང་ཅན་ཞིག་མེད་ན་ཡང་། བསམ་བློའི་ནུས་པ་རྩལ་འདོན་གྱིས་བྱེད་དགོས་པའི་ལས་ཀ་འདྲ་མིན་གྱི་ཁྲོད་ནས་བྱེད་བཞིན་པའི་གནས་སྐབས་དེ་རང་ལ་མཚོན་ན་སྐད་སྒྱུར་ནི་བསམ་བློའི་ནུས་པ་ཤུགས་ཆེ་ཤོས་འདོན་དགོས་པའི་བྱ་བ་ཞིག་ཡིན་ལས་ཆེ་སྟེ། སྐད་སྒྱུར་བྱེད་པ་ན་དུས་གཅིག་ཏུ་ཀླད་པས་བྱ་བ་ཆེ་ཆུང་མང་པོ་བྱེད་དགོས། དེ་ཡང་ཐོག་མར་གཏམ་བཤད་མཁན་གྱིས་བཤད་པའི་སྐད་ཆའི་ནང་དོན་ཆ་ཚང་བ་ཤེས་དགོས་ཤིང་། ཤེས་ནས་བློ་ལ་མ་བརྗེད་པར་འཛིན་ཐུབ་དགོས། བློ་ལ་བཟུང་རྗེས་གང་ལ་སྒྱུར་དགོས་པའི་སྐད་ཡིག་དེ་དང་འཚམས་པ་ཡོང་བར་སྐད་ཆའི་གོ་རིམ་སྔ་ཕྱི་བཅོས་དགོས་པ་དང་མཚམས་སྦྱོར་བྱ་དགོས་པ་སོགས་ཡོད་ན་དེ་ལུགས་བྱས་ཏེ་གོ་རྒྱུ་མེད་པ་ལྟར་མཐོང་ན་ཡང་གོ་རྒྱུ་ཡོད་པ་དང་། གོ་རྒྱུ་ཅུང་ཙམ་རེ་ཡོད་ན་གོ་རྒྱུ་ཆེ་ཙམ་བཟོ་བ། དེ་ཡང་ཁ་གསལ་བ་དང་ངེས་པ་འདྲེན་པ་ཞིག་བྱ་རྒྱུ་ནི་སྐད་སྒྱུར་བའི་ལས་འགན་རེད། དེ་དང་མཉམ་དུ་དགོས་ངེས་ཀྱི་ཚིག་དང་བརྗོད་པ་རྣམས་གང་མགྱོགས་བཙལ་ནས་བསྒྱུར་དགོས་པས་སྐབས་རེ་ཚིག་ཁ་ཤས་ཀྱི་དོན་དག་གཏན་གཏན་ཡིན་མིན་བསམ་བློ་གཏོང་ཁོམས་མེད་པར་ཁ་ནས་འདོན་དགོས་པའི་གནས་ཚུལ་ཀྱང་འབྱུང་གི་ཡོད། བཤད་མ་དགོས་པར་སྐབས་དེ་དུས་དཀའ་ངལ་ཆེ་ཤོས་གཅིག་ནི་དུས་རྒྱུན་གྱི་གླེང་མོལ་དང་མི་འདྲ་བར་གཏམ་བཤད་མཁན་གྱིས་བཤད་མཚམས་བཞག་མ་ཐག་ཏུ་གྲ་སྒྲིག་ཡོད་མེད་ལ་མ་ལྟོས་པར་སྐད་སྒྱུར་གྱིས་བསྒྱུར་རྒྱུ་མགོ་འཛུགས་དགོས་པ་རེད་ལ། ཚིག་རེ་རེ་ཙམ་མ་ཤེས་ན་ཡང་བློ་འདྲི་བའི་གོ་སྐབས་ཡོད་པ་ནི་སྐབས་རེ་ཙམ་རེད།

སྐད་སྒྱུར་གྱི་བྱ་བ་ནི་དེ་འདྲ་ཞིག་ཡིན་པས་སྐད་སྒྱུར་བ་ཕལ་མོ་ཆེས་སྡིང་ཆའི་ཐོག་ཏུ་སྐད་སྒྱུར་བྱེད་སྐབས་སེམས་ལ་དངངས་འཚབ་ཆེན་པོ་བྱེད་ན་ཡང་། ངས་ནམ་རྒྱུན་སྐད་སྒྱུར་བྱེད་སྐབས་གཤམ་ཞུགས་མི་འདི་དག་གི་ཁྲོད་དུ་སྐད་སྒྱུར་ང་ལས་ལྷག་པ་བྱེད་ཐུབ་མཁན་ཡོད་ན་དེར་ཁ་རོག་མ་སྡོད་པར་འདིར་ཤོག་ནས་སྐད་སྒྱུར་གྱིས། ངས་དེ་ལ་དགའ་བསུ་མ་གཏོགས་མེད། འོན་ཀྱང་གལ་སྲིད་ཁྱོད་ལ་བྱེད་འདོད་མེད་པའམ་ཁྱོད་ཀྱིས་ཀྱང་ང་ལས་ལྷག་པ་བྱེད་མི་ཐུབ་ན་ཁྱོད་ཀྱིས་ཁ་བཙུམ་ནས་དེར་སྡོད། ངས་འདི་ནས་གང་ཐུབ་ཐུབ་བསྒྱུར་ཆོག་ཅེས་རང་གིས་རང་ལ་བཤད་ནས་སྒྱུར་བཞིན་ཡོད་པས་བསམ་བློ་འདིས་ང་ལ་ཕྱོགས་གཅིག་ནས་དངངས་འཚབ་མེད་པ་དང་། ཕྱོགས་གཞན་ནས་ནོར་ན་ཡང་ངོ་མི་ཚ་བར་ཕན་རླབས་ཆེ་བའི་ཚོར་སྣང་བྱུང་། ད་དུང་ངས་ཀྱང་གཞན་གྱིས་སྐད་སྒྱུར་བྱེད་པའི་མཛད་སྒོ་དེ་འདྲར་འགྲོ་མྱོང་བའི་ཆ་ནས་སྐད་སྒྱུར་གྱིས་ནོར་འཁྲུལ་ཤོར་ན་ཤེས་ཐུབ་མཁན་ཉན་མཁན་གྱི་ཁྲོད་དུ་མང་པོ་ཡོད་པ་ཤེས་ཤིང་། འོན་ཀྱང་དེ་དག་ལ་བསྒྱུར་བཅུག་ན་ཡང་སྐད་སྒྱུར་དེ་ལས་ལྷག་པ་ལྟ་ཞོག་དེའི་ཕྱེད་ཙམ་ཡང་སྒྱུར་མི་ནུས་པ་ཤེས་ཀྱི་ཡོད། མ་ཟད་ང་ཚོས་སྐད་ཡིག་ཅིག་སྦྱོང་བ་ན་གནས་བབ་འདི་ལ་ཡུན་རིང་པོ་ལྷག་འགྲོ་བ་ཡང་ངས་ཤེས་ཀྱི་ཡོད། སྐད་ཡིག་ནི་ཆེས་ངོ་མཚར་བ་སྟེ། ཐོག་མར་གོ་ཐུབ་པ་ཙམ་ལ་དུས་ཚོད་དེ་ཙམ་མི་འགོར་ཡང་གོ་ཐུབ་པ་ནས་བཤད་ཐུབ་པའི་བར་ལ་དུས་ཡུན་རིང་པོ་འགོར་གྱི་ཡོད། ངས་ཆུང་དུས་ང་ཚོའི་ལུང་པའི་མི་ཞིག་གིས་རྒྱ་སྐད་ཚུར་གོ་ཐུབ་ན་ཡང་ཕར་བཤད་མི་ཤེས་པར་ཐོས་པས་བསམ་གཞིགས་མང་པོ་བྱེད་མྱོང་ཡོད། ངས་བསམ་པར་ཁོ་པས་གལ་སྲིད་གཞན་ཞིག་གིས་ཀུ་ཤུ་ཟེར་བ་ན་དེ་ནི་ཤིང་ཏོག་བྱེ་བྲག་པ་ཞིག་ལ་གོ་བ་ཤེས་ཀྱི་ཡོད་ན་གཞན་ལ་ཕར་ཀུ་ཤུ་ཟེར་ཁ་ནས་འདོན་མི་ཐུབ་པ་དེ་འདྲ་གང་ཡིན་ནམ་དྲན་མྱོང་ཡོད། 

ཕྱིས་སུ་ལྟ་དུས་དོན་དངོས་སུ་དེ་འདྲ་མིན་པར་སྐད་ཡིག་ལ་མཚོན་ན་གོ་ཐུབ་པ་དང་བཤད་ཐུབ་པའི་བར་དུ་རིམ་པ་མཐོ་དམན་གྱི་ཁྱད་པར་ཆེན་པོ་ཡོད་པར་ཤེས་ཤིང་། ད་དུང་ཉེ་ཆར་ལྟ་དུས་སློབ་སྦྱོང་ལ་གོ་རྟོགས་ཀྱིས་ཤེས་པ་དང་། ཉམས་མྱོང་གིས་ཤེས་པ་བཅས་གཉིས་ཡོད་པ་ལ། སྐད་ཡིག་ལ་དེ་གཉིས་ཀ་བརྒྱུད་དགོས་ཤིང་། ཕྱི་མ་ལ་སྔ་མ་ལས་ལྷག་པའི་དུས་ཚོད་གཏོང་དགོས་པ་ཤེས་རྟོགས་བྱུང་བས་འདིས་ནི་ང་ལ་ཆུང་དུས་ཡོད་པའི་དོགས་པ་རྩ་བ་ནས་སེལ་བར་ཕན་ཐོགས་བྱུང་། སྤྱིར་བྱས་ན་སྐད་སྒྱུར་བྱེད་པར་དེའི་སྦྱོང་བརྡར་དམིགས་བསལ་དགོས་པ་ཡང་གལ་ཆེ་ན་ཡང་། ཁོ་བོ་ལ་ནི་དེ་འདྲའི་སྦྱོང་བརྡར་དམིགས་བསལ་སྐར་མ་ལྔ་ལ་ཡང་རག་མྱོང་མེད། འོན་ཀྱང་སྡུག་གཏམ་དེ་ངས་སྔར་ཨུ་རུ་སུ་ནས་ཡིན་པའི་གྲོགས་མོ་སྐད་མང་ཙམ་ཤེས་མཁན་ཞིག་ལ་བཤད་མྱོང་བས་མོས་དེའི་ལན་དུ་སྐད་བསྒྱུར་གྱི་སྦྱོང་བརྡར་སྤྲད་ན་སྐད་སྒྱུར་ཕུལ་དུ་བྱུང་བ་འབྱུང་མི་ཐུབ་པ་ནི་ཁྱོད་ཀྱིས་ལྟོས་དང་། སྐད་སྒྱུར་གྲགས་ཅན་ཕལ་མོ་ཆེ་དེ་འདྲའི་སྦྱོང་བརྡར་ཐོབ་མ་མྱོང་མཁན་ཤ་སྟག་རེད་ལ། སྦྱོང་བརྡར་སྤྲད་པ་ཕལ་མོ་ཆེ་ནི་ནུས་མེད་དུ་གྱུར་ཡོད་པ་རེད། དེའི་རྒྱུ་མཚན་སྦྱོང་བརྡར་སྤྲད་མྱོང་བ་རྣམས་ལ་སྒྲིག་གཞིའི་གནོན་ཤུགས་ཆེ་བས་དེའི་རྐྱེན་གྱིས་སྐད་སྒྱུར་ཡག་པོ་བྱེད་མི་ཐུབ་པ་རེད་ཅེས་བཤད་མྱོང་ཡོད། རྒྱལ་སྤྱི་རང་བཞིན་གྱི་སྐད་སྒྱུར་རྣམས་ལ་སྦྱོང་བརྡར་མེད་པ་ནི་ཕལ་ཆེར་མི་སྲིད་པས་མོས་བཤད་པ་འདི་ཉིད་བདེན་པ་མིན་ལས་ཆེ་ཡང་། བོད་བརྒྱུད་ནང་བསྟན་པའི་ཁྲོད་ཀྱི་སྐད་སྒྱུར་ཡོངས་གྲགས་ཕལ་མོ་ཆེ་ནི་སྦྱོང་བརྡར་དེ་འདྲ་ཐོབ་མ་མྱོང་བ་ཤ་སྟག་ཡིན་ཅིང་། ད་ལྟའི་ཆར་སྐད་སྒྱུར་གྱི་སྦྱོང་བརྡར་སྤྲོད་ས་མང་ན་ཡང་སྦྱོང་བརྡར་དེ་ལ་བརྟེན་ནས་འབུར་དུ་ཐོན་པའི་སྐད་སྒྱུར་བ་མཐོང་ཡུལ་དུ་དཀོན་པས་ན་ངས་ང་ཡི་གྲོགས་མོས་བཤད་པ་དེ་ལ་རྒྱུ་མཚན་ཅུང་ཡོད་པར་མཐོང་ཞིང་། ངས་རང་གིས་རང་ལ་སེམས་གསོ་གཏོང་བའི་ཆེད་དུ་དེ་ཉིད་བདེན་པ་ཡིན་པའི་རེ་བ་ཡང་བྱེད་ཀྱི་ཡོད། 

