གྲུབ་མཐའི་ཆབ་སྲིད། _ས་བུ་ཆེ།

7581


༡ རྙིང་ཕྱོགས་ལ་དཀར་ཟས་གཅིག་ཆོད་ལས་འགུལ་དང་རྙིང་བླའི་བརྩམས་ཆོས་དག་ གཞུང་ལུགས་སྨྲ་བ་གཡོལ་ཏེ་ལེགས་བཤད་ཅན་དུ་འགྱུར་བཞིན་འདུག་པས། མ་འོངས་པར། རིག་སྟོབས་ཀྱི་ཆ་ནས་རྒུད་པ་འོང་ངེས། འོན་ཀྱང་རིག་སྟོབས་རྒུད་པ་དང་རིག་རྒོལ་རང་བཞིན་གྱི་ཆ་དེ་ཡིས་མ་འོངས་པར་རྙིང་ཆོས་དེ་དམངས་ཆོས་སུ་གྱུར་བར་ཕན་ཐོགས་ཡོད་དེ། བོད་ཀྱི་མཐོ་རིམ་སློབ་གསོའི་མི་རབས་རྒྱུན་མཐུན་མ་བྱུང་བར། རིག་རྒོལ་དང་ལྐོག་གྱུར་འདྲིས་མའི་རྙིང་ཆོས་དེ་ལ་མི་མང་པོས་དད་པ་བྱེད་ངེས། གཞན་ཤོག་ཁག་སོ་སོས་དབང་ཆ་སྙོམ་སྒྲིག་ཀྱང་གལ་ཆེན་ཡིན་ཏེ། རྙིང་མའི་ཤོག་ཁག་ལ་གཅིག་སྒྲིལ་གྱི་ནུས་ཤུགས་བྱུང་མིན་དང་དེ་བྱུང་བའི་བར་གྱི་དབང་ཆའི་འཐེན་འཁྱེར་ནི་དོ་སྣང་དགོས་ས་ཞིག་རེད།


༢ ས་སྐྱའི་ཆོས་རྒྱུད་ཀྱི་དབང་ཆའི་གཏད་རབས་ཤིན་ཏུ་བརྟན་པོ་ཡིན་པས། གལ་ཏེ་རང་ཉིད་རྩོད་རྙོག་ནང་ལྕེབས་མ་བཞག་ན། དེ་ནི་རྩོད་རྙོག་ཆེས་ཉུང་བའི་གྲུབ་མཐར་ཆགས་ཐུབ། ཁྱད་ཆོས་དེ་ལྡན་པས། ས་སྐྱའི་ཕྱོགས་ནས་གྲུབ་མཐའ་གཞན་གྱི་འགྲན་རྩོད་ལ་ཞི་སྦྱོར་གྱི་ནུས་པ་བཏོན་ན་ལེགས། གཞན། ས་སྐྱ་དང་ཇོ་ནང་གི་འགལ་འབྲེལ་དེ་གནད་དོན་ཡིན་ལ། དེ་སྐོར་ལ་ལྷོད་མངགས་ཀྱི་འགྲོ་ཕྱོགས་ལེན་དགོས་པ་འདྲ། །


༣ དགེ་ལུགས་དང་རྙིང་མའི་བར་ལ་ཆོས་ལུགས་སྤེལ་ཕྱོགས་ཀྱི་འགལ་བ་ཡོད་པ་འདྲ་མོད། རྙིང་མ་དམངས་ཆོས་སུ་འཕེལ་བ་དང་དགེ་ལུགས་སློབ་གཉེར་བའི་ཆོས་ལུགས་སུ་འཕེལ་བ་དེས་གསར་རྙིང་གཉིས་ལ་ཁེ་ཕན་གྱི་ཐད་ཀའི་འགྲན་རྩོད་མེད་པ་བཟོས་ཡོད། དེ་བས། དགེ་ལུགས་ཀྱི་མ་འོངས་ཐབས་ཇུས་ནི། མི་གྲངས་ཀྱི་རྒྱ་བསྐྱེད་མིན་པར། རིག་གཞུང་གཞུང་ལུགས་སྟེང་ནས་བོད་བརྒྱུད་ནང་བསྟན་ལ་མགོ་འདྲེན་བྱས་ཏེ་གཞུང་ལུགས་རྒྱ་བསྐྱེད་བྱེད་པ་དེ་ཡིན། དཔེར་ན་ཚན་རིག་དང་ནང་ཆོས་ཀྱི་འགལ་འབྲེལ་སོགས་ཀྱི་ངོས་ནས་དགེ་ལུགས་ཀྱིས་ས་བཙན་པོ་བཟུང་ཡོད་པས། དེ་རྒྱུན་འཁྱོངས་དང་ཕུགས་དེད་བྱེད་རྒྱུ་ནི་དགེ་ལུགས་ཀྱི་གནད་འཛིན་ས་ཡིན། ཇི་སྲིད་དུ་སྣེ་ཁྲིད་ཀྱི་བྱེད་ནུས་འདི་རིགས་འཛིན་ཐུབ་ན། དགེ་ལུགས་དེ་སྲིད་དུ་ཨ་ཇོ་ཡིན་རྒྱུ་རེད། ཡང་། དགེ་ལུགས་ཀྱི་བོད་སོག་མཛའ་འབྲེལ་ལ་ནུས་ཤུགས་གང་འདྲ་ཐོན་མིན་ཡང་ལྟད་མོ་ཆེ།


༤ བཀའ་བརྒྱུད་ཀྱི་བར་སྐབས་ལས་འབབ་ནི། རང་གི་གྲུབ་མཐའི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་དེ་རེད། སྤྱིར་ན་རྙིང་མ་ཡང་དེ་བཞིན་ཡིན་མོད། རྙིང་མའི་ནང་ཁུལ་ལ་ལོ་རྒྱུས་ཁུར་པོ་མེད། རྙིང་མ་ནང་ཁུར་ནས་མནའ་མཐུན་བྱུང་མིན་དེ་གཙོ་བོ་དབུ་ཁྲིད་དག་གི་མོས་པ་དང་ཁོག་རྒྱ་ལ་རག་ལས་པ་རེད། འོན་ཀྱང་བཀའ་བརྒྱུད་དེ་འདྲ་མ་རེད། བཀའ་བརྒྱུད་ལ་དབུ་ཁྲིད་དག་གིས་ཁྱོད་འགྲིག་ང་འགྲིག་བྱས་པས་མི་འོང་། ད་དུང་ལོ་རྒྱུས་གནད་དོན་ལ་རང་གཞན་གཉིས་ཕན་གྱི་ལན་ཞིག་ཡོད་དགོས་པ་དང་། རྗེས་འཇུག་དད་འབངས་ཀྱི་བློ་འབྱེད་ནི་ཤིན་ཏུ་གལ་ཆེ་བ་རེད།


༥ བོན་གྱི་མ་འོངས་དོན་གནད་ནི། རང་གི་ལོ་རྒྱུས་འོས་མཐུན་མུ་མཐུད་གསལ་འདོན་བདར་སྐྱེལ་བྱེད་རྒྱུ་དེ་རེད། བོན་ནི་མི་རིགས་རང་བཞིན་གྱི་ཆོས་ལུགས་ཡིན་པས། བོན་ཆོས་ཕྱི་སྤེལ་སོགས་ལ་གོ་སྐབས་ཆེན་པོ་མེད། དེ་བཞིན་གྲུབ་མཐའ་གཞན་དང་ནང་ཁུལ་གྱི་ས་རྩོད་དགོས་ནའང་འགྲིག་གི་མིན་པས། བོན་གྱི་འཐབ་ཇུས་ནི་རང་གི་ལོ་རྒྱུས་བརྔོག་འདོན་བྱས་ནས་གྲུབ་མཐའ་གཞན་ལ་ཡོད་པའི་བོད་བརྒྱུད་ཁྱད་གཤིས་དེ་དོན་དམ་དུ་བཤད་ན་ བོན་གཤིས་ ཡིན་པ་གསལ་བོ་བྱེད་རྒྱུ་དང་། བན་བོན་འགལ་མེད་ཀྱི་ལྟ་བ་ ད་དུང་ཟབ་སར་འདེད་པ་འདི་ཡིན།


༦ ཇོ་ནང་གིས་གཙོ་བོ་དགེ་ལུགས་དང་ས་སྐྱའི་ཆབ་སྲིད་ཡིད་ཆེས་ལོན་དགོས། དེ་དགོས་ན་ཇོ་ནང་པ་རང་ཚོས་ད་ལྟའི་བོད་འདི་གནའ་བོའི་གྲུབ་མཐའི་དབང་རྩོད་ཀྱི་དུས་རབས་ལས་བརྒལ་ཏེ་ གྲུབ་མཐའ་རུས་མེད་ ཀྱི་དུས་སུ་ཐོན་ཡོད་པའི་ངེས་ཤེས་སྐྱེ་དགོས། དེ་འདྲ་བྱུང་ན་སྨྲ་བརྗོད་དང་བྱ་ལུགས་གཉིས་སྟེང་ནས་རྣམ་པ་གསལ་བ་ཞིག་བྱུང་གི་རེད་ལ། དེའི་སྟེང་ནས་ཇོ་ནང་གིས་ད་གཟོད་གྲུབ་མཐའ་རྒྱུན་ལྡན་གྱི་དབང་ཐང་སླར་གསོ་ཐུབ་རྒྱུ་རེད་བསམ། ཇོ་ནང་པ་ལ་སྒུག་གཟོད་ཡོད་དགོས། །


༧ སྤྲུལ་སྐུའི་ལམ་ལུགས་ཀྱི་བཅོས་བསྒྱུར་ནི་སྤྲུལ་སྐུ་ཚར་གཅོད་ཀྱི་ལས་འགུལ་མིན། དེ་ལ་རྗེས་མ་དཔྱད་པ་བྱེད་རྒྱུ་ཡོད།


༨ དགོན་པ་སོ་སོའི་མང་གཙོ་ལབ་དུས། རིམ་པ་དང་པོ་སློབ་གཉེར་རང་དབང་ལ་ཕྱོགས་དགོས། སློབ་གཉེར་རང་དབང་ནི། སློབ་གཉེར་བ་ཡིན་པའི་དགེ་འདུན་པ་དག་གིས་སློབ་གཉེར་གྱི་གནད་དོན་རང་ཐག་གཅོད་ཐུབ་པ་དེ་ལ་ཟེར། དཔེར་ན། མཁན་པོ་ནི་ངོས་འཛིན་སོགས་མིན་པར། སློབ་གཉེར་བཟང་ངན་ཁོ་ནས་སྟེང་ནས་དབང་སྐུར་བྱེད་པ་ལྟ་བུ། རིམ་པ་འདི་ཡི་སྐབས་སུ། དགོན་པའི་ནོར་སྲིད་དང་ཆབ་སྲིད་སོགས་ལ་མང་གཙོའི་ལས་འགུལ་སྤེལ་བར་མ་བྲེལ་བ་དགོས། དེ་བས་ང་ཚོས་སྔོན་ཆད་ངོ་བོ་གཅིག་ཏུ་འདྲིས་པའི་དགོན་པ་དང་གླིང་གི་གོ་དོན་གཉིས་ག་ལེར་བྱས་ནས་ཁ་ཁར་འབྱེད་དགོས་པ་དང་། དགེ་འདུན་པའི་མང་གཙོའི་དགོས་པ་དེ་གླིང་(སློབ་གླིང)གི་ཁྱོན་ནས་ལག་ལེན་ཚོད་ལྟ་དགོས། ད་ལྟའི་བཤད་ཚུལ་དང་འུར་གཏམ་མང་པོ་ཞིག་བྲེལ་བ་ཆེ་བ་མ་ཟད། ཉེན་ཁ་ལ་དཔོག་ཞིབ་བྱས་མི་འདུག་བསམ།


༩ བསྟན་པ་ཡང་དར་ནས་ད་ལྟའི་བར་ལ་དགེ་འདུན་པའི་གྲངས་ཀ་འཕེལ་ཚད་མྱུར་བ་རེད། འོན་ཀྱང་མ་འོངས་པར་མྱུར་ཚད་དེ་དལ་ཏུ་ཕྱིན་པ་དང་། ས་ཆ་འགའ་རེ་ནས་གྲྭ་གྲངས་མར་འཕྲི་བྱུང་ངེས་པས། དགོན་པའི་འཛུགས་བསྐྲུན་རྒྱ་བསྐྱེད་དེ་ཚོད་འཛིན་དང་སྐྱ་བོར་ཕྱོགས་བསྒྱུར་བྱེད་དགོས་རན་པ་རེད། ད་དུང་། སྔོན་ཆད་གྲྭ་བ་རྒས་དུས་གྲྭ་ཕྲུག་བཟུང་ནས་འཚོ་བ་གཉེར་བའི་ལམ་དེ་རིམ་གྱིས་ཉམས་འགྲོ་བ་ཡིན་པས། དགོན་པ་ནས་གྲྭ་བ་རྒས་པོའི་འཚོ་བ་ལ་སྒྲིག་གཞིན་ཅན་གྱི་མཐུན་རྐྱེན་སྒྲུབ་དགོས།


༡༠ གྲུབ་མཐའི་ཆབ་སྲིད་དང་ཆོས་ལུགས་ཆབ་སྲིད་སྤྱི་ནས་སྐྱ་བོ་དད་ལྡན་གྱི་དབང་ཆ་ལ་དོ་སྣང་བྱེད་རིན་ཆེ།


༡༡ ད་དུང་གནད་དོན་བཤད་རུང་མི་རུང་བ་ཁ་ཤས་འདུག་མོད། འདིར་རེ་རེ་བཞིན་བགྲངས་རྒྱུ་མི་བྱེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།