《དེབ་ཐེར་དམར་པོ》ལས་བོད་ཀྱི་རྒྱལ་རབས་མདོར་བསྡུས་ཀྱི་དཔྱད་མཆན་དང་དེ་འབྲེལ་གྱི་དོགས་སློང་།

8673


             ___རྩོམ་པ་པོ། གནམ་ལྷུན།



[
ནང་དོན་གནད་བསྡུས།]    སྤྱིར་དུས་རབས་བཅུ་གཉིས་པ་ནས་བཟུང་རང་རེ་བོད་དུ་ཡང་ཆོས་འབྱུང་དང་རྒྱལ་རབས་བརྗོད་པའི་བརྩམས་ཆོས་དུ་མ་གཅིག་རྗེས་གཉིས་མཐུད་ཀྱིས་རིམ་པར་བྱུང་ཞིང་། བརྗོད་བྱའི་གཙོ་བོའམ་མང་ཉུང་དབང་བཙན་པར་བྱས་ན་དེ་དག་ལས་ཕལ་མོ་ཆེ་ནི་ཆོས་འབྱུང་གི་ལས་སུ་ཆེ་ལ། འོན་ཀྱང་ཅུང་ཟད་མི་འདྲ་བ་ནི་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་དུ་བྱུང་བའི་ཆོས་འབྱུང་དག་ཏུ་རྒྱལ་རབས་བརྗོད་པའི་རྣམ་པ་ཤས་ཆེ་ལ། དེའི་རྗེས་ཀྱི་ཆོས་འབྱུང་དག་ཏུ་རྒྱལ་རབས་བརྗོད་པ་ནི་ས་བཅད་མ་སྟོངས་པ་ཙམ་མམ་སྔོན་གྱི་ཕྱག་ལེན་རྒྱུན་མ་ཆད་པར་བྱས་པ་ཙམ་དུ་ཟད། དེ་ཡང་རིག་གནས་དང་མི་རྣམས་ཀྱི་རིན་ཐང་ལྟ་བའི་འགྱུར་བ་ཞིག་ཏུ་སྣང་། དེ་ལ་འདིར་སྐབས་དོན་ནམ་དཔྱད་རྩོམ་འདིར་བརྗོད་པར་བྱ་བ་ནི་དེ་གཉིས་ལས་ཕྱི་མའི་རིགས་སུ་གཏོགས་པ་《དེབ་ཐེར་དམར་པོ》ཞེས་བྱ་བའི་ཆོས་འབྱུང་དང་རྒྱལ་རབས་འདྲིས་མའི་གསུངས་རྩོམ་འདི་ཉིད་ཡིན་ལ། དེ་ལས་ཀྱང་གང་དེ་ལས་བྱུང་བའི་བོད་ཆེན་མོའི་རྒྱལ་རབས་ཤོག་ངོས་བརྒྱད་ཙམ་འདུག་པ་འདི་ཡིན། དེ་ཡང་རྩོམ་འདིར་གང་དེ་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་ཀྱི་ཚིག་དོན་དང་དེ་འབྲེལ་གྱི་ལོ་རྒྱུས་བཤད་པ་འགའ་ཞིག་ལ་ནི། འཛམ་གླིང་གི་ལོ་རྒྱུས་མཁས་དབང་གྲགས་ཆེན་རྣམས་ཀྱི་ལྟ་བ་གཞིར་བཟུང་ཞིང་། གནའ་དུས་ཀྱི་རྡོ་རིང་དང་ཡིག་ཚངས་རྙིང་གྲས་སོགས་དཔྱད་པའི་གཞིར་བཟུང་ནས་ཞིབ་འཇུག་གང་ནུས་ནུས་ཤིག་བཏང་ཡོད། 


[བརྡ་ཆད་གཙོ་བོ།]  དེབ་ཐེར་དམར་པོ། བོད་ཀྱི་རྒྱལ་རབས། ཆོས་འབྱུང་། ཐང་ཡིག 


           [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281མཛད་པ་པོའི་བྱུང་བ་མདོར་བསྟན།