གང་ལྟར་ཁོ་བོ་ཡང་ད་ལྟའི་ཆར་འདི་ལྟར་སྐད་སྒྱུར་པ་ཞིག་ཏུ་གྱུར་པ་ལ། ཉེ་ཆར་ཕྱི་རྒྱལ་ལ་ཆོས་བཤད་ཅིག་བྱེད་སྐབས་ངོ་སྤྲོད་ཀྱི་ནང་དུ་ཁོང་ནི་རྒྱལ་ཚབ་རིན་པོ་ཆེའི་གསུང་སྒྱུར་ཡིན་པས་དབྱིན་སྐད་ཐོགས་པ་མེད་པ་རེད་ཅེས་བྲིས་འདུག་པར་ངས་དེའི་གསལ་བཤད་དུ་ང་རང་རྒྱལ་ཚབ་རིན་པོ་ཆེའི་གསུང་སྒྱུར་ཡིན་ན་ཡང་དེ་ནི་ང་ཡི་དབྱིན་སྐད་ཡག་དྲགས་པས་མ་ཡིན་པར་ང་ཚོའི་དགོན་པའི་གྲྭ་པ་གཞན་རྣམས་ཀྱི་དབྱིན་སྐད་སྐྱོ་དྲགས་པས་རེད་ཅེས་བཤད་པར་ཚང་མ་གད་མོ་ཤོར་ཞིང་འདི་ནི་དངོས་ཡོད་གནས་ཚུལ་ཡང་ཡིན། དེ་ལྟར་ངས་ཐོག་མར་གཟིམ་ཆུང་གི་ནང་དུ་མཇལ་ཁ་བ་རེ་ཟུང་ཡོད་པའི་སར་གསུང་བསྒྱུར་ཞུས་ནས་ད་ལྟ་ལོ་བཅུ་ཕྲག་ཡས་མས་ཙམ་དང་། མཛད་སྒོ་ཆེན་པོར་མི་དམངས་སྟོང་ཕྲག་ནས་ཁྲི་ཕྲག་ཙམ་འཛོམས་སར་གསུང་བསྒྱུར་ཞུས་ནས་ཀྱང་ལོ་ཤས་ཕྱིན་པས་ན་ད་ལྟའི་ཆར་ངས་རང་གིས་རང་ལ་གདེངས་ཚོད་ཀྱང་ཕྲན་བུ་རྙེད་ཡོད་པའི་ཁུལ་ཡིན། ད་ནི་སྐད་སྒྱུར་བྱེད་པ་ན་སྐབས་མང་པོར་སེམས་ཁྲལ་ལས་ཀྱང་སྤྲོ་སྣང་ཅུང་ཤུགས་ཆེ་བའི་སྐབས་ཙམ་དུ་སླེབས་ཡོད་པས་ང་ལ་མཚོན་ན་འདི་ནི་ཡར་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཡིན། བརྒྱུད་རིམ་དེ་ནི་ལོ་མང་པོའི་འགྲུལ་བཞུད་ཅིག་རེད་ལ། དེའི་རིང་ལ་གོང་དུ་བཤད་པ་ལྟར་ངས་ཞབས་འདྲེན་ཀྱང་གྲངས་མེད་པ་ཞུས་མྱོང་ལ། བསྟོད་བསྔགས་གཏོང་མཁན་ཀྱང་མང་ཙམ་བྱུང་བས་སྒྲ་གདངས་ཀྱི་ཆ་ནས་དངོས་སུ་མཐོང་དུས་མ་གཏོགས་ལྐོག་ནས་ཉན་དུས་དབྱིན་ཇི་ཞིག་རེད་འདུག་བསམ་པ་བྱུང་སོང་ཟེར་མཁན་བྱུང་ལ། ཚིག་གི་ཆ་ནས་ཐ་སྙད་ཧ་ཅང་ཕྱུག་པོ་རེད་འདུག་ཟེར་མཁན་དང་། དོན་གྱི་ཆ་ནས་སྐད་སྒྱུར་བའི་སྐབས་སུ་སྔ་ཕྱིའི་གོ་རིམ་སྒྲིག་སྟངས་མཁས་པོ་འདུག་ཟེར་ནས་སྐད་སྒྱུར་བ་མི་ཉུང་བས་ཀྱང་བསྔགས་བརྗོད་གནང་མྱོང་ཡོད། 

