ལྡེའུ་རིས།

8384


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

    རྟག་ཏུ་གྲོགས་པོ་འགས{ལྡེའུ}ཟེར་ན་ཅི་ཞིག་ལ་གོ་དགོས་པ་དང་། ལྡེའུ་ཡི་ཆེ་བའི་ཡོན་ཏན་ཞེས་པའི་ཚད་གཞི་དེ་ཅི་འདྲ་ཞིག་ལ་འཇོག་དགོས་པ་སོགས་ཀྱི་དྲི་བ་མང་པོ་ཞིག་བཏོན་བྱུང་། ངོས་རང་ནས་ཀྱང་ལྷག་བསམ་དག་པའི་སྒོས་ཉམས་མྱོང་དང་སྦྲགས་ཏེ་གྲོགས་དག་ལ་ལན་རེ་ཟུང་འདེབས་མོད། ཡིན་ནའང་། ལྡེའུ་ནི་རིག་པ་ཞིག་སྟེ་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཡིན་ཕྱིར། དྲིས་ལན་ཆ་ཚང་བ་ཞིག་བཏབ་ཐུབ་མ་སོང་། བཏབ་ཀྱང་མི་ནུས་པ་ཞིག་རེད། ཁྱད་པར་དུ་བོད་ཁ་བའི་ཡུལ་དུ་ལྡེའུ་རིག་པའི་སྐོར་གྱི་ཤེས་བྱ་རྣམས་གསང་སྦས་ཀྱི་ཚུལ་དུ་ཡོད་པ་དང་། ཡིག་ཚགས་སུ་མཐོང་དུ་དཀོན། དེར་བརྟེན། ལྡེའུ་དང་ལྡེའུ་རིག་པ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་ཡིན། རྗེས་སུ་ཕྲན་ནས་ཆེད་དུ་《ལྡེའུ》ཞེས་པའི་རྩོམ་ཐུང་ཅིག་བྲིས་ཏེ་ལྡེའུ་ཡི་བྱུང་བ་དང་། ཡོན་ཏན་ལ་འགྲེལ་བཤད་ཏོག་ཙམ་བགྱིས་ཡོད། འོན་ཀྱང་། ལྡེའུ་འདི་རིག་པའི་རྣམ་བཞག་ཏུ་འགྲེལ་བ་ནི་རྩོམ་ཐུང་གཅིག་གཉིས་ནས་གོ་ཆོད་པ་ཞིག་རྩ་ནས་མ་རེད། དུས་ཡུན་རིང་པོ་འགོར་བ་དང་དཀའ་ལས་མང་པོ་བསྐྱོན་དགོས་པ་ཞིག་གོ།

    རི་བོ་གངས་ཅན་པའི་ལྡེའུ་ནི་བློ་སྒོ་འབྱེད་ལ་ཤེས་རབ་འཕེལ་བའི་ཐབས་ལམ་དང་རིག་པ་ཞིག་སྟེ། ཚན་པའི་སྡེ་ལ་རབ་འབྲིང་ཐ་གསུམ་མཆིས། ལྡེའུ་ཡི་ནུས་པ་ཆེ་ས་ནས་བཤད་ན་འཇིག་རྟེན་གྱི་མགོན་དུ་འགྱུར་ཐུབ་པ། འབྲིང་གི་ས་ནས་རྒྱལ་ཁམས་ཆེན་པོ་སྐྱོང་ནུས་པ། ཆུང་བའི་ས་ནས་མི་སྒེར་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་ཞབས་ཞུ་ཐུབ་པའི་རིག་ལམ་ཞིག་ཡིན། 

    གནའ་མིས་ལྡེའུ་རིག་པ་གཏན་དུ་ཕབ་པ་ལ་རི་མོ་དང་མཚོན་རྟགས་དང་། འགྲིག་དང་མིག་མངས་དང་། གབ་ཚིག་སོགས་ཐབས་ཤེས་སྣ་ཚོགས་བེད་སྤྱད་དེ་ལྡེའུ་ངོས་འཛིན་ཐུབ་པ་དང་གོ་སླ་བར་བཟོས་ཡོད། ནམ་ཞིག་ལྡེའུ་ཡི་རྩེད་འཇོ་ལ་གོམས་དང་འདྲིས་པའི་ཚད་ངེས་ཅན་ཞིག་ལ་བསླེབས་ཚེ། ལྡེའུ་ཡི་ལམ་དུ་ཞུགས་པའི་སྐྱེས་བུ་དེའི་སེམས་ཀྱི་ནང་དུ་བློ་སྒོ་རབ་ཏུ་འབྱེད་ཐུབ་པའི་ལྡེ་མིག་ལྟ་བུ་ཞིག་རང་ཤུགས་ཀྱི་ལྷགས་པ། སྐྱེས་བུ་གང་རུང་ནས་ལྡེ་མིག་དེ་ལ་བརྟེན་ནས་གནས་ལུགས་མངོན་སུམ་དུ་རྟོགས་པའོ།། 