《དེབ་ཐེར་དམར་པོ་》ཞེས་པ་རྒྱལ་རབས་དང་ཆོས་འབྱུང་གཉིས་ཟུང་འབྲེལ་གྱིས་བརྩམས་མཁན་ཚལ་བ་ཀུན་དགའ་རྡོ་རྗེ་ལགས་ནི་སྤྱི་ལོ་1309ལོར་སྐུ་འཁྲུངས་ཤིང་། ཁོང་གི་མཚན་ལ་གཞན་དུ་ཡང་སི་ཏུ་ཀུན་དགའ་རྡོ་རྗེའམ་སི་ཏུ་དགེ་བའི་བློ་གྲོས་ཞེས་ཀྱང་འབོད་པ་ཡོད། རང་ལོ་བཅོ་ལྔ་པ་སྟེ་སྤྱི་ལོ་1323ལོ་ནས་རང་ལོ་ཉེར་བརྒྱད་རིང་སྟེ་སྤྱི་ལོ་1352ལོའི་བར་ཚལ་བའི་ཁྲི་དཔོན་གྱི་འགན་བཞེས། རང་ལོ་བཅུ་བདུན་པ་སྤྱི་ལོ་1324ལོར་ཆེན་པོ་ཧོར་གྱི་གོང་མ་ཡེ་སུན་ཐེ་མུར་གྱི་དྲུང་དུ་བྱོན་པས་རྟགས་ཐམ་དང་ཚལ་བའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་བྱུང་། ཁོང་གིས་ཁྲི་དཔོན་གྱི་འགན་བཞེས་པའི་རིང་ལ། ཚལ་གུང་ཐང་གི་གཙུག་ལག་ཁང་དང་ལྷ་སའི་གཙུག་ལག་ཁང་། པོ་ཏཱ་ལ་བཅས་ལ་བདག་གཅེས་དང་ཉམས་གསོ་ལེགས་པར་གནང་ཞིང་། བུ་སྟོན་རིན་ཆེན་གདན་འདྲེན་གྱིས་སྣར་ཐང་གི་བཀའ་འགྱུར་སོགས་ལ་ཞིབ་བསྡུར་ཞུས་གཏན་མཛད་དུ་བཅུག་སྟེ་གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་གཉིས་བརྒྱ་དྲུག་ཅུ་ཅན་གྱི་《ཚལ་བ་བཀའ་འགྱུར་》གྱི་མ་དཔེ་བསྐྲུན། ཕྱིས་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པའི་རྐྱེན་གྱིས་སྤྱི་ལོ་1352ལོར་སྲིད་དབང་ཤོར། དེ་ལ་རྒྱུད་འཛིན་མཁན་གཅུང་གྲགས་པ་ཤེས་རབ་ལ་གཏད་དེ་མཁན་ཆེན་དོན་ཞབས་པ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་ཞུས་ཏེ་མཚན་དགེ་བའི་བློ་གྲོས་སུ་ཆགས། ཀརྨ་རོལ་བའི་རྡོ་རྗེ་བོད་དུ་ཕྱིར་ཕེབས་རྗེས་སུ་ཁོང་གིས་ཀརྨ་པ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས་ཤིང་། མཚན་ལ་ཡང་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་མཚན་སྙན་རབ་ཏུ་རྒྱས་པར་གྱུར། སྤྱི་ལོ་1364ལོར་སྐུ་གཤེགས། ཁོང་གི་བརྩམས་ཆོས་ལ་《དེབ་ཐེར་དམར་པོ།》《དེབ་ཐེར་མཁས་པའི་ཡིད་འཕྲོག》 《དེབ་ཐེར་དཀར་པོ།》《དེར་ཐེར་ཁྲ་བོ།》《གུང་ཐང་བླ་མ་ཞང་གི་རྣམ་ཐར།》《སྨོན་ལམ་རྡོ་རྗེའི་རྣམ་ཐར》སོགས་མཆིས། འདིར་བརྗོད་པའི་《དེར་ཐེར་དམར་པོ་》ནི་སྤྱི་ལོ་1346ལོ་ནས་སྤྱི་ལོ་1363ལོའི་བར་དུ་བརྩམས་ཞེས་གཞན་ལ་གྲགས་པ་འདིར་དྲངས་པའོ།།


《དེར་ཐེར་དམར་པོ་》ལས་བྱུང་བའི་ཚིག་དོན་འགའ་ཞིག་གི་དཔྱད་མཆན།


དང་པོ། བོད་ཀྱི་རྒྱལ་རབས་མདོར་བསྡུས་ཀྱི་དཔྱད་མཆན།


《དེབ་དམར།》 སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་པ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམས་ཀྱིས་དམུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡ་ཀྴ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས།


(མཆན།) ཚལ་བའི་དེབ་དམར་ནི་བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་རྣམས་ལས་ཅུང་སྔ་ཤོས་སུ་ཆགས་ཡོད་ཅིང་། དེའི་གོང་དུ་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་དང་། ལྡེའུ་ཆོས་འབྱུང་། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་སོགས་ཉུང་ཤས་ཤིག་ལས་མེད། དེབ་ཐེར་འདིར་སྔོན་གྱི་ཡིག་ཚང་རྣམས་ལས་ཞེས་འབྱུང་བས། ཚལ་བ་ལགས་ཀྱིས་དེབ་ཐེར་འདི་མཛད་སྐབས་སུ་སྔར་གྱི་ཆོས་འབྱུང་རེ་གཉིས་དང་བཀའ་ཆེམས་ཀ་ཁོལ་མ་སོགས་གཞིར་བཟུང་ཡོད་ངེས། ཡང་འདིར་དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་ཞེས་པས་གནའ་རབས་སུ་མི་མ་ཡིན་ཞེས་པ་ནི་དོན་ལ་སྲོག་ཆགས་ཡིན་ཞིང་གཟིགས་མི་དང་འདྲ་བོ་ཡོད་པའི་སྲོག་ཆགས་སོགས་ལ་གོ་བ་ཡིན་འདུག དེར་མཐུད་ནས་སྲིད་པ་ཆ་མཁན་རྗེ་ཞེས་པ་ནི་སྲིད་པ་གྲོལ་བའི་སྐབས་སུ་འབྱུང་དགོས་པར་འདུག་ལ། དམུ་རྗེ་དང་བདུད་པོ། སྲིན་པོ། ཀླུ་རྒྱལ་སོགས་ནི་འགྲོ་བ་མིའི་རིགས་བྱུང་ནས་དུས་ཡུན་ངེས་ཅན་ཞིག་འདས་པའི་རྗེས་ཀྱི་བྱུང་བ་ཡིན་ངེས། འོན་ཀྱང་། ཚལ་བ་ལགས་ཀྱིས་སྐབས་འདིར་མི་མ་ཡིན་ཞེས་པ་ནི་བདུད་དང་སྲིན་པོ་སོགས་ལ་ངོས་བཟུང་ནས་ཡོད། འདིར་བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་པ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམས་ཀྱིས་དམུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡ་ཀྴ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས་ཞེས་པ་ནི་གཞན་ལས་ལུང་ཚིག་དྲངས་པ་ཞིག་ཏུ་མཐོང་མོད། འོན་ཀྱང་། ཚལ་བ་ལགས་ཀྱིས་དེ་ལ་འགྲེལ་གནང་སྐབས་སུ་ནང་ཆོས་ཀྱི་གོ་བ་ཅི་བཞིན་མི་མ་ཡིན་ནི་བདུད་དང་སྲིན་པོ་ལྟ་བུའི་རིགས་སུ་འགྲེལ་འདུག་པ་མཐོང་ཞིང་། རིག་གནས་ཀྱི་དབང་གིས་ལུང་ཚིག་གཅིག་ལ་འགྲེལ་མི་འདྲ་བ་འབྱུང་བ་ནི་རྒྱུན་བཅས་ཀྱི་སྣང་ཚུལ་ཞིག་ཏུ་མཐོང་། འདིར་དེང་དུས་སུ་བརྙན་ལམ་སོགས་ལས་ཀྱང་འབྲེལ་བ་ལེགས་པོ་ཤིན་ཏུ་མཐོང་འདུག་པས། བསམ་བསམ་དུ་ཚོད་དཔག་བྱེད་དགོས་པའི་ངལ་བ་བརྟེན་པའི་དགོས་པ་མ་མཐོང་། 