གལ་ཆེ་ཤོས་ནི་འབྲེལ་ཡོད་མི་ཉུང་བ་ཞིག་གིས་ཁྱེད་རང་ཕྱོགས་གང་ཐད་ནས་ལོ་རེ་ནས་ལོ་རེ་ཡར་རྒྱས་ཧང་སང་བ་འགྲོ་ཡི་འདུག་ཟེར་མྱོང་བས་ང་ལ་མཚོན་ན་བསྔགས་བརྗོད་ཀྱི་ནང་ནས་གལ་ཆེ་ཤོས་ནི་ལྟོས་དང་། ཁྱོད་ཀྱི་དབྱིན་སྐད་ནི་དེ་འདྲ་ཡག་པོ། སྐྱོན་ཆ་རྩ་བ་ནས་མི་འདུག་ཟེར་བ་ལྟ་བུ་མི་བྱབ་ཆུང་རྣམས་མགོ་སྐོར་བའི་སྤྲེལ་ལད་ཀྱི་རིགས་མ་ཡིན་པར་དངོས་པོའི་གནས་ཚུལ་དང་ཉེ་ཞིང་། རེ་བ་སྟེར། སེམས་ཤུགས་སྤར་བའི་བསམ་ཚུལ་བརྗོད་མ་ཐག་པ་དེ་འདྲ་ཡིན་པ་ཡང་། ངས་ནམ་རྒྱུན་ལེགས་འགྲུབ་ཀྱི་འགྲུལ་བཞུད་ལས་འཐོབ་པའི་བདེ་སྐྱིད་གལ་ཆེ་ཤོས་ནི་མཐར་ཐུག་གི་གྲུབ་འབྲས་མ་ཡིན་པར་མུ་མཐུད་འགྲོ་བའི་ཡར་རྒྱས་ལས་རྙེད་ཐུབ་པ་ཞིག་ཏུ་ངོས་འཛིན་གྱི་ཡོད་པས་ཡིན། དེས་ན་ང་ནི་ལས་དབང་ལས་ཀྱང་གཙོ་བོ་འབད་བརྩོན་དང་ཡར་རྒྱས་ལ་ཡིད་ཆེས་མཁན་ཞིག་ཡིན་པས་ན་སུས་ང་ལ་སྐྱོན་བརྗོད་པ་ན་དེ་ཉིད་དོན་དང་མཐུན་ཀྱང་ངས་དེ་གནས་སྐབས་ཀྱི་གནས་ཚུལ་དུ་ངོས་འཛིན་གྱི་ཡོད་ལ། ང་ལ་བསྟོད་སྨད་གང་བྱུང་རྣམས་དངོས་པོའི་གནས་ཚུལ་དང་མཐུན་མིང་གང་ལྟར་ཡང་ང་རང་མི་ཚེ་འདིར་མ་ཤི་བདེ་བར་འཚོ་ཡི་རིང་དུ་ཁོར་ཡུག་གཙོ་བོར་གྱུར་པ་གཞན་ལ་འཁང་ར་ཁོ་ནས་མི་ཚེ་མ་ཟད་ཅིང་། མངོན་པའི་ང་རྒྱལ་གྱིས་མགོ་སྐོར་མ་ཐེབས། ཆོག་ཤེས་སྐམ་པོ་ཞིག་བསྒོམས་ནས་མ་བསྡད་པར་འདས་པ་ལ་གུས་པ་དང་། ད་ལྟ་ལ་སྤོབས་པ། མ་འོངས་པར་རེ་བ་ཡོད་པའི་ཐོག་ནས་མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་ལ་གོམ་པ་རེ་རེ་ཙམ་ཡིན་ན་ཡང་སྤོ་ཐབས་ལ་བརྩོན་པའི་ཆོད་སེམས་ཅུང་ཟད་ཅིག་ང་ལ་ཡོད་པ་ནི་ངས་ང་ཡི་མི་ཚེའི་ནང་དུ་བསོད་ནམས་ཆེ་ཤོས་ཤིག་ལ་ངོས་འཛིན་གྱི་ཡོད་ཅིང་། ཆོད་སེམས་འདི་ནི་ང་ལ་མཚོན་ན་འཚོ་གནས་ཀྱི་དགོས་ཆེད་གཅིག་པུ་དེ་ཡང་ཡིན་པས་ན་ངས་ཆོད་སེམས་འདི་ཉིད་ཡུན་ནས་ཡུན་དུ་བརྟན་པའི་སྨོན་ལམ་དང་བཅས་ཏེ་རྩོམ་འདི་རེ་ཞིག་མཇུག་གྲུབ་པར་བྱའོ།། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།