    གོང་གི་རི་མོ་ནི་སྟོད་མངའ་རིས་ཡུལ་གྱི་ལྡེབས་རིས་དཀྱུས་མ་ཞིག་སྟེ། ལྡེབས་རིས་ཞིབ་འཇུག་པ་རྣམས་ཀྱིས་གཙོ་ལྷ་སོགས་རི་མོ་རྒྱས་པོ་དང་ཆེན་པོ་དག་ལ་འཇུག་སྟེ་འགྲེལ་བཤད་རྒྱག་པ་ལས་ལྡེབས་རིས་ཀྱི་ཟུར་དང་བར་མཚམས་སུ་བཀོད་ཡོད་པའི་རིས་དག་ལ་དེ་ཙམ་མཐོང་ཆེན་བྱེད་སྲོལ་མེད། བྱེད་སྟངས་འདི་འདྲ་ནི་དངོས་གནས་གྱོང་གུན་ཆེན་པོ་ཞིག་རེད། གོང་གི་རིས་ལ་ཧར་གྱིས་བལྟས་ན་རི་མོ་འདི་ནི་ལུས་ཀྱི་རྩལ་འཕྱུང་བའི་བྱེད་སྟངས་ཤིག་ཏུ་མཐོང་མོད། ཡིན་ནའང་། དོན་དུ་རི་མོ་འདི་ནི་ལྡེའུ་མཁན་པོས་ཆེད་དུ་བཟོས་ཡོད་པའི་ལྡེའུ་རིས་ཤིག་རེད། འདི་ནི་བརྡ་ཡི་རི་མོ་དང་ལྡེའུ་རིས་ཀྱི་ཁོངས་སུ་གཏོགས། རི་མོ་འདི་ལྟ་བུ་ལ་འཇུག་ཤེས་ན་མི་རྣམས་ཀྱི་བློ་སྒོ་རིམ་གྱིས་ཕྱེ་གྱུར་ཏོ།

    ལྡེབས་རིས་འདི་ནི་ལྡེའུ་ཡི་རིས་ཀྱི་རྨང་གཞིའི་སློབ་ཚན་ལྟ་བུ་དེ་ཡིན། ལྡེའུ་ཡི་ལམ་དུ་ཞུགས་མཁན་དག་ནས་{ལྡེའུ་རིས}་འདི་བཞིན་ལ་འཇུག་སྟེ་ལྡེའུ་གོང་མའི་ས་ལམ་དུ་འགྲོ་བར་བྱའོ།། ལྡེའུ་རིས་འདི་ཕར་བལྟས་ན་ལུས་རྩལ་པ་གཉིས་རྩེད་འཇོ་ལ་རོལ་བ་ལས་མེད་ནའང་དོན་དུ་ལུས་རྩལ་པ་བཞི་ཡོད། འདི་གཡས་གཡོན་གོང་འོག་ཏུ་བསྐོར་ཏེ་ལྡེའུ་རིས་ཀྱི་གསང་དོན་འགྲོལ་བར་ཡིན་ནོ།། སྐྱེས་བུ་གཉིས་ལུས་ཀྱི་གཡུ་ཐག་རྒྱ་གྲམ་ལ་བརྟེན་ཏེ་སྐྱེས་བུ་ལང་སྟེ་འགྲོ་བ་དང་། གན་རྐྱལ་དུ་ཉལ་བ་དང་། ལག་པ་སར་བཙུགས་ཏེ་འགྲོ་བ་དང་། དུད་དེ་འགྲོ་བཞིན་པ་བཅས་སྐྱེས་བུ་བཞི་རུ་སྤྲུལ། འདི་འཁོར་ལོ་བཞིན་དུ་གཉིས་གཉིས་དཀར་པོའམ་མངོན་པ་དེས་གཉིས་གཉིས་ནག་པོའམ་ཡིབ་པ་དེ་རང་ལུས་སུ་བསྐུངས་པས། ཡང་བསྐུངས་པའི་སྐྱེས་བུ་ནག་པོ་དེ་དཀར་གསལ་དུ་གྱུར་བ་དང་སྔར་གྱི་སྐྱེས་བུ་དཀར་པོ་དེ་ནག་པོའི་ནང་སླར་བསྐུང་པར་བྱེད་དོ།། རིགས་ལམ་འདི་ནི་ལྡེའུ་ཡི་རྩ་བའི་གནད་དོན་དངོས་མ་དེ་ཡིན། གལ་ཏེ། འུ་ཅག་གིས་རིགས་པ་འདི་ལྟར་སྤྱད་ཤེས་ན་སྣོད་བཅུད་ཆ་ཚང་བ་དང་བདེན་པ་ཚད་ལྡན་ཞིག་མཐོང་ཐུབ་པ་ཡིན་ནོ།། དགེའོ། 

2019/11/30


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།