《དེབ་དམར།》 སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། སྒྲོན་མའི་སྤྲུལ་བ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་དཔུན་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམས་ཀྱིས་དབང་བྱས་སྐད་དོ།།


(མཆན།) བོད་མིའི་ཐོག་མ་སྤྲེའུ་དང་བྲག་སྲིན་གཉིས་ལས་བྱུང་བར་བཤད་པ་ནི་དང་པོར་བཀའ་ཆེམས་ཀ་ཁོལ་མ་ལས་བྱུང་ཞིང་། ཚལ་བ་ལགས་ཀྱིས་ཀ་ཚིགས་ཀ་ཁོལ་མ་ཞེས་ལུང་དང་བཅས་པ་དྲངས་འདུག་པས། ཁོང་གིས་དེ་ལ་ཡང་གཟིགས་ཡོད་པ་མཐོང་། ཚལ་བ་ལགས་ཀྱིས་མ་སངས་སྤུན་དགུ་ནི་དོན་ལ་མངའ་མཛད་བཅུའམ་དྲུག་གི་གྲས་སུ་ཡིན་པ་ལ། རྒྱལ་ཕྲན་སིལ་མའི་གྲས་སུ་བཞག་འདུག་པ་ཡང་བརྟག་དགོས་པའི་གནས་ཡིན་ངེས།


《དེབ་དམར།》 《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་》དང་། 《ལྷ་སའི་ཀ་ཚིགས་ཀ་ཁོལ་མ་》ལས་བྱུང་བ། ཤཱཀྱའི་རིགས་ལས་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲགས་པ་གསུམ་ལས། ཐ་མ་ལ་རྒྱལ་པོ་སྐྱབས་སེང་ཞེས་པའི་བུ་ཆུང་བ་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཀྱི་རྗེར་གྱུར་པར་བཤད།


(མཆན།) ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བོད་རྗེ་ཐོག་མ་རྒྱ་གར་དང་དེ་ལས་ཀྱང་ཤཱཀྱའི་རིགས་རྒྱུད་ལས་བྱུང་བར་བཤད་པའི་གཞི་གཙོ་བོ་ནི་འཇམ་དཔལ་རྩ་རྒྱུད་ལས་གངས་ཅན་རི་ཡི་ནང་གནས་པའི།། རྒྱལ་པོ་མི་ཡི་ལྷ་ཞེས་པ།། ལི་ཙ་པཱི་རྣམས་རིགས་སུ་འབྱུང་ཞེས་ལུང་བསྟན་པས། ཆོས་འབྱུང་དག་ཏུ་དེའི་གདུང་རྒྱུད་ཀྱི་མེས་པོ་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ཡང་ཤཱཀྱའི་རིགས་རྒྱུད་དུ་སྒྲུབ་པར་བཤད་ཀྱང་། 《འཇམ་དཔལ་རྩ་རྒྱུད་》ལས་ཤཱཀྱ་ལི་ཙ་པཱི་རྣམས་ཀྱི་རིགས་སུ་འབྱུང་བར་བཤད་མོད། འོན་ཀྱང་། 《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》དང་《ཀ་ཚིགས་ཀ་ཁོལ་མ་》ལས་གཉའ་ཁྲི་བཙན་པོ་ཤཱཀྱའི་རྒྱུད་ལས་ཤཱཀྱ་རི་བྲགས་པའི་རིགས་སུ་འགྲེལ་ནས་ཡོད་པས། ཆོས་འབྱུང་དག་ཏུ་བོད་རྗེ་གཉའ་ཁྲི་བཙན་པོ་ཤཱཀྱའི་རིགས་སུ་བཤད་པ་ནི་མཐའ་གཅིག་ཏུ་འཇམ་དཔལ་རྩ་རྒྱུད་ལ་ཁུགས་གཏུགས་པ་ཡིན་མིན་མ་ངེས། འདིར་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》དང་《ཀ་ཚིགས་ཀ་ཁོལ་མ་》གཉིས་སུ་བོད་ཀྱི་རྗེར་གྱུར་ཞེས་འབྱུང་ལ། དེ་ཡང་རྗེ་གཉའ་ཁྲི་བཙན་པོ་ཡིན་པར་མཐའ་གཅིག་ཏུ་བཤད་མེད་ཀྱང་། དེས་བོད་ཀྱི་རྗེ་བོ་མཛད་པའི་ཚུལ་གསལ་བར་གསུངས་འདུག  དེང་གི་རྒྱལ་རབས་དེབ་ཐེར་རྣམས་སུ་བཀའ་ཆེམས་ཀ་ཁོལ་མ་ཞེས་མཚན་བྱང་བྲིས་འདུག་མོད། ཚལ་བའི་དེབ་དམར་འདིར་ཀ་ཚིགས་ཀ་ཁོལ་མ་ཞེས་འབྱུང་མཚན་བྱང་འདི་ལྟར་དུ་བྲིས་འདུག 


འདི་དང་རིགས་འདྲ་བ་ལི་ཡུལ་གྱི་ལུང་བསྟན་ལས་ཀྱང་ལི་ཡུལ་གྱི་རྗེ་དང་འབངས་བཅས་པ་ཐམས་ཅད་ཀྱང་རྒྱ་གར་གྱི་རིགས་ལས་མཆེད་པར་བཤད་པ་སོགས་རང་རེའི་སྔོན་གྱི་མཁས་པའི་དབང་བོ་རྣམས་ལོ་རྒྱུས་སྨྲ་བའི་སྐབས་སུ་གཞུང་དང་མི་རིགས་སོགས་ཀྱི་མགོ་ཁུངས་རྒྱ་གར་ལ་གཏུགས་པར་ཐུགས་ཤིན་ཏུ་རྒྱས་ཚོད་དུ་འདུག ཁང་དཀར་ལགས་ཀྱི་གསུང་འབུམ་དུ་མིའི་བརྒྱུད་པ་རྒྱ་གར་ལ་ཁུགས་གཏུགས་པ་ནི་རྒྱ་གར་གྱི་པཎ་ཊྲིཏ་རྣམས་ཀྱིས་དབུ་གཡོ་བསྐོར་བའོ་ཞེས་གསུངས་པ་ནི་ངེས་པར་དཔྱད་དགོས་པའི་གཏམ་དུ་མཐོང་། གནའ་རབས་བོད་ཀྱི་མི་དང་རྗེ་བོ་རྣམས་ཀྱི་བརྒྱུད་པ་རྒྱ་གར་ལ་གཏུགས་པར་དཔའ་བོ་གཙུག་ལག་ཕྲེང་བས་མི་འཐད་པའི་སྒྲུབ་བྱེད་མང་དུ་བཏང་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ལོ་གླེང་བའི་གཏམ་དུ་ཡང་ལོ་ཚིགས་སོགས་གོང་བསྒྲིགས་ནས་ལེགས་པར་བསྒྲུབས་ཡོད་པས་དེ་ལས་ཀྱང་མ་འཐུས་པ་ཞིག་མེད་པར་སྙམ། 


སྔོན་གྱི་ཆོས་འབྱུང་དག་དང་རྒྱལ་རབས་རྣམས་སུ་བྱུང་རབས་གང་ཞིག་བཤད་པ་ལ། གང་དེའི་ལོ་ཚིགས་དང་མིང་གི་རྣམས་གྲངས་སོགས་ལ་དཔྱིས་བྱིན་པ་ཞིག་རྒྱས་པར་བསྟན་ཡོད་པ་ལས། དེ་དག་གི་བྱུང་ལུགས་བྱུང་སྟབས་དང་རྒྱུ་མཚན་སོགས་ལ་ནི་ལེགས་པར་བརྟག་མེད་ཚོད་དུ་འདུག དེ་ཡང་སྤྱིར་ལོ་རྒྱུས་བཤད་པའམ་ཞིབ་འཇུག་གནང་བའི་སྐབས་སུ་གོ་རིམ་གཉིས་ངེས་པར་དུ་བརྒྱུད་དགོས་ཤིང་། དེ་ལས་གོ་རིམ་དང་པོ་ནི་བཤད་བྱར་གྱུར་བའི་ལོ་རྒྱུས་གང་དེ་དུས་ནམ་ཞིག་ལ་བྱུང་བ་དང་། མི་སྣ་དག་གི་མིང་སོགས་གཏན་ལ་འབེབས་དགོས་པ་འདི་ཡིན་ཞིང་། རང་རེའི་སྔོན་གྱི་ཆོས་འབྱུང་དང་ལོ་རྒྱུས་ཕལ་མོ་ཆེ་ནི་གོ་རིམ་དང་པོ་འདི་བརྒྱུད་ཙམ་དུ་གནས་ཡོད། དེ་ལས་གོ་རིམ་གཉིས་པ་ནི་ལོ་ཚིགས་དང་མི་སྣའི་མིང་སོགས་ལེགས་པར་གཏན་ལ་ཕབ་ཟིན་རྒྱས་སུ། ལོ་རྒྱུས་དེ་ལས་བྱུང་བའི་དོན་རྐྱེན་སོགས་འབྱུང་བའི་རྒྱུ་མཚན་སོགས་ལ་ལེགས་པར་བརྟག་ནས་བརྟག་དཔྱད་ཀྱི་འབྲས་བུ་ཞིག་དགོས་པ་བཅས་སོ།།


སྤྱིར་འགྲོ་བ་མིའི་རིགས་ཀྱི་བྱུང་རབས་གཞིར་བཟུང་ན། སྐབས་ཤིག་ལ་འཁྱར་བསྡོམས་མི་རིགས་བྱུང་ཞིང་། དེ་ནི་ཞིང་ལས་མ་དར་བའི་གོང་རོལ་དུ་ཁ་ཟས་སུ་རྒུམ་བུ་རྒུམ་པའི་དུས་རབས་ཡིན་པས། ཁ་ཟས་ཀྱི་དོན་དུ་གནས་ངེས་མེད་དུ་འཁྱར་བསྡོམས་བྱེད་དགོས་པ་དང་། ཁོར་ཡུག་གི་དྲོ་གྲང་སོགས་ལ་བརྟེན་ནས་ཀྱང་ཡུལ་ངེས་མེད་དུ་འཁྱར་བསྡོམས་བྱེད་དགོས་པས། སྐབས་དེའི་མི་རྣམས་ནི་ཡུལ་ཞིག་གམ་གནས་ཤིག་ཏུ་ཡུན་རིང་བོར་འདུག་པའི་སྲོལ་མེད། སྐབས་དེའི་འཚོ་བའི་གྲུབ་ཚུལ་ནི་ཚོ་སྐོར་ཙམ་ཡིན། དེའི་རྗེས་སུ་རིམ་བཞིན་ས་བོན་འདེབས་པའི་རིགས་པ་བྱུང་ཞིང་། དེ་ཡང་ཡུན་གྱིས་ངོ་བོ་སོགས་གང་ཐད་ནས་ཀྱང་འཕེལ་རྒྱས་ཆེན་མོ་བྱུང་སྟེ། ཞིང་ལས་ཐོག་མར་བྱུང་ཞིང་། དེ་ལ་བརྟེན་ནས་མིའི་རིགས་ཀྱིས་ཀྱང་འཁྱར་བསྡོམས་བྱེད་པའི་ལས་དང་དུས་མཇུག་རྫོགས་པར་བྱས། དེ་ནས་ཞིང་ལས་གསར་དུ་དར་བ་ལ་བརྟེན་ནས་གཏན་བསྡོད་ཀྱི་མིའི་རིགས་བྱུང་ཞིང་། གཏན་བསྡོད་ཀྱི་མིའི་རིགས་བྱུང་བ་ལ་བརྟེན་ནས་གཞི་ནས་ཡུལ་ལུང་སོ་སོའི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བཟང་ངན་སོགས་ཀྱི་དབང་གིས་ཕན་ཚུན་ལ་འཕྲོག་བཅོམ་དང་འགྲན་བརྩོད། འཁྲུག་པ་སོགས་རིམ་པར་བྱུང་ཞིང་། དེ་ཡང་འཁྲུག་པ་སོགས་ནི་རྒྱུན་མི་ཆད་པར་འབྱུང་བས། ཐོག་མར་འཁྲུག་པ་སོགས་ལ་མགོ་སྣ་འདྲེན་ནུས་པའི་དཔའ་རྩལ་ཅན་དག་གིས་ལས་ཀྱི་གཙོ་བོ་སྒྲུབ་པའི་གནས་སྐབས་ཀྱི་མགོ་དཔོན་ལྟ་བུར་བསྐོས་ཤིང་། དེ་ལ་འཁྲུག་པ་ནི་ལོ་འགའ་རེའི་རྗེས་སུ་ད་གཟོད་བྱུང་བ་ཞིག་མ་ཡིན་པར་རྒྱུན་མི་ཆད་པར་འབྱུང་བ་ཞིག་ཡིན་པས། དཔའ་རྩལ་མངའ་བའི་མི་རྣམས་ལ་དམིགས་བསལ་གྱི་དབང་ཆ་ཞིག་ཡོད་པ་དེ་ཡང་ཡུན་གྱིས་རྒྱུན་ལྡན་ལྟ་བུར་མི་ཆགས་རང་ཆགས་སུ་གྱུར་བས། དེ་དག་ཀྱང་ཡུན་གྱིས་རྒྱལ་པོ་དང་བློན་པ་སོགས་སུ་གྱུར་བ་ཡིན་ནོ།། དེ་བཞིན་དུ་ཆོས་ཁང་དང་དགོན་པ་ལྟ་བུར་མཚོན་ན་ཡང་དེ་བཞིན་ཏེ། ཐོག་མར་ཆོས་ལུགས་ཀྱི་ཁྱོ་ག་ཙམ་དར་ཅིང་། དེ་ལ་ཚོ་བ་དག་གི་གྲས་ནས་མི་རེ་གཉིས་ཙམ་གྱིས་སྐབས་དང་སྐབས་སུ་དུས་ཆེན་ལྟ་བུར་དམིགས་ནས་ལྷ་ལ་མཆོད་འབུལ་བྱེད་པ་ཙམ་དུ་ཟད་ཅིང་། དེའི་རྗེས་སུ་ཡུན་གྱིས་ཞིང་ལས་དར་བ་དང་། དེ་ཡང་ངོ་བོ་གོང་འཕེལ་དུ་སོང་བ་སོགས་ལ་བརྟེན་ནས་ཚོ་བ་དག་གི་དཔལ་འབྱོར་ལ་ཡང་འཕེལ་རྒྱས་ཆེན་མོ་བྱུང་སྟབས། མི་རེ་འགའ་ཞིག་ཟས་འཚོལ་དུ་འགྲོ་མི་དགོས་པ་དང་། དུས་རྒྱུན་མཆོད་འབུལ་བྱེད་པ་ལ་ཡང་དཔལ་འབྱོར་གྱི་འགྲོ་གྲོན་ཐེག་ཐུབ་པ་བྱུང་། དེ་བས་ཐོག་མའི་སྐབས་སུ་སྐབས་འགར་དུས་ཆེན་ལྟ་བུར་མཆོད་པ་འབུལ་མཁན་དག་ཀྱང་རིམ་གྱིས་དུས་རྒྱུན་གྱི་མཆོད་འབུལ་མཁན་དང་མཆོད་འབུལ་བྱེད་གནས་སུ་ཡང་ལྷ་ཁང་ལྟ་བུ་སྟབས་བདེ་རེ་བསྐྲུན་ཐུབ་པ་བྱུང་། དེ་ནས་རིམ་གྱིས་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་མཆོད་འབུལ་བྱེད་མཁན་གྱི་ཁ་གྲངས་ཇེ་མང་དུ་ཕྱིན་པ་དང་། མཆོད་འབུལ་བྱེད་གནས་ཀྱི་ལྷ་ཁང་ཡང་ངོ་བོ་སོགས་གང་ཐད་ནས་ཀྱང་གཞི་རྒྱ་ཆེ་བར་ཆགས་ཡོད། དེ་བཞིན་དུ་ཡི་གེ་ལྟ་བུར་མཚོན་ན། ཐོག་མར་མཆོད་འབུལ་མཁན་དག་ཁོ་ན་ཙམ་གྱིས་སྤྱོད་བྱ་ཞིག་ཏུ་ངོས་འཛིན་ཞིང་། ཐོག་མར་མི་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་ཀྱི་རི་མོ་ཙམ་ཞིག་ཡིན་ལ། རྗེས་སུ་དེ་ཡང་སྟབས་གང་བདེ་སོགས་བྱས་པ་ལ་བརྟེན་ནས་ཡི་གེ་མཚན་ཉིད་པའི་ངོ་བོར་གྲུབ་པ་ཞིག་ཡིན་འདུག འདི་དག་ནི་དུས་ཡུན་ལོ་གཅིག་གཉིས་ཙམ་ཞིག་གི་དོན་ཙམ་མ་ཡིན་པར་མི་ལོ་བརྒྱ་ཕྲག་དུ་མའི་རིང་དུ་ཡུན་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། ལོ་རྒྱུས་སྨྲ་བ་གྲགས་ཆེ་བ་རྣམས་ཀྱིས་ཞིང་ལས་དང་ཆོས་ལུགས། ཡི་གེ་སོགས་ནི་གནའ་བའི་སྐབས་འདི་ཙམ་ལ་བྱུང་བ་ཡིན་ཞེས་ལོ་ཚིགས་གཏན་ལ་འབེབ་ཏུ་མེད་ཅེས་འདོད། 


གོང་དུ་སྨྲས་ཟིན་པ་དེ་དག་གི་དབང་གིས། སྤྱིར་རང་རེ་བོད་ཀྱི་ཆོས་འབྱུང་སོགས་སུ་སྔོན་གྱི་བྱུང་བ་བརྗོད་པའི་བཤད་པ་མང་དུ་ཡོད་མོད། འོན་ཀྱང་། ཐོག་མར་བྱུང་བའི་རྗེ་བོ་དང་ཐོག་མར་ཞིང་ལས་བྱུང་། བོད་ཡིག་གསར་དུ་བཟོས་ཟེར་བ་སོགས་ཀྱི་བཤད་མང་དུ་འདུག་པ་སོགས་ལ་ནི་བསྐྱར་དུ་དཔྱད་པའི་དགོས་པ་མཐོང་བས་འདིར་ཕྱོགས་ཙམ་བཤད་པ་ཡིན། རྒྱལ་པོ་ཡང་གཉའ་ཁྲི་བཙན་པོ་ཐོག་མ་ཙམ་མ་ཡིན་པར་གང་དེའི་ཡབ་སོགས་ཀྱང་རྒྱལ་བོར་ངོས་འཛིན་པ་རུང་བ་སོགས་ལེགས་པར་བརྟག་དགོས་མང་དུ་མཆིས་པ་ཏུན་ཧོང་གཏེར་ཡིག་སོགས་ལ་མཇལ་ན་མཐོང་ཐུབ་སྙམ། 


《དེབ་དམར།》 ཞ་ལུ་བའི་ཆོས་འབྱུང་དུ། རྒྱ་གར་གྱི་རྒྱལ་པོ་པད་ས་ལ་འཆར་བྱེད་ཀྱི་བུ་གཉའ་ཁྲི་བཙན་ཞེས་དྲངས་འདུག


(མཆན།) ཚལ་བ་ལགས་ཀྱིས་དེབ་དམར་འདི་མཛད་པའི་སྐབས་སུ་ཞ་ལུ་བའི་ཆོས་འབྱུང་ལ་ཞིབ་ཏུ་བལྟས་ཤིང་། དེ་ཉིད་ཀྱི་ལུང་ཚིག་ཀྱང་འདིར་དྲངས་ཡོད་པ་དེ་བཞིན་ནོ།།


《དེབ་དམར།》 བོན་པོ་རྣམས་རིམ་པ་བཅུ་གསུམ་པའི་སྟེང་ནས་སྨུ་ཐག་སྨུ་སྐས་ལ་བྱོན་པར་འདོད། ཡར་ལུང་ལྷ་རི་རོལ་པོའི་རྩེ་ནས་ལྷ་གཙིག་འདུག་པ། རང་ཅག་རྣམས་ཀྱི་རྗེ་ཞུའམ་ཟེར་ནས། གཉའ་བར་ཁྲི་ལ་བཏེག་སྟེ་རྒྱལ་པོར་བཀུར་བས་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས་ཏེ། བོད་ཀྱི་རྒྱལ་པོ་སྔ་བ་ཡིན་ནོ།། དེས་ལས་ཐབས་སུ་སྐུ་མཁར་འུན་བུ་བླ་སྒང་རྩིགས་ཞེས་འབྱུང་།


(མཆན།) འདིར་ཚིག་ངོས་ནས་བལྟས་ན་ཐོག་མར་གཉའ་ཁྲི་ལ་འགྲེལ་བྱེད་མཁན་ནི་བོན་པོ་རྣམས་ཡིན་པར་འདུག་ཅིང་། དེ་ལྟར་ན་བོད་ཆེན་མོའི་སྐབས་ནས་ཀྱང་ཉག་ཁྲི་བཙན་པོ་ལ་གཉའ་ཁྲི་བཙན་པོ་ཞེས་མིང་ལ་འགྲེལ་ཡང་གོ་བདེ་ཞིག་བྱེད་སྲོལ་ཡོད་པར་འདུག  དེ་ཡང་དཔེར་མི་སྲིད་པ་ཞིག་ནི་མ་ཡིན་ཏེ། བོད་ཆེན་མོའི་ཆབ་སྲིད་བོན་གྱིས་བསྐྱབས་པས་རྒྱལ་པོ་སོགས་ཀྱི་བྱུང་བ་ཡང་ལྷ་སྒྲུང་དང་སྦྱར་མི་སྲིད་པ་ཞིག་ནི་མ་ཡིན་ནོ།། དེང་གི་རྒྱལ་རབས་ཡོངས་གྲགས་སུ་ཡུམ་བུ་བླ་མཁར་རམ་ཡུམ་བུ་བླ་སྒང་ཞེས་གཅིག་མཐུན་ཏུ་སྤྱོད་མོད། འདིར་ཚལ་བའི་དེབ་ཐེར་དུ་འུན་བུ་བླ་སྒང་ཞེས་བྲིས་འདུག


《དེབ་དམར།》 དེའི་སྲས་གྲི་གུམ་བཙན་པོ་ཞེས་ཏེ། བློན་པོ་ལོ་ངམ་ཞེས་པ་ལ་འཐབ་ཟླ་བཅོལ་ནས་འཐབས་པས། མ་ཐུབ། བློན་པོས་བཀྲོངས། བུ་ཡུག་གསུམ་ཀོང་པོར་བྲོས། རྒྱལ་ས་ལོ་ངམ་གྱིས་བཟུང་། བུ་གསུམ་པོའི་མ་བྲན་དུ་བཀོལ་དུས་རྨི་ལམ་དུ་མི་དཀར་པོ་གཅིག་དང་སྡོངས་པ་རྨིས་ནས་ཁྲག་གི་གོང་བུ་གཅིག་བྱུང་བ་ལས་སྐྱེས་བའི་བུ། རུ་ལས་སྐྱེས་ཞེས་པས་སྲས་ཉ་ཁྲི་རྒྱལ་སར་བཅུག་སྟེ་སྤུ་ལྡེ་གུང་རྒྱལ་དུ་བཏགས། གཅེན་ཤ་ཁྲི་དང་། གཅུང་བྱ་ཁྲི་གཉིས་ཀོང་པོ་དང་ཉང་པོའི་རྗེ་མཛད། ལོ་ངམ་བཏུལ། རྒྱལ་པོ་ཡབ་སྲས་དེ་གཉིས་ཀྱི་རིང་ལ་སྒྲུང་དང་ལྡེའུ་བྱུང་། ཞིང་འདེབས་པ་དང་། གསེར་དངུལ་བཞུ་བ། ཟམ་པ་སོགས་བྱུང་། སྟོད་ཀྱི་ལྟེངས་གཉིས་ཞེས་བྱ་སྟེ། ལྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་འབྱུང་།


(མཆན།) འདིར་སྲས་ཉ་ཁྲི་ནི་སྤུན་འབྲིང་དང་། ཤ་ཁྲི་ཆེ་བ། བྱ་ཁྲི་ཆུང་བ་བཅས་སུ་འདོད་ལ། ཡང་སྲས་འབྲིང་བ་ཉ་ཁྲི་རྒྱལ་སར་བཅུག་ནས་མཚན་སྤུ་ལྡེ་གུང་རྒྱལ་དུ་གསོལ་ཞེས་འབྱུང་མོད། བོད་ཆེན་མོའི་སྐབས་སུ་བྲིས་པའི་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་རུ་སྲས་ཤ་ཁྲི་དང་ཉ་ཁྲི་ཞེས་གཉིས་ལས་མ་འབྱུང་བས། ལོ་རྒྱུས་ངོས་ནི་གྲི་གུམ་ལ་སྲས་གཉིས་ལས་མེད་པར་སྙམ། འདིར་སྤུ་ལྡེ་གུང་རྒྱལ་གྱི་རིང་ལ་ཞིང་འདེབས་པ་དང་གསེར་དངུལ་བཞུ་བའི་སྲོལ་བྱུང་བར་བཤད་ལ། དེ་མིན་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་ཡང་དེ་མཐུན་དུ་གསུངས། འོན་ཀྱང་། དེ་ལྟར་ན་སྤུར་རྒྱལ་གོང་གི་རྒྱལ་ཕྲན་རིམ་པ་དང་གནམ་གྱི་ཁྲི་བདུན་སྐབས་སུ་ཡང་ཞིང་ལས་མ་དར་བར་འཆད་དགོས་པས། དེ་ནི་སྤྱིར་བཤད་དཀའ་བ་དང་རིགས་པའི་གནོད་པ་ཆད་མེད་དུ་འབྱུང་བའི་གནས་ཤིག་ཡིན། འདིར་སྟོད་ཀྱི་ལྟེངས་གཉིས་ཞེས་འབྱུང་ལ། ལོ་རྒྱུས་དེབ་ཐེར་གཞན་དག་ཏུ་སྟེང་ཞེས་འབྱུང་མོད། གཞན་གྱི་ངག་ལས་ལྟེངས་ཞེས་པ་ནི་སྟོངས་པའི་དོན་ཏེ་རྒྱལ་རབས་ཆ་ཚང་མིན་པའི་དོན་དུ་འགྲེལ་ཅིང་། དེ་ཡང་བདེན་པར་འདུག་སྙམ་སྟེ། དེབ་ཐེར་འདིར་གྲི་གུམ་དང་སྤུ་ལྡེ་གུང་རྒྱལ་གཉིས་ལ་སྟོད་ཀྱི་ལྟེངས་གཉིས་དང་། འབྲོང་གཉན་ལྡེའུ་དང་སྟག་རི་གཉན་གཟིགས་གཉིས་ལ་བར་གྱི་ལྟེངས་གཉིས། འུ་དུམ་བརྟན་ནམ་གླང་དར་ལ་སྨད་ཀྱི་ལྟེངས་གཅིག་ཅེས་བཤད་པས། ལྟེངས་ཞེས་པ་རྒྱལ་རབས་སྟོངས་པ་ལ་གོ་ན་དོན་ལ་འགྲེལ་ཆགས་པར་མཐོང་།


《དེབ་དམར།》 ད་སྟེ་གདུང་རབས་ལྔ་ན་འདིའི་དོན་ཤེས་པར་འགྱུར་རོ་ཞེས་སྒྲ་གྲགས་པ་ལ། དོན་མ་ཤེས་ཀྱང་གཉན་པོ་གསང་བར་བཏགས་ཏེ་མཆོད་པ་བྱས་པས། རྒྱལ་པོའི་དགུང་ལོ་བརྒྱ་ཉི་ཤུ་ཐུབ། དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ། འཕགས་པ་ཀུན་ཏུ་བཟང་བོའི་སྤྲུལ་བར་གྲགས་སོ་ཞེས་འབྱུང་།


(མཆན།) ལྷ་ཐོ་ཐོ་རི་ནས་སྲོང་བཙན་བར་དུ་བོད་ཆེན་མོའི་རྒྱལ་རབས་ལྔ་སོང་བ་དང་། རྒྱལ་པོ་སྲོང་བཙན་གྱི་རིང་ལ་ཆོས་དར་བས། ལུང་བསྟན་མཁན་པོས་ཀྱང་ལོ་རྒྱུས་ཀྱི་དངོས་ཡོད་དེ་ཙམ་ལ་གཞི་བཅོལ་ནས་ལུང་བསྟན་གྱི་ལུས་སུ་བྱས་པ་ལས། དོན་ལ་དེ་ལྟར་མ་འོངས་མངོན་མཁྱེན་གྱི་སྐྱེས་བུ་ཞིག་ཡོད་པ་མ་ཡིན། དེ་བས་དུས་ཕྱིས་ཀྱི་ཆོས་འབྱུང་རྩོམ་པ་པོ་རྣམས་ཀྱིས་ཀྱང་ལུང་བསྟན་དེ་ཉིད་ལ་དག་སྣང་གིས་བདེན་པར་བཟུང་བ་ཤ་སྟག་ཏུ་ངེས།


《དེབ་དམར།》 དེའི་སྲས་འབྲོམ་སྙན་ལྡེའུ་འཛེ་བྱུང་བས་གསོན་དུར་དུ་ཞུགས། དེའི་སྲས་དམུས་ལོང་གཅིག་ཡོད་པ་མིག་ཕྱེ་བ། སྟག་མོ་རི་ལ་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་སུ་བཏགས་ཞེས་འབྱུང་།


(མཆན།) འདིར་མཛེ་བྱུང་བས་གསོན་དུར་དུ་བཞུགས་ཞེས་པ་ནི་རྒྱལ་རབས་གཞན་དུ་རྒྱལ་པོ་ཡབ་ཡུམ་དང་བློན་སྙགས་ཐང་བ་ཡར་རྗེ་བཅས་གཤེགས་རྫུ་བཏབས་ནས་དུར་དུ་ཕེབས་པར་གོ་བ་བླངས་པ་ནི་བདེན་ཏེ། ཡབ་ཀྱི་ཁ་ཆེམས་ལས་ཀྱང་ཁྱོད་རང་གཤེགས་རྫུ་ཐོབས་ལ་ཞེས་འབྱུང་བས་ཀྱང་ཤེས། སྟག་མོ་རི་ལ་གཉན་འགྲོ་བ་མཐོང་བས་སྟག་རི་གཉན་གཟིགས་ཞེས་བཏགས་མིང་ལྟར་མིང་ལ་འགྲེལ་བྱེད་ཅིང་། དུས་ཕྱིས་ཀྱི་ཆོས་འབྱུང་རྣམས་ལ་ཡང་དེའི་ཤུགས་རྐྱེན་ཐེབས་ནས་འགྲེལ་མོད། འོན་ཀྱང་། སྐྱིད་ཤོད་སྟག་མོ་རི་ནི་སྐབས་དེར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་འོག་ཏུ་གནས་པས་བདེན་པར་མི་འདུག་ཅེས་གསུངས་པ་ནི་ལོ་རྒྱུས་དངོས་དང་མཐུན་ལ། ཏུན་ཧོང་གཏེར་ཡིག་ལས་ཀྱང་རྒྱལ་པོ་སྟག་བུ་ཉ་ཟིགས་ཞེས་འབྱུང་བས་སོ།།


《དེབ་དམར།》 དེ་དང་ཡུམ་ཚེ་སྤོང་ཟ་འབྲི་མ་ཐོད་དཀར་གྱི་སྲས། རྒྱལ་པོ་སྲོང་བཙན་སྒམ་པོ་མེ་མོ་གླང་གི་ལོ་ལ་བྱམས་པ་མི་འགྱུར་དུ་སྐུ་འཁྲུངས་ནས་ལོ་བཅུ་གསུམ་ལ་ཡབ་གྲོངས། དེ་ཉིད་དུ་མངའ་གསོལ། ཆབ་སྲིད་ལོ་དྲུག་ཅུ་རྩ་དགུ་བཟུང་ཞེས་འབྱུང་།


(མཆན།) སྲོང་བཙན་གྱི་ལོ་རྒྱུས་ཀུན་ལ་རྒྱུས་ཡོད་པས་མང་དུ་གླེང་ན་རང་ཉིད་ངལ་བའི་རྒྱུ་ཡིན་ལ། འདིར་དགུང་ལོ་བཅུ་གསུམ་གྱི་སྟེང་ལ་ལོ་དྲུག་ཅུ་རྩ་དགུ་བསྣན་པས་ཁྱོན་སྲོང་བཙན་དགུང་ལོ་གྱ་གཉིས་སུ་བཞུགས་པར་བཤད་པ་ནི་འཇམ་དཔལ་རྩ་རྒྱུད་ལས་ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས་ཞེས་པའི་ལུང་ཚིག་ལ་སྒོ་བསྟུན་པ་ཙམ་ཡིